Terdzo-NA-010

From Rinchen Terdzö

ཐུགས་སྒྲུབ་མཐིང་ག་དྲག་པོ་རྩལ་གྱི་བསྙེན་པའི་ཡང་ཡིག་ཟབ་དོན་ནོར་བུ་་

thugs sgrub mthing ga drag po rtsal gyi bsnyen pa'i yang yig zab don nor bu

by  པདྨ་ཕྲིན་ལས་ (Pema Trinle)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle  ཐུགས་སྒྲུབ་རྡོ་རྗེ་དྲག་པོ་རྩལ་ (Thugs sgrub rdo rje drag po rtsal)
parent cycle  བྱང་གཏེར་ (Byang gter)
Volume 12 (ན) / Pages 187-205 / Folios 1a1 to 10a5

[edit]

༄༅། །ཐུགས་སྒྲུབ་མཐིང་ག་དྲག་པོ་རྩལ་གྱི་བསྙེན་པའི་ཡང་ཡིག་ཟབ་དོན་ནོར་བུ་བཞུགས་སོ། ། གུ་རུ་པདྨ་སིདྡྷི་ཧཱུྃ། བྱང་གཏེར་ཐུགས་སྒྲུབ་མཐིང་ག་དྲག་པོ་རྩལ་གྱི་བསྙེན་པ་བྱ་བ་ལ། གཏེར་གཞུང་གསང་བ་རིན་ཆེན་འདུས་པ་དང་། དེའི་དམིགས་ཁྲིད་ལག་ལེན་ཆོས་རྒྱལ་དབང་པོའི་སྡེས་མཛད་པ་སོགས་ལས་ལོགས་སུ་མེད་ཀྱང་ཡང་ཡིག་གི་ཚུལ་དུ་བྲི་བ་ལ། ཟླ་བ་གང་རུང་གི་ཚེས་བཅུའི་ཉིན་མཆོད་གཏོར་ཚོགས་ཀྱི་འཁོར་ལོ་དང་བཅས་པའི་སྒོ་ནས་ཐུགས་སྒྲུབ་ཀྱི་གཞུང་བསྲང་། གཏེར་སྲུང་མཆོད་པ་ཚོགས་དང་བཅས་དངོས་གྲུབ་བླང་ཞིང་དཀྱིལ་འཁོར་བསྡུ་བའི་བར་གྲུབ་པར་བྱ། ཐུགས་སྒྲུབ་སེམས་ལ་ལོངས་སྤྱོད་ཕྱིར༔ སྒྲུབ་རྫས་མཆོད་གཏོར་བཤམ་མི་འཚལ༔ སྤྱན་དྲངས་མཆོད་བསྟོད་བསྐུལ་མི་དགོས༔ དཀྱིལ་འཁོར་གསུམ་གྱི་སྒྲུབ་ཐབས་བྱ༔ ཞེས་གསུངས་པས་ལུས་ལྷའི་དཀྱིལ་འཁོར། ངག་སྔགས་ཀྱི་དཀྱིལ་འཁོར། སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་དང་གསུམ་ལས། ཕྱི་རོལ་གྱི་དཀྱིལ་འཁོར་སྒྲུབ་རྟེན་སོགས་གང་ཡང་མི་དགོས། འོན་ཀྱང་། མདུན་དུ་པདྨ་ང་ཡི་སྐུ༔ རབ་གནས་ལྡན་པ་བཞུགས་སུ་གསོལ༔ ཞེས་གསུངས་པ་ནི་ཕྱག་མཆོད་གསོལ་བ་འདེབས་པའི་མོས་རྟེན་ཙམ་དུ་གུ་རུ་ཞི་དྲག་གང་ཡང་རུང་བའི་བྲིས་འབུར་གྱི་རྟེན་ལ་ཅི་འབྱོར་གྱི་མཆོད་པ་དང་བཅས་པ་དགོད། ཚེས་བཅུའི་སྲོད་ཐུན་ནས་སྐྱབས་སེམས་སོགས་སྔོན་འགྲོའི་ཆོས་གང་ཡང་མེད་པར་རིག་པ་ལྷ་སྐུར་མདུང་སློང་གི་ཚུལ་དུ་ལུས་ལྷའི་དཀྱིལ་འཁོར་གསལ་འདེབས་པ་ནི། བདག་ཉིད་ཀྱིས་ཧཱུྃ་ཧཱུྃ་ཞེས་བརྗོད་པས། སྐད་ཅིག་དྲན་རྫོགས་སུ་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་བ། ཞེས་པ་ནས། སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་གྱུར་གྱི་བར་ངག་ཏུ་བརྗོད། ངག་སྔགས་ཀྱི་དཀྱིལ་འཁོར་ནི། ཧཱུྃ་ཧཱུྃ་ཞེས་སྲོད་ཐུན་སྐབས། ཧཱུྃ་ཉིས་བརྩེགས་སུ་བཅད་དེ་དྲག་པོར་བཟླ་དགོས་ཏེ། རྩ་བ་གསང་བ་རིན་པོ་ཆེ་འདུས་པ་ལས། སྲོད་ཀྱི་དུས་སུ་རྡོ་རྗེ་སྲིན་པོ་ཡི༔ ངུར་སྒྲ་དྲག་པོ་ཧཱུྃ་གིས་ལྷ་སྲིན་འདུལ༔ ཞེས་གསུངས་པའི་ཕྱིར། སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ནི། རྩ་བར། ལྕེའི་སྟེང་ན་ཧཱུྃ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར༔ མགྲིན་པ་བྱང་ཆུབ་སེམས་ཀྱི་ལམ་ནས་བབས་པས༔ ཁོག་པའི་ཤ་ཁྲག་རུས་པ་ནང་རོལ་དང་བཅས་པ་ཐམས་ཅད་མེར་མེར་ཞུ་སྟེ་འོག་སྒོ་ནས་སངས་ཀྱིས་དོན་པར་བསམ༔ པགས་པ་ཕྱི་གསལ་ནང་གསལ་ཤེལ་གྱི་བུམ་པའི་དབྱིབས་ལྟ་བུར་བསམ༔ དེ་ནས་ལུས་ཀྱི་ནང་ཐམས་ཅད་ཧཱུྃ་གིས་མེ་རེ་རེ་ཁེངས་པར་བསམས་པས༔ འབྲུ་ཡི་བང་བ་ཁེངས་པ་ལྟར་དུ་མགྲིན་པ་མན་ཆད་གང་བར་བསམས་ལ་ཞག་བདུན་བཟླ༔ ཞེས་གསུངས་པའི་དོན་ལྕེ་ཡི་སྟེང་དུ། ཧཱུྃ་སྔོན་པོ་མགོ་མཇུག་མ་ལོག་པ་གཅིག་གི་ཞབས་ཀྱུར། གཅིག་གི་མགོ་གཏད་པ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་མགྲིན་པ་ནས་ནར་གྱིས་བབས་ཏེ་ལུས་ཀྱི་ནང་དུ་ཆིལ་ཆིལ་ཆགས་ཤིང་མེར་མེར་གང་བའི། ཁོག་པའི་ནང་གི་ཤ་ཁྲག་ནང་རོལ་སོགས་གདོས་བཅས་ཀྱི་དངོས་པོ་ཐམས་ཅད་མེར་མེར་ཞུ་ཞིང་ནད་གདོན་སྡིག་སྒྲིབ་དང་བཅས་ཏེ་འོག་སྒོ་ནས་སངས་སངས་ཐོན། ལུས་ཀྱི་པགས་པ་ཕྱི་གསལ་ནང་གསལ་ཤེལ་སྔོན་པོའི་བུམ་པ་ལྟ་བུའི་ནང་ཧཱུྃ་གིས་སྔོ་རོང་ངེ་མགྲིན་པ་མན་ཆད་གང་བར་བསམས་ལ་གནས་ལུགས་ཀྱི་ངང་ནས་བཟླའོ། །འདི་ལ་མུ་ཏིག་བསྟར་ལ་བརྒྱུས་པའི་དཔེས་འཁྲུལ་གཞི་བྱས་ཏེ་ཁ་ཅིག་ཧཱུྃ་དཀར་པོ་སྒོམ་པའི་སྲོལ་འདུག་ཀྱང་། ཧཱུྃ་སྒྲེང་ཚར་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་ཡིན་ནོ་ཞེས་པའི་དོན་ལས་ཧཱུྃ་གི་ཁ་དོག་བཤད་པ་མིན་པས་ཧཱུྃ་སྔོན་པོ་ཁོ་ན་ཡིན་ནོ། ཐུན་བསྡུ་རན་པ་དང་། མཆོད་བསྟོད་བསྡུ་ཆོག་སོགས་ཀྱི་སྤྲོས་པ་མེད་པར་མི་དམིགས་རྫོགས་པ་ཆེན་པོའི་ངང་དུ་ཁོང་ལྷོད་ཀྱིས་འཇོག་དགོས་ཏེ་རྩ་བར། ངལ་བསོའི་དུས་སུ་རྩ་བྲལ་ངང་ལ་བཞག༔ ཅེས་གསུངས་པའི་ཕྱིར་རོ། །དེ་ནས་གློ་གཡས་འོག་ཏུ་བཅུག་པ་སེང་གེའི་ཉལ་སྟབས་ཀྱིས་ཉལ་བ། སྙིང་གི་དཀྱིལ་དུ་ཡི་གེ་ཧཱུྃ་མཐིང་སྔོན་རབ་ཏུ་འཚེར་བ་ཞིག་ལ་སེམས་གཏད་ནས་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཉལ་དགོས་ཏེ། རྩ་བར། གཉིད་ལོག་དུས་སུ་ཤེས་རིག་ཧཱུྃ་ལ་གཏད༔ སྙིང་གི་དཀྱིལ་དུ་ཡི་གེ་ཧཱུྃ་གཅིག་བསྒོམ༔ རླུང་རིག་རྩ་ཡི་འཕར་གྲངས་བསྙེན་པས་འགྲུབ༔ ཉི་ཁྲི་ཆིག་སྟོང་ཞག་གཅིག་བསྙེན་པའི་གནད༔ ཞེས་གསུངས་པའི་ཕྱིར་ཐོ་རེངས་གཉིད་སད་མ་ཐག །བདག་ཉིད་ཀྱིས་ཧཱུྃ་ཞེས་དཀྱིལ་འཁོར་གསུམ་གྱི་དམིགས་པ་སྔར་ལྟར་གསལ་བཏབ་སྟེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བདུན་བརྩེགས་སུ་བཟླ་དགོས་ཏེ། ཐོ་རེངས་དུས་སུ་ཧཱུྃ་གི་སྣང་གླུ་ཡིས༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད༔ ཅེས་གསུངས་པའི་ཕྱིར། ཐོར་ཐུན་བསྡུ་ཚུལ་ཡང་སྔར་ལྟར་རོ། །བར་དེར་གཞན་པའི་ཆགས་མེད་ཀྱི་རིགས་བྱེད། དེ་ནས་ཞོགས་ཐུན་ཀྱང་སྔར་ལྟར་ལ། ཧཱུྃ་གཅིག་མ་ཤུབ་བུའི་ཚུལ་གོང་བས་ཚོར་བ་ཙམ། མཆུ་སོ་མཉམ་པར་སྦྱར་ཏེ་དལ་བུར་བཟླ་བ་ཡིན་ཏེ། རྩ་བར། སྔ་དྲོའི་དུས་སུ་ཞི་བ་ཤུབ་བུ་ཡིས༔ དངོས་པོ་བདག་ཏུ་འཛིན་པའི་རྣམ་སྨིན་སྦྱངས༔ ཞེས་གསུངས་པའི་ཕྱིར། ཉིན་གུང་ཁ་ཟས་ཀྱི་རྣལ་འབྱོར་དང་ཕྱག་བསྐོར་བ་དགོས་ན་བྱ། དགོང་ཐུན་ཡང་སྔར་ལྟར་ལ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ལྔ་བརྩེགས་སུ་བཟླ་བ་ཡིན་ཏེ། དགོང་གི་དུས་སུ་ཧཱུྃ་གི་གདུང་དབྱངས་ཀྱིས༔ རང་རིག་བླ་མའི་རྣལ་འབྱོར་ཆེན་པོ་བསྒོམ༔ ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཚེས་བཅུ་བདུན་གྱི་དགོང་ཐུན་བར་དེ་བཞིན་ནོ། །འདིའི་སྐབས། རྩ་བར། རྟགས་སུ་རྣག་ཁྲག་འཛག་པ་དང༔ ཁྲུས་བྱེད་པ་དང་གོས་དཀར་པོ་གྱོན་པ་དང༔ འཇའ་ཚོན་གྱི་གུར་ན་འདུག་པའི་སྣང་བ་འཆར་རོ༔ དངོས་སུ་ལྟོ་བ་མི་བདེ་བ་དང་སྐྱུགས་བྲོ་མེར་བ་འབྱུང་ངོ་༔ ཞེས་གསུངས་སོ། །མདོར་ན་ཐུན་བཞི་པོར་ཧཱུྃ་གི་བཟླ་ཚུལ། སྲོད་ལ་དྲག་པོ། ཐོ་རེངས་རྒྱས་པ། སྔ་དྲོ་ཞི་བ། དགོང་མོ་དབང་སྟེ་ཕྲིན་ལས་བཞིའི་བཟླ་ཚུལ་ཐམས་ཅད་ལ་རིགས་འགྲེའོ། །ཐུན་དེ་རྣམས་ལ་འཇུག་ཚུལ་ནི། རྩ་བར། སྟན་བདེ་བ་ལ་ལུས་ཙོག་བུར་འདུག་སྟེ༔ ཞེས་དང་། ཡང་ཏིག་གཅེས་སྒྲོན་དུ། སེམས་དཔའ་དང་རྡོ་རྗེ་སྐྱིལ་ཀྲུང་གི་འདུག་སྟངས་བཤད་པས། དེ་དག་གང་རིགས་མ་གཏོགས་པ་རྐྱང་བུབ་འགྱེལ་བསྙེས་སོགས་སྤང་། སྔགས་ཀྱི་གྲངས་ལས་བཞིའི་བཟླ་ཚུལ་དུས་བཞིར་བཤད་པ་ལྟར་ལ། གཞན་དུ་ཕྲེང་བ་ལ་གྲངས་འཛིན་པ་སོགས་མི་མཛད་པ་གཞུང་གི་དགོངས་དོན་ཕྱག་བཞེས་སུ་ཡོད། བདུན་ཕྲག་དང་པོ་སོང་ནས། བཅུ་བདུན་གྱི་སྲོད་ཐུན་ནས་བདུན་གཉིས་པ་ལ་འཇུག་སྟེ། དཀྱིལ་འཁོར་གསུམ་ལས་མི་གཡོ་བ་གོང་ལྟར་བྱ་ཞིང་། ཐུན་འགོར་ཧཱུྃ་གིས་ཁོག་པ་གང་རྗེས། རྩ་བར། དེ་ནས་ཁོག་པར་མི་ཤོང་བའི་སྣང་བ་བྱུང་བ་དང༔ ཕྱིར་འཕྲོས་པས༔ རིམ་པར་རང་གི་གནས་ཁང་དང༔ ཡུལ་ཁམས་དང༔ རྒྱལ་ཁམས་དང༔ སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་ཧཱུྃ་གིས་མེར་གང་བར་བསམས་ལ་ཞག་བདུན་བཟླའོ༔ ཞེས་གསུངས་པ་ལྟར། ཁོག་པ་ཁེངས་པ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་འཕྲོས་ཏེ། ཐོག་མར་གནས་ཁང་། དེ་ནས་ཡུལ་ཁམས་ཏེ་དཔེར་ན་དབུས་གཙང་ཁམས་གསུམ་ལྟ་བུ། དེ་ནས་རྒྱལ་ཁམས་ཏེ་རྒྱ་དཀར་ནག་གླིང་བཞི་སོགས། དེ་ནས་སྟོང་སྤྱི་ཕུད་དང་སྟོང་བར་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་སོགས་པ་ཐམས་ཅད་ཧཱུྃ་གི་སྔོ་མེར་མེར་རོང་རོང་གང་བར་བསམས་ལ་སྲོད་ལ་ཉིས་བརྩེགས། ཐོ་རེངས་བདུན་བརྩེགས། སྔ་དྲོ་ཧཱུྃ་གཅིག །དགོང་མོ་ལྔ་བརྩེགས་སོགས་བཟླ་ཞིང་། ཉལ་ལྡང་སོགས་བྱེད་ཚུལ་ཐམས་ཅད་བདུན་དང་པོ་ཁོ་ན་ལྟར་རོ། །འདི་ལ་འགའ་ཞིག་གིས་ཧཱུྃ་བ་སྤུའི་བུ་ག་ནས་མི་འཕྲོ་བར་མགྲིན་པ་རང་ནས་བརྒྱུད་དེ་འཕྲོ་བ་དང་། དེ་ཡང་ཧཱུྃ་གཅིག་གི་ཀླད་སྐོར་ལ་གཅིག་གི་ཞབས་ཀྱུས་འཁྱུད་དེ་འཕྲོ་བ་སོགས། མགོ་སྤྲོད་ཀྱིས་ཐོན་དགོས་པར་བཤད་པ་སོགས་གཞུང་གཞན་གྱི་རྒྱས་འགེབས་ལས། ལུགས་འདིའི་གཞུང་མན་ངག་གང་ནས་ཀྱང་བཤད་པ་མེད་ལ། དེ་བཞིན་དུ་ཕྱིར་འཕྲོ་བའི་ཧཱུྃ་ཡང་ཁ་དོག་ལྔར་བྱེད་པ་འགའ་ཞིག་འདུག་ཀྱང་རྩ་བའི་དགོངས་པ་དང་བླ་མའི་ཕྱག་བཞེས་གསུང་རྒྱུན་སྔོན་པོ་ཁོ་ནར་འཁྲུལ་པ་མེད་དོ། །ཉེར་བཞིའི་སྲོད་ཐུན་ནས་བདུན་ཕྲག་གསུམ་པ་ལ་འཇུག་སྟེ། རྩ་བར། དེ་ནས་ཧྲཱིཿཞེས་བརྗོད་པས་ཧཱུྃ་གི་ཡིག་འབྲུ་རྣམས་མཁའ་འགྲོ་མར་གྱུར་ཏེ༔ སྣང་སྲིད་ཐམས་ཅད་མཁའ་འགྲོ་རིགས་ལྔའི་ལྷ་ཚོགས་སུ་མེར་བསམས་ལ་མཁའ་འགྲོ་མ་ཐམས་ཅད་ཧཱུྃ་སྒྲ་དི་རི་རི་སྐྱེ་འགྲོ་མི་དང་རྩི་ཤིང་ནགས་ཚལ་དང༔ སྣང་སྲིད་ལྷ་འདྲེ་མ་ལུས་མཁའ་འགྲོར་བསམ༔ དེ་དག་མ་ལུས་ཧཱུྃ་སྒྲ་དི་རི་རི༔ དེ་ཡི་ངང་ལ་ཞག་བདུན་བཟླ་བར་བྱ༔ ཞེས་གསུངས་པའི་ཕྱིར་རོ། །ཐུན་འགོར་ཧཱུྃ་གིས་ཁོག་པ་གང་ནས་ཕྱིར་འཕྲོས་སྣང་སྲིད་ཐམས་ཅད་ཧཱུྃ་གི་སྒྲ་དི་རི་རི་སྒྲོག་པ་འབའ་ཞིག་ཏུ་གྱུར་པ་དང་། དེར་མ་ཟད་འདི་ལྟར་སྣང་བའི་བཅུད་ཀྱི་སེམས་ཅན་སྐྱེ་འགྲོ་ལྷ་འདྲེ་མི་གསུམ་སོགས་དང་། སྣོད་ཀྱི་འཇིག་རྟེན་དུ་སྣང་བའི་རྩི་ཤིང་ནགས་ཚལ་ས་རྡོ་རི་བྲག་ཐམས་ཅད་ཀྱང་མཁའ་འགྲོ་རིགས་ལྔ་འབའ་ཞིག་ཏུ་གྱུར་ཅིང། དེ་དག་ཐམས་ཅད་ཀྱང་ཧཱུྃ་གི་སྒྲ་འབྲུག་ལྡིར་བ་བཞིན་དུ་དི་རི་རི་སྒྲོག་པར་བསམ་ཞིང་ལས་བཞིའི་བཟླ་ཚུལ་ཐུན་གཅོད་ཚུལ་སོགས་ཐམས་ཅད་སྔ་མ་ལྟར་རོ། །འགའ་ཞིག་ཕྱིར་འཕྲོ་བའི་དུས་ཧཱུྃ་ལྔ་ལྡན་བྱེད་པ་ནི་འདིའི་སྐབས་མཁའ་འགྲོ་རིགས་ལྔར་བསྒྱུར་བས་འཁྲུལ་གཞི་བྱས་པར་འདུག་གོ །ཚེས་གཅིག་གི་སྲོད་ཐུན་ནས་བདུན་ཕྲག་བཞི་པར་འཇུག་དགོས་ལ། དེའི་དམིགས་པ་ནི། རྩ་བར། དེ་ནས་བདག་ཉིད་མགྲིན་པའི་ནང་ནས་ནི༔ ཧཱུྃ་དམར་ཚོན་གང་བྱེ་རུ་ལྟ་བུ་ལས༔ འོད་འཕྲོས་འཇིག་རྟེན་ཁམས་སུ་ཁྱབ་པ་ལས༔ ཧཱུྃ་ཧཱུྃ་ཞེས་པ་དྲག་ཏུ་བརྗོད་པ་ཡིས༔ སྣང་སྲིད་མཁའ་འགྲོས་བྲོ་བརྡུངས་ཁྲིགས་སེ་ཁྲིག༔ འཇིག་རྟེན་སྟོང་གསུམ་རི་རབ་ལྡེགས་སེ་ལྡེག༔ ཕྱོགས་བཅུའི་བདེ་གཤེགས་བྱང་ཆུབ་སེམས་དཔའ་དང༔ སྐྱེ་འགྲོ་སེམས་ཅན་མ་ལུས་ཐམས་ཅད་དང༔ སྣང་སྲིད་ལྷ་སྲིན་དབང་དུ་འདུས་པར་བསམ༔ བདག་ཉིད་རྒྱུན་གྱི་ཏིང་འཛིན་གསལ་བཏབ་ལ༔ མ་ཡེངས་དྲག་པོའི་ང་རྒྱལ་ལྡན་པ་ཡིས༔ ཞག་བདུན་བར་དུ་བསྙེན་པ་ཧཱུྃ་ལ་བསྐྱལ༔ ཧཱུྃ་ཧཱུྃ་ཞེས་པ་དྲག་ཏུ་བརྗོད་པ་ཡིས༔ སྣང་སྲིད་འཇིག་རྟེན་རྨོངས་ནས་ལྡེག་ཅིང་འཁྲུག༔ འུར་འུར་ཆེམ་ཆེམ་ཀུན་དུ་གཡོ་ཞིང་འགུལ༔ ཞེས་གསུངས་པའི་དོན། ཐུན་འགོར་ཧཱུྃ་གིས་ཁོག་པ་གང་ཞིང་ཕྱིར་འཕྲོས་ཧཱུྃ་གིས་གང། ཧཱུྃ་རྣམས་ཧྲཱིཿཞེས་བརྗོད་པས་མཁའ་འགྲོ་མར་གྱུར་པ་དང་། སྣོད་བཅུད་ཐམས་ཅད་མཁའ་འགྲོར་གྱུར་པ་དེ་རྣམས་ཀྱི་ཞལ་ནས་ཧཱུྃ་གི་སྒྲ་དི་རི་རི་སྒྲོག་པའི་བར་གསལ་བཏབ་རྗེས། རང་གི་མགྲིན་པར་ཧཱུྃ་དམར་པོ་བྱུ་རུ་ལྟ་བུ་གསལ་བ་ལས་འོད་འཕྲོས་སྟོང་གསུམ་གང་བའི་མཁའ་འགྲོ་རིགས་ལྔ་དེ་རྣམས་ལ་ཕོག་པས་རྐྱེན་བྱས་མཁའ་འགྲོ་ཐམས་ཅད་བྲོ་བརྡུང་ཁྲིག་ཁྲིག་མཛད་ཅིང་ཧཱུྃ་གི་གླུ་བླངས་པ་ལ་བརྟེན་ནས། སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་ལྡེག་ལྡེག་འཁྲུག་ཅིང་འུར་འུར་ཆེམ་ཆེམ་དུ་གཡོ་ཞིང་འགུལ་བ་དང་ལྷན་ཅིག །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྐྱེ་འགྲོ་སེམས་ཅན་ཁྱད་པར་དུ་སྣང་ཞིང་སྲིད་པའི་ལྷ་སྲིན་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམས་ལ་ཐུན་བཞིར་ཕྲིན་ལས་བཞིའི་ཚུལ་དུ་སྔར་བཞིན་བཟླའོ། །དེ་ལྟར་བདུན་ཕྲག་བཞི་ཚེས་བརྒྱད་ཀྱི་དགོང་ཐུན་གྱིས་རྫོགས་ཤིང་། རྟགས་ནི། རྩ་བར། དེ་ལྟར་བཟླས་པས་དངོས་སམ་རྨི་ལམ་དུ༔ མཆོག་དང་ཐུན་མོང་དངོས་གྲུབ་བསམ་མི་ཁྱབ༔ མངོན་སུམ་རྟགས་ནི་སེམས་ཉིད་གསལ་དག་རྟོགས༔ ཆོས་ཉིད་རང་བྱུང་རང་གསལ་རྒྱུད་ལ་འཆར༔ ཁྲོ་གཏུམ་ང་རྒྱལ་དགྲ་བགེགས་བར་ཆད་འཇོམས༔ བར་གཅོད་གདུག་པའི་ཚོགས་རྣམས་བརླག་པར་འགྱུར༔ ཚེ་ཡི་རིག་འཛིན་དངོས་གྲུབ་ཐོབ་པར་འགྱུར༔ ཞེས་གསུངས་ཤིང་། རྒྱས་པར་ན་ཕྱི་ནང་རྟགས་ཀྱི་རིམ་པའི་ནང་དུ་བལྟའོ། །འདི་ཉིད་སྤྱིར་བླ་མའི་གསང་སྒྲུབ་ཟབ་མོ་དང་ཁྱད་པར་རྫོགས་ཆེན་ཁོ་ན་དང་འབྲེལ་བས་གནས་ལུགས་ཀྱི་ངང་ནས་བཟླས་པ་བྱས་ན་གསང་སྔགས་གཞན་ལྟར་དམིགས་པའི་འཕྲོ་འདུ་ཟ་ཟི་མང་པོས་མི་གཡེང་ཞིང་། རྩེ་གཅིག་ཏུ་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་ན་དགེ་སྦྱོར་རིག་པ་དྭངས་སྙིགས་ཕྱེད་ཅིང་གསལ་སྟོང་འཛིན་མེད་ཀྱི་ཉམས་མྱོང་ཁྱད་པར་ཅན་སྐྱེ་བར་འགྱུར་ཏེ། རྩ་བར། སྙོམ་ལས་ལེ་ལོ་སྤངས་ལ་སྒྲུབ་པ་བྱ༔ བརྩོན་འགྲུས་དྲག་པོས་དངོས་གྲུབ་མྱུར་དུ་ཐོབ༔ ཉམས་ལེན་དྲག་པོས་རིག་པ་དྭངས་སྙིགས་ཕྱེད༔ སེམས་ཀྱི་རང་བཞིན་ཆོས་ཉིད་དཀྱིལ་འཁོར་ན༔ ཐུགས་དགོངས་བརྗོད་བྲལ་མཁའ་དབྱིངས་རྣམ་དག་ཀློང༔ རང་བྱུང་རང་གསལ་སྟོང་པ་འཛིན་པ་མེད༔ སྐྱེ་མེད་ཀ་དག་ཟང་ཐལ་གནས་ལུགས་ལ༔ གཟུང་འཛིན་ཞེན་ཆགས་ཐག་པ་བཅད་ལ་བཞག༔ དེ་ལྟར་ཤེས་ན་ཀུན་གྱི་སྲོག་རྩ་ཟིན༔ ཞེས་དང་། ཉམས་ལེན་གསལ་སྟོང་འཛིན་མེད་ངང་ཉིད་ལས༔ དྲག་ལ་ངར་ལྡན་རིག་པ་མདུང་སློང་གི༔ དབང་པོ་ཧུར་ཐོན་རིག་པ་གཟེངས་བསྟོད་ལ༔ ཁམས་གསུམ་ཟིལ་གནོན་བླ་མའི་རྣལ་འབྱོར་བསྒོམ༔ ཉམ་ང་བག་ཚ་རྣམ་རྟོག་བློ་ཡིས་བསྒྱུར༔ ཞེན་འཁྲིས་ཆགས་སྡང་ཤེས་པའི་འཁྲི་བ་བཅད༔ བརྟུལ་ཞུགས་དྲག་པོ་སྲིན་པོ་ངར་དབྱངས་ལ༔ གཏུམ་སྒྲ་དྲག་པོ་རྡོ་རྗེའི་འགྱིང་གླུ་ཡིས༔ ཧཱུྃ་སྒྲ་བརྩེགས་མ་ངར་ལྡན་ཐོག་ལྟར་བཟླ༔ དལ་བར་བཟླས་པའི་ཡོན་ཏན་བསམ་ཡས་ལ༔ ཞེས་གསུངས་པའི་ཕྱིར་རོ། །འདི་ཡན་ཆད་དུ་བདུན་ཕྲག་རེ་རེའི་དམིགས་པ་རྣམས་རབ་ཏུ་རང་གི་བླ་མའི་མཆེད་གྲོགས་དམ་ཚིག་གཙང་བ་ཞིག་གིས་བདུན་མཚམས་སུ་སྤོ་དགོས་པ་ཕྱག་བཞེས་སུ་ཡོད། དེ་ནས་དངོས་གྲུབ་བླང་བ་ནི། རྟགས་བྱུང་དངོས་གྲུབ་བླང་ཐབས་ལས། དེ་ནས་དངོས་གྲུབ་བླང་བར་བྱ་བ་ནི༔ ནོར་རྫས་ཅི་ཡོད་ཚོགས་ཀྱི་འཁོར་ལོ་བསྐོར༔ རིན་ཆེན་སྤྱན་གཟིགས་ཞལ་ཟས་སྣ་ཚོགས་དང༔ རིན་ཆེན་འབར་བའི་གཏོར་མ་ཚོགས་ཀྱིས་བསྐོར༔ དར་ཟབ་གདུགས་ཕུབ་བླ་བྲེ་རྒྱན་དུ་བྲེས༔ ཞེས་གསུངས་པ་ལྟར། ཚེས་བརྒྱད་ཀྱི་སྔ་དྲོ་ནས་མཆོད་གཏོར་ཚོགས་འཁོར་སོགས་དང་དངོས་གྲུབ་ཀྱིས་རྫས་བཟའ་བཅའ་བཏུང་བའི་དངོས་པོ་གང་འབྱོར་བཤམ། བླ་བྲེ་སྤྱན་གཟིགས་སོགས་བཀོད་པ་མཛེས་ཤིང་བག་དྲོ་བར་བྱ། སྲོད་ཐུན་ནས་བཟུང་ཆོ་ག་ཐུན་བཞིར་བྱ་དགོས་ཏེ། གཞུང་དེ་ཉིད་ལས། རྡོ་རྗེ་སློབ་དཔོན་ཡི་དམ་མཁའ་འགྲོ་ལ༔ སེར་སྣ་སྤངས་པའི་ཚོགས་མཆོད་དུས་བཞིར་འབུལ༔ དངོས་གྲུབ་བླང་བའི་སྙིང་པོ་བཟླས་པ་དང༔ རྟགས་བསྟོད་དང་ནི་དོན་བསྟོད་ལ་སོགས་པའི༔ བསྟོད་པ་བྱ་ཞིང་དངོས་གྲུབ་སྩོལ་ཞེས་བརྗོད༔ ཅེས་གསུངས་པའི་ཕྱིར། སྔོན་འགྲོ་གཟེར་ལྔ་ནས་བཟུང་བཟླས་པའི་བར་ཐུགས་སྒྲུབ་ཀྱི་ཕྲིན་ལས་རྒྱས་པར་གཏང་ཞིང་། ལུས་དཀྱིལ་སྒོམ་ཚུལ་སོགས་མཐའ་དཔྱོད་ཐམས་ཅད་ཁོ་བོས་བརྩམས་པའི་ཕྲིན་ལས་ཀྱི་རྣམ་ངེས་ལྟར་ལེགས་པར་བསྒོམ། གཏོར་མ་བྱིན་རླབས་དུས་མཆོད་རྫས་སུ་ཤེས་པ་དང་། མངོན་རྟོགས་སྐབས་དཔལ་གཏོར་ལྷར་གསལ་འདེབས་ཤིང་སྤྱན་འདྲེན་མཆོད་བསྟོད་སོགས་ཚུལ་ལྡན་དུ་དགོས་སོ། །དེ་ཡང་འདོད་ཡོན་གྱི་ལྷ་མོས་བསྐོར་བར་བསམས་པས་ལྷ་དང་མཆོད་རྫས་གཉིས་ཀ་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །བཟླས་པའི་སྐབས་ཕྲེང་བ་ལ་སུམ་བརྒྱའམ་ཉེར་གཅིག་གི་གྲངས་འཛིན་ཞིང་། དེ་ཡང་ཐོག་མར་ཞི་བ་ཤམ་བུའི་བཟླས་པ་ཧཱུྃ་གཅིག་མ་བརྒྱ་རྩའི་རིང་བདུན་ཕྲག་དང་པོའི་དམིགས་པ་བྱ། དེ་རྗེས་བརྒྱ་རྩའི་རིང་བདུན་ཕྲག་གཉིས་པའི་དམིགས་པ་དང་བསྟུན་དྲག་པོའི་ཧཱུྃ་ཉིས་བརྩེགས་སུ་བཟླ། དེ་རྗེས་ཧྲཱིཿཞེས་བརྗོད་པས་ཧཱུྃ་རྣམས་མཁའ་འགྲོར་བསྒྱུར་ཏེ་དབང་གི་ཧཱུྃ་ལྔ་བརྩེགས་བརྒྱ་རྩའི་རིང་བདུན་ཕྲག་གསུམ་པའི་དམིགས་པ་བྱེད། ཉི་ཤུ་རྩ་གཅིག་གི་སྐབས། རྒྱས་པའི་ཧཱུྃ་བདུན་བརྩེགས་ལན་གསུམ་གྱི་རིང་བདུན་ཕྲག་བཞི་པའི་དམིགས་པ་བྱའོ། །འདི་ཡང་རིག་བཟོ་ལྟ་བུ་མ་ཡིན་ཏེ། བྱིན་རླབས་ཐུགས་རྗེའི་དབང་ལྔ་ལས། བསྙེན་པ་སུམ་བརྒྱ་ཉེར་གཅིག་གི༔ དབང་གིས་བྱིན་རླབས་ནུས་པ་བསྐྱེད༔ ཅེས་གསུངས་པའི་དགོངས་པ་ཡིན། དངོས་གྲུབ་བླང་བའི་འཛབ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་སརྦ་སིདྡྷི་དྷ་ནཾ་མཻ་དྷི་ཧྲཱིཿཨཱ་ཡུཿསིདྡྷི་ས་མ་ཡ་སྡུས་སྡུས༔ ཞེས་པ་ཐུན་རེ་ལ་ཅི་འགྲུབ་བཟླ་ཞིང་། འདིའི་སྐབས་ཀྱི་དམིགས་པ་ནི། དངོས་གྲུབ་བླང་ཐབས་ལས། ཅེས་བཟླས་འཇིག་རྟེན་ཁམས་ཀྱི་འདོད་ཡོན་ལྔ༔ འུབ་ཀྱིས་བསྡུས་ལ་ཚོགས་ལ་བསྟིམ་པར་བྱ༔ འཁོར་ལོས་སྒྱུར་རྒྱལ་རྒྱལ་པོའི་ཕོ་བྲང་དང༔ རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད་དང་ནི༔ རྩི་བཅུད་འབྲུ་ཡི་བཅུད་དང་ཤིང་གི་བཅུད༔ བཅུད་རྣམས་བསྡུས་ལ་བསྟིམ་ཞིང་སྙིང་པོ་བཟླ༔ བདེ་གཤེགས་རྣམས་དང་རྡོ་རྗེ་སློབ་དཔོན་གྱིས༔ ཚེ་ཡི་དངོས་གྲུབ་བདུད་རྩིར་བྱིན་གྱིས་བརླབས༔ གསོལ་བ་བཏབ་ཅིང་འཆི་མེད་བདུད་རྩིར་འགྱུར༔ ཞེས་གསུངས་པས། འཛབ་བཟླ་ཁར། འཁོར་ལོས་སྒྱུར་རྒྱལ། ཞེས་སོགས་ནས། བདུད་རྩིར་བྱིན་གྱིས་བརླབས༔ ཞེས་པའི་བར་ངག་ཏུ་བརྗོད་དེ་འཛབ་ལ་འཇུག་ཅིང་། ཇི་ལྟར་གསུངས་པ་ལྟར་འཛབ་བཟླས་པས། བདག་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་ཕྱོགས་བཅུར་འཕྲོས་པས། བརྟན་གཡོ་སྣོད་བཅུད་འཇིག་རྟེན་གྱི་འདོད་པའི་ཡོན་ཏན་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་བདའ་བ། རེག་བྱ་འཇམ་པ་སྟེ་ལྔས་མཚོན་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་སོགས་དང་། རྩི་བཅུད་འབྲུ་བཅུད་ཤིང་གི་བཅུད་ཅེས། རྩི་བཅུད་སྦྲང་དང་མར་ལྟ་བུ། འབྲུ་བཅུད་ཆང་ལྟ་བུ། ཤིང་བཅུད་བུ་རམ་ལྟ་བུ་སྟེ་མདོར་ན་འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་འདོད་རྒུའི་གཏེར་མཛོད་ཡིད་ལ་ཅི་འདོད་ཀྱི་དངོས་པོ་དང་། བཅུད་ཀྱི་སེམས་ཅན་གྱི་ཚེ་དང་བསོད་ནམས་དབང་ཐང་གཟི་བརྗིད་ཕུན་ཚོགས་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་བྱིན་རླབས་དངོས་གྲུབ་མཐུ་དཔལ་སོགས་མདོར་ན་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་བསྡུས་ཏེ་བདག་དང་སྒྲུབ་རྫས་དང་ཚོགས་འཁོར་སོགས་ལ་ཐིམ་པར་བསམ། གཞན་ཡང་འོད་ཟེར་གྱི་འཕྲོ་འདུས། རྒྱལ་བ་སྲས་བཅས་བདེ་གཤེགས་རིག་འཛིན་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་ཏེ་བདག་ལ་ཤིས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་སངས་རྒྱས་སུ་ལུང་སྟོན་པ་སྲིད་པ་ལས་དབུགས་དབྱུང་ཆོས་ཀྱི་རྒྱལ་ཐབས་སུ་གཟེངས་བསྟོད་པ་དང་། སྣང་སྲིད་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་ཀྱང་དབང་དུ་འདུས་ཤིང་བཀའ་ཉན་གསུང་སྒྲུབ། ལྷ་མིའི་ལོངས་སྤྱོད་དངོས་གྲུབ་འདོད་ཡོན་གྱི་སྤྲིན་གཏིབས་ཤིང་ཚེ་བཅུད་བདུད་རྩིའི་ཆར་འབེབ་པ་སོགས་རྒྱས་པ་དང་དབང་གི་ལས་སྒྲུབ་པའི་དམིགས་པའི་འཕྲོ་འདུ་རིག་པས་སྤྲོས་ལ་བྱ། ཐུན་བསྡུ་ཁར་འཛབ་བསྐུལ་དོན་བསྟོད་བཀའ་སྲུང་མཆོད་པ་ཚོགས་འཁོར་སོགས་ལྷག་མ་ལ་ཐུག་གི་བར་དུ་བྱ། ཚོགས་ལ་རོལ། ལྷག་མ་མི་གཏོང་བར་གསག །དེ་ནུབ་འབུལ་གཏོར་ཆད་ཐོས་ཕུལ། བརྟན་མ་བསྐྱང་ངོ་། །དབང་པོའི་སྡེའི་ལྗགས་ཁྲིགས་སུ་དཔལ་གཏོར་ལ་དངོས་གྲུབ་བླང་བར་བཤད་ཀྱང་གབ་པའི་རྣམ་པ་ཡིན་པས། རྗེས་ཆོག་གི་མཆོད་བསྟོད་བཟོད་གསོལ། ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་སོགས་བྱ་བ་ལས་དངོས་གྲུབ་བླང་མི་དགོས། དགུའི་ནངས་པར་མཆོད་གཏོར་ཁ་གསོས་ནས། ཐོར་ཐུན་ལ་ཆོ་ག་སྔར་ལྟར་གཏོང་ཞིང་འཛབ་བཟླ་ཐུན་བསྡུ། གཏེར་སྲུང་མཆོད་པ་བསྟན་སྲུང་ཡོངས་རྫོགས་ཀྱི་ཕྲིན་ལས། སྔགས་སྲུང་མར་སྔོན་ཚེ་འཁོར་འདས་དང་། སྤྱིར་སངས་རྒྱས་རྡོ་རྗེ་འཆང་མ་ཙམ་བྱ། དེ་ནས་ཚོགས་འཁོར་གྱི་རིམ་པ་རྩ་གསུམ་སྐོང་གསོའི་བར་བཏང་ནས། ཆད་ཐོ་བརྟན་སྐྱོང་དངོས་གྲུབ་བླང་བ་བཞག །རྗེས་ཆོག་གི་མཆོད་བསྟོད་སོགས་གོང་བཞིན་བྱ། ཞོགས་ཐུན་ལ་མཆོད་གཏོར་གསོས་ཏེ་ཆོ་ག་རྒྱས་པར་བཏང་ཞིང་འཛབ་གུང་ཚིགས་ལ་ཐུག་གི་བར་དུ་བགྲངས་རྗེས་འཛབ་བསྐུལ་ནས་བཟུང་ཚོགས་འཁོར་སོགས་ཐོར་ཐུན་ལྟར་རོ། །དགོང་ཐུན་ལ་ཡར་མཆོད་གཏོར་གསོས་ཏེ་ཆོ་ག་རྒྱས་པར་གཏང་ཞིང་འཛབ་དགོང་ཁ་བར་དུ་བགྲངས། འདི་སྐབས་གཏེར་སྲུང་རྣམས་རྒྱས་པར་མཆོད་ཚོགས་སོགས་སྔ་མ་ལྟར་རོ། །སྲོད་ཐུན་ཡང་སྔར་བཞིན་ལ་གཏེར་སྲུང་བསྡུས་པ་དང་ཚོགས་སོགས་སྔ་མ་ལྟར་རོ། །ཚེས་བཅུའི་ཐོར་ཐུན་དང་ཞོགས་ཐུན་གུང་ཚིགས་བར་ཡང་སྔར་བཞིན་ནོ། །ཚེས་བཅུའི་དགོང་ཐུན་གྱི་མཇུག་ཏུ་གྲོལ་རྒྱུ་ཡིན་ན། ཆོ་ག་རྒྱས་པར་གཏང་ཞིང་། དེའི་བར་བསགས་པའི་ཚོགས་ལྷག་རྣམས་གཏང་། ཆད་ཐོས་གཏོར་མ་ཕུལ། བཤལ་ཆུས་བརྟན་མ་བསྐྱང་། སྒྲུབ་གཏོར་བསྒུལ་ཞིང་བདུད་རྩིས་བྲན་ཏེ། གཏོར་མ་དེ་ཉིད་རྡོ་རྗེ་དྲག་པོ་རྩལ་ལུས་དཀྱིལ་དང་བཅས་པའི་སྤྱི་བོར་རྡོ་རྗེ་ཐོད་ཕྲེང་རྩལ། མགྲིན་པར་པདྨ་ཐོད་ཕྲེང་རྩལ། སྙིང་གར་བུདྡྷ་ཐོད་ཕྲེང་རྩལ། ལྟེ་བར་རཏྣ་ཐོད་ཕྲེང་རྩལ། གསང་བར་ཀརྨ་ཐོད་ཕྲེང་རྩལ་རྣམས་དངོས་གྲུབ་བླང་བའི་ཚིག་ཁོ་ན་ལྟར་གསལ་བཏབ་ལ། དངོས་གྲུབ་བསྐུལ་བའི་མཐར་གཏོར་མ་རང་གི་སྤྱི་བོར་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། རང་གི་སྤྱི་བོར་ཐིམ། བུམ་དབང་ཐོབ། ལུས་སྒྲིབ་དག །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། མགྲིན་པའི་ཨཱཿལས་འོད་ཟེར་བདུད་རྩིའི་རྒྱུན་དམར་པོ་བྱུང་། རང་གི་མགྲིན་པར་ཐིམ། གསང་དབང་ཐོབ། ངག་སྒྲིབ་དག །གསུང་གི་བྱིན་རླབས་ངག་ལ་ཞུགས། སྐུ་གསུང་ཐུགས་ལྟེ་བ་གསང་གནས་རྣམས་ནས་འོད་ཟེར་བདུད་རྩིའི་རྒྱུན་ཁ་དོག་སྣ་ཚོགས་བྱུང་། རང་གི་སྤྱི་མགྲིན་སྙིང་ལྟེ་གསང་བར་ཐིམ། དབང་བཞི་པ་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལུས་ངག་ཡིད་གསུམ་ལ་ཞུགས་པར་བསམ། མཐར་གཏོར་མའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདུད་རྩིར་ཞུ་བར་མོས་ཏེ་དངོས་གྲུབ་ཀྱི་ཕྱིར་རོལ། དེ་བཞིན་དུ་སྒྲུབ་རྫས་བཟའ་བཅའ་བཏུང་བའི་རིགས་རྣམས་རོལ། ཚོགས་ཀྱི་འཁོར་ལོ་ཚིམ་པ་དྲུག་ལྡན་དུ་སྤྱད་དོ། །དེ་ཡང་། དངོས་གྲུབ་བླང་ཐབས་ལས། བདག་ཉིད་རྡོ་རྗེ་སློབ་དཔོན་གསལ་བ་ལས༔ ལྷ་ལ་ལྷས་མཆོད་ཞལ་ཟས་ཕུད་ལ་རོལ༔ དེ་ཡི་དངོས་གྲུབ་ཚེ་ལ་དབང་བ་དང༔ ལན་གསུམ་སྒྲུབ་ན་དངོས་གྲུབ་རྣམ་གཉིས་ཐོབ༔ རིག་འཛིན་གྲལ་ལ་ཐེ་ཚོམ་ཡོད་རེ་ཀན༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་འགྱུར༔ ཞེས་གསུངས་པ་ལྟར་འགྱུར་བ་ནི་ངེས་པའོ། །དེ་རྗེས་བདག་བསྐྱེད་ལ་སྤྲོ་ན་མཆོད་བསྟོད། གཞན་དུ་བཟོད་གསོལ་གྱི་མཐར། ཧཱུྃ༔ ད་ནི་དཀྱིལ་འཁོར་གསལ་བཏབ་ལ༔ ཞེས་སོགས་ཉེར་བསྡུའི་ཚིག་ངག་ཏུ་བརྗོད་ལ། དེའི་དོན་ནི། ཕྱི་ནང་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་བདག་ལྷར་གསལ་བ་ལ་ཐིམ། བདག་ཉིད་ལུས་དཀྱིལ་དང་བཅས་པ་འོད་དུ་མེར་གྱིས་ཞུ་ནས་ཐུགས་ཀའི་ཧཱུྃ་ལ་བསྡུ། ཧཱུྃ་དེ་ཡང་ཞབས་ཀྱུ། འ་ཡིག །ཧ་ཁོག །མགོ་བོ་ཟླ་ཚེས། ཐིག་ལེ་ནཱ་དའི་བར་གྱེན་རྫོགས་སུ་བསྡུས་ཏེ་མཐར་འཇའ་ལྟར་ཡལ་བར་བསམས་ལ་དམིགས་མེད་ཀ་དག་གི་ངང་དུ་ཅུང་ཟད་ལྷོད་ཀྱིས་ཀློད། སླར་ཡང་སྐད་ཅིག་ལ་ལྷར་ལམ་གྱིས་ལངས་ཏེ། སྣོད་བཅུད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བསམས་ལ་བསྔོ་སྨོན་བཀྲ་ཤིས་རྒྱུན་སྤྱོད་ཐམས་ཅད་མ་འགག་རོལ་པ་ཆེན་པོ་སྒྱུ་མ་ལྟ་བུར་ཤེས་པར་བྱ་བ་ནི་གནད་དམ་པའོ། །དེ་ཡི་འབྲས་བུ་ནི། གསང་བ་རིན་ཆེན་འདུས་པའི་རྩ་བ་ལས། དངོས་དང་ཉམས་སམ་རྡོ་རྗེ་སློབ་དཔོན་གྱི༔ ཞལ་མཐོང་ལུང་བསྟན་མན་ངག་གནད་ཏིག་གནང༔ ཕུང་པོ་རྡོ་རྗེའི་ལུས་སུ་གྱུར་པ་དང༔ ཕྱི་ནང་བར་གཅོད་བདུད་དཔུང་འཇོམས་པ་དང༔ ཡི་དམ་གང་ཡིན་ནུས་པ་དངོས་སུ་ཐོན༔ བདེ་གཤེགས་ཞལ་མཐོང་མཁའ་འགྲོས་ལུང་བསྟན་འབྱུང༔ ཆོས་ཉིད་སྐྱེ་མེད་ལྷག་མཐོང་རྒྱུད་ལ་འཆར༔ ཉམས་མྱོང་དམ་པའི་ཆོས་ལ་རང་བྱན་ཚུད༔ ཆོས་སྐུ་ཀུན་བཟང་ཐིག་ལེ་རྫོགས་པ་དང༔ ལོངས་སྐུ་འོད་ཟེར་མཚན་དང་དཔེ་བྱད་ལྡན༔ སྤྲུལ་སྐུ་སེམས་ཅན་གང་ལ་གང་འདུལ་འབྱུང༔ ཡི་གེ་འཁོར་ལོ་ཚོགས་ཆེན་ས་ལ་གནས༔ དངོས་སམ་ཉམས་སུ་ཡེ་ཤེས་མཁའ་འགྲོ་ཡིས༔ ནོར་བུ་བཞིན་དུ་མཆོད་ཅིང་བཀུར་སྟི་བྱེད༔ སྣང་སྲིད་ལྷ་འདྲེས་བཀའ་ཉན་སྲོག་སྙིང་ཕུལ༔ ཞེས་གསུངས་པ་བཞིན་འབྱུང་བར་གདོན་མི་ཟ་བས་གུ་རུ་པདྨའི་རྡོ་རྗེའི་གསུང་གིས་མི་བསླུ་བར་ངེས་ཤེས་བསྐྱེད་དོ། །དེ་ལྟར་དྲག་པོ་རྩལ་གྱི་བསྙེན་པའི་ཡང་ཡིག་ཟབ་དོན་ནོར་བུ་ཞེས་བྱ་བ་འདི་ཡང་། ཉེ་བར་གནས་པ་དགེ་སློང་ངག་དབང་གིས་ནན་ཏན་ཆེན་པོས་བསྐུལ་བ་ལྟར། བྱ་བྲལ་བ་རྒན་པོ་པདྨ་ཕྲིན་ལས་ཀྱིས་རང་ལོ་ང་གསུམ་གྱི་སྟེང་དུ་རང་གནས་ཐུབ་བསྟན་གྱི་མཚམས་མལ་དུ་ཐུན་བར་ལ་བྲིས་པའི་དགེ་དེས་བདག་གཞན་ཐམས་ཅད་ཨོ་རྒྱན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དགེ་འོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).