Terdzo-NYI-007

From Rinchen Terdzö

མགོན་པོ་ཚོགས་ཀྱི་བདག་པོའི་མངོན་རྟོགས་དྲག་སྔགས་གསང་བ་སྤུ་གྲིའི་རྒྱུད་

mgon po tshogs kyi bdag po'i mngon rtogs drag sngags gsang ba spu gri'i rgyud

by  ལྡི་རི་ཆོས་ཀྱི་གྲགས་པ་ (Diri Chökyi Drakpa)
revealed by  ལྡི་རི་ཆོས་ཀྱི་གྲགས་པ་ (Diri Chökyi Drakpa)
in cycle  ཚོགས་བདག་གཏེར་མ་ཁམས་བྱོན་མ་ (Tshogs bdag gter ma khams byon ma)
Volume 38 (ཉི) / Pages 99-132 / Folios 1a1 to 17b4

[edit]

༄༅། །མགོན་པོ་ཚོགས་ཀྱི་བདག་པོའི་མངོན་རྟོགས་དྲག་སྔགས་གསང་བ་སྤུ་གྲིའི་རྒྱུད་བཞུགས་སོ། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ཡི་སྤྱན་སྔར་དམ་བཅས་པའི། །ཆོས་སྐྱོང་ཚོགས་བདག་ལེགས་ལྡན་སྲས། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །ལས་ཀྱིས་སྡང་བའི་བསྟན་དགྲ་རྣམས། །ཚར་གཅད་བཀུག་གསད་བརླག་པའི་ཐབས། །བཻ་རོ་ཙ་ནའི་སྙན་བརྒྱུད་པ། །དྲག་སྔགས་གསང་བའི་སྤུ་གྲི་ཡི། །སྒྲུབ་ཐབས་སྦྱོར་དངོས་རྗེས་གསུམ་མོ། །དང་པོ་སྦྱོར་བ་བཅས་ཀྱི་རིམ་པ་ནི། ས་སྣ་གདུག་པ་ཅན་ལ་མདུན་དུ་མཎྜལ་གྲུ་བཞི་ཚད་དང་ལྡན་པ་བཅས་ལ། དེའི་སྟེང་དུ་མི་ཤིས་པའི་ས་སྣ་ཚོགས་ལ་གྲུ་གསུམ་རྒྱར་ཁྲུ་གང་བ། ཟབས་སུ་ཁྲུ་ཕྱེད་པ། དེའི་ནང་དུ་དུག་ཁྲག་སྣ་ཚོགས་ཀྱིས་བྱུག །རྒྱབ་ཏུ་རོ་སོལ་གྱིས་ནག་པོར་བྱུགས་ལ་མཎྜལ་གྱི་སྟེང་དུ་བཞག །དེ་ནས་ལིངྒ་ཚུལ་བཞིན་དུ་བྲིས་ལ་འབོད་རྦད་གསད་གསུམ་གྱི་སྔགས་ཀྱིས་བསྐོར། གནས་གསུམ་དུ་སྐྱེར་ཕུར་གསུམ་བཙུགས། དབྱེ་དགུག་གསད་གསུམ་རྒྱས་པར་བྱས་ལ་རོ་ལྟེབ་བྱེད། གྲུ་གུ་སྔོན་དམར་གྱིས་བཅིང་། ཁྱི་ར་ཕག་གསུམ་གང་རུང་གི་ཐོད་པར་བཅུག་ལ་ཐུན་ཁུང་ནང་དུ་བཞག །མགོན་པོའི་ཙཀ་ལི་རབ་གནས་དང་ལྡན་པ་དབུས་སུ་བཙུགས། གཡས་ཟུར་དུ་སྐུ་མཆོག་ཙཀ་ལི། གཡོན་ཟུར་དུ་གསུང་མཆོག་ཙཀ་ལི། རྒྱབ་ཏུ་ཐུགས་མཆོག་ཙཀ་ལི་བཅས་ཟུར་གསུམ་དུ་བཙུགས། ཡུམ་གྱི་ཙཀ་ལི་ཡབ་ཀྱི་གཡོན་ཟུར་དུ་བཙུགས། དེའི་ཕྱི་རོལ་དུ་མགོ་བརྙན་གྱི་ཚོགས་ཀྱིས་བསྐོར། དེར་མ་ཚུད་ན་གྲུ་གསུམ་གྱི་རྒྱབ་ཏུ་བསྐོར། ཐུན་ཐག་མདུན་དུ་ཕུར་པ་ལ་བསྟོད། དེ་རྒྱབ་དྲག་པོའི་རྩང་སུམ་ཅུ་རྩ་དགུའམ་ཉེར་གཅིག་གིས་སྲིན་མོའི་འགྲོས་སུ་བསྐོར། དེ་རྒྱབ་དྲག་པོའི་ཤིང་གི་རྐང་གསུམ་དང་། དར་ནག་གམ་རེ་བའི་གུར་ཕུབ། དེ་ནས་ཡི་དམ་ཆོས་སྐྱོང་གི་མཆོད་གཏོར་རྒྱས་པར་བཤམ། མགོན་པོའི་གཏོར་མ་གཡག་སྙིང་ལྟ་བུ་ལ་སྡོང་སོལ་གྱིས་ནག་པོར་བྱུགས་ལ་སྣོད་དུ་བཤམ། ངོས་གསུམ་དུ་བཤོས་ཕྲན་གསུམ་བཤམ། གཡག་ལུག་གི་སྟོད་ཤས་བརྒྱན་ལ་རྐང་གསུམ་གྱི་ཁར་བཞག །སྲོག་རྟེན་དར་ནག་པོ་ལ་མ་ཧཱ་ཀཱ་ལའི་སྐུའམ་སྙིང་པོ་བྲིས་ལ་བཙུགས། ཙནྡན་གྱི་བིང་ལ་དར་སྣ་ཚོགས་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ལ་རྟེན་དུ་བཙུགས། སྐུ་མཆོག་གི་རྟེན་དུ་རྟ་ནག་གི་ཙིཏྟ། གསུང་མཆོག་གི་རྟེན་དུ་ལུག་ནག་གི་ཙིཏྟ། ཐུགས་མཆོག་གི་རྟེན་དུ་གཡག་ནག་གི་ཙིཏྟ། ཕྱོགས་བཅུ་མགོན་པོའི་རྟེན་དུ་བྱ་རྒོད་མདའ་དར། རྐང་གསུམ་གྱི་ཁར་རམ་གང་བདེར་གཟུགས་འགྲོས་བཤམ་པ་ནི། བྱ་རྒྱལ་ཁྱུང་ཆེན་ལ་སོགས་པའི་འདབ་ཆགས། གཅན་གཟན་གྱི་རིགས། རི་དྭགས། གཡུང་དྭགས། ཆུ་གནས། གཞན་ཡང་གཞུང་ལས་གང་གྲགས་རྣམས་བཤམ། ཐུན་རྫས་ནི་ཡུངས་དཀར་ནག་ལ་སོགས་པའི་དུག་རིགས་སྣ་ཚོགས་དང་། ཟངས་ཕྱེ་ལྕགས་ཕྱེ་སྣ་ཚོགས་བསགས། གཞན་ཡང་སྒྲུབ་པ་མ་རྫོགས་ཀྱི་བར་དུ་མཁོ་བའི་ཡོ་བྱད་རྣམས་བཤམ། དེ་ནི་སྦྱོར་བ་བཅས་ཀྱི་རིམ་པའོ། །སྤྱི་དོན་གཉིས་པ་དངོས་གཞི་ཉམས་སུ་ལེན་པའི་རིམ་པ་ལ་བཅུའི། དང་པོ་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ནི། དང་པོ་བསང་མཆོད་དང་ཆབ་གཏོར་རྒྱས་པར་བསྔོ་ལ། བར་ཆད་ཐམས་ཅད་སོལ། མཐུན་རྐྱེན་མྱུར་དུ་འགྲུབ་པའི་སྡོངས་གྲོགས་མཛོད་ཅིག །ཅེས་སོགས་བཀའ་བསྒོ། ཕྱི་རིགས་ལ་ཡང་དཀར་གཏོར་བསྔོ་ལ། བཀའ་བསྒོ་ལེགས་པར་བྱེད། སྲུང་མ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་གཟུ་དཔང་མཛོད། ལེགས་ཉེས་ཀྱི་སྟངས་འཛིན། དམ་ཚིག་གི་རྗེས་གཅོད། བདེན་རྫུན་གྱི་ཤན་འབྱེད། བདག་གི་ཁ་འཛིན་མཛོད་ཅིག །ཉེས་བྱེད་ལ་ཆད་པས་ཆོད་ཅིག །ཅེས་བཀའ་བསྒོའོ། །ཕུར་པ་མ་ཧཱ་ཀཱ་ལར་བསྒོམ། དམ་འདོགས་ལ་སོགས་རྒྱས་པར་བྱེད། ནམ་མཁའ་བར་སྣང་ས་གཞི་བརྟག་པ་རྣམས་བྱའོ། །དེ་ནས་ཡི་དམ་ཆོས་སྐྱོང་གི་བསྙེན་མཆོད་དང་། སྐོང་བཤགས་ཚོགས་མཆོད་རྣམས་རྒྱས་པར་བྱའོ། །དེ་ནས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། མདུན་གྱི་བཅས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཏྲཱཾ་གཅིག་འཕྲོས་པ་འོད་དུ་ཞུ་བ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་དབྱིབས་གྲུ་བཞི་བང་རིམ་གསུམ་དང་ལྡན་པ། དེའི་སྟེང་དུ་པདྨ་རཱ་གའི་ཐིག་བཀྱེས་པའི་ཐོག་ཏུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་སྒོ་ཁྱུད་དང་ལྡན་པ། གསེར་གྱི་ཀ་བ་ལ་གཡུ་ཡི་གདུང་མ་བྲེས་པ། རྒྱན་རྟ་བབས་ཆོས་འཁོར་བང་རིམ་ཏོག་དང་རི་དྭགས་གདུགས་དང་བཅས་པའོ། །དེའི་ནང་དུ་ཆོས་བཟང་ལྷའི་འདུན་ས་ཨ་མོ་ལི་ཀའི་རྡོ་ལེབ་མདོག་ཉ་ཕྱིས་ལྟ་བུ། དེའི་དབུས་སུ་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བ། ནག་ལ་གཏིང་ཟབ་པ། ནད་ཀྱི་ན་བུན་འཐིབས་པ། དུག་གི་རླངས་པ་འཕྱོ་བ། མཚོན་ཆའི་ཆར་འབབ་པ། སོད་སོད་དང་ཆོད་ཆོད་ཀྱི་སྒྲ་སྒྲོག་པ། མ་མོ་དང་མཁའ་འགྲོ་མ་རྣམས་ཀྱི་འདུ་ས། བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་རྒྱུ་སྲང་། སྟོད་ན་ཞེ་སྡང་གི་མེ་འབར་བ། སྨད་ན་འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། བར་ན་ཕྲག་དོག་གི་རླུང་ནག་འཚུབས་པ། གཤིན་རྗེའི་བཤས་ཁང་ནག་པོ། རྔམས་མཐུག་ལ་བོངས་མཐོ་བ་ལོགས་གཟར་བ། དེའི་ནང་དུ་ལྕགས་སྲེག་ངར་མའི་ས་གཞི་ཆེན་པོའི་སྟེང་དུ། ནྲྀ་ཡོངས་སུ་གྱུར་པ་ལས་དགྲ་བོ་གན་རྐྱལ་དུ་མགོ་ཚུར་བསྟན་ཏེ་རྐང་པ་ཕྱིར་བརྐྱངས་པ། ཁ་ནས་སྨྲེ་སྔགས་སྣ་ཚོགས་འདོན་པ། གཅེར་བུ་མགོན་སྐྱབས་མེད་པ་འདར་ཕྲི་ལི་ལི་བྱེད་པ། དེའི་ཐོག་ཏུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་དམར་ལྷང་ངེ་བས་བཀབ་པ་ལས་མཚོན་ཆ་སྣ་ཚོགས་ཀྱི་ཆར་མགར་གྱི་ཚྭ་ཚྭ་ལྟར་འབབ་པ། དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་ནག་པོས་མནན་པའི་ལྟེ་བའི་སྟེང་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭཾ་བྷ་ཡ་ནན། རྭ་བཞི་ལ་ཨོཾ་ལཾ་ཧཱུྃ་ལཾ་སུཾ་ལཾ་སཏྭཾ་བྷ་ཡ་ནན་གྱིས་མཚན་པའོ། །དེའི་སྟེང་དུ་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསིལ་ཟེར་དང་ལྡན་པ། དེའི་སྟེང་དུ་མ་ལས་ཉི་མའི་དཀྱིལ་འཁོར་ཚ་ངར་དང་ལྡན་པ། གྲུ་གསུམ་གྱི་རྒྱབ་ཏུ་ཁྲག་གི་ཟླ་གམ་དམར་པོ་གསུམ་དང་ལྡན་པ་ལས་གྲི་གུག་གི་ཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་འཁོར་ལོ་སྔོན་པོ་རྩིབས་བཅུ་པ་མུ་ཁྱུད་དམར་པོས་བསྐོར་བ། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བརྒྱད་པ་མུ་ཁྱུད་སེར་པོས་བསྐོར་བ། དེ་རྒྱབ་གྲུ་ཆད་བཞི་ནི། ཤར་གྱི་གྲུ་ཆད་དམར་པོ། ལྷོ་སེར་པོ། ནུབ་དཀར་པོ། བྱང་ལྗང་གུ །མུ་ཁྱུད་དམར་པོས་བསྐོར་བ། དེའི་དབུས་སུ་བི་ནཱ་ཡ་ག་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ། གཉིས་པ་དམ་ཚིག་དཀྱིལ་འཁོར་བསྐྱེད་པ་ནི། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་སྤྲོས་ཏེ་བབས། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་རྣམས་ཚར་བཅད། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་འབུལ། འཇིག་རྟེན་འཇིག་རྟེན་ལས་འདས་པའི་སྲུང་མ་ཕོ་རྒྱུད་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། དེ་དག་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་སྲོག་གི་སྙིང་པོ་དང་བཅས་པ་བསྡུས་ནས་ཚུར་འདུས་ཧཱུྃ་ལ་ཐིམ། ཧཱུྃ་ཡོངས་སུ་གྱུར་པ་ལས་ཙནྡན་གྱི་བིང་སྔོན་པོ་ཟུར་བརྒྱད་པའི་ལྟེ་བ་ལ་ཧཱུྃ་མཐིང་ནག་གིས་མཚན་པ། ཡར་རྩེ་ལ་འབྲུག་སྟོང་ལྡིར་བ། མར་རྩེ་ལ་གློག་སྟོང་འགྱུ་བ། ལྕིམ་གཞོག་བརྒྱད་ལ་ལྷ་དམག་བྱེ་བ་དུང་ཕྱུར་ཤོང་བ་གཅིག་ཏུ་གྱུར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་བརྗོད་པ་ན། བིང་ཡོངས་སུ་གྱུར་པ་ལས། མགོན་པོ་ལེགས་ལྡན་གྱི་སྲས་མ་ཧཱ་ཀཱ་ལ་མཐུ་བོ་ཆེ་སྐུ་མདོག་མཐིང་ནག་ཆར་སྤྲིན་ནག་པོའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ལྗགས་འདྲིལ་སྨ་ར་སྨིན་མ་ཨག་ཚོམ་མེ་ལྟར་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྐུ་གཏུམ་ལ་ཞལ་རྔམས་པ། སྐུ་ལས་མཚོན་ཆའི་བ་སྤུ་སྐྱེས་པ། གཟི་བརྗིད་དང་ལྡན་པ། ལྟེ་བ་ཟུར་གསུམ་ཟབ་པ། དབུ་སྐྲའི་མཚམས་སུ་ཐོད་སྐམ་ལྔ་དང་སྦྲུལ་དང་རིན་པོ་ཆེས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས་བྱས་པ། སྐུ་ལ་དར་ནག་གི་འཇོལ་བེར་གསོལ་བ་ལ་གཡུང་དྲུང་རིས་དང་ཚོམ་བུ་རིས་ཀྱི་མེ་ཏོག་བཀྲ་བ། གསེར་དང་རིན་པོ་ཆེའི་སྐ་རགས་བཅིངས་པ། ཞབས་ལ་སྭག་ཏིའི་ལྷྭམ་པོ་ཆེ་མནབས་པ། ཐོད་རློན་ལྔ་བཅུ་རྩ་གཅིག་གི་ཕྲེང་བ་སེ་རལ་ཁར་ཐོགས་པ། ཕྱག་གཡས་ཙནྡན་གྱི་བིང་སྔོན་པོ་ཟུར་བརྒྱད་པ་ཕྱར་ཐབས་སུ་བསྣམས་པ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། བསྐལ་པའི་མེ་རླུང་འཚུབས་པའི་ཀློང་ན་འགྱིང་བག་གི་ཚུལ་དུ་བཞུགས་པ། དེའི་དུང་ཁང་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཙནྡན་གྱི་བིང་སྔོན་པོ་ཚོན་གང་བའི་ལྟེ་བ་ལ་ཧཱུྃ་མཐིང་ནག་གིས་མཚན་པ། དེའི་མཐའ་སྐོར་དུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། མ་ཧཱ་ཀཱ་ལ་སིདྡྷི་ཡཾ་དུ་ཛཿ ཅེས་པས་གཡས་སུ་འཁོར་བའོ། །སྤྱི་བོར་པཾ་ལས་པདྨ། ཨཱཿལས་ཟླ་བ། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དགོངས་འདུས་པོ་ཏི་དང་ཕྱག་ན་རྡོ་རྗེ་བཞུགས་པའོ། །དེའི་སྤྱི་བོར་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྤྱན་རས་གཟིགས་བཞུགས་པའོ། །མགོན་པོའི་ཐུགས་ཀའི་ཧཱུྃ་ལས་བྷྱོ་སྨུག་ནག་གཅིག་འཕྲོས་ཏེ། གཡོན་ཕྱོགས་སུ་རླུང་ནག་འཚུབས་མའི་དབུས་སུ། དགྲ་བོ་གན་རྐྱལ་དུ་བསྒྱེལ་ནས་ཡོད་པའི་སྟེང་དུ་བབས། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་མོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། དེ་དག་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་སྲོག་གི་སྙིང་པོ་དང་བཅས་པ་ཐམས་ཅད་བསྡུས་ནས་ཚུར་འདུས་བྷྱོ་ལ་ཐིམ། ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ། ཞེས་བརྗོད་པས། བྷྱོ་ཡོངས་སུ་གྱུར་པ་ལས། ཡུམ་ཡཀྴ་བཻ་ཏ་ལི་སྐུ་མདོག་ནག་མོ་ཆར་སྤྲིན་གྱི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་ཁམ་ནག་ས་ལ་བཤལ་བ། སྤྱི་བོར་ཟླ་བ་ཚེས་ཤིང་ལྟེ་བར་ཉི་མ་ཤར་བ། སྐུ་ལ་མཁའ་འགྲོ་མའི་ཆས་ཀྱིས་བརྒྱན་པ། ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། རླུང་ནག་འཚུབས་མའི་ནང་དུ་ཆིབས་སུ་དྲེལ་རྟ་གྭ་པ་ལ་ཞོན་པ་རྒྱན་ཆ་ལུགས་དང་ལྡན་པར་བསྐྱེད་དོ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྱོ་སྨུག་ནག་ལ། ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ། ཏྲག་རཀྴ་རག་མོ་ཐུཾ་རིལ་སྙིང་ལ་འདུས་འདུས། སྲོག་ལ་བྲིང་བྲིང་ཤཾ་ཤཾ་ཁྱེར་བྷྱོ། ཞེས་པས་གཡོན་དུ་འཁོར་བའོ། །འཁོར་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་མོ་དང་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའོ། །མགོན་པོའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གསུམ་འཕྲོས་ཏེ། ཟླ་གམ་གསུམ་གྱི་སྟེང་དུ་བབས། དེ་ཡོངས་སུ་གྱུར་པ་ལས། གཡས་ཀྱི་ཟླ་གམ་གྱི་སྟེང་དུ་མགོན་པོ་སྐུ་མཆོག་སྐུ་མདོག་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྐུ་གཏུམ་ལ་ཞལ་རྔམས་པ་གཟི་བརྗིད་དང་ལྡན་པ། ཕྱག་གཡས་པས་ཏྲི་ཤུལ་རྩེ་གསུམ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། འཁོར་ནི་སྐུའི་རིགས་ཀྱི་མགོན་པོ་དང་ཁྲོ་བོ་དང་ཁྲོ་མོའི་ཚོགས་ཀྱིས་བསྐོར་བའོ། །གཡོན་གྱི་ཟླ་གམ་གྱི་སྟེང་དུ་མགོན་པོ་གསུང་མཆོག་སྐུ་མདོག་དམར་སྐྱ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྐུ་གཏུམ་ལ་ཞལ་རྔམས་པ་གཟི་བརྗིད་དང་ལྡན་པ། ཕྱག་གཡས་ན་ཙན་དན་གྱི་བིང་ཆེན་པོ། གཡོན་པས་ཐོད་ཁྲག་ཞལ་དུ་གསོལ་བ། རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། འཁོར་ནི་གསུང་གི་རིགས་ཀྱི་མགོན་པོ་དང་ལྷ་དམག་གི་ཚོགས་ཀྱིས་བསྐོར་བའོ། །མདུན་གྱི་ཟླ་གམ་གྱི་སྟེང་དུ་མགོན་པོ་ཐུགས་མཆོག་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་དམར་སེར་མེ་ལྟར་འབར་བ། སྐུ་གཏུམ་ལ་ཞལ་རྔམས་པ་གཟི་བརྗིད་དང་ལྡན་པ། ཕྱག་གཡས་པས་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། འཁོར་ནི་ཐུགས་ཀྱི་རིགས་ཀྱི་མགོན་པོ་དང་ནག་པོ་སྟོང་ཤ་ཟ་འབུམ་གྱིས་བསྐོར་བ། དེ་གསུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་པས་གཡས་སུ་འཁོར་བའོ། །གཙོ་འཁོར་དེ་དག་བསྐལ་པའི་མེ་དཔུང་འབར་བའི་ནང་དུ་ཞབས་གཉིས་འདོར་ཐབས་སུ་བཞུགས་པའོ། །དེའི་ཕྱི་རོལ་དུ་འཁོར་ལོ་སྔོན་པོ་རྩིབས་བཅུའི་སྟེང་དུ། ཤར་དུ་དཔའ་རབ་འཆང་བའི་མགོན་པོ་སྐུ་མདོག་སྨུག་ནག་ཕྱག་ན་ཉི་ཟེར་གྱི་ཞགས་པ་བསྣམས་པ། ལྷོར་ལེགས་ལྡན་གྱི་མགོན་པོ་སྐུ་མདོག་མཐིང་ནག་ཕྱག་ན་ཙན་དན་གྱི་བིང་སྔོན་པོ་ཟུར་བརྒྱད་པ་ཕྱར་ཐབས་སུ་བསྣམས་པ། ནུབ་ཏུ་བྲག་ལྷ་མགོན་པོ་སྐུ་མདོག་དམར་ནག་ཕྱག་ན་ཙན་དན་གྱི་བིང་གྲུ་ཚལ་བསྣམས་པ། བྱང་དུ་མགོན་པོ་རྣམ་སྲས་སྐུ་མདོག་སེར་པོ་ཕྱག་ན་རྒྱལ་མཚན་དང་ནེའུ་ལེ་བསྣམས་པ། ཤར་ལྷོར་དཔལ་ཨཱརྻ་ཛཾ་བྷ་ལ་སྐུ་མདོག་སྔོན་པོ་བཻ་ཌཱུརྻ་ཡི་མདོག་ལྟ་བུ་ཕྱག་ན་ནེའུ་ལེ་དང་རྒྱལ་མཚན་བསྣམས་པ། ལྷོ་ནུབ་ཏུ་ཉི་མའི་སྲས་པོ་རེ་མནྟ་སྐུ་མདོག་སེར་ནག་ཕྱག་ན་རུ་མཚོན་འབར་བ་བསྣམས་པ། ནུབ་བྱང་དུ་ནག་པོ་ཆེན་པོ་ཤ་བ་རི་སྐུ་མདོག་ལྗང་གུ་འཇིགས་པའི་གཟུགས་ཅན་ཕྱག་ན་རྨ་བྱའི་རྒྱལ་མཚན་ཕྱར་བ། བྱང་ཤར་དུ་རྣམ་པར་སྣང་མཛད་དབུ་རྒྱན་ཅན་སྐུ་མདོག་དཀར་པོ་འོད་ཟེར་འཕྲོ་བ་ཕྱག་ན་རུ་མཚོན་དཀར་པོ་བསྣམས་པ། ཤར་སྟོད་དུ་སྟེང་གི་མགོན་པོ་དུང་གི་ཐོར་ཚུགས་ཅན་ཕྱག་ན་གནམ་ལྕགས་ཀྱི་རལ་གྲི་འདེབས་པ། ནུབ་སྨད་དུ་འོག་ཕྱོགས་ཀྱི་མགོན་པོ་རཀྴ་ཤྲཱི་ཡ་བཻ་ཏ་ལི་སྐུ་མདོག་ནག་པོ་ཕྱག་ན་གནམ་ལྕགས་ཀྱི་སཏྭ་རེ་ཕྱར་བ། ཐམས་ཅད་ཀྱང་རྒྱན་ཆ་ལུགས་སོ་སོར་ལྡན་ཞིང་རང་རང་གི་སྲས་དང་བཙུན་མོ་གཡོག་འཁོར་བཅས་པའོ། །དེའི་ཕྱི་རོལ་དུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་ལ། ཤར་ཕྱོགས་སུ་སྲིད་པ་ལྷའི་གཙོ་བོ་སྐུ་མདོག་དཀར་པོ་སྐུ་ལ་དར་དཀར་གྱི་གོ་ཟུ་གསོལ་བ། གཡས་ན་ཤེས་རབ་ཀྱི་རལ་གྲི་ཕྱར་བ། གཡོན་པས་དར་མདུང་དཀར་པོ་བསྣམས་པ། ཆིབས་སུ་ལྷ་གཡག་དཀར་པོ་ལ་འཆིབ་པ། ལྷ་དམག་འབུམ་གྱི་འཁོར་གྱིས་བསྐོར་བ། ལྷོ་ཕྱོགས་སུ་གཤིན་རྗེ་ཡ་མ་རཱ་ཛ་སྐུ་མདོག་ནག་པོ་སྟག་ལྤགས་གྱོན་པ། གཡས་བེ་ཅོན་གཡོན་ཐོད་དབྱུག་འཛིན་པ། ཆིབས་སུ་མ་ཧེ་སྔོན་པོ་ལ་འཆིབ་པ། གཤིན་རྗེ་འབུམ་གྱི་འཁོར་གྱིས་བསྐོར་བ། ནུབ་ཕྱོགས་སུ་མ་མོ་སྲིད་པའི་རྒྱལ་མོ་སྐུ་མདོག་དཀར་མོ་བརྗིད་པའི་ཞལ་ཅན། སྐུ་ལ་དར་དཀར་གྱི་རལ་ག་གསོལ་བ། གཡས་པས་མདའ་དར་གཡོན་པས་མེ་ལོང་བསྣམས་པ། ཆིབས་སུ་གཡུ་འབྲུག་སྔོན་པོ་ལ་འཆིབ་པ། མ་མོ་འབུམ་གྱི་འཁོར་གྱིས་བསྐོར་བ། བྱང་ཕྱོགས་སུ་བདུད་ཕོ་སྐོས་རྗེ་བྲང་དཀར་སྐུ་མདོག་མཐིང་ནག་འབར་བ། སྐུ་ལ་དར་ནག་གི་འཇོལ་བེར་མནབས་པ། གཡས་པས་ཁྲམ་ཤིང་གཡོན་པས་དགྲ་སཏྭ་བསྣམས་པ། ཆིབས་སུ་བདུད་རྟ་རྟིང་དཀར་ལ་འཆིབ་པ། བདུད་དམག་འབུམ་གྱི་འཁོར་གྱིས་བསྐོར་བ། ཤར་ལྷོ་མཚམས་ན་བཙན་རྗེ་སྲོག་ཟན་སྐུ་མདོག་དམར་པོ་སྐུ་ལ་དར་དམར་ལེ་བརྒན་གསོལ་བ། གཡས་པས་མདུང་དར་གཡོན་པས་མདའ་གཞུ་བསྣམས་པ། ཆིབས་སུ་བཙན་རྟ་དམར་པོ་ལ་འཆིབ་པ། འཁོར་དུ་བཙན་དམག་འབུམ་གྱིས་བསྐོར་བ། ལྷོ་ནུབ་མཚམས་ན་དགྲ་བླའི་རྒྱལ་པོ་པེ་ཧར་སྐུ་མདོག་དཀར་པོ་བརྗིད་པའི་ཞལ་མངའ་བ། ཆོས་གོས་ངུར་སྨྲིག་སྐུ་ལ་གསོལ་བ། གཡས་གསེག་ཤང་གཡོན་ལྷུང་བཟེད་བསྣམས་པ། ཆིབས་སུ་སེང་གེ་དཀར་མོ་ལ་འཆིབ་པ། འཁོར་དུ་འགོང་པོ་འབུམ་གྱིས་བསྐོར་བ། ནུབ་བྱང་མཚམས་ན་གནོད་སྦྱིན་ཀཱ་ལ་ཡཀྴ་མདོག་སྔོན་པོ་གཡུ་འོད་འབར་བ། ཟ་འོག་སློག་པ་སྐུ་ལ་གསོལ་བ། གཡས་པས་རལ་གྲི་གཡོན་པས་ནོར་བུ་འཛིན་པ། ཆིབས་སུ་སྟག་མོ་དྲུས་མ་ལ་འཆིབ་པ། འཁོར་དུ་གནོད་སྦྱིན་འབུམ་གྱིས་བསྐོར་བ། བྱང་ཤར་མཚམས་ན་ཀླུ་བདུད་འཆི་བདག་མགོ་དགུ་པ་སྐུ་མདོག་དུད་ཁ་འཇིགས་པའི་གཟུགས་ཅན། སྐུ་ལ་སྦྲུལ་གྱི་པགས་པ་གྱོན་པ། གཡས་པས་སྦྲུལ་ཞགས་གཡོན་པས་ནད་རྐྱལ་བསྣམས་པ། ཆིབས་སུ་ཆུ་སྲིན་འབར་བ་ལ་འཆིབ་པ། འཁོར་དུ་ཀླུ་བདུད་འབུམ་གྱིས་བསྐོར་བ། དེའི་ཕྱི་རོལ་དུ་གྲུ་ཆད་བཞི་ལ་ལྷ་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། ཐམས་ཅད་ཀྱི་ལུས་ལ་གོ་དང་མཚོན་གྱིས་བརྒྱན་པའོ། །དེའི་ཕྱི་རོལ་དུ་དགྲ་བླའི་དམག་ཚོགས་བསམ་ལས་འདས་པས་བསྐོར་བ། སྒོ་བཞིར་རྒྱལ་པོ་ཆེན་པོ་སྡེ་བཞི་གཡས་པ་ཐམས་ཅད་ཀྱིས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བསྣམས་པ། གཡོན་པ་ཐམས་ཅད་ཀྱིས་རང་རང་གི་རྟགས་འཛིན་པའོ། །རི་རབ་ཤར་གྱི་བང་རིམ་དང་པོ་ལ་དྲི་ཟའི་དམག་ཚོགས། ལྷོའི་བང་རིམ་དང་པོ་ལ་གཤིན་རྗེའི་དམག་ཚོགས། ནུབ་ཀྱི་བང་རིམ་དང་པོ་ལ་ཆུ་ལྷའི་དམག་ཚོགས། བྱང་གི་བང་རིམ་དང་པོ་ལ་གནོད་སྦྱིན་གྱི་དམག་ཚོགས་ཀྱིས་བསྐོར་བ། བང་རིམ་བར་མ་བཞི་ལ་དཔལ་མགོན་བདུན་ཅུ་ལ་སོགས་པའི་གཙང་རིགས་ཀྱི་མགོན་པོ་རྣམས་ཀྱིས་བསྐོར་བ། བང་རིམ་ཐ་མ་བཞི་ལ་མགོན་པོའི་བཀའ་སྡོད། དྲི་ཟ། མེ་ལྷ། གཤིན་རྗེ། བདེན་བྲལ། ཆུ་ལྷ། རླུང་ལྷ། གནོད་སྦྱིན། དབང་ལྡན། ས་བདག །ཉི་ཟླ་གཟའ་སྐར་གྱི་ཚོགས་དང་། ལྷའི་ཚོགས་དང་། ཀླུའི་ཚོགས་དང་། སྲིན་པོའི་ཚོགས་དང་། རོ་ལངས་ཀྱི་ཚོགས་དང་། ཤ་ཟའི་ཚོགས་དང་། མཁའ་འགྲོའི་ཚོགས་དང་། ཤུགས་འགྲོའི་ཚོགས་དང་། མ་སྲིང་གི་ཚོགས་དང་། ཕྲ་མེན་མགོ་བརྙན་གྱི་ཚོགས་དང་། གཞན་ཡང་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་གྱུར། དེ་དག་ཐམས་ཅད་ཀྱང་སྐུ་མདོག་སྣ་ཚོགས་པ་ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་པ། ལུས་ཐམས་ཅད་གོ་དང་མཚོན་གྱིས་བརྒྱན་ནས་དམ་ཉམས་པའི་དགྲ་བོའི་ཚེ་སྲོག་ལ་རྔམས་ཤིང་རྒྱུག་པའི་ཚུལ་དུ་གནས་པའོ། །གསུམ་པ་སྤྱན་དྲང་ཞིང་ཕྱག་དང་མཆོད་པ་འབུལ་བ་ལ་བཞི་སྟེ། དང་པོ་སྙན་གསན་དབབ་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་དུས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་སྐུ་ཞི་བ་ཆེན་པོར་བཞུགས་པ་དེ། གཟུགས་སྐུ་མ་ཧཱ་ཀཱ་ལའི་ཚུལ་དུ་བཞེངས་ནས་བྱོན་མ་རག་པར་བསམ་ལ། སྤོས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅའ་ལ་འདི་སྐད་དོ། །ཧོ་དགོངས་སུ་གསོལ། ཧོ་དགོངས་སུ་གསོལ། ཧོ་དགོངས་སུ་གསོལ། ན་མོ་སྐྱབས་དམ་པ་རྣམས་ཀྱི་མཆོག །མགོན་དམ་པ་རྣམས་ཀྱི་གླིང་། བསོད་ནམས་ཐམས་ཅད་ཀྱི་དཔལ་ཞིང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། འཕགས་པ་བླ་ན་མ་མཆིས་པའི་དཀོན་མཆོག་གསུམ་པོ་རྣམས་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། དམ་པ་ཆོས་སྐྱོང་བའི་སྲུང་མའི་ཚོགས་མ་ལུས་པ་རྣམས་གསན་ཅིང་དགོངས་སུ་གསོལ། དེང་གི་གནས་མཆོག་དམ་པ་ཁྱད་པར་ཅན་འདིར་སྤྱན་འདྲེན་ཅིང་མཆོད་པ་འབུལ། ཐུགས་དམ་བསྐུལ། ཕྲིན་ལས་བཅོལ་ལོ། །མགོན་པོ་ཚོགས་བདག །མཐུ་ཆེན་ནག་པོ་ཤྲཱི་མ་ཧཱ་ཀཱ་ལ། དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཀུན་གྱི་དགྲ་བླ། བདུད་འདུལ་ལས་ཀྱི་དབང་ཕྱུག་ཆེན་པོ། སྲིན་པོ་ལང་ཀ་པུ་རིའི་གྲོང་ཁྱེར་ཆེན་པོ་གཏན་ནས་བརླག་པར་མཛད་པ་ཞལ་གྱིས་བཞེས་པ། ཕྱག་ན་ཙན་དན་གྱི་བིང་ཆེན་པོ་ཟུར་བརྒྱད་པ་བསྣམས་པའི་ནང་ནས་ལྷ་དམག་བྱེ་བ་དུང་ཕྱུར་འཕྲོ་བ། ལྷ་མ་ཡིན་གྱི་གཡུལ་ངོ་ཟློག་པར་མཛད་ཅིང་། བདུད་འདུལ་ལྷ་དམག་ཉིས་ཁྲི་ཆིག་སྟོང་འབྱུང་བ། ཕྱོགས་མཚམས་དང་སྟེང་འོག་ཐམས་ཅད་ལ་མངའ་མཛད་པའི་ལྷ་མགོན་པོ་མ་ཧཱ་ཀཱ་ལའི་ཚོགས་རྣམས་ལ་ཐུགས་དམ་བསྐུལ། ཕྲིན་ལས་བཅོལ། སྙན་ཆར་གསོལ། འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། བདག་གི་ཅི་རེ་བ་དང་ཅི་སྨོན་པ་ཐམས་ཅད་ལས་ཀྱི་འབྲས་བུ་མཆིས་པར་མཛད་དུ་གསོལ། གཉིས་པ་སྤྱན་དྲང་ཞིང་བཞུགས་སུ་གསོལ་བ་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ནས་མདུན་གྱི་མགོན་པོ་ལ་ཕོག །མགོན་པོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། བྱང་ཤར་མཚམས་རང་བཞིན་གྱི་གནས་དང་། འོག་མིན་དང་། དུར་ཁྲོད་ཆེན་པོ་དང་། སྐུ་གསུང་ཐུགས་ཀྱི་ཕོ་བྲང་ན་བཞུགས་པའི་མགོན་པོ་དང་། མདུང་དང་རལ་གྲི་གཤིབས་པའི་ཕོ་བྲང་ན་མགོན་པོ་འཁོར་དང་བཅས་པ་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དུས་ལ་བབ་པར་དགོངས་ནས། སྐད་ཅིག་གིས་མདུན་གྱི་ནམ་མཁར་བྱོན་པར་བསམ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་མ་ཡ་ཕེཾ་ཕེཾ་ཕེཾ། ཅེས་བརྒྱ་རྩ་བརྒྱད་བརྗོད་ལ་སྤྱན་དྲང་བ་ནི་རོལ་མོ་དང་བཅས་པས་འདི་སྐད་དོ། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །ཚུར་གཤེགས་ཚུར་བྱོན་མགོན་པོའི་ཚོགས། །དཔལ་ཆེན་ཆོས་འཁོར་སྲུང་མ་ཁྱེད། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ། །འཇིགས་བྱེད་ཆེན་པོ་གཤེགས་སུ༴ སྤྱོད་པ་རླབས་ཆེན་གཤེགས༴ དྲག་ཤུལ་མཐུ་ཆེན་གཤེགས༴ དགྲ་བླའི་རྒྱལ་པོ་གཤེགས༴ དུས་མཐའ་སྟོངས་བྱེད་གཤེགས༴ འཆི་བདག་ཟློག་བྱེད་གཤེགས༴ ཁྲག་འཐུང་ཆེན་པོ་གཤེགས༴ ལེགས་ལྡན་སྲས་པོ་གཤེགས༴ རྣལ་འབྱོར་དགྲ་བླ་གཤེགས༴ དབང་ཕྱུག་ཆེན་པོ་གཤེགས༴ ཚོགས་རྗེ་ཚོགས་བདག་གཤེགས༴ དགེ་བསྙེན་དམ་ཅན་གཤེགས༴ འཇིག་རྟེན་མགོན་པོ་གཤེགས༴ དམ་ཚིག་ཉེ་བར་གཤེགས༴ སེམས་ཅན་དོན་ཕྱིར་གཤེགས༴ བཅོམ་ལྡན་ཐུགས་རྗེ་ལས་བྱུང་བའི། །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ཆེ། །མ་ཧཱ་ཀཱ་ལ་མཐུ་ཆེན་ཁྱེད། །སྲིད་པའི་མ་མོའི་ཚོགས་དང་བཅས། །སྲིད་གསུམ་གྲོང་ཁྱེར་སུམ་བརྩེགས་ནི། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། ཁམས་གསུམ་གྲོང་ཁྱེར་སུམ་བརྩེགས་ནས། །སྐྱེ་འཆི་འཇོམས་ཕྱིར་གཤེགས་སུ་གསོལ། །གནས་ལ་ཆགས་པའི་རྨོངས་པ་སེལ། །མ་རིག་མུན་པའི་མདངས་ཅན་ལ། །ཕྱིན་ཅི་ལོག་ལྟ་བསལ་བའི་ཕྱིར། །མུན་པ་སེལ་ཕྱིར་ནག་པོར་སྟོན། །མཐུ་སྟོབས་ལྡན་ཞིང་དབང་ཕྱུག་ཆེ། །སྲེད་མེད་བུ་དང་སྟོབས་ཆེན་དང་། །གཞོན་ནུ་སྨིན་དྲུག་བུ་ལ་སོགས། ཁྱོད་ཀྱི་འཁོར་དང་ཉེ་གནས་ཡིན། །འཇིག་རྟེན་འདི་ན་གང་མཁས་པ། །ཚངས་པ་ལ་སོགས་དབང་ཕྱུག་རྣམས། །མཐུ་དང་དམ་ཚིག་ལྡན་ན་ཡང་། ཁྱོད་ཀྱི་སྤྱོད་ཡུལ་འདྲ་བ་མེད། །འཕགས་པ་གསུམ་གྱིས་རྗེས་བསྒྲུབ་ཅིང་། །ཞིང་དང་སྤྱོད་ཡུལ་དག་པ་ཡིས། །འགྲོ་བ་འདུལ་བའི་ཕྲིན་ལས་ལ། །ཐུགས་དམ་བཞིན་དུ་བྱིན་གྱིས་རློབས། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །རྣལ་འབྱོར་དགྲ་བླར་གཤེགས་པའི་ཚེ། །དུས་གསུམ་སངས་རྒྱས་དབང་བསྐུར་རྟགས། །སྐུ་ཡི་ཆ་བྱད་གསུམ་དང་ལྡན། རིགས་གསུམ་མགོན་པོས་དབང་བསྐུར་རྟགས། །དཔྲལ་བར་ཁྲོ་གཉེར་གསུམ་དང་ལྡན། །དུས་གསུམ་ཁྲོ་བོས་དབང་བསྐུར་རྟགས། །ཞལ་གྱི་གདོང་ངར་གསུམ་དང་ལྡན། །དྲང་སྲོང་རྣམས་ཀྱིས་མངའ་གསོལ་རྟགས། །ཆོས་གོས་ཤམ་ཐབས་སྐུ་ལ་གསོལ། །ལྷ་ཆེན་རྣམས་ཀྱིས་མངའ་གསོལ་རྟགས། །རིན་ཆེན་འབར་བའི་ཐོར་ཚུགས་ཅན། །ཀླུ་ཆེན་རྣམས་ཀྱིས་མངའ་གསོལ་རྟགས། །ཡན་ལག་སྦྲུལ་ཆུན་ཆུན་པོས་བརྒྱན། །གཟའ་ཆེན་རྣམས་ཀྱིས་མངའ་གསོལ༴ རལ་པ་དམར་སེར་མེ་ལྟར་འབར། །ལྷ་རྣམས་ཀུན་གྱིས་མངའ༴ བསྭོ་སྒྲ་དྲག་པོ་གསུམ་དང་ལྡན། །རྒྱུ་སྐར་རྣམས་ཀྱིས་མངའ༴ ཚེ་ལོ་སྨེ་བ་སེ་རལ་ཁ། །ལྷ་མ་ཡིན་གྱིས་མངའ༴ ཆ་སྒྲ་དྲག་པོ་གསུམ་དང་ལྡན། །བྱོལ་སོང་རྣམས་ཀྱིས་མངའ༴ འདོད་དགུ་ཕུན་སུམ་ཚོགས་པས་བརྒྱན། །ཡི་དྭགས་རྣམས་ཀྱིས་མངའ༴ རིན་ཆེན་འབར་བའི་དོ་ཤལ་ཅན། །མི་རྣམས་ཀུན་གྱིས་མངའ༴ རིན་ཆེན་སྣ་ལྔས་སྐུ་ལ་བརྒྱན། །དམྱལ་བ་རྣམས་ཀྱིས་མངའ༴ ཐོད་པའི་ཕྲེང་བས་སྐུ་ལ་བརྒྱན། །ཨགྣི་རཱ་ཛས་མངའ༴ སྤྱན་ནས་བསྐལ་པའི་མེ་ཆེན་འབར། །བི་ནཱ་ཡ་ཀས་མངའ༴ ཞལ་ནས་བསྐལ་པའི་ཆུ་ཆེན་འཁྱིལ། །བཱ་ཡུ་རཱ་ཛས་མངའ༴ ཤངས་ནས་བསྐལ་པའི་རླུང་ནག་འཚུབས། །བདུད་རྣམས་ཀུན་གྱིས་མངའ༴ རྒྱ་བེར་ནག་པོ་སྐུ་ལ་མནབས། །གཤིན་རྗེ་རྣམས་ཀྱིས་མངའ༴ ཕྱག་ན་ཙན་དན་བིང་ཆེན་བསྣམས། །མ་མོ་རྣམས་ཀྱིས་མངའ༴ ཐོད་པའི་ཕྲེང་བ་སེ་རལ་ཁ། །སྲིད་པ་གསུམ་གྱིས་མངའ་གསོལ་རྟགས། །སྐུ་ཡི་ལྟེ་བ་ཟུར་གསུམ་ཟབ། །ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །རི་རབ་ཟོམ་ལ་ལྗུར་གྱིས་བྱོན། །ཙན་དན་བིང་ཆེན་ཀླད་ལ་བསྐོར། །བསྭོ་སྒྲ་ཐངས་གསུམ་གནམ་དུ་བཏང་། །ལྷ་རྣམས་གཡུལ་ལས་རྒྱལ་བར་བྱེད། །ལྷ་མིན་གཡུལ་རྣམས་ཕམ་པར་བྱེད། །བྱང་ཤར་མཚམས་ནས་སྤྱན་འདྲེན་ན། །རླུང་ནག་འཚུབས་མའི་ནང་ནས་གཤེགས། །སྤྲིན་ཕུང་འདུས་པའི་ནང་ན་བཞུགས། །མ་ཧཱ་ཀཱ་ལ་འཁོར་བཅས་རྣམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །ཞེས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མ་ཧཱ་ཀཱ་ལའི་ཚོགས་སུ་གྱུར་ནས། དམ་ཚིག་དབང་གིས་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པའི་དགྲ་བོ་ཐམས་ཅད་བསྒྲལ་བར་བྱས་ནས། མདུན་གྱི་ནམ་མཁར་བྱོན་པར་བསམ་ལ། ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ཛཿཧཱུྃ་བཾ་ཧོཿ ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཏིཥྛ་བཛྲ་ས་མ་ཡ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བརྗོད། ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་མཚོ་ལ་ཁ་བ་བབ་པ་བཞིན་དུ་ཡང་ཡང་བསྟིམ་མོ། །དེ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་ནི། ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཨེ་རྔུབ་ཨེ་བཛྲ་སནྟ་ཧྲིལ་པ་ཧྲཱིཿ ཨུ་ནི་ནི་ཨེ་ལཾ་མི་ནི་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩནྟུ་མཱཾ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་དབང་བསྐུར། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། ཚོགས་བདག་ལ་ཐོ་རངས་སྐར་ཆེན་ལྟར་སྤྱན་རས་གཟིགས་ཀྱིས་དབུ་བརྒྱན། གཙོ་བོ་ལ་རིགས་ལྔས་དབུ་བརྒྱན། ཡུམ་ལ་ཡུམ་ལྔས་དབུ་བརྒྱན། སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། སྐུ་མཆོག་ལ་གཤིན་རྗེའི་གཤེད་ཀྱིས་དབུ་བརྒྱན། གསུང་མཆོག་ལ་རྟ་མགྲིན་གྱིས་དབུ་བརྒྱན། ཐུགས་མཆོག་ལ་ཕྱག་ན་རྡོ་རྗེས་དབུ་བརྒྱན་པའོ། །དེ་ནས། ལྷ་མི་ཐམས་ཅད་ཀྱི་དེད་དཔོན་དུ་དབང་བསྐུར་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ནུས་མཐུ་ཐམས་ཅད་བསྡུས་ནས་བཀྲག་མདངས་དང་ལྡན་པར་བསམ་མོ། །གསུམ་པ་ཕྱག་འཚལ་བ་ནི། རང་གི་ཐུགས་ཀ་ནས་ཤེས་པ་གཉིས་སུ་ཕྱེས་ལ་ཆ་གཅིག་ལ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་པས། སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། དགྲ་བགེགས་གདུག་པ་ཅན་བསྒྲལ་བ་དང་། རྣལ་འབྱོར་པ་བདག་ལ་དངོས་གྲུབ་སྩོལ་བའི་དོན་དུ་ལྷ་དམག་གིས་གཙོ་བྱས་འཁོར་རྣམས་ལ་ཕྱག་འཚལ། འཁོར་རྣམས་ཀྱིས་ཚོགས་བདག་འཁོར་བཅས་ལ་སྒོ་གསུམ་གུས་པའི་ཚུལ་དུ་ཕྱག་འཚལ་བར་བསམ་ཞིང་འདི་སྐད་དོ། །ཧཱུྃ། ལྷ་མིན་དམག་ཚོགས་གཡུལ་ཟློག་ཅིང་། །ལྷ་དམག་དཀར་པོ་དབུགས་འབྱིན་པ། །མ་ཧཱ་ཀཱ་ལ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་འཚལ་ལོ། །ཟླ་བའི་འོད་ལྟར་ཞལ་གསལ་བ། །མ་རིག་སྒྲིབ་པ་སྤང་བའི་ཕྱིར། །འཇིག་རྟེན་འདི་ན་གང་སྟོན་པ། །ཚོགས་བདག་ཁྱེད་ལ་ཕྱག་འཚལ་ལོ། །ལྷ་རྣམས་ཀུན་གྱིས་མ་མཆོད་ཚེ། །ལྷ་རྣམས་གཡུལ་ལས་རྒྱལ་མ་གྱུར། །མཆོད་ནས་གཡུལ་ལས་རྒྱལ་བ་ཐོབ། །ཚོགས་བདག་ཁྱེད་ལ་ཕྱག༴ ལྷ་རྣམས་ཀུན་ལས་ཁྱད་པར་འཕགས། ཁྱེད་ལ་ལྷས་ཀྱང་ཐོག་མར་མཆོད། །མཆོད་འོས་རྣམས་ཀྱིས་མཆོད་མཛད་པ། །ཚོགས་བདག་ཁྱེད་ལ་ཕྱག༴ དཀོན་མཆོག་གསུམ་གྱི་གཟུངས་བཟླས་པས། །དོན་དམ་ཕུན་སུམ་ཚོགས་འགྲུབ་ཅིང་། །རྒྱལ་བ་རྣམས་ཀྱིས་ལུང་བསྟན་པ། །ཚོགས་བདག་ཁྱེད་ལ་ཕྱག༴ སྟོན་པའི་བསྟན་པ་བསྲུང་བའི་ཕྱིར། །མཚན་དུ་རྡོ་རྗེ་འཆང་ངོ་ཞེས། །དབང་བསྐུར་གང་གིས་གཙོར་གྱུར་པ། །ཚོགས་བདག་ཁྱེད་ལ་ཕྱག་འཚལ་ལོ། །ཡོན་ཏན་བསམ་འདས་བརྗོད་མི་ལང་། །སེམས་ཅན་མ་རིག་དོན་སླད་དུ། །མཆོད་བསྟོད་ཚོགས་བདག་མཉེས་གྱུར་ཅིག །ཚོགས་རྗེ་ཚོགས་བདག་ཆེན་པོ་ཁྱེད། །མགོན་པོ་བཞུགས་གནས་དཀྱིལ་འཁོར་དུ། །བླ་མེད་མཆོད་པའི་སྤྲིན་འབྱུང་ཞིང་། །ཡོན་ཏན་བརྒྱད་ལྡན་ཐམས་ཅད་ཀྱིས། །ཞབས་ལ་སྤྱི་བོས་གཏུགས་གྱུར་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བཞི་པ་མཆོད་པ་འབུལ་བ་ནི། ཕྱི་མཆོད་རྣམ་ལྔ་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། ནང་མཆོད་རྣམ་ལྔ་སྨན་རཀ་གཏོར་གསུམ་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་པས། བཤམས་པའི་མཆོད་རྫས་ཐམས་ཅད་འདོད་ཡོན་དཔག་ཏུ་མེད་པས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་ནས། མགོན་པོ་འཁོར་དང་བཅས་པ་ལ་ཕུལ་བས་མཉེས་ཤིང་ཚིམས་པར་བསམ་ལ། ཧཱུྃ། དཔལ་ལྡན་མགོན་པོ་མཐུ་ཆེན་ཁྱོད། །ཡོན་ཏན་བྱིན་རླབས་རྨད་པོ་ཆེ། །འཕགས་པའི་ཐུགས་རྗེར་མངའ་བརྙེས་ཀྱང་། །དུས་ངན་སེམས་ཅན་འདུལ་སླད་དུ། །དཀོན་མཆོག་གསུམ་གྱི་སྐུ་སྲུང་ཞིང་། །སྐྱེ་འགྲོ་ཡོངས་ཀྱི་སྐྱབས་ཀྱང་མཛད། །ཕྱག་ན་བདུད་འདུལ་བིང་ཆེན་བསྣམས། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཡུན་གྱི་མགོན་དང་མཐུར་བསྟེན་གྱིས། །རྒྱུན་དུ་འཚོ་བའི་མཆོད་པ་འབུལ། །རྟག་ཏུ་སྲུང་ཞིང་བསྐྱབ་ཏུ་གསོལ། །དཀྱིལ་འཁོར་མཛེས་པ་དམ་པ་དང་། །མེ་ཏོག་ཕྲེང་བ་རིན་ཆེན་དབྱིག །ཡོན་ཆབ་བདུག་སྤོས་མར་མེ་དང་། །དྲི་དང་ལྷ་བཤོས་བྱུག་པ་གོས། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་དང་རེག་བྱ་འཇམ་ལ་སོགས། །སྣ་ཚོགས་མཆོད་པ་འདི་དག་བཞེས། །ཐུགས་རྗེས་འགྲོ་བའི་དོན་ལ་དགོངས། །བདག་ཅག་རེ་ཞིང་སྨོན་པ་རྣམས། །འཕགས་མགོན་ཁྱེད་ཀྱིས་འགྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་ཨི་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྴ་བཻ་ཏ་ལི་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི། དགྲ་བགེགས་མིང་དང་གཟུགས་སུ་བྲིས་པ་རྣམས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ༴ མ་ཧཱ་བ་སུ་ཏ་ལ༴ མ་ཧཱ་གོ་རོ་ཙ་ན་ལ༴ མ་ཧཱ་ཀིཾ་ནི་རི་ཏི་ལ༴ དབང་པོ་རྣམ་ལྔ་ལ༴ དོན་སྙིང་ནང་རོལ་ལ༴ ཤ་ཁྲག་སྲོག་དབུགས་ལ༴ རྣམ་ཤེས་ཚོགས་བརྒྱད་ལ༴ སྐྱེ་མཆེད་བཅུ་གཉིས་ལ༴ ལྷག་མ་རྗེས་ཤུལ་ལ་ཁཱ་ཧི། བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། སྡང་བའི་དགྲ་དང་གནོད་པའི་བགེགས། །ནག་པོ་ཆེན་པོའི་ཞལ་དུ་སྟོབ། །སློབ་དཔོན་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་དང་། །རྡོ་རྗེ་སྤུན་ལ་འཁུ་བ་དང་། །བདག་གི་འཁོར་ལ་གནོད་པ་དང་། །མིང་དང་གཟུགས་སུ་བྲིས་པ་འདི། །ནག་པོ་ཆེན་པོའི་ཞལ་དུ་སྟོབ། །ཡན་ལག་རྣམས་ཀྱི་ཤ་ཆོད་ལ། །མགོན་པོ་ཆེན་པོའི་ཞལ་དུ་རོལ། །ཚེ་སྲོག་དམར་པོ་རྩད་ནས་ཆོད། ཁྲག་གི་རྒྱུན་ཡང་འཐུང་བར་བྱེད། །སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ། །ཏིལ་འབྲུ་ཙམ་ཡང་མེད་པར་མཛོད། །ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་མཆོད་ཅིང་འབུལ་བའི་གནས་ནི། དཔལ་མགོན་པོ་ནག་པོ། ཤྲཱི་མ་ཧཱ་ཀཱ་ལ། དུག་གསུམ་ནད་ཀྱི་སྨན་པ། བདུད་འདུལ་ལས་ཀྱི་དབང་ཕྱུག །རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། ཕྱི་ནང་གཉིས་ཀྱི་ཚོགས་བདག །ཡུམ་ཡཀྴ་བཻ་ཏ་ལི། སྐུ་གསུང་ཐུགས་ཀྱི་མགོན་པོ། ཕྱོགས་བཅུའི་མགོན་པོ། སྡེ་བརྒྱད་ཀྱི་མགོན་པོ། ནག་པོ་སྟོང་། ཤ་ཟ་འབུམ། ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་པ་རྣམས་ལ་མཆོད་དོ། །འབུལ་ལོ། །གསོལ་ལོ། །འདོན་ཏོ། །མཉེས་རབ་ཀྱི་མཆོག །དགྱེས་རབ་ཀྱི་ཕུལ། འདོད་པའི་ཡོན་ཏན་གྱི་ཚོགས་ཀྱིས་མཉེས་པར་མཛོད། བདག་ཅག་འཁོར་དང་བཅས་པ་རྣམས་ལ་བསྲུང་ཞིང་བསྐྱབ་པ་དང་། བསམ་སྨོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཕྲིན་ལས་སུ་བཅོལ་བའི་མདོ་ནི། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བགེགས་གདུག་པ་ཅན་སྡང་སེམས་དང་ལྡན་པ་མིང་གཟུགས་སུ་བྲིས་པ་རྣམས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད་པ་ཙམ་གྱིས་སྨན་རཀ་གཏོར་མ་ལ་སོགས་མཆོད་རྫས་ཐམས་ཅད་འདོད་ཡོན་གྱི་ཚོགས་སུ་གྱུར་ནས། མགོན་པོའི་ལྷ་ཚོགས་རྣམས་ལ་ཕུལ་བས་མཉེས་ནས། ལྗགས་གྲི་གུག་གི་སྦུ་གུར་གྱུར་ནས་གསོལ་བར་བསམ་ལ་འབུལ་ལོ། །བཞི་པ་བསྟོད་པ་བྱ་བ་ནི། མགོན་པོའི་རྒྱན་ཆ་ལུགས་ཇི་ལྟ་བ་བཞིན་དུ་གསལ་གདབ་ལ། འཁོར་རྣམས་ཀྱིས་གཙོ་བོ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་དང་བསྟོད་པ་བྱེད་པར་བསམ་ལ། རྔ་དྲག་རྡུང་གསུམ་དང་ལྡན་པར་བྱས་ལ་འདི་སྐད་དོ། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་དབུས། །དུར་ཁྲོད་ཆེན་པོའི་གནས་མཆོག་ན། །དཔལ་ལྡན་མགོན་པོ་ནག་པོ་ནི། །སྐུ་མདོག་མཐིང་ནག་ཆར་སྤྲིན་མདོག །བམ་ཆེན་སྟེང་ན་འགྱིང་བག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར། །རལ་པ་དམར་སེར་མཆེ་བ་གཙིགས། །སྐུ་ལ་དར་ནག་འཇོལ་བེར་མནབས། །ཕྱག་གཡས་ཙནྡན་བིང་ཆེན་ཕྱར། །གཡོན་པས་ཐོད་པ་ཁྲག་བཀང་གསོལ། །གསེར་སྐ་སེར་པོའི་སྐ་རགས་བཅིངས། །ཞབས་ལ་སག་ཏིའི་ལྷྭམ་སྔོན་མནབས། །བསྐལ་པའི་མེ་རིའི་ཀློང་ནས་བཞེངས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །རལ་པ་གྱེན་དུ་འབར་བ་ཡིས། །སྟེང་གི་ལྷ་བདུད་ཟློག་པར་བྱེད། །དཔྲལ་བར་ཁྲོ་གཉེར་གསུམ་ལྡན་པས། །སྲིད་གསུམ་བགེགས་རྣམས་ཟློག་པར་བྱེད། །མཆེ་བ་ཟུར་གསུམ་གཙིགས་པ་ཡིས། །བདུད་བཞིའི་བར་ཆད་ཟློག་པར་བྱེད། །དར་ནག་འཇོལ་བེར་གསོལ་བ་ཡིས། །ཚེ་བདུད་ནག་པོ་ཟློག་པར་བྱེད། །ཙནྡན་བིང་ཆེན་ཕྱར་བ་ཡིས། །ལྷ་མིན་གཡུལ་ངོ་ཟློག་པར་བྱེད། །གཡོན་པས་ཐོད་ཁྲག་བསྣམས་པ་ཡིས། །དགྲ་བགེགས་སྙིང་ཁྲག་འཐུང་བར་བྱེད། །གསེར་སྐ་སེར་པོས་སྐ་རགས་བཅིངས་པ་ནི། །རྣལ་འབྱོར་བར་ཆད་ཟློག་པར་བྱེད། །གཡས་བསྐུམ་གཡོན་བརྐྱང་བྱེད་པ་ནི། །འཆི་བདག་གཤིན་རྗེ་ཟློག་པར་བྱེད། །བམ་ཆེན་སྟེང་ན་འགྱིང་བ་ནི། །ས་བདག་ཀླུ་གཉན་ཟློག་པར་བྱེད། །བསྐལ་པའི་མེ་དཔུང་ཀློང་ན་འགྱིང་བ་ནི། །ཉོན་མོངས་བག་ཆགས་མ་ལུས་སྲེག་པར་བྱེད། །ཟློག་བྱེད་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཟློག་བྱེད་ནག་པོ་འཁོར་བཅས་ལ། །བདག་གིས་མཆོད་ཅིང་བསྟོད་ནས་ནི། །བཀའ་འཁོར་སྲུངས་ལ་བར་ཆད་ཟློག །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །སློབ་དཔོན་སྐུ་ལ་བསྡོ་བ་དང་། །བདག་ལ་བར་དུ་གཅོད་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐམས་ཅད་མ་ལུས་རྡུལ་དུ་རློགས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། བསྐལ་པ་མེ་རླུང་འཚུབས་མའི་ཀློང་དཀྱིལ་ནས། །སྨོན་ལམ་སྟོབས་ཀྱིས་སངས་རྒྱས་བསྟན་པ་སྲུང་། །དཔལ་ལྡན་ལྷ་མོ་ནག་མོ་ནི། །སྐུ་མདོག་མཐིང་ནག་མུན་ལྟར་གཏིབས། ཁྲག་གི་རལ་པ་གཡས་གཡོན་འཁྱིལ། །ཕྱག་གཡས་གཅོད་བྱེད་གྲི་གུག་ཕྱར། །གཡོན་པས་ཐོད་ཁྲག་ནད་རྐྱལ་བསྣམས། །ཆིབས་སུ་དྲེའུ་ནག་གྭ་པ་འཆིབ། །འཁོར་ནི་མ་མོ་འབུམ་གྱིས་བསྐོར། །དམ་རྫས་རྒྱན་གྱི་གཏོར་མ་བཞེས། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད། །ཧཱུྃ། སྐུ་ཡི་མགོན་པོ་གཏུམ་བྱེད་ནི། །སྐུ་མདོག་མཐིང་ནག་ཆར་སྤྲིན་འདྲ། །ཕྱག་གཉིས་རྩེ་གསུམ་ཐོད་ཁྲག་བསྣམས། །དགྲ་བོའི་སྙིང་ཁྲག་ཞལ་དུ་གསོལ། །བགེགས་དང་ལོག་འདྲེན་འདུལ་མཛད་པ། །སྐུ་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། གསུང་གི་མགོན་པོ་གསོད་བྱེད་ནི། །སྐུ་ལ་དར་ནག་བེར་ཆེན་བརྒྱན། །ཕྱག་གཉིས་བིང་དང་ཐོད་ཁྲག་བསྣམས། །དགྲ་བོའི་སྲོག་རྩ་གཅོད་པར་བྱེད། །གཤིན་རྗེའི་ཚོགས་ཀྱི་གདུག་པ་འདུལ། །གསུང་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཐུགས་ཀྱི་མགོན་པོ་སྒྲོལ་བྱེད་ནི། །སྐུ་ནི་རྔམ་བརྗིད་མཐིང་ནག་ལ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས། །སྡང་བྱེད་དགྲ་བགེགས་དགུག་ཅིང་གསོད། །མ་མོའི་ཚོགས་ཀྱི་གདུག་པ་འདུལ། །ཐུགས་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། ལྷ་དམག་བྱེ་བའི་ཚོགས་རྣམས་ནི། །དགྲ་བགེགས་འདུལ་བའི་དོན་ཆེད་དུ། །ཞལ་ནས་ཆ་སྒྲ་དི་རི་རི། །དགྲ་བགེགས་བཟློག་པའི་ལས་མཛོད་ཅིག །ཧཱུྃ། ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་། །མཁའ་ལ་རྒྱུ་བ་མ་མོའི་ཚོགས། །འགལ་རྐྱེན་ཟློག་ལ་དངོས་གྲུབ་སྩོལ། །ཧཱུྃ། ཡང་སྤྲུལ་ཕོ་ཉའི་ཚོགས་རྣམས་ནི། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །དགྲ་བགེགས་སྲོག་རྩ་གཅོད་ཅིང་གཏུབས། །མི་མཐུན་རྐྱེན་དང་བར་ཆད་ཟློག །མཐུན་པའི་དངོས་གྲུབ་བདག་ལ་སྩོལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། བདེ་གཤེགས་མགོན་པོ་བསྟན་པའི་དཔལ། །ཚོགས་བདག་དགྱེས་པའི་བྱིན་རླབས་ལས། །སྡུག་བསྔལ་ནད་སེལ་ཐུགས་རྗེ་ཆེ། །ཐམས་ཅད་སྤྲུལ་པའི་ཆོ་འཕྲུལ་དཔལ། །ཚོགས་རྗེ་ཚོགས་ཀྱི་བདག་པོ་སྟེ། །དེ་བཞིན་གཤེགས་པས་བཞེད་པར་སྟོན། ཁམས་གསུམ་ཁེངས་པའི་སེམས་ཅན་རྣམས། །ཚེ་དང་སྲོག་ལ་དབང་བ་སྟེ། །ཤེས་རབ་མཚོན་གྱིས་སྒྱུ་མར་སྟོན། །བླུན་རྨོངས་ཁེངས་པ་ཐལ་བར་མཛོད། །མི་མཐུན་ཕྱོགས་རྣམས་ཟད་པར་སྟོན། །བྱང་ཆུབ་ཆེན་པོར་ཁྱེད་ཀྱིས་སྒྲོལ། །དཔལ་གྱི་སྙིང་པོ་དཔལ་ཕྲེང་མ། །དཔལ་གྱི་ཚོགས་ལ་ཕྱག་འཚལ་བསྟོད། །དེ་ནས་སྨོན་ལམ་གདབ་པ་ནི། ཡོན་མཆོད་ཀུན་གྱིས་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་ཐོགས་ལ། བིང་གི་རྩེ་མོ་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཆར་བབས་པས། གནས་ཁང་ཐམས་ཅད་གང་བར་བསྒོམ། གཞུང་ནས་ཇི་ལྟར་བཤད་བཞིན་སྨོན་པའི་དོན་ཐམས་ཅད་ལྷ་ཚོགས་རྣམས་ཀྱིས་སྒྲུབ་པར་བསམ་ལ་འདི་སྐད་དོ། །ཧཱུྃ། མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་ཀུན་ཐམས་ཅད་དུ། །བདག་ཅག་འཁོར་དང་བཅས་པ་རྣམས། །ཕྱོགས་བཅུ་གང་དུ་འགྲོ་ན་ཡང་། །གནོད་བྱེད་དགྲ་བགེགས་མེད་པར་མཛོད། །ནད་དང་གནོད་པ་ཀུན་བྲལ་ནས། །བགེགས་ཀྱི་གནོད་པ་ཀུན་མེད་ཤོག །རྟ་དང་བ་གླང་ནོར་དང་འབྲུ། །བུ་དང་བུ་མོ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་བདེར་སྤྱོད་པའི། །ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་མྱ་ངན་མེད་པ་བཞིན། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་ཏུ་དར་བ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །བདུད་རྩིའི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཐམས་ཅད་ཕྱིར་བསྔོས་དང་། །མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་ཡི། །ལོངས་སྤྱོད་ཐམས་ཅད་རྫོགས་པར་ཤོག །བདག་ཀྱང་བྱང་ཆུབ་མཆོག་ཐོབ་ནས། །མགོན་པོ་ཁྱེད་དང་མི་འབྲལ་འགྲོགས་པར་ཤོག །ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏཱ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཚོགས་བདག་ལ་ཕོག་པས་ཚོགས་བདག་གཙོ་འཁོར་ལས་འོད་ཟེར་སེར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་བྱུང་བ། བདག་ཅག་ལ་ཕོག་པ་ཙམ་གྱིས་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་བཀྲ་ཤིས་པའི་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་ལ་སོགས་འདོད་ཡོན་སྣ་ཚོགས་ཀྱི་ཆར་བབས་ནས། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་བསམ། སྒྲུབ་པ་བྱེད་ན། རང་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་གི་ཕྱི་རོལ་དུ་མགོན་པོའི་སྔགས་ཀྱིས་འཁོར་བར་དམིགས། ཡུམ་ལ་ཡང་དེ་ལྟར་དམིགས་ལ། ཐོག་མར་དབང་དུ་བསྡུ་ཞིང་ཟིལ་གྱིས་གནོན་པའི་སྔགས་འདི་བགྲང་ངོ་། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་ཀ་མ་ལ་ཤྲཱི་ནག་མོ་ཏི་ལ་བྷྱོ། ཞེས་བརྒྱ་རྩ་བརྒྱད་ལ་སོགས་པ་མང་དུ་བཟླས་པས་སྲོག་གི་སྙིང་པོ་ཕུལ་བར་བསྒོམ་མོ། །དེ་ནས་བསྙེན་པ་བྱ་བ་ནི། དེ་ཡང་གནད་ཀྱི་མན་ངག་དམ་པ་དགོས་ཏེ། རྒྱུད་ལས། ལྔ་འདུས་དང་པོ་འོད་ཀྱི་གོང་བུ་ན། །རྩ་འདུས་ལས་ཀྱི་འབྲེལ་བའི་སྲོག་སྙིང་ཕུལ། །ཅེས་པ་ནི་འདི་ཡིན་ཏེ། བདག་ཧེ་རུ་ཀའི་ཐུགས་ཀའི་ཧཱུྃ་གི་རྒྱབ་ཏུ་སྔགས་འཁོར་ལས་འོད་ཟེར་ཁ་དོག་སྣ་ལྔའི་གུར་ཆེ་ཆུང་བྱ་མ་སར་གྱི་སྒོ་ང་ཙམ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས་ཚོགས་བདག་གི་སྤྱི་བོར་སྤྱན་རས་གཟིགས་ལ་ཕོག །དེ་ལས་འོད་ཟེར་མར་འཕྲོས་ནས་ཚོགས་བདག་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ནས། དེའི་འོད་ཟེར་འཁོར་ཐམས་ཅད་ལ་རིམ་བཞིན་དུ་ཕོག །འཁོར་རྣམས་ཀྱི་སྔོན་གྱི་དམ་ཚིག་དྲན་ནས་འདར་ཕྲི་ལི་ལི་བྱེད་ཅིང་དྲན་པ་བསྐུལ་ནས། དེ་རྣམས་ཀྱི་སྲོག་སྙིང་དེ་འོད་ཁ་དོག་སྣ་ལྔའི་ཚུལ་དུ་གཅིག་གིས་གཅིག་བསྐུལ་ནས་ཡར་ཕུལ་ནས་ལས་མགོན་གསུམ་ལ་ཕུལ། ལས་མགོན་གསུམ་གྱིས་དེ་རྣམས་ཀྱིས་ཕུལ་བའི་སྲོག་སྙིང་ཐམས་ཅད་དང་། རང་རང་གི་སྲོག་གི་སྙིང་པོ་འོད་ཀྱི་རྣམ་པ་དེ་ཡང་རིམ་པ་བཞིན་དུ་བརྒྱུད་ནས་མགོན་པོ་ལ་ཕུལ། མགོན་པོས་སྔོན་གྱི་དམ་ཚིག་དྲན་ནས་བདག་གི་བཀའ་ཉན་གསུང་སྡོད་ཅིང་བཅོལ་བའི་ལས་ཐམས་ཅད་མྱུར་དུ་བྱེད་པར་ཁས་བླངས་དམ་བཅས་ནས། སྲོག་གི་སྙིང་པོ་ཡི་གེ་ཧཱུྃ་གི་ཚུལ་དུ་བདག་ལ་ཕུལ་ནས་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ནང་དུ་ཆུད་པར་བསམ་ལ། སྲོག་སྙིང་གཏའ་རུ་གཟུང་བའི་མན་ངག་གོ །ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། མགོན་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་བ་ནི་ཉི་མའི་ཟེར་རམ་གདུགས་རྩིབས་བཞིན་དུ་བདག་གི་ཐུགས་ཀར་འདུས་པར་བསམ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། འདི་ནི་ཡབ་ཀྱི་བསྙེན་པའམ་འབོད་པའོ། །མ་ཧཱ་ཀཱ་ལ་སིདྡྷི་ཡཾ་དུ་ཛཿ བསྙེན་པ་འདི་ནི་རང་ལ་མྱུར་བར་འདུག་གོ །རླུང་ལྟར་མགྱོགས་པའི་དངོས་གྲུབ་ཀྱི་རྩེ་མོའོ། །ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ། འདི་ནི་ཡུམ་གྱི་བསྙེན་པའོ། །ཏྲག་རཀྴ་རཀྨོ་ཐུམས་ལིཾ་སྙིང་ལ་འདུས་འདུས། སྲོག་ལ་བྲིང་བྲིང་ཤཾ་ཤཾ་ཁྱེར་བྷྱོཿ དྲག་སྔགས་འདིས་ནི་འཇིག་རྟེན་གསུམ་གྱི་མ་མོ་འདུའོ། །ཡབ་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐའ་མར་སྔགས་ཀྱིས་འཁོར་བའོ། །ཡུམ་ལ་བྷྱོའི་མཐའ་མར་སྔགས་ཀྱིས་འཁོར་བའོ། །ལས་མགོན་གསུམ་ཡང་དེས་འགྲེས། ཡབ་ཡུམ་འཁོར་དང་བཅས་པའི་ཞལ་ནས་རང་སྔགས་ཏི་རི་རི་བརྗོད་པར་བསམ་ལ། ཡབ་ལ་སྟོང་བསྙེན་ན་ཡུམ་ལ་བརྒྱ། ཡབ་ལ་ཁྲི་བསྙེན་ན་ཡུམ་ལ་སྟོང་། ཡབ་ལ་འབུམ་བསྙེན་ན་ཡུམ་ལ་ཁྲི་བསྙེན་ནོ། །ཉིན་པར་ཡབ་ཀྱི་བསྙེན་པ་བྱ། ནུབ་མོ་ཡུམ་གྱི་བསྙེན་པ་བྱེད་དོ། །ཐུན་བཞག་པའི་ཐུན་མཚམས་སུ་ཕྱི་ནང་གི་མཆོད་པས་མཆོད་ལ། བསྟོད་པ་ནི། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་དབུས། །དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །བམ་ཆེན་སྟེང་ན་འགྱིང་བག་ཅན། །དཔལ་ལྡན་མགོན་པོ་ནག་པོ་ནི། །བདུད་དང་དགྲ་བགེགས་བཟློག་པའི་ཕྱིར། །བྱམས་པའི་སེམས་ཀྱིས་མཆོད་འབུལ་བསྟོད། །དེ་ལྟར་བསྙེན་པའི་རྟགས་ནི། རྣལ་འབྱོར་པ་རབ་ལ་མངོན་སུམ་དུ་འོང་སྟེ། ཞལ་དངོས་སུ་བསྟན་པ་དང་། སྐུ་དང་འོད་ཆེན་པོ་དང་། མུན་པ་ནག་པོ་དང་། བན་དེ་ནག་པོ་དང་། མི་ནག་པོ་དང་། རྡོ་རྗེ་སློབ་དཔོན་འོང་བ་དང་། དགེ་བཤེས་ཆེན་པོ་འོང་བ་དང་། ས་གཡོ་བ་དང་། དེ་ལ་སོགས་པ་རྟགས་དང་ཆོ་འཕྲུལ་དངོས་སུ་འོང་། འབྲིང་ཉམས་སྣང་དུ་འོང་། ཐ་མ་རྨི་ལམ་དུ་འོང་། རྟགས་མེད་ན་དམ་ཚིག་ཉམས་པ་ཡིན་པས་བ་ལིཾ་བཟང་དུ་བཤམ། སྐོང་བ་མང་དུ་བྱ། ཚོགས་མཆོད་དང་སྤང་སྐོང་ཞི་ཁྲོ་འདོན། བསྙེན་པ་ནམ་བཞག་པའི་དུས་སུ་ཕྱི་ནང་གི་མཆོད་པ་འབུལ་ལ་བསྟོད་པ་བྱེད། འདིར་སྐོང་བ་བྱ། དེ་ཡན་ཆད་སྟོད་ལས་བྱང་ཆུབ་བསྒྲུབ་པའོ། །འདིར་སྨད་ལས་དགྲ་བགེགས་བསྒྲལ་བའི་ལས་རིམ་ནི་གཞན་དུ་ཤེས་པར་བྱ། དེ་ནས་འཁོར་རྣམས་རིམ་པ་བཞིན་དུ་ལས་མགོན་གསུམ་ལ་བསྡུ། ལས་མགོན་རྣམས་གཙོ་བོ་ཡབ་ཡུམ་ལ་བསྡུ། གཙོ་བོ་ཡབ་ཡུམ་བིང་ལ་བསྡུ། བིང་ཧཱུྃ་ལ་བསྡུ། ཧཱུྃ་རང་ཉིད་ཡི་དམ་གྱི་ལྟེ་བར་ཐིམ་པར་བསྒོམ། ཡི་དམ་འཁོར་བཅས་རིམ་གྱིས་བསྡུ་ལ། ས་བོན་ཧཱུྃ་ལ་བསྡུ། དེ་ནས་རིམ་པ་བཞིན་དུ་མི་དམིགས་པའི་རྒྱས་གདབ། དེའི་ངང་ལ་ཧཱུྃ་བརྗོད་པ་ཙམ་གྱིས། སྐད་ཅིག་གིས་རང་ཉིད་ཡི་དམ་ཞལ་གཅིག་ཕྱག་གཉིས་པ་གཅིག་གསལ་བར་བསྐྱེད་དོ། །དེ་ལྟར་བྱས་པས་ཆོས་སྐྱོང་འགྲུབ་ཐག་ཉེ་བ་དང་། བཀྲ་ཤིས་པ་དང་། ཚེ་རིང་ལོངས་སྤྱོད་འཕེལ་བར་བྱེད་དོ། །མགོན་པོ་ལེགས་ལྡན་འདི་ལ་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་ཡོད་པ་དེ་ལ། སྐུ་ཡི་རྒྱུད་བིང་ཆེན་བརྩེགས་པའི་རྒྱུད། གསུང་རྒྱུད་ཁྲག་མཚོ་ཁོལ་མའི་རྒྱུད། ཐུགས་རྒྱུད་གྲི་གུག་བསྣོལ་མའི་རྒྱུད་དང་གསུམ་ལས། འདི་ནི་བིང་ཆེན་བརྩེགས་པའི་རྒྱུད་དོ། །དེའི་ནང་ནས་དྲག་སྔགས་གསང་བའི་སྤུ་གྲི་འདི་ཟབ་ཟེར་ནས་གནང་ངོ་། །འདིའི་བརྒྱུད་པ་ནི། མགོན་པོ་སྤྱན་རས་གཟིགས། རྣམ་ཐོས་སྲས། དྷ་ན་སཾསྐྲྀ་ཏ། བེ་རོ་ཙ་ན། དེའི་སློབ་མ་དྲུག །བསམ་ཡས་སུ་བཙད་པོ་ཁྲི་སྲོང་ལྡེའུ་བཙན། སྐུ་ལྷ་སྟོད་བཀྲ་ཤིས་ཀྱི་དགོན་པ་ན་སློབ་དཔོན་བཻ་རོ་ཙ་ན་བྱོན་པའི་ཚེ་ན། རྣལ་འབྱོར་པ་ཉང་ཤ་མི་གོ་ཆ་བྱ་བ་གཅིག་གིས་གསེར་སྲང་བདུན་ཕུལ་ནས་བསྟན་པ་སྲུང་བའི་ཆོས་སྐྱོང་གཅིག་ཞུ་འཚལ་ཞེས་ཞུས་པ་ལས། དེར་ཡང་དྲག་སྔགས་གསང་བའི་སྤུ་གྲི་འདི་ཉིད་གནང་། རྣལ་འབྱོར་པ་དེས་ཀྱང་དེ་མ་ཐག་ཏུ་སྒྲུབ་པ་མཛད་པས་ཞག་བདུན་ནས་ཚོགས་བདག་ཞལ་མཇལ་ནས་ཡི་དམ་གྱི་ལྷར་གྱུར། སྲོ་ཐོག་རྒྱལ་བའི་དབེན་གནས་སུ་སློབ་དཔོན་ཕྱིན་ཙམ་ན། ལྡི་རི་ཆོས་ཀྱི་གྲགས་པས་ཆོས་སྐྱོང་གཅིག་ཞུས་པས། འདི་གནང་ནས་དེས་ཀྱང་དེ་མ་ཐག་ཏུ་སྒྲུབ་པས་ཞལ་མཐོང་ནས་ཤིན་ཏུ་མཉེས་ནས་བཻ་རོ་ཙ་ན་ལ་གསེར་སྲང་བཅུ་ཕུལ་སྐད། ཡང་སློབ་དཔོན་བ་ཐང་ཤིང་རྒྱལ་བའི་དབེན་གནས་སུ་ཕྱིན་ཙམ་ན། མཁའ་འགྲོ་མ་བྷ་རཀ་སི་བྱ་བ་གཅིག་གིས་ཆོས་སྐྱོང་གཅིག་ཞུ་བྱས་པས་ནག་པོ་ཆེན་པོ་འདི་གནང་སྐད། དེ་མ་ཐག་ཏུ་བསྒྲུབས་ནས་ཞལ་མཐོང་བར་གདའ། གསེར་སྲང་བཅུ་ཕུལ་ནས་ཤིན་ཏུ་མཉེས་སྐད། དེ་ནས་རྩེ་སྒོང་སྐྱེས་ཀྱི་ཡང་དགོན་དུ་ཕྱིན་ཙམ་ན། གཡུ་སྒྲ་སྙིང་པོ་དང་སྙིང་མོ་གཉིས་ཀྱིས་སློབ་དཔོན་ལ་ཕྲིན་ལས་ཀྱི་ལྷ་གཅིག་ཞུ་བྱས་པ་ལ་ནག་པོ་ཆེན་པོ་འདི་གནང་སྐད། མ་ཧཱ་ཀཱ་ལའི་ཞལ་མཐོང་ནས་རྗེས་སུ་ཡི་རང་ངོ་། །དེ་ནས་སོ་སོར་རིམ་པར་བརྒྱུད་དེ་བདག་ལའོ། །བཻ་རོ་ཙ་ནའི་སྙན་བརྒྱུད་དྲག་སྔགས་གསང་བའི་སྤུ་གྲི། ས་མ་ཡ། དྷ་ཐིམ། འདི་བྲིས་ཉེས་འགལ་སྐྱོན་དུ་གང་གྱུར་པ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །བཟོད་པར་བཞེས་ནས་ཚངས་པར་བསྩལ་དུ་གསོལ། །འདི་བྲིས་དགེ་བས་མཁའ་ཁྱབ་སེམས་ཅན་རྣམས། །ས་ལམ་སྟན་ཐོག་གཅིག་ཏུ་བགྲོད་ནས་ཀྱང་། །འཕགས་མགོན་ཁྱེད་ཀྱི་ས་ལ་གནས་པ་དང་། །སྐུ་ལྔ་ལྷུན་གྲུབ་སངས་རྒྱས་མྱུར་ཐོབ་ཤོག །གཙང་ལེགས་གྲུབ་དང་། བཻ་རོ་ཙ་ན་གཉིས་ཀྱི་སྙན་བརྒྱུད། སློབ་དཔོན་བཻ་རོ་ཙ་ནས་ཅི་བཤད་བཞིན་དུ་བདག་ལྡི་རི་ཆོས་ཀྱི་གྲགས་པས་གསང་བ་སྤུ་གྲིའི་རྒྱུད་དང་། ལས་རིམ་ལ་བརྟེན་ནས་ཉམས་སུ་ལེན་ཐབས་དབྲི་བསྣན་མེད་པར་གོང་འོག་བསྡེབས་ནས་ཡི་གེར་བཀོད་པ་རྫོགས་སོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).