Terdzo-NYI-013

From Rinchen Terdzö

ཟབ་བདུན་མངོན་སྤྱོད་ཕུར་པ་ལས༔ བཀའ་སྲུང་ཤྭ་ན་ཆེན་པོ་སྒྲུབ་པའི་ཕྲིན་ལས་

zab bdun mngon spyod phur pa las:_bka' srung shwa na chen po sgrub pa'i phrin las

by  མཆོག་གྱུར་གླིང་པ་ (Chogyur Lingpa)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  ཟབ་བདུན་མངོན་སྤྱོད་ཕུར་པ་ (Zab bdun mngon spyod phur pa)
parent cycle  ཐུགས་དམ་ཟབ་པ་སྐོར་བདུན་ (Thugs dam zab pa skor bdun)
Volume 38 (ཉི) / Pages 185-198 / Folios 1a1 to 7b4

[edit]

༁ྃ༔ ཟབ་བདུན་མངོན་སྤྱོད་ཕུར་པ་ལས༔ བཀའ་སྲུང་ཤྭ་ན་ཆེན་པོ་སྒྲུབ་པའི་ཕྲིན་ལས་བཞུགས༔ ྈ ྈྈྈ ཤྲཱི་བཛྲ་ཀུ་མཱ་ར་ལ་ཕྱག་འཚལ་ལོ༔ རྡོ་རྗེ་གཞོན་ནུའི་སྤྲུལ་པ་བཀའ་སྲུང་ཤྭ་ན་ཆེན་པོ་བསྒྲུབ་པར་འདོད་པས༔ བརྟེན་སྒྲུབ་མཆོད་པའི་རྫས་རྣམས་འཚོགས་པར་བྱས་ལ༔ ཁྱད་པར་གཏོར་མ་ཤ་ཁྲག་གིས་བརྒྱན་པ་ཟུར་གསུམ་དྲག་རྒྱན་ཅན་བཅུ་གསུམ་གཏོར་ཀྱུ་དྲུག་ཅུ་རྩ་བཞིས་བསྐོར་བ་བདུད་རྩི་རཀྟ་མྱོས་བྱེད་སོགས་མཆོད་རྫས་རྣམས་བཤམ༔ རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས༔ མཆོད་རྫས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས༔ བྷྲཱུྃ་ལས་བྷནྡྷ་འབར་བའི་སྣོད་རྣམས་སུ་ཨོཾ་ཨཱཿཧཱུྃ་ལས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ༔ རྣམ་པ་སྨན་རཀ་གཏོར་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་སྤྱན་གཟིགས་མཐུན་རྫས་ནམ་མཁའི་ཁམས་གང་བར་གྱུར་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ མདུན་དུ་དུར་ཁྲོད་ཀྱི་ས་གཞིར་དྲག་པོའི་ཕོ་བྲང་གྲུ་གསུམ་པ་ཤིན་ཏུ་འཇིགས་པའི་རྒྱན་གྱིས་བརྒྱན་པ་ནང་ཁྲག་ཞག་མེ་རླུང་འཁྲུགས་པའི་ཀློང་དུ་འཁོར་ལོ་ནག་པོ་རྩིབས་བཅུ་གཉིས་ཀྱི་ལྟེ་བར་དགྲ་བགེགས་སྣ་ཚོགས་པའི་གདན་ལ༔ རང་གི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་འཕྲོས་ཡོངས་སུ་གྱུར་པ་ལས༔ ཤྭ་ན་ཆེན་པོ་མཐིང་ནག་ཁྱི་གདོང་ལྕགས་ཀྱི་རལ་པ་དང་སྨ་ར་སྨིན་མ་ལ་མེ་འབར་བ༔ ཞལ་ནས་དུག་ཆུ་འབབ་ཅིང་ལྕེ་ལ་གློག་དམར་འཁྱུགས་པས་སྲིད་གསུམ་སྲེག་པ༔ ཤངས་ནས་བུ་ཡུག་འཚུབས་པ༔ སྤྱན་ནས་ཁྲག་མཚོ་འཁྲུགས་ཤིང་ཉི་མ་ལྟར་འབར་བ༔ རལ་པ་ལ་གནམ་ལྕགས་ཀྱི་ཐོག་སེར་འཕྲོ་བ༔ དབུ་ལ་ཐོད་སྐམ་རིན་པོ་ཆེའི་རྩེ་བྲན་རྡོ་རྗེ་ཕྱེད་པས་མཚན་པ༔ གཡས་པས་རལ་གྲི་ཕྱར་ཞིང་གཡོན་པས་ཁྲག་མཚོ་རྔུབ་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང༔ ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པའི་གཡོན་དུ་ཤྭ་ན་མ་མཐིང་ནག་གྲི་ཐོད་འཛིན་པ༔ ཡེ་ཤེས་ཀྱི་མེ་ཕུང་ཀློང་དུ་བཞུགས་པའི་སྐུ་ལས་ཕུར་པའི་ཚྭ་ཚྭ་སྐར་ལྟར་འཁྲུགས་པ༔ ཕྱོགས་བཅུར་སྤྲུལ་པའི་ཕྲ་མེན་མཆེ་གཤོག་ཅན་ལས་ལ་འགྱེད་པ༔ དེའི་བློན་མོ་བཅུ་གཉིས་ནི༔ ཤར་དུ་ཤྭ་ན་མུ་ཁ་མཐིང་ནག་ཐོད་ཕྲེང་འདྲེན་ཅིང་ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ་འཆིབ་པ༔ ཡབ་སྲིན་པོའི་སྐྱེས་བུ་དཀར་པོ་ཤེལ་གྲི་འཕྱར་བ༔ ལྷོར་ཀྲྀ་ཏ་མུ་ཁ་སེར་ནག་ལྕགས་ཀྱུ་འཛིན་ནས་གསེར་གྱི་འཕར་བ་ལྕེ་བརྒྱད་ལ་ཞོན་པའི་ཡབ་གཤིན་རྗེའི་སྐྱེས་བུ་ནག་པོ་ཁྲམ་ཤིང་ཐོགས་པ༔ ནུབ་ཏུ་སྲྀ་ལ་མུ་ཁ་དམར་ནག་སྙིང་ཕྲེང་འདྲེན་ཅིང་ཟངས་ཀྱི་ཝ་མོ་རྐང་གསུམ་ལ་འཆིབ་པའི་ཡབ་བདུད་ཀྱི་སྐྱེས་བུ་དམར་ནག་རུ་མཚོན་འཛིན་པ༔ བྱང་དུ་ཤྲྀངྒ་མུ་ཁ་ལྗང་ནག་རྡོ་རྗེ་གདེངས་ཤིང་གཡུ་ཡི་ཁྱི་མོ་རལ་པ་ཅན་ལ་འཆིབ་པའི་ཡབ་གནོད་སྦྱིན་གྱི་སྐྱེས་བུ་བེ་ཅོན་ཐོགས་པ༔ ཤར་སྟོད་དུ་རེ་མ་ཏི་མཐིང་ནག་ཕྱག་བཞི་རལ་གྲི་ཕུར་པ་མེ་ལོང་སྦྲུལ་ཞགས་ཐོགས་ནས་བོང་བུ་དམར་གྭ་ལ་འཆིབ་པའི་ཡབ་ཤར་བདུད་ནག་པོ་གྲི་གུག་ཐོགས་པ༔ ལྷོ་སྟོད་དུ་རེ་བ་ཊི་སེར་ནག་བདུད་རྩིའི་བུམ་པ་ཐོགས་ནས་ཤ་བ་ཡུ་མོ་ལ་འཆིབ་པའི་ཡབ་ལྷོ་བདུད་སེར་པོ་ཐོད་དབྱུག་གདེངས་པ༔ ནུབ་སྟོད་དུ་རེ་མ་ཛ་དམར་ནག་ནད་རྐྱལ་ཐོགས་ནས་ཆུ་གླང་ལ་འཆིབ་པའི་ཡབ་ནུབ་བདུད་དམར་པོ་ཐོ་བ་ཐོགས་པ༔ བྱང་སྟོད་དུ་རེ་མ་ཛུ་ལྗང་ནག་ཁྲམ་ཤིང་ཐོགས་ནས་རྔ་མོ་གྭ་པ་ལ་འཆིབ་པའི་ཡབ་བྱང་བདུད་ལྗང་ནག་མདུང་དར་ཐོགས་པ༔ ཤར་སྨད་དུ་ཡ་བྱིན་མཐིང་ནག་ཉི་ཟླ་ཐོགས་ནས་སེང་གེ་ལ་འཆིབ་པ༔ སྲིན་པོའི་གིང་ཆེན་མཐིང་ནག་བསེ་མདུང་བསྣམས་ནས་གྱི་ལིང་འཆིབ་པ༔ ལྷོ་སྨད་དུ་དེ་བྱིན་སེར་ནག་རྡོ་རྗེའི་ཐོག་སེར་ཐོགས་ནས་འབྲུག་ལ་ཞོན་པ༔ གཤིན་རྗེའི་གིང་ཆེན་སེར་ནག་བསེ་མདུང་ཐོགས་ནས་ཁྱུང་ལ་འཆིབ་པ༔ ནུབ་སྨད་དུ་བསེ་བྱིན་དམར་ནག་རི་རབ་ཐོགས་ནས་གློག་ལ་ཞོན་པ༔ བདུད་ཀྱི་གིང་ཆེན་དམར་ནག་བསེ་མདུང་ཐོགས་ནས་བསེ་ཡི་བྱ་གླག་ལ་འཆིབ་པ༔ བྱང་སྨད་དུ་ཕག་བྱིན་ལྗང་ནག་བུ་ཡུག་དང་རྒྱ་མཚོ་ཐོགས་ནས་ཆུ་སྲིན་ལ་འཆིབ་པ༔ གནོད་སྦྱིན་གྱི་གིང་ཆེན་ལྗང་ནག་བསེ་མདུང་ཐོགས་ནས་བསེ་གཡག་ཁམ་པ་ལ་འཆིབ་པ༔ བསེ་མོ་བཞིའི་བློན་མོ༔ བདུད་ཀྱི་བུ་མོ་མཐིང་ནག་ལྕགས་ཀྱུ་དང་བདུད་ཞགས་འཛིན་ཅིང་བདུད་རྟ་ལ་འཆིབ་པ༔ གཟའ་ཡི་བུ་མོ་སེར་ནག་ལྕགས་ཀྱུ་དང་གཟའ་ཞགས་འཕེན་ཅིང་གཟའ་རྟ་ལ་འཆིབ་པ༔ བཙན་གྱི་བུ་མོ་དམར་མོ་ལྕགས་ཀྱུ་དང་བཙན་ཞགས་འཕེན་ཅིང་བཙན་རྟ་ལ་འཆིབ་པ༔ ཀླུ་ཡི་བུ་མོ་ལྗང་ནག་ལྕགས་ཀྱུ་དང་སྦྲུལ་ཞགས་འཕེན་ཅིང་ཀླུ་རྟ་ལ་འཆིབ་པ༔ བསེ་མོ་བཞིའི་ཕོ་ཉ་མོན་མོ་སྤྲེལ་མགོ་མ་གསེར་གྱི་ཟོར་བ་བསྣམས་པ༔ སྦྲུལ་མགོ་མ་དྲྭ་བ་དགུ་སྦྲེལ་འཛིན་པ༔ སྦལ་མགོ་མ་བསེ་ཡི་མདུང་དར་ཅན༔ འུག་མགོ་མ་བ་དན་འཛིན་པ༔ བསེ་ཡི་སྐྱེས་བུ་བཞིའི་ཤན་པ༔ བསེ་ཡི་མི་ཕོ་གདོང་བཞི་མདུང་དར་རྡེབ་པ༔ མོན་པ་ཐོ་བ་ཐོགས་པ༔ བསེ་ཡི་བྱ་ཁྲ༔ ལྕགས་ཀྱི་སྤྱང་ཀི༔ མིང་པོ་གིང་ཆེན་རྣམས་ཀྱི་ཕོ་ཉ་སྐྱེས་བུ་བཞི་ཤེལ་གྲི་འཕྱར་ཞིང་ཤེལ་རྟ་འཆིབ་པ༔ དགེ་བསྙེན་ཉེར་གཅིག་ཟངས་ཡག་ཀླད་ལ་བསྐོར་བ༔ ཞུབ་ཆེན་དཔའ་བོའི་ཚོགས་རྟ་ལ་འཆིབ་པ༔ བདག་ཉིད་མ་བཞིའི་ཕོ་ཉ་ཁྱི་བརྒྱད་ནི༔ དཀར་མོ་དྲི་ཟ་འདུལ་མ་དང་དྲང་སྲོང་འདུལ་མ༔ སེར་མོ་གཤིན་རྗེ་འདུལ་མ་དང་སྲིན་པོ་འདུལ་མ༔ དམར་མོ་ཀླུ་འདུལ་མ་དང་རླུང་ལྷ་འདུལ་མ༔ ལྗང་ནག་གནོད་སྦྱིན་འདུལ་མ་དང་བགེགས་འདུལ་མ༔ ཤྭ་ན་བཞིའི་ཕོ་ཉ་ཤེལ་གྱི་གདོང་དགུ་མ་སྡོམ་སྡིག་གི་ཟེར་འཕྲོ་བ༔ བསེ་ཡི་གདོང་དགུ་མ་ཆུ་སྲིན་རུས་སྦལ་འབེབ་པ༔ ལྕགས་ཀྱི་གདོང་དགུ་མ་སྟག་སེང་འཕྲོ་བ༔ ཟངས་ཀྱི་གདོང་དགུ་མ་བྱི་ལ་སྲེ་མོང་གི་སྟག་ཟེར་འཕྲོ་བ༔ དུང་གི་གདོང་དགུ་མ་སྐྱ་ག་པུ་ཤུད་འཕྲོ་བ༔ གནམ་ཁྱི་ཐོག་སེར་འབེབ་པ༔ བསེ་ཁྱི་འདབ་ཆགས་སྤྲོ་བ༔ ཁྱུང་ཁྱི་མཆེ་ཅན་སྤྲོ་བ༔ སྟག་ཁྱི་གཅན་གཟན་སྤྲོ་བ་རྣམས་ཀྱིས་གནམ་ས་གང་བ༔ ལྕགས་ཀྱི་སྤྱང་མོ་བརྒྱད༔ དུང་གི་ཁྱི་མོ་བརྒྱད༔ གསེར་གྱི་འཕར་བ་བརྒྱད༔ ཟངས་ཀྱི་ཝ་མོ་བརྒྱད༔ སྟག་སྦྲུལ་བྱི་ལ་བརྒྱད༔ ཁྱུང་གི་ཁྲ་ཆེན་བརྒྱད༔ ཁྱམས་ཀྱི་ཕྱོགས་བཞིར་སྒྲོལ་གིང་དཀར་སེར་དམར་ལྗང་བཞི་རལ་གྲི་འཛིན་པ༔ མཚམས་བཞིར་དཀར་མོ་མཆེ་གཙིགས་ནག་མོ་ལྕགས་རལ་དམར་མོ་ཉི་འོད་སེར་མོ་རལ་པ་ཅན་བཞི་གྲི་ཐོད་འཛིན་པ༔ སྟེང་ན་ཕུར་པའི་ལྷ་མོ་དབུ་བརྒྱ་ཕྱག་བརྒྱས་ཕུར་པ་འདྲིལ་བ༔ ཞབས་བརྒྱས་བར་སྣང་ཁེངས་པ༔ འོག་ཏུ་འབྱུང་པོ་སེར་པོ་རལ་པ་གྱེན་དུ་བརྫེས་ཤིང་གཡས་པས་གསེར་གྱི་ཐོ་ལུམ་འཕེན་ཅིང་གཡོན་པས་གསེར་གྱི་དྲྭ་བ་ཐོགས་ནས་རྒྱ་སྟག་ལ་འཆིབ་པ༔ ཐམས་ཅད་ཀྱང་གཏུམ་པའི་སྐུ་ལ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པས་འཇིགས་སུ་རུང་བ༔ རྔམ་པའི་ང་རོས་སྟོང་གསུམ་གཡོ་བ༔ སྙིང་རྗེ་མེད་པར་གསོད་ལ་དགའ་བ༔ བསྟན་པའི་དགྲ་བགེགས་བསྒྲལ་བ་ལ་རྔམས་ཤིང་རིངས་པའི་ཚུལ་དུ་བཞུགས་པའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ༔ ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་རང་གི་གནས་ནས་སྤྱན་དྲངས་པར་བསམ་ལ༔ ཤ་ཆེན་གུ་གུལ་བདུག༔ ཞིང་དང་དར་ནག་གཡབ༔ རྐང་གླིང་དང་དུང་ཆེན་བཤུག་གླུ་འབུད་ལ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ བདེ་ཆེན་ལྷུན་གྲུབ་དཔལ་ཆེན་པོ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ དབྱིངས་དང་ཡེ་ཤེས་རོལ་པ་ལས༔ ཕྲ་མེན་རྡོ་རྗེ་ཁྱི་ཡི་གདོང༔ མ་ཧཱ་ཀཱ་ལ་ཤྭ་ན་ཆེ༔ མགོན་པོ་སེང་གདོང་འཁོར་དང་བཅས༔ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤར་གྱི་དུར་ཁྲོད་ཆེན་པོ་ནས༔ ཤྭ་ན་མུ་ཁ་གཤེགས་སུ་གསོལ༔ ལྷོ་ཡི་དུར་ཁྲོད་ཆེན་པོ་ནས༔ ཀྲྀ་ཏ་མུ་ཁ་གཤེགས་སུ་གསོལ༔ ནུབ་ཀྱི་དུར་ཁྲོད་ཆེན་པོ་ནས༔ སྲྀ་ལ་མུ་ཁ་གཤེགས་སུ་གསོལ༔ བྱང་གི་དུར་ཁྲོད་ཆེན་པོ་ནས༔ ཤྲྀངྒ་ཆེན་པོ་གཤེགས་སུ་གསོལ༔ དབྱིངས་ཀྱི་ནམ་མཁའི་མཁའ་ཀློང་ནས༔ སྲིད་པའི་རྒྱལ་མོ་གཤེགས་སུ་གསོལ༔ རི་རབ་ཆེན་པོའི་སྟེང་ཕྱོགས་ནས༔ ནད་འཇོམས་ཆེན་མོ་གཤེགས་སུ་གསོལ༔ བར་སྣང་ཁམས་ཀྱི་དབྱིངས་རུམ་ནས༔ ནམ་གྲུ་ཆེན་མོ་གཤེགས་སུ་གསོལ༔ ས་གཞི་རྒྱ་མཚོའི་འགྲམ་དག་ནས༔ དཀོར་གྱི་བདག་མོ་གཤེགས་སུ་གསོལ༔ བལ་ཡུལ་མར་ཁུའི་མཚོ་ཆེན་ནས༔ རྡོ་རྗེ་ཡ་བྱིན་གཤེགས་སུ་གསོལ༔ ཚ་བ་རོང་གི་ཞག་མཚོ་ནས༔ རྡོ་རྗེ་དེ་བྱིན་གཤེགས་སུ་གསོལ༔ རྨ་ཡུལ་ཁྲག་གི་མཚོ་ཆེན་ནས༔ རྡོ་རྗེ་བསེ་བྱིན་གཤེགས་སུ་གསོལ༔ སྙ་ནམ་འོ་མའི་མཚོ་ཆེན་ནས༔ རྡོ་རྗེ་ཕག་བྱིན་གཤེགས་སུ་གསོལ༔ ལྷ་ཆེན་རྣམས་ཀྱི་གནས་རྣམས་ནས༔ དུང་གི་སྐྱེས་བུ་མཆེད་སྡེ་བཞི༔ བདུད་རྒྱལ་རྣམས་ཀྱི་གནས་རྣམས་ནས༔ ལྕགས་ཀྱི་སྐྱེས་བུ་མཆེད་སྡེ་བཞི༔ བཙན་རྒྱལ་རྣམས་ཀྱི་གནས་རྣམས་ནས༔ བསེ་ཡི་སྐྱེས་བུ་མཆེད་སྡེ་བཞི༔ གནོད་སྦྱིན་རྣམས་ཀྱི་གནས་རྣམས་ནས༔ སྒྲོལ་གིང་ཆེན་པོ་མཆེད་སྡེ་བཞི༔ ཀླུ་རྒྱལ་རྣམས་ཀྱི་གནས་རྣམས་ནས༔ ཤེལ་གྱི་སྐྱེས་བུ་མཆེད་སྡེ་བཞི༔ འཇིག་རྟེན་རི་བོའི་ཁོང་གསེང་ནས༔ དགེ་བསྙེན་ཉི་ཤུ་རྩ་གཅིག་བཅས༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཚ་བའི་གནས་ནས་བརྟན་མའི་འཁོར༔ ཉེར་བཞིའི་གནས་ནས་ཁྱི་སྤྱང་རྣམས༔ ནམ་མཁའི་དབྱིངས་ནས་མཁའ་འགྲོ་མ༔ རྒྱུ་བའི་ལམ་ནས་འབྱུང་པོ་ཆེ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྲ་བགེགས་བསྣོལ་བའི་ཁྲི་སྟེང་དུ༔ ཡབ་གཅིག་ཤྭ་ན་ཆེན་པོ་དང༔ ཕུར་པའི་དམ་ཅན་སྲུང་མ་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ དྲག་གཏུམ་མ་ཧཱ་ཀཱ་ལའི་ཚོགས༔ སྔོན་ཚེ་རྡོ་རྗེ་གཞོན་ནུ་དང༔ བར་དུ་ཕྲིན་ལས་མགོན་པོ་ཆེ༔ ཐ་མ་སྤྲུལ་པའི་ཕྱག་བརྙན་དུ༔ སྐུར་བཞེངས་བྱང་ཆུབ་ཐུགས་བསྐྱེད་པ༔ བསྟན་དགྲ་འདུལ་བའི་སྐུ་རུ་སྣང༔ དཔལ་ཆེན་ཧེ་རུ་ཀ་དཔལ་དང༔ གསང་བདག་ལས་ཀྱི་དབང་མོ་ཆེ༔ པྲ་བྷ་ཧསྟི་ཧཱུྃ་ཀཱ་ར༔ པདྨ་འབྱུང་གནས་ལ་སོགས་པའི༔ ཕུར་པའི་རིག་འཛིན་ཐམས་ཅད་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཤྭ་ན་བདག་ཉིད་ས་བདག་མ༔ བསེ་ལྕགས་དུང་སོགས་སྐྱེས་བུའི་ཚོགས༔ བཀའ་སྡོད་དྲེགས་པ་ཕོ་མོ་རྣམས༔ ཐ་ཚིག་དམ་བཅས་དྲན་མཛོད་ལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ བཛྲ་ས་མ་ཡ་ཨ་མྲྀཏ་ཁཱ་ཧི༔ ས་མ་ཡ་མཎྜལ་ཧཱུྃ་ཏིཥྛ༔ ཧཱུྃ༔ དབྱིངས་ནས་ཡེ་ཤེས་མཐར་ཕྱིན་ཐབས་ཤེས་ལས༔ ཕོ་ཉ་ཆེན་པོ་ཤྭ་ན་ཡབ་ཡུམ་གཉིས༔ བདེ་སྟོང་དབྱིངས་ལས་སྤྲུལ་པའི་གདབ་ཕུར་ཚོགས༔ མི་དགེ་བཅུ་འཇོམས་དགེ་བཅུ་ཡེ་ཤེས་ལས༔ བདེན་གཉིས་རང་གཟུགས་སྤྲུལ་པའི་བྱ་གཅན་དང༔ སྐུ་བཞིའི་དབྱིངས་ལས་རོལ་པའི་ཤྭ་ན་བཞི༔ ཚད་མེད་དབྱིངས་ནས་བཞེངས་པའི་བདག་ཉིད་བཞི༔ དགའ་བ་བཞི་ལས་བྱུང་བའི་ས་བདག་བཞི༔ ཐབས་ཀྱི་དབྱེ་བས་སྐྱེས་བུ་གིང་གི་ཚོགས༔ ཐབས་ཤེས་གཉིས་མེད་ཕོ་ཉ་ཟ་བྱེད་ཚོགས༔ ཡེ་ཤེས་མཐར་ཕྱིན་ལས་ཀྱི་དཀྱིལ་འཁོར་དུ༔ དབྱིངས་ནས་རང་རྩལ་རོལ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ དུར་ཁྲོད་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར༔ དམ་ཅན་དགྱེས་པའི་མཆོད་སྤྲིན་འབུལ་བ་ནི༔ ཁྲག་ཆེན་མཆོད་ཡོན་ལྦུ་བ་དམར་ནག་འཁྲུགས༔ དུག་ཆུ་ཁོལ་མའི་རྦ་ཀློང་བར་སྣང་ཁེངས༔ མགོ་ལག་དབང་པོའི་ཕྲེང་བ་རྣམ་པར་བཀྲ༔ ཚིལ་ཆེན་གུ་གུལ་དུད་སྤྲིན་མུན་པ་གཏིབས༔ རོ་རས་ཞུན་ཆེན་སྦར་བའི་བསྐལ་པའི་མེ༔ གི་ཝང་ཞག་དང་མཁྲིས་ཆེན་རྒྱ་མཚོ་བསྐྱིལ༔ ཤ་རུས་ནང་ཁྲོལ་བཟའ་བཏུང་རི་ལྟར་སྤུངས༔ རྐང་གླིང་དུང་ཆེན་འབྲུག་ལྟར་གྲགས་པ་འདི༔ རྡོ་རྗེ་སྲུང་མའི་ཚོགས་ལ་འབུལ་ལགས་ན༔ རྔམས་པར་བཞེས་ལ་དགྲ་བགེགས་ཐལ་བར་རློགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ ཡེ་ཤེས་སྐྱེད་པའི་བདུད་རྩི་ཨ་མྲྀཏ༔ དྲི་མེད་བྱང་སེམས་དཀར་པོའི་མཆོད་པ་འབུལ༔ དགའ་བཞི་སྐྱེད་པ་བྱང་སེམས་དམར་པོའི་བཅུད༔ ཆགས་མེད་དམར་གསལ་རྒྱ་མཚོའི་མཆོད་པ་འབུལ༔ འབྲུ་བཅུད་མྱོས་བྱེད་དཔའ་བོ་ཛ་གད་ཆང༔ མངར་གསུམ་གསེར་དང་སྦྱར་ནས་མཆོད་པ་འབུལ༔ དགྲ་བགེགས་མ་ལུས་བསད་པའི་ཁྲག་ཆེན་པོ༔ ཤ་ཆེན་ལང་ལིང་སྦྱར་བའི་མཆོད་པ་འབུལ༔ བཟའ་དང་བཅའ་བའི་རིགས་བྱེད་ཇི་སྙེད་པ༔ སྤོད་དང་ཁུ་བ་སྦྱར་བའི་མཆོད་པ་འབུལ༔ མ་ཧཱ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་འབུལ་ཞིང༔ དབྱིངས་ནས་སྐུར་བཞེངས་པའི་རྡོ་རྗེ་ཕྲ་མེན་ཤྭ་ན་ཆེན་པོ་ཡབ་ཡུམ་སྤྲུལ་པ་ཕྱག་བརྙན་དང་བཅས་པ༔ ཤྭ་ན་མཆེད་བཞི༔ བདག་ཉིད་མ་བཞི༔ ས་བདག་མ་བཞི༔ དུང་གི་སྐྱེས་བུ་བཞི༔ ལྕགས་ཀྱི་སྐྱེས་བུ་བཞི༔ བསེ་ཡི་སྐྱེས་བུ་བཞི༔ འབྱུང་པོ་དང་སྒྲོལ་གིང་བཞི༔ ཕུར་པའི་ལྷ་མོ་དང་མ་མོ་བཞི༔ དྲེགས་པའི་བུ་མོ་བཞི༔ ཕོ་ཉ་མོན་མོ་བཞི༔ བསེ་ཡི་ཤན་པ་བཞི༔ དཔལ་གྱི་ཁྱི་བརྒྱད་སྤྱང་བརྒྱད༔ གནམ་སྟག་བསེ་ཁྱུང་རྣམ་བཞི༔ སྤྲུལ་པའི་ཝ་སྤྱང་འཕར་ཁྱི༔ གཞན་ཡང་བྱ་གཅན་སྣ་ཚོགས༔ རྡོ་རྗེ་ཕུར་པའི་བཀའ་སྲུང་རྣམས་ཀྱིས་ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་སོད༔ གནོད་པའི་བགེགས་ཐུལ༔ དགྲ་ལ་རྟགས་ཐོངས༔ གྲོགས་ལ་དར་ཕྱོར༔ སངས་རྒྱས་ཀྱི་བསྟན་དགྲ་ཆམ་ལ་ཕོབ༔ བླ་མའི་སྐུ་དགྲ་རྡུལ་དུ་རློགས༔ རྣལ་འབྱོར་པ་བདག་ལ་སྡང་བའི་དགྲ་བོ་ད་ལྟ་ཉིད་དུ་བསྒྲལ་བའི་ཕྲིན་ལས་མཛོད་ཅིག༔ ཅེས་ཕྲིན་ལས་གསོལ༔ བསྟོད་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་དཔལ་ཆེན་ཧེ་རུ་ཀ༔ ལས་ལ་ཆས་ཚེ་ཕྲ་མེན་འབར་བའི་སྐུ༔ མ་ཧཱ་ཀཱ་ལ་ཕྲིན་ལས་མགོན་པོ་ནི༔ མི་འགྱུར་མཐིང་ནག་མུན་པ་ཆེན་པོའི་མདོག༔ དབྱིངས་ལ་བཟང་ངན་མེད་པའི་ཁྱི་གདོང་མ༔ དམན་པའི་ཡུལ་འདས་སེང་ཞལ་ལྕགས་རལ་ཅན༔ ལོག་རྟོག་ཚར་གཅོད་ཡེ་ཤེས་རལ་གྲི་གཡས༔ འཁོར་བའི་རྒྱ་མཚོ་བཏུང་བའི་ཐོད་ཁྲག་གསོལ༔ བདེ་སྟོང་གཉིས་མེད་རང་འདྲའི་ཡུམ་དང་སྦྱོར༔ བདེན་གཉིས་ཞབས་ཀྱིས་འཁོར་འདས་མཐའ་གཉིས་གནོན༔ ཡེ་ཤེས་རོལ་པ་དུར་ཁྲོད་ཆས་ཀྱིས་བརྒྱན༔ བདུད་འདུལ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡབ་ཡུམ་དེ་གཉིས་སྐུ་ཡི་རོལ་པ་ལས༔ དབུ་ཡི་རལ་གསེབ་ཕག་རྒོད་རྨིགས་བུ་འཕྲོ༔ དཔུང་པ་གཡས་ནས་སྟག་དང་བྱ་རྒོད་འཕྱོ༔ དཔུང་པ་གཡོན་ནས་གཡག་ནག་བྱ་རོག་འགྱེད༔ མགུལ་ནས་བྱི་ལ་པུ་ཤུད་ཚྭ་ཚྭ་འཐུལ༔ ཐུགས་ནས་ཕྲ་མེན་ཤ་བ་འུག་པ་སྤྲུལ༔ རྐེད་ནས་འཇིགས་བྱེད་སེང་གེ་ཕ་ཝཾ་རྒྱུག༔ ལྟེ་བའི་གནས་ནས་གཟིག་དང་ཁྭ་ཏ་སྤྲུལ༔ ཞབས་གཡས་བརྡབས་པས་ཁྲ་དང་སྤྱང་ཀི་འཕྲོ༔ ཞབས་གཡོན་བརྐྱང་པས་དོམ་དང་སྲེ་མང་འགྱེད༔ གསང་བའི་གནས་ནས་དྲེད་དང་བྱི་བ་འཕྲོ༔ ཕྲ་མེན་མང་པོར་སྤྲུལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐུ་ཡི་དབྱིངས་ནས་ཡེ་ཤེས་ཆོ་འཕྲུལ་ནི༔ ཤངས་ནས་རྡོ་རྗེའི་རླུང་འཚུབས་འཇིག་རྟེན་གཏོར༔ ཞལ་ནས་རྡོ་རྗེའི་ཆུ་འཁྲུགས་སྤྲིན་ནག་གཏིབས༔ ལྗགས་ནས་རྡོ་རྗེའི་གློག་འགྱུ་བསྐལ་པ་སྲེག༔ མགྲིན་ནས་རྡོ་རྗེའི་འབྲུག་སྒྲོག་སྟོང་གསུམ་གཡོ༔ དབུ་སྐྲའི་གསེབ་ནས་རྡོ་རྗེའི་བུ་ཡུག་དང༔ གནམ་ལྕགས་ཐོག་སེར་འབེབ་པས་དགྲ་བགེགས་བརླག༔ སྤྱན་ནས་རྡོ་རྗེའི་ཁྲག་མཚོ་རྦ་རླབས་གཡོ༔ སྤྱན་བསྒྲད་ཉི་ཟླ་འོད་འབུམ་ཕྱོགས་བཅུར་འཕྲོ༔ སྐུ་ལས་སྒྲོལ་བྱེད་ཕུར་པའི་མཚོན་ཆར་འབེབ༔ ཡེ་ཤེས་རོལ་པའི་མེ་སྤྲིན་དབུས་ན་བཞུགས༔ འཇིགས་བྱེད་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཔལ་གྱི་བཀའ་སྡོད་ཤྭ་ན་མཆེད་བཞི་ནི༔ ལྕགས་ཀྱི་སྤྱང་མོ་འཇིགས་པའི་མགོ་དགུ་མ༔ གསེར་གྱི་འཕར་བ་ཟ་བའི་ལྕེ་བརྒྱད་མ༔ ཟངས་ཀྱི་ཝ་མོ་རྒྱུག་པའི་རྐང་གསུམ་མ༔ གཡུ་ཡི་ཁྱི་མོ་རྔམ་པའི་རལ་པ་ཅན༔ དེ་ལ་དེ་ཡི་མགོ་ཅན་མ་མོ་ཞོན༔ སྐུ་ནི་དྲག་པོའི་ཆོ་འཕྲུལ་སྣ་ཚོགས་སྟོན༔ གསུང་ནི་ཧ་ཧའི་སྒྲ་སྒྲོག་སྟོང་གསུམ་གཡོ༔ ཐུགས་ནི་ཆོས་དབྱིངས་རྩལ་ལས་གཏུམ་དྲག་ཅན༔ ཡོན་ཏན་ཡེ་ཤེས་ལས་ལས་གྲུབ་པའི་ཚུལ༔ ཕྲིན་ལས་མཚོན་ཆ་ཐོགས་ནས་ལས་བཞི་སྒྲུབ༔ ཤྭ་ན་ཆེན་མོ་བཞི་ལ་ཕྱག་འཚལ་བསྟོད༔ བྷྱོ༔ དཔལ་གྱི་བཀའ་སྡོད་བདག་ཉིད་མ་བཞི་ནི༔ མཁའ་ལ་དབང་སྒྱུར་སྲིད་པའི་རེ་མ་ཏི༔ རི་རབ་སྟེང་ན་དཔལ་ལྡན་རེ་བ་ཊི༔ བར་སྣང་ཁམས་ལ་དབང་བྱེད་རེ་མ་ཛ༔ ས་ཡི་གླིང་བཞིར་དབང་མཛད་རེ་མ་ཛུ༔ བདག་ཉིད་ཆེན་མོ་བཞི་ལ་ཕྱག་འཚལ་བསྟོད༔ བྷྱོ༔ ས་བདག་བསེ་ཡི་ལྷ་མོ་ཆེན་མོ་བཞི༔ རྡོ་རྗེ་ཡ་བྱིན་བདུད་ཀྱི་དམག་དཔོན་མཛད༔ རྡོ་རྗེ་དེ་བྱིན་གཟའ་ཡི་དམག་དཔོན་མཛད༔ རྡོ་རྗེ་བསེ་བྱིན་བཙན་གྱི་དམག་དཔོན་མཛད༔ རྡོ་རྗེ་ཕག་བྱིན་ཀླུ་ཡི་དམག་དཔོན་མཛད༔ ས་བདག་ཆེན་མོ་བཞི་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷ་ཡི་སྡེ་དཔོན་དུང་གི་སྐྱེས་བུ་བཞི༔ བདུད་ཀྱི་སྡེ་དཔོན་ལྕགས་ཀྱི་སྐྱེས་བུ་བཞི༔ བཙན་གྱི་སྡེ་དཔོན་བསེ་ཡི་སྐྱེས་བུ་བཞི༔ ཕོ་ཉ་སྒྲོལ་གིང་བཞི་དང་ཤེལ་གིང་བཞི༔ བྱུང་པོའི་རྒྱལ་པོ་རྡོ་རྗེ་སྣ་ཡོན་དང༔ ཕུར་པའི་ལྷ་མོ་འཇིགས་བྱེད་དབུ་བརྒྱ་མ༔ མཁའ་འགྲོ་བཞི་དང་དྲེགས་པའི་བུ་མོ་བཞི༔ མོན་པ་བཞི་དང་ཤན་པ་བྱ་གཅན་ཚོགས༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ལ༔ རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་དམ་ཅན་རྣམས་ཀྱི་ཐུགས་ཀར་ཕོག་པས་ཅི་བཅོལ་བའི་ལས་རྣམས་སྒྲུབ་པར་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛ་ཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏི༔ མ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ ཅེས་བཟླས་པས་ཕྲིན་ལས་ཐོགས་མེད་དུ་འགྲུབ་བོ༔ ས་མ་ཡ༔ རྒྱ་རྒྱ༔ ཁོ་བོ་མཆོག་གྱུར་གླིང་པས་གྲོགས་སུ་ཁ་དང་བཅས་ཏེ་མདོ་ཁམས་ནམ་མཁའ་མཛོད་ནས་སྤྱན་དྲངས། ལོ་གསུམ་གསང་རྒྱས་བཏབ་སྟེ་ཙ་འདྲ་རིན་ཆེན་བྲག་དཔལ་སྤུངས་སུ་ཕབ་པའི་ཡི་གེ་པ་ནི་དབང་ལྡན་གྱིས་བྱས་པའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).