Terdzo-NA-009

From Rinchen Terdzö

ལྷ་བྲག་ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྨིན་ལམ་འབྲིང་པོ་གསེར་མཛོད་མའི་ཆོག་ཁྲིགས་བདུད་རྩིའི་ཐིག་ལེ་

lha brag thugs sgrub drag po rtsal gyi smin lam 'bring po gser mdzod ma'i chog khrigs bdud rtsi'i thig le

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle  ཐུགས་སྒྲུབ་རྡོ་རྗེ་དྲག་པོ་རྩལ་ (Thugs sgrub rdo rje drag po rtsal)
parent cycle  བྱང་གཏེར་ (Byang gter)
Volume 12 (ན) / Pages 157-186 / Folios 1a1 to 15b4

[edit]

༄༅། །ལྷ་བྲག་ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྨིན་ལམ་འབྲིང་པོ་གསེར་མཛོད་མའི་ཆོག་ཁྲིགས་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷ་ཤྲཱི་ཧེ་རུ་ཀཱ་ཡ། སྐུ་གཅིག་ཞི་ཁྲོ་རབ་འབྱམས་རྫོགས། །ཧཱུྃ་ཆེན་རང་སྒྲས་སྔགས་རྣམས་སྡུད། །འོད་གསལ་ཐིག་ལེ་འཁོར་འདས་ཆོས། །ཀུན་ཁྱབ་གཅིག་པུའི་བདག་དེར་འདུད། །ཐམས་ཅད་ཆོས་ཚན་ཉེར་ལྔ་པའི། །བདུན་པ་དངོས་བསྟན་བྱིན་ཆེ་ཞིང་། །འཇུག་བདེའི་སྨིན་བྱེད་བདུད་རྩིའི་རྒྱུན། །སྐལ་བཟང་ལེགས་བྲིས་དགའ་སྟོན་ནོ། །དྲག་པོ་རྩལ་གྱི་རྩ་བའི་དབང་བསྐུར་སྨིན་ལམ་འབྲིང་པོའི་ལུགས་སུ་བྱ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྩ་བ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་གཙང་མ་ལ་རས་བྲིས་སམ་མཎྜལ་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་ཁར་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཅན་གྱི་ཁ་རྒྱན་གསེབ་ཏུ་གཙོ་དགུའི་ཙཀླི་བཀོད། མདུན་དུ་ཐོད་པ་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་དང་རིག་ཙཀ་བཞག །ལས་བུམ། རྡོར་དྲིལ་རྒྱལ་མཚན་དུང་དཀར་རྔ་ཆེན་རྣམས་དངོས་སམ་ཙཀླི། རྒྱབ་ཏུ་གཏོར་མ་རིན་ཆེན་འབར་བ། གཡས་གཡོན་སྨན་རཀ །ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ། གཏེར་སྲུང་གཏོར་མ་ཚོགས་ཀྱི་ཡོ་བྱད་སྔོན་གཏོར་སོགས་འདུ་བྱའོ། །དངོས་གཞི་ལ་ཐོག་མར་དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། སྔོན་འགྲོ་ས་ཆོག་སོགས་རང་ཤར་ལྟར་བྱ་བར་གཞུང་ལས་བཤད་ཀྱང་དབང་ཆེན་མོའི་སྐབས་ལས་འདིར་མི་མཛད་པ་ཤས་ཆེ་བས་བཏང་སྙོམས་སུ་བྱས་ཏེ། ས་ཆོག་གི་ས་བཅད་ཙམ་དུ། རང་སྐད་ཅིག་གིས་རྡོ་རྗེ་དྲག་པོ་རྩལ་གྱི་སྐུར་གྱུར། གཏོར་མ་དཀར་དམར་གཉིས་བཤམ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར། མཆོད་གཏོར་རྣམས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། སརྦ་བྷཱུ་མི་པ་ཏི་ཨཱ་ཀརྵ་ཡ་ཧཱུྃ་ཛཿ ཞེས་བཀུག་སྟེ་རྡོར་དྲིལ་འཛིན་པས། ཧཱུྃ༔ ས་འདི་རྣམས་ལ་དབང་མཛད་པའི༔ ལྷ་ཀླུ་གནོད་སྦྱིན་ནམ་མཁའ་ལྡིང༔ དྲི་ཟ་ལྷ་མིན་མི་འམ་ཅི༔ འབྱུང་པོ་མཐུ་ཆེན་ལྡན་པ་རྣམས༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བདག་གི་སྒྲུབ་པ་མ་ཐོན་བར༔ ཁྱོད་ལ་གནས་འདི་བདག་གཡར་གྱིས༔ འདི་རུ་བར་གཅོད་མ་བྱེད་པར༔ ཅི་བདེ་བར་ནི་གཞན་དུ་ཟུར༔ ཅེས་གཏོར་མ་བཏང་། དེ་ནས་ཐུགས་སྒྲུབ་འབྲིང་པོའི་ཆོ་ག་ཕྱག་ལེན་ལྟར་སྔོན་འགྲོ་གཟེར་ལྔ། བླ་མའི་རྣལ་འབྱོར། བདག་བསྐྱེད། རྒྱལ་ཆེན་མཆོད་པ། བགེགས་བསྐྲད། བཤགས་པ་བྱིན་འབེབ། སྨན་རཀྟ། གཏོར་མཆོད་བྱིན་རླབས་རྣམས་སྔོན་དུ་འགྲོ་བས་ཏིང་འཛིན་རྣམ་གསུམ་ནས། ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་སྲོག་རྩ་འདུས༔ ཞེས་པའི་བར་གྱིས་བདག་བསྐྱེད་ལུས་དཀྱིལ་དང་བཅས་པ་གསལ་གདབ། དེ་ནས་མདུན་བསྐྱེད་ལ་དམིགས་ཏེ། གཅེས་འཛིན་སེམས་ནི་སྟོང་པར་བསྒོམ༔ སྤྲོས་བྲལ་དེ་ཡི་ངང་ཉིད་ལས༔ སྐྱེ་མེད་ངང་ལས་ཡི་གེ་ཧཱུྃ༔ ཞེས་སོགས་ནས། ཉི་མ་དང་ནི་འོད་ཟེར་ལྟར༔ ཆུ་ནང་ཟླ་བ་ལྟ་བུར་བསྐྱེད༔ ཅེས་པའི་བར་གྱིས་གསལ་གདབ། བུམ་པ་གཉིས་ལ་དམིགས་ཏེ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ བགེགས་བསྐྲད་དག་པར་སྦྱངས་པ་ཡིས། པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང༔ བྷྲཱུྃ་ལས་རིན་ཆེན་བུམ་པ་ནི༔ ལྟོ་ལྡིར་ཞབས་ཞུམ་མགྲིན་པ་ཕྲ༔ ཁ་གཡེལ་མཆུ་འཕྱང་རྫས་ཀྱིས་བཀང༔ གཙང་མའི་གོས་ཀྱི་མགུལ་དཀྲིས་ཅན༔ དཔག་བསམ་སྡོང་པོས་ཁ་བརྒྱན་པ༔ བྱང་ཆུབ་སེམས་ཀྱི་རྡོ་རྗེ་དང༔ དུང་ཆོས་དྲི་ཆུས་གང་བས་མཚན༔ ཐུགས་རྗེའི་རྒྱུན་གྱི་གཟུངས་ཐག་དྲངས༔ ནང་ནི་འབར་བའི་གཞལ་ཡས་ཁང༔ དབུས་སུ་པདྨ་ཉི་ཟླ་དང༔ རུ་དྲའི་གདན་ལ་རྩ་བའི་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་གཡས་ལ་མེ་དཔུང་གཡོན༔ འཁོར་ལོ་རྒྱས་འདེབས་མ་དང་སྦྱོར༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ༔ དེ་ཡི་སྤྱི་བོའི་གདན་སྟེང་དུ༔ མ་ཧཱ་གུ་རུ་དྲག་པོ་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་གནམ་ལྕགས་རྡོ་རྗེ་འཛིན༔ གཡོན་པས་གསེར་གྱི་དྲིལ་བུ་བསྣམས༔ ཞབས་གཉིས་གྱད་ཀྱི་དོར་སྟབས་མཛད༔ དབུ་སྐྲའི་ཐོར་ཚུགས་རུས་པས་བརྒྱན༔ སྤྱན་གསུམ་དམར་ཟླུམ་མཆེ་བ་གཙིགས༔ ཟབ་ཆེན་བེར་སྨུག་རུས་རྒྱན་ཅན༔ དུར་ཁྲོད་ཆས་བརྒྱད་རྒྱན་གྱིས་སྤྲས༔ ཡུམ་ནི་རྡོ་རྗེ་ཕག་མོ་མཐིང༔ གཡས་གཡོན་རྡོ་རྗེ་ཐོད་ཁྲག་འཛིན༔ ཁྲོ་མོའི་ཞལ་ལ་མཛེས་པའི་སྐུ༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོག༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ ཕྱོགས་མཚམས་པདྨ་འདབ་བརྒྱད་ལ༔ ཤར་དུ་དཔལ་ཆེན་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རི་འཁྲིལ༔ ཤར་ལྷོར་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་ཐོད་ཁྲག་བསྣམས༔ ཡུམ་ཆེན་གནམ་ཞལ་སྐུ་ལ་འཁྲིལ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ འཁོར་ལོ་གཡས་ལ་སྡིགས་མཛུབ་གཡོན༔ ཡུམ་ཆེན་བེ་ཏཱ་ལཱི་དང་འཁྲིལ༔ ལྷོ་ནུབ་མངོན་རྫོགས་རྒྱལ་པོའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་ཐོད་ཁྲག་འཛིན༔ ཡུམ་ཆེན་མུ་ཁ་ལེ་དང་འཁྲིལ༔ ནུབ་ཏུ་པདྨ་དབང་ཆེན་ནི༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ པདྨ་དྲིལ་བུ་གཡས་དང་གཡོན༔ ཡུམ་ཆེན་པདྨ་གཟི་ལྡན་འཁྲིལ༔ ནུབ་བྱང་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་ཐོད་ཁྲག་འཛིན༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་འཁྲིལ༔ བྱང་དུ་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་ཕུར་བུ་བསྣམས༔ ཡུམ་ཆེན་ཁྲོ་མོ་རྒྱས་འདེབས་འཁྲིལ༔ བྱང་ཤར་སྟོབས་ལྡན་ནག་པོའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོ་རྗེ་ཙིཏྟ་བསྣམས༔ ཡུམ་ཆེན་འབྱུང་བ་ལྔ་བདག་འཁྲིལ༔ ཀུན་ཀྱང་དུར་ཁྲོད་ཆས་བརྒྱད་ལྡན༔ དྲེགས་པ་བརྫིས་པའི་གདན་སྟེང་དུ༔ རྔམ་བརྗིད་རོལ་པའི་སྟངས་སྟབས་ཀྱིས༔ ཡེ་ཤེས་མེ་དཔུང་ཀློང་ན་བཞུགས༔ གྲྭ་བཞིར་པད་ཟླའི་གདན་སྟེང་དུ༔ མཆོད་པའི་ལྷ་མོ་མཛེས་མ་བརྒྱད༔ ཡོན་ཏན་བར་ཁྱམས་སེར་པོ་ལ༔ རིགས་ལྔ་མཁའ་འགྲོའི་ཚོགས་རྣམས་དང༔ དབང་དྲག་ལྷ་སྣམ་དམར་པོ་ལ༔ བཀའ་སྲུང་མ་ལུས་ཁྱབ་པར་གནས༔ སྒོ་བཞིར་ཡ་མཱནྟ་ཀྲྀཏ་སོགས༔ ཤེས་རབ་ལྕགས་ཀྱུ་མ་སོགས་འཁྲིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང༔ དྲིལ་བུ་ཐོགས་ནས་བར་གཅོད་སྲུང༔ ལས་བུམ་ནང་དུ་པད་ཉི་ལ༔ ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ནི༔ ལྗང་ནག་རྡོ་རྗེ་མཆེ་བ་འཛིན༔ ཁྲོ་བོའི་རྒྱན་ཆས་ཀུན་གྱིས་སྤྲས༔ ཀུན་གྱི་གནས་གསུམ་ཡི་གེ་གསུམ༔ ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས༔ ཡེ་ཤེས་པ་ནི་སྤྱན་དྲངས་བསྟིམ༔ དབང་བསྐུར་རིགས་ལྔས་རྒྱས་བཏབ་བོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བདག་མདུན་བུམ་གསུམ་སོ་སོར་ཚིག་གིས་གསལ་བཏབ་ནས་གསུམ་ཀ་ཐུན་མོང་དུ་སྤྱན་འདྲེན་མན་ལྷན་ཅིག་ཏུ་མཛད་པས། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཞེས་སོགས་ནས་རྟགས་བསྟོད་ཀྱི། མཁའ་འགྲོ་འབུམ་ཕྲག་མང་པོའི་དེད་དཔོན་མཛད༔ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་གྱི་སྤྱན་འདྲེན་མཆོད་བསྟོད་རྣམས་བྱ། འཛབ་སུམ་བརྒྱ་ཉེར་གཅིག་དང་མདུན་བསྐྱེད་དང་བུམ་པ་ལ་དམིགས་པའི་བཀའ་བརྒྱད་ལྟར་ལྷ་སོ་སོའི་བཟླས་པ་དང་། གཟུངས་ཐག་ནས་བཟུང་སྟེ་བདག་མདུན་བུམ་གསུམ་ལ་དམིགས་པའི་ཧཱུྃ་འཛབ་ཅི་མང་བགྲང་། མདུན་བསྐྱེད་ནུབ་བྱང་ཚེ་དཔག་མེད་ཀྱི་སྔགས་བཟླ་བར་འདོད་ན། ཨོཾ་ཨཱཿཧཱུྃ་ནྲྀཿབྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱཿཛྙཱ་ན་སིདྡྷི་ཨཱཿཧཱུྃ༔ ཞེས་དང་། བུམ་པའི་ནུབ་བྱང་དྲེགས་པ་ལ། ཨོཾ་ནཱི་ལཾ་བྷ་ར་དྷ་ར་ཧཱུྃ༔ ཞེས་བཟླ་བ་འཇུག་པ་བདེ། ལས་བུམ་དུ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་དམིགས་པའི་འཕྲོ་འདུ་རྣམས་གསང་སྔགས་སྤྱི་ལྟར་བྱའོ། །དེ་ལྟར་བཟླས་པ་ནུས་ལྡན་དུ་གྲུབ་རྗེས་ལས་བྱང་ལྟར་འཛབ་བསྐུལ་ཆོས་དབྱིངས་མ་བྱ། གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཉེར་སྤྱོད། མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ ཞེས་ནང་མཆོད་འབུལ། སྐྱེ་འགག་མེད་པ་ཆོས་ཀྱི་དབྱིངས་ཀྱི་ངང༔ ཞེས་སོགས་དོན་བསྟོད་བྱ། ཨོཾ་ཨཱཿཧཱུྃ་ཞེས་དུང་ཆོས་ཀྱི་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་གཙོ་ལས་ཀྱི་བུམ་པའི་ལྷ་རྣམས་ཆུར་ཞུ་བར་བསམ་མོ། །དེ་ནས་བསྟན་སྲུང་རྒྱས་བསྡུས་མཆོད་པ་ཅི་ནུས་དང་། ཚོགས་འཁོར་བཤམས་ལ་ཆབ་དང་བདུད་རྩི་བྲན་ཏེ། བྱིན་རླབས་ནས། དམ་ཅན་སྲུང་མའི་ཐུགས་དམ་སྐོང་གྱུར་ཅིག༔ ཅེས་པའི་བར་ཕྲིན་ལས་ལྟར་དང་། རྩ་གསུམ་སྐོང་གསོལ་ཡང་བཏང་ཞིང་སྒྱུ་འཕྲུལ་ལྟར་རིག་པའི་མེ་ཏོག་དོར་ལ་ཡོལ་བ་གཏང་ངོ་། །དབང་དངོས་ལ་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་གཏོར་མ་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་ལྡན་པར་གྱུར། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། མཆོག་སྦྱིན་གྱི་ཕྱག་རྒྱ་བསྐོར་ཞིང་མཐར་སེ་གོལ་དང་བཅས་ཏེ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ཀྱི་མཐར་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ༔ ཞེས་པ་བདུན་ནམ་གསུམ་གྱིས་བསྔོ། ཧཱུྃ་མཛད་ཕྱག་རྒྱ་བཅས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ བདེ་གཤེགས་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་གསང་སྔགས་ཟབ་མོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་བར་དུ་གཅོད་པའི་འབྱུང་པོ་གདོན་གྱི་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་གི་གནས་སུ་སོང་ཞིག །གང་དག་མི་འགྲོ་ཞིང་བར་དུ་གཅོད་པའི་ཚོགས་རྣམས་ཀྱི་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་རོ། །བགེགས་གཏོར་ཕྱིར་དོར་ལ། ཧཱུྃ༔ ཕྱི་ནང་སྣོད་བཅུད་སོགས་དང་དྲག་སྔགས་ཀྱིས་མཚམས་བཅད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ ཞེས་སོགས་ཀྱིས་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་དུས་གསུམ་རྒྱལ་བ་ཡོངས་ཀྱི་སྤྱི་གཟུགས་རྡོ་རྗེ་ཁྲག་འཐུང་པདྨ་ཀུན་ཏུ་འཆང་ཆེན་པོ་ཉིད་སྟོན་འཁོར་རང་རྒྱུད་པའི་ཚུལ་དུ་སྣང་བས། ཕྱོགས་དུས་ཀྱི་དཀོན་མཆོག་རྩ་གསུམ་ཐམས་ཅད་ཉིད་ཀྱི་རྣམ་པར་རོལ་པ་ལས་གཞན་དུ་མ་དམིགས་པས་དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་ཀྱི་ཚུལ་དུ་རང་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་དཔག་ཏུ་མེད་པ་རྡོ་རྗེ་ནཱ་དའི་རང་སྒྲར་དུས་བཞི་་མཉམ་ཉིད་ཆེན་པོར་བསྒྲགས་པ་ལས། གངས་ཅན་གདུལ་བྱའི་དཔྱིད་དུ་བླ་མ་ཕྱི་ནང་གསང་བ་ཡང་གསང་གི་ཚུལ་དུ་སྒྲུབ་པའི་རྒྱུད་དང་གདམས་ངག་མཐའ་ཡས་པ་བྱོན་ཅིང་འབྱོན་ལ་འབྱོན་པར་འགྱུར་བ་ལས། འདིར་གསང་བ་བླ་མ་དྲག་པོར་སྒྲུབ་པའི་སྐོར་ཏེ། དེའང་རྩ་བ་རྡོ་རྗེའི་གསུང་ལས། ཨེ་མ་ཧོ༔ ཐུགས་སྒྲུབ་དྲག་པོའི་སྐུ་གསུང་ཐུགས༔ ཟབ་རྒྱས་འདུས་པའི་སྙིང་ཐིག་འདི༔ རིག་འཛིན་རྣམས་ཀྱི་སྤྱི་སྒྲུབ་ཡིན༔ སྒྲུབ་ཆེན་བཀའ་བརྒྱད་རྩ་བ་ཡིན༔ མཛོད་བཞི་འདུས་པའི་སྙིང་པོ་ཡིན༔ གཏེར་ཆེན་ཀུན་གྱི་ཡང་སྙིང་ཡིན༔ མཁའ་འགྲོ་འདུས་པའི་སྙིང་ཁྲག་ཡིན༔ ལྷ་སྲིན་སྡེ་བརྒྱད་སྲོག་རྩ་ཡིན༔ ལས་ཅན་བུ་ཡི་དངོས་གྲུབ་ཡིན༔ ལྔ་བརྒྱ་སྙིགས་མ་ཤར་བའི་ཚེ༔ བོད་ཁམས་ཡོངས་ཀྱི་དོན་ཕྱིར་བཞག༔ ཅེས་བསྔགས་པ་བརྗོད་པ་དོན་དང་ལྡན་པའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་འདི་ནི་ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་གི་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནས་མཛོད་ལྔ་འདུས་པའི་ཟབ་གཏེར་ཆེན་པོ་སྤྱན་དྲངས་པའི་ནང་ཚན་ལྷོ་གསེར་མཛོད་སེར་པོ་ནས་བྱོན་པ་སྟེ། དེ་ལ་སྨིན་གྲོལ་གཉིས་ལས་ད་ལམ་སྨིན་བྱེད་རྩ་བའི་དབང་འབྲིང་པོ་བསྐུར་བ་ལ་བདག་ཉིད་ཀྱི་བགྱི་འོས་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྔོན་ཆད་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་མཚོན་ཕྱིར། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མིག་དར་གཡོགས། དཀྱིལ་འཁོར་གྱི་ལྷ་དང་མཇལ་ཡོན་གྱི་ཕྱིར། ཨཱ་ཁཾ་བཱི་ར་ཧཱུྃ། གིས་ཅོད་པན་གཏད། འཇུག་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་ཁྱོད་ལ་འདུད༔ ཐར་ལམ་ཆེན་པོ་བདག་འདོད་དོ༔ དེ་ཉིད་དབང་དང་དམ་ཚིག་དང༔ མགོན་པོ་དཔའ་བོར་སྐྱབས་སོང་ནས༔ ཐེག་ཆེན་ཁང་བུར་འཇུག་པ་དང༔ མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ༔ ལན་གསུམ། དེའི་ལན་དུ། སྔོན་སྦྱངས་སྐལ་བར་མི་ལྡན་ན༔ འཇུག་པར་དཀའ་ལ་ཉེས་དམིགས་ཆེ༔ བཀའ་འདས་འདིར་སྡུག་ཕྱི་མ་བརླག༔ ལས་འཕྲོ་མེད་ན་ཕྱིར་དེངས་ཤིག༔ དེའི་ལན་དུ་རྗེས་ཟློས། ཧོ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སྙིང་པོར་མཆིས་བར་དུ༔ བཀའ་སྒྲུབ་དབང་ཞུ་དམ་བསྲུང་ལགས༔ གསང་བའི་དཀྱིལ་འཁོར་འཇུག་པར་ཞུ༔ ལན་གསུམ། ནང་པའི་ཐེག་པ་ཐམས་ཅད་ཀྱི་གཞི་རྟེན་དང་འཇུག་སྒོར་གྱུར་པ་སྐྱབས་སུ་འགྲོ་བའི་སྡོམ་པ་བླང་བ་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རྩེ་གཅིག་བྱིན་གྱིས་རློབ་མཛད་པའི༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ལན་གསུམ། དབང་གི་ཡེ་ཤེས་སྐྱེ་བ་ལ་རྒྱུད་སྡོམ་ལྡན་དུ་བསྒྲུབ་དགོས་ལ་དེའང་སྡོམ་གསུམ་རིམ་ཅན་འབོགས་པ་ཡིན་པས་ཐོག་མར་སོ་སོ་ཐར་པའི་སྡོམ་པ་བླངས་ཏེ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་ཀུན་བཟང་རྡོ་རྗེ་འཛིན༔ རྒྱལ་བ་ཞི་ཁྲོ་སྤྲུལ་འཁོར་བཅས༔ ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས༔ ཐམས་ཅད་འདུས་པའི་སྤྱན་སྔ་རུ༔ ལུས་ཀྱི་སྒོ་ནས་སྲོག་གཅོད་དང༔ རྐུ་འཕྲོག་གནོད་སྤང་དགེ་བཅུ་བསྒྲུབ༔ ངག་གི་སྒོ་ནས་ཚིག་རྩུབ་དང༔ སྐུར་འདེབས་རྫུན་སྤང་དགེ་བཅུ་བསྒྲུབ༔ ཡིད་ཀྱི་སྒོ་ནས་གནོད་སེམས་དང༔ ལོག་སེམས་སྤང་ནས་དགེ་བཅུ་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང༔ ལན་གསུམ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྨོན་འཇུག་གཉིས་ལས་ཚུལ་ཁྲིམས་གསུམ་ཀའི་གཞི་རྟེན་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་གསུམ་པོ་དགོངས་སུ་གསོལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ མ་བརྒལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་ཕྱུང་བ་དབུགས་དབྱུང་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། འཇུག་པའི་སེམས་བསྐྱེད་ནས་ཚུལ་ཁྲིམས་རྣམ་པ་གསུམ་ལ་བསླབ་ཅིང་བསྒྲུབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༔ སྡོམ་པ་ལ་ནི་གནས་པ་ལྟར༔ དེང་ནས་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་སློབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བསྲུང༔ བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས༔ མ་བརྒལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ལན་གསུམ། དོན་དམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟོགས་དགོངས་ཀྱིས་མ་ཟིན་པའི་བསླབ་པ་དུག་བཅས་སུ་འགྱུར་བས་རྒྱས་འདེབས་ཀྱི་ལྟ་བ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་ཀྱིས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གསུམ་བསྡུས་པ་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་བཟུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ་༔ བླ་མ་ཡི་དམ་མི་སྤང་ངོ་༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ ཡང་དག་སྙིང་པོའི་དོན་ལ་འཇུག༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ འཕགས་པའི་གསུང་རྣམས་དང་དུ་བླངས༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ འཕགས་མཆོག་རྣམས་ནི་སྤྱི་བོར་འཁུར༔ བླ་མ་ཡི་དམ་དམ་ཚིག་ཏུ༔ རང་སེམས་གཙང་མ་དཔང་དུ་འཛུགས༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་དུས་རྣམས་རྟག་ཏུ་གཏང༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་རབ་བརྩོན་བྱ༔ བདེ་གཤེགས་རིགས་ཀྱི་དམ་ཚིག་ཏུ༔ ངོ་བོའི་དོན་ལས་འདའ་མི་བྱ༔ ཐམས་ཅད་འདུས་པའི་དམ་ཚིག་ཏུ༔ ཀུན་ལ་ཡིན་ཕྱིར་དེ་དག་བཟུང༔ ལན་གསུམ་བྱ། དེ་ནས་ཁྱེད་རང་རྣམས་ཀྱི་ལག་ཏུ་རྡོ་རྗེ་ཕྱེད་གཏད་པ་ལ་འཇུས་ནས་ཡོལ་བའི་ནང་དུ་ཞུགས་པར་མོས་ཤིག །ཛཿཧཱུྃ་བཾ་ཧོཿ ཞེས་ཡོལ་བ་བསལ་ཏེ་ཡོལ་བའི་ནང་འཇུག་བྱེད། དཀྱིལ་འཁོར་གྱི་ནང་འཇུག་གི་སླད་དུ་འདིའི་རྗེས་ཟློས། ཧོ༔ ཡེ་ཤེས་དཀྱིལ་འཁོར་སྒོ་བཞི་རུ༔ བདག་ཅག་འཇུག་པར་འཚལ་ལགས་ཀྱིས༔ ཡོངས་རྫོགས་ལྷ་དང་ཞལ་མཇལ་ཞིང༔ དབང་ཆེན་རབ་འབྱམས་བསྐུར་དུ་གསོལ༔ ལན་གསུམ། ལས་ཀྱི་རྡོ་རྗེས་དྲངས་ཏེ་འདོད་སྣམ་གྱི་སྟེང་ནས་ལན་གསུམ་བསྐོར་ཏེ། ཕྱོགས་བཞིའི་སྒོ་ཕྱེ་ནས་ཤར་སྒོའི་ནང་དུ་སླེབ་པར་མོས་ལ་གསང་བ་ཆེན་པོའི་དམ་ལ་བཞག་པའི་རིམ་པ་རྣམས་ཐུགས་ལ་ངེས་འཚལ། རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་འདིར་དེ་བཞིན་གཤེགས་པ་རྣམས༔ ཁྱོད་ལ་བྱིན་གྱིས་རློབ་པར་འགྱུར༔ དེ་ཡི་ཕྱིར་ན་གཞན་དག་ལ༔ ཅུང་ཟད་ཙམ་ཡང་མ་སྨྲ་ཞིག༔ རྡོ་རྗེ་སྙིང་གར་བཞག་སྟེ། དེ་བཞིན་ཧེ་རུ་ཀ་དཔལ་གང༔ ཁྱོད་ཀྱི་སྙིང་ལ་གནས་པར་འགྱུར༔ ཚུལ་དེ་གཞན་ལ་མ་སྨྲ་ཞིག༔ སྨྲས་ན་གཞན་དུ་དྲལ་ཏེ་གཤེགས༔ བདུད་རྩིའི་དམ་ཆུ་སྦྱིན་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ འདས་ན་མྱུར་དུ་བརླག་པར་འགྱུར༔ རྡོ་རྗེ་བདུད་རྩིའི་ཆུ་ཐུངས་ཤིག༔ ས་མ་ཡ་ཨི་དནྟེ་ན་ར་ཀན༔ ཕྱག་སྤྱི་བོར་བཞག་སྟེ། ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ རྡོ་རྗེ་སེམས་དཔའ་ང་ཡིན་གྱིས༔ ང་ལ་བརྙས་པར་མི་བྱེད་ཅིང༔ ཅི་བསྒོ་བ་ལ་ཉན་པར་བྱོས༔ སྐབས་དེར་ཡེ་ཤེས་དབབ་པའི་དོན་དུ་མཎྜལ་ཕུལ་ནས་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད༔ བརྩེ་བར་དགོངས་ཏེ་བདག་ལ་ཡང༔ དབང་བསྐུར་བདུད་རྩི་ཆེན་པོ་ཉིད༔ དེང་འདིར་རབ་ཏུ་སྩོལ་བར་མཛོད༔ ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་ཆོས་བདུན་དང་ལྡན་པས་དམིགས་པ་མ་ཡེངས་པར་བསྒོམ་པར་ཞུ། ལས་ཆུ་དང་། བཛྲ་ཡཀྵས་བསང་། སྭ་བྷཱ་བས་སྦྱང་། བརྟན་གཡོ་སྣོད་བཅུད་དང་སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་པ་སྟོང་པར་གྱུར། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་པདྨ་ཉི་ཟླ་རུ་དྲའི་གདན་ལ་སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པ་སྐུ་་མདོག་ཕྱག་མཚན་རྒྱན་ཆས་ཡོངས་སུ་རྫོགས་པར་གསལ་བའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་དབུས་སུ་རྡོ་རྗེ་གཞོན་ནུ་དང་། དེའི་དབུ་གཙུག་ཏུ་རིག་འཛིན་བླ་མ་རྡོ་རྗེ་དྲག་པོ་རྩལ། ཕྱོགས་མཚམས་ཀྱི་འདབ་བརྒྱད་ལ་སྒྲུབ་སྡེ་བརྒྱད་ཀྱི་ལྷ་རྣམས་ཚིག་འདི་ལྟར་ལེགས་པར་སྒོམས་མཛོད། དེ་ཡི་སྙིང་གའི་དབུས་ཉིད་དུ༔ དཔལ་ཆེན་ཡབ་ཡུམ་གསལ་བར་བསྒོམ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་དང༔ མེ་དཔུང་ཁ་ཊྭཱཾ་ཕུར་པ་བསྒྲིལ༔ ཡུམ་ནི་ཞལ་གཅིག་ཕྱག་གཉིས་པ༔ གཡས་པ་ཡབ་ལ་འཁྱུད་པ་ལ༔ གཡོན་པ་ཐོད་ཁྲག་སྟོབ་པ་བསྐྱེད༔ གཡས་བསྐུམ་གཡོན་བརྐྱང་བརྗིད་པའི་སྐུ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ དེ་ཡི་སྤྱི་གཙུག་པད་སྡོང་སྟེང༔ རང་བྱུང་རྡོ་རྗེ་དྲག་པོ་རྩལ༔ ཁྲོས་མ་ནག་མོ་ཡུམ་དང་རོལ༔ ཧཱུྃ་གི་སྒྲ་སྒྲོག་དི་རི་རི༔ ཕྱོགས་མཚམས་པདྨ་འདབ་བརྒྱད་ལ༔ ཤར་དུ་དཔལ་ཆེན་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་དམར་འཛིན༔ ཤར་ལྷོར་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ ནག་པོ་བེ་ཅོན་སྡིགས་མཛུབ་མཛད༔ ལྷོ་ནུབ་མངོན་རྫོགས་རྒྱལ་པོའི་སྐུ༔ མཐིང་ནག་རྡོ་རྗེ་དུང་དམར་འཛིན༔ ནུབ་ཏུ་པདྨ་ཧེ་རུ་ཀ༔ དམར་ནག་པདྨ་སྡིགས་མཛུབ་མཛད༔ ནུབ་བྱང་མགོན་པོ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་བུམ་པ་འཛིན༔ བྱང་དུ་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་ཕྱག་གཉིས་ཕུར་པ་འདྲིལ༔ བྱང་ཤར་ཕྱག་ན་རྡོ་རྗེའི་སྐུ༔ མཐིང་ནག་རྡོ་རྗེ་སྡིགས་མཛུབ་མཛད༔ ཀུན་ཀྱང་དྲེགས་པ་བརྫིས་པའི་གདན༔ རྔམ་བརྗིད་རོལ་པའི་སྟབས་སུ་བཞུགས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ ཚེ་དཔག་མེད་པ་སྤྲུལ་སྐུའི་ཆས༔ བྱང་གི་ཁྲོ་བོའི་སྐུ་སྨད་ནི༔ ཕུར་པའི་དབལ་དུ་རྔམ་པ་འོ༔ བར་ཁྱམས་ལྷ་ཡི་ཕོ་བྲང་ཀུན༔ མཁའ་འགྲོ་མང་པོ་སྤྲིན་ལྟར་གཏིབས༔ སྟེང་འོག་རྒྱུ་ལམ་སྒོ་བཞི་ལ༔ སྤྲུལ་པའི་རྒྱལ་ཆེན་རིགས་བཞི་པོ༔ གསང་བའི་ཡུམ་མཆོག་ཁྲོ་མོ་བཞི༔ ཤར་དུ་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་རུ་སྔོན་མོ་ཞགས་པ་འཛིན༔ ནུབ་ཏུ་དམར་མོ་ལྕགས་སྒྲོག་འཛིན༔ བྱང་དུ་ལྗང་གུ་དྲིལ་བུ་འཛིན༔ དེ་ལྟར་གསལ་བཏབ་སྟེ་དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་གཉིས་སུ་མེད་པར་གུས་འདུད་ཀྱི་རྐྱེན་ལས། ཁྱེད་རང་གི་གནས་གསུམ་གྱི་ཡི་གེ་དང་བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། རྔ་ཡབ་དཔལ་རི་ནས་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་ལ་ཆར་སྤྲིན་འཐིབས་པ་ལྟར་བྱོན་ཏེ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་མོས་མཛོད། གུ་གུལ་དཀར་ནག་གི་དུད་པ་ཌཱ་དྲིལ་བཅས། བཞེངས་བསྐུལ་ཡོངས་རྫོགས་ཀྱི་མཐར། ཧཱུྃ་ཧཱུྃ་ཧཱུྃ་ཨོཾ་བཛྲ་ཨཱ་རལླི་ཧཱུྃ་ཛ༔ མ་ཧཱ་སུ་ཁ་ནི་དེ་བ་དཏྟ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་དབབ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་ལ་ཏིཥྛ་བཛྲ་བརྗོད། དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་རྟེན་དུ་མེ་ཏོག་ཕུལ་བར་བསམས་ཏེ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བདག་འབུལ་གྱིས༔ དངོས་གྲུབ་རྣམ་གཉིས་བདག་ལ་བསྩལ་དུ་གསོལ༔ བོ་དྷི་ཙིཏྟ་ཨ་པྲ་ཏི་པཱུ་ཛ་ཧོ༔ གསང་མཚན་འདོགས་ན་རས་བྲིས་འདབ་བརྒྱད་དང་མི་འདོགས་ན་དཀྱིལ་འཁོར་དུ་འདོར། དེ་ལྟར་དཀྱིལ་འཁོར་དུ་ཕུལ་བའི་མེ་ཏོག་དེ་ཉིད་བླངས་ཏེ་སྤྱི་བོར་བཞག་པར་མོས་མཛོད། ཨོཾ་པྲ་ཏི་གྲྀཧྞ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མགོ་བོར་དཀྲིས་ཏེ་སྤྱི་བོར་བཞག །མིག་དར་ཕྱེ་ལ། ཧཱུྃ༔ སྔོན་གྱི་རྒྱལ་བ་མིག་མཁན་གྱིས༔ གཟུང་འཛིན་རབ་རིབ་བསལ་བ་ལྟར༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ རབ་རིབ་ང་ཡིས་བསལ་བར་བྱ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ དཀྱིལ་འཁོར་བསྟན་ལ། ཧོ༔ བུ་ཁྱོད་རྩོལ་སེམས་མ་ཆུང་ཞིག༔ རང་བྱུང་ཡེ་ཤེས་ཕྱི་ནང་མེད༔ ཟང་ཐལ་བླ་མ་ཡི་དམ་ལྷ༔ རང་ལ་རྟག་ཏུ་གནས་པའི་ཕྱིར༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ སྔགས་དང་ཕྱག་རྒྱའི་དངོས་གྲུབ་ཐོབ༔ རྟག་ཏུ་དམ་ཚིག་གཉན་པོ་སྲུངས༔ ས་མ་ཡ་ཨི་དནྟེ་ན་ར་ཀན༔ དེའང་མཚོན་བྱེད་དཔེའི་དཀྱིལ་འཁོར་འདི་ཉིད་རས་བྲིས་ལ་བརྟེན་པ་སྟེ། རྟེན་གྱི་དཀྱིལ་འཁོར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་དཔུང་ཁ་དོག་ལྔ་འབར་ཞིང་འཁྲུགས་པ། མཚོན་ཆ་ལྔ་འཕྲོ་ཞིང་མཚམས་ཀྱི་རོལ་པ་ཆེན་པོའི་སྲུང་བའི་འཁོར་ལོ། དེའི་ནང་དུ་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པ། སྣ་ཚོགས་པདྨས་ཁོར་ཡུག་ཏུ་བསྐོར་བའི་ཟེའུ་འབྲུར་ཉི་མའི་དཀྱིལ་འཁོར་དང་རྡོ་རྗེ་རྒྱ་གྲམ་གྱི་སྟེགས་བུ་ལ་གནས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་པདྨ་འདབ་བརྒྱད་གློ་འབུར་གྱི་གྲུ་ཆད་བཞི་ཁྱམས་དང་བཅས་པའི་དབུས་ཀྱི་ལྟེ་བར་པད་ཉི་རུ་དྲའི་གདན། ཕྱོགས་མཚམས་ཀྱི་པད་འདབ་བརྒྱད་སོགས་ལ་རང་རང་གི་ལྷ་གནས་ཀྱི་གདན་དང་བཅས་པའི་གཞལ་ཡས་ཁང་དང་། བརྟེན་པ་ལྷ་ནི་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ། དེའི་དབུ་གཙུག་ཏུ་བླ་མ་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་ཡུམ་ཁྲོས་མ་ནག་མོ་དང་སྦྱོར་ཞིང་། ནང་འཁོར་ལོ་ལྔའི་གནས་སུ་ཐོད་ཕྲེང་རྩལ་རིགས་ལྔ་ཡབ་ཡུམ་མཁའ་འགྲོའི་ཚོགས་དང་བཅས་པ་སྟེ་ཟབ་མོ་ལུས་ཀྱི་དཀྱིལ་འཁོར། དཀྱིལ་འཁོར་ཆེན་པོའི་ཕྱོགས་མཚམས་བརྒྱད་ཀྱི་པད་འདབ་བརྒྱད་ལ་ཤར་དུ་དཔལ་ཆེན་པོ་ཡང་དག་བཛྲ་ཧེ་རུ་ཀ །ཤར་ལྷོར་ཆེ་མཆོག་ཧེ་རུ་ཀ །ལྷོར་འཇམ་དཔལ་གཤིན་རྗེ་གཤེད། ལྷོ་ནུབ་ཏུ་མངོན་རྫོགས་མ་མོ། ནུབ་ཏུ་རྟ་མགྲིན་དབང་ཆེན། ནུབ་བྱང་དུ་མགོན་པོ་ཚེ་དཔག་མེད་སྤྲུལ་སྐུ །བྱང་དུ་རྡོ་རྗེ་གཞོན་ནུ། བྱང་ཤར་དུ་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ། གློ་འབུར་གྱི་གྲུ་ཆད་བཞིར་མཆོད་པའི་ལྷ་མོ་སྒེག་སོགས་བརྒྱད། ནང་ཁྱམས་སེར་པོ་ལ་མཁའ་འགྲོ་སྡེ་ལྔ། ཕྱི་ཁྱམས་ཁྲག་མཚོ་དམར་པོ་ལ་དབང་མོ་ཉེར་བརྒྱད། སྒོ་བཞིར་མཐར་བྱེད་ཡབ་ཡུམ་དང་རྒྱལ་ཆེན་སྡེ་བཞི། གཞལ་ཡས་ཁང་གི་ཕྱི་ནང་ཀུན་ཁྱབ་ཏུ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་བཀའ་སྡོད་དྲེགས་པའི་ཚོགས་དང་བཅས་པ་མངོན་སུམ་ལྟ་བུར་མཐོང་བྱུང་སྙམ་དུ་མོས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་འཚལ། དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་དབང་བཞི་རིམ་པར་བསྐུར་བའི་ཐོག་མར་བུམ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ མཆོག་སྦྱིན་ཇི་ལྟར་བསྩལ་པ་ལྟར༔ བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་དེང་བདག་སྩོལ༔ ལན་གསུམ། རྣམ་རྒྱལ་བུམ་པ་བཏེགས་ལ། བུམ་པ་འདི་ཕྱི་བུམ་པའི་རྣམ་པ་ལ་ནང་ན་ལྷ་ཚོགས་རྣམས་ཆུ་ལས་ཉ་ལྡང་བ་ལྟར་གཟུགས་སྐུར་བཞེངས་ཏེ་དབང་བསྐུར་བས་སྦྱོར་མཚམས་ཀྱི་བདུད་རྩིའི་རྒྱུན་བབས་ཁྱེད་རང་གི་སྤྱི་བོ་ནས་ཞུགས་ལུས་གང་། སྒྲིབ་བཞི་དག །དབང་བཞི་ཐོབ། ཆུ་ལྷག་གྱེན་དུ་འཁྱིལ་པས་མི་བསྐྱོད་པས་དབུ་བརྒྱན་པར་མོས་མཛོད། ཧཱུྃ༔ བུམ་པས་དབང་བསྐུར་རིགས་ལྔ་ཡེ་ཤེས་ལྔ༔ སྤྱི་བོར་བཞག་པས་དབང་བསྐུར་མཆོག་གྱུར་ཏེ༔ ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་དག་ནས༔ བཀྲ་ཤིས་རྣམ་པར་རྒྱལ་བའི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ བུམ་ཆུ་སྦྱིན། རིགས་ཀྱི་བུ་ལ་བུམ་པས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་དུག་ལྔ་ཡེ་ཤེས་ལྔར་དག །སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན་པར་མོས་ཤིག །དཀྱིལ་འཁོར་གྱི་ལྷ་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་བྱོན་ཏེ་སློབ་མའི་སྙིང་གའི་ལྷ་དམ་ཚིག་པ་རྣམས་ལ་ཐིམ་པར་མོས་ཤིག །འདིར་ལྷ་དབང་ཐམས་ཅད་ཐུགས་ཀར་བསྐུར་དགོས་པས་གཙོ་བོའི་སྐུ་ཐོགས་ཏེ། ཧཱུྃ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་སྟེ༔ རྒྱ་མཚོ་ཡངས་པའི་ཀློང་ནས་བརྡ་ཡིས་བྱོན༔ སངས་རྒྱས་ཀུན་གྱི་གསུང་གི་སྤྲུལ་པ་སྟེ༔ མ་ཆགས་པདྨའི་སྡོང་པོའི་རྩེ་ལས་བྱོན༔ སངས་རྒྱས་ཀུན་གྱི་སྐུ་ཡི་སྤྲུལ་པ་སྟེ༔ རང་བྱུང་མཚན་དང་དཔེ་བྱད་ལྡན་པར་བྱོན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ པདྨ་འབྱུང་གནས་ཐུགས་རྗེའི་བྱིན་རླབས་ཀྱིས༔ འགྲོ་དོན་རྒྱ་ཆེར་ནུས་པའི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་སྒྲུབ་སྡེ་བརྒྱད་པོ་སྔགས་ཀྱིས་བསྐུར་ཏེ། ཡང་དག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ ཆེ་མཆོག །ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨ་བྷི་ཥིཉྩ་ཨཱ༔ གཤིན་རྗེ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ༔ མ་མོ། ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་སཏྭཾ་ཧ་ཧེ་ཕཊ་མ་མ་ཡོ་གི་ནཱི་རུ་ལུ་བྷྱོ༔ ཨ་བྷི་ཥིཉྩ་ཨཱ༔ རྟ་མགྲིན། ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ༔ ནུབ་བྱང་གི་ཚེ་དཔག་མེད་ལྕགས་སྡོང་མ། ཨོཾ་ཨཱཿཧཱུྃ་ནྲྀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུརྫྙཱ་ན་སིདྡྷི་ཨཱཿཧཱུྃ༔ ཨ་བྷི་ཥིཉྩ་ཨཱཿ ཕུར་པ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱཿ དྲེགས་པ་ཕྱག་རྡོར། ཨོཾ་ནཱི་ལཾ་བྷ་ར་དྷ་ར་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱཿ མཐའ་རྟེན་དུ་རྡོར་དྲིལ། རྒྱལ་མཚན། དུང་དཀར། རྔ་ཆེན་རྣམས་གཏད་ལ། རྡོ་རྗེ་དྲིལ་བུ་རྒྱལ་མཚན་དང༔ དུང་དང་རྔ་ཆེན་རོལ་མོ་སོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སངས་རྒྱས་བསྟན་པ་རྒྱས་བྱེད་པའི༔ རྟགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ བཛྲ་ཛྙཱ་ན་ཀེ་ཏུ་བྷི་ར་ཡ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཕྱི་ལྟར་བུམ་པ་ལྷ་ཡི་དབང༔ བྱང་ཆུབ་སེམས་དཔའི་རིགས་ལ་བསྐུར༔ གཞན་དོན་སྙིང་རྗེས་ཟིན་པར་མཛོད༔ དེ་ལྟར་བུམ་དབང་ཐོབ་པས་ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་དང་ཕྱི་མཆོད་ལ་དབང་། ཞི་བའི་ལས་འགྲུབ། ས་དྲུག་ནོན། སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བདེ་གཤེགས་ལྷ་ཡི་ལྷ༔ རྣལ་འབྱོར་མཆོག་གི་དངོས་གྲུབ་འདི༔ བདག་ཉིད་རབ་ཏུ་བསྒྲུབ་པར་བགྱི༔ རང་བྱུང་རང་གནས་བདག་ཉིད་ཆེ༔ བདག་ལ་ཡང་དག་བསྟན་དུ་གསོལ༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེ༔ འདི་ལས་སྒྲོལ་བར་མཛད་དུ་གསོལ༔ ལན་གསུམ། གསང་དབང་མ་ཐོབ་པའི་བརྡར་མིག་དར་འཆིང་བའམ་བཅིངས་པར་མོས་མཛོད། གསང་རྫས་བདུད་རྩི་རྫས་ལྡན་སྦྱར་བ་རྡོ་རྗེས་དཀྲུག་ཚུལ་བྱ། བླ་མ་རྡོ་རྗེ་དྲག་པོ་རྩལ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་དཀར་དམར་གྱི་རྒྱུན་སློབ་མའི་ངག་གམ་མགྲིན་པར་བླུད་པར་མོས་མཛོད། གསང་རྫས་མགྲིན་པར་བཞག་སྟེ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས༔ བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར༔ བདག་གིས་གཉིས་མེད་རོལ་པ་ཡིས༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ བདུད་རྩི་བླུད་ལ། སློབ་བུའི་མགྲིན་པ་ཐིག་ལེས་གང༔ རླུང་ནི་ལན་གསུམ་ནང་དུ་རྔུབ༔ ལུས་ཀྱི་མགོ་མཇུག་ཐིག་ལེས་གང༔ ཐམས་ཅད་བདེ་ཆེན་འབར་བར་བསམ༔ གཟུང་འཛིན་ལ་སོགས་རྟོག་ཚོགས་དག༔ ཅེས་དང་། ཧཱུྃ་བརྗོད་ཅིང་མཐེབ་སྲིན་གྱིས་སློབ་བུར་བདུད་རྩི་གཏོར། གསང་དབང་ཐོབ་པའི་བརྡར་མིག་དར་སོལ་ཅིག །ལས་ཅན་རིགས་ཀྱི་བུ་ཁྱོད་ཀྱིས༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང༔ ངག་གི་དྲི་མ་དག་པ་ཡིན༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་གསང་དབང་ཐོབ་པས་ངག་གི་སྒྲིབ་པ་དག །ལམ་རྫོགས་རིམ་རླུང་དང་གཏུམ་མོ་མཚན་བཅས་ཀྱི་རིམ་པ་བསྒོམ་པ་དང་ཤ་ལྔ་བདུད་རྩི་སོགས་ནང་མཆོད་ལ་དབང་། རྒྱས་པའི་ལས་འགྲུབ། ས་བརྒྱད་ནོན། ལོངས་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པའི་རྗེས་ཟློས། ཨེ་མ་བདེ་གཤེགས་ལྷ་ཡི་ལྷ༔ རྣལ་འབྱོར་མཆོག་གི་དངོས་གྲུབ་འདི༔ བདག་ཉིད་རབ་ཏུ་བསྒྲུབ་པར་བགྱི༔ རང་བྱུང་རང་གནས་བདག་ཉིད་ཆེ༔ བདག་ལ་ཡང་དག་བསྟན་དུ་གསོལ༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེ༔ འདི་ལས་སྒྲོལ་བར་མཛད་དུ་གསོལ༔ ལན་གསུམ། གསང་བའི་སྤྱོད་པ་ཉམས་སུ་མྱོང་ཕྱིར་གདོང་གཡོགས་འཆིང་བའམ་བཅིངས་པར་མོས། ཕྱག་རྒྱའི་ཙཀླི་མེ་ལོང་དུ་འཆར་བ་བསྟན་ཏེ། དགའ་བ་ཆེན་མོའི་ལྷ་མོ་འདི༔ མཛེས་སྡུག་ཡིད་འོང་གསང་བའི་ཡུམ༔ ཟུངས་ཤིག་ཟུངས་ཤིག་སྐལ་པ་ཅན༔ བདེ་ཆེན་རོལ་པས་མཆོད་པར་གྱིས༔ རིག་མའི་ལག་གཡོན་ནས་སློབ་མའི་ལག་པ་གཡས་སུ་གཏད་པས་ཕྱག་རྒྱ་དེས་འདི་ལྟར་གསུངས་པར་མོས་མཛོད། བཤང་གཅིའི་རྫས་ལ་ཟ་ནུས་སམ༔ ཁྲག་དང་ཁུ་བ་བསྟེན་ནུས་སམ༔ བུད་མེད་ཡོངས་ལ་སྤྲོ་བྱེད་དམ༔ བྷ་ག་པདྨར་འོ་བྱེད་དམ༔ རྟོག་པ་ཐམས་ཅད་འཇོམས་ནུས་སམ༔ ཞེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། བཤང་གཅི་རྫས་ལ་ཟ་ནུས་སོ༔ ཁྲག་དང་ཁུ་བ་བསྟེན་ནུས་སོ༔ བུད་མེད་ཡོངས་ལ་སྤྲོ་བྱེད་དོ༔ བྷ་ག་པདྨར་འོ་བྱེད་དོ༔ རྟོག་པ་ཐམས་ཅད་འཇོམས་ནུས་སོ༔ ཞེས་ལན་བཏབ་པས་རིག་མ་དགྱེས་ནས་གོས་ཕུད་དེ་པདྨའི་དཀྱིལ་འཁོར་སྟོན་བཞིན་དུ་སྤྲོ་བ་བསྐྱེད་པ་ནི། ཨེ་མ་ཧོ་བདག་གི་པདྨ་འདི༔ བདེ་བ་ཐམས་ཅད་འབྱུང་བའི་གནས༔ ཐེ་ཚོམ་མེད་པར་འདི་བསྟེན་ན༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང༔ སྐྱེ་བོ་མ་རིག་རང་གར་སྤྱོད༔ ཐེ་ཚོམ་ཅན་རྣམས་འདི་སྤོང་བ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ ཅེས་གསུངས་ཏེ་པང་དུ་བྱོན་པ་ལ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་ཤིང་དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་བསྒོམ་པ་སོགས་འདི་བཞིན་དུ་མཛོད་ཅིག །བདག་ཉིད་སྤྲུལ་པའི་སྐུར་བསྐྱེད་ཕྱིར༔ ཡི་དམ་ཡབ་ཡུམ་གསལ་བར་བསྒོམ༔ བདག་ཉིད་ལོངས་སྐུར་བསྐྱེད་པ་ཡི༔ མཁའ་གསང་རྡོ་རྗེ་པདྨར་བསྐྱེད༔ བདག་ཉིད་ཆོས་སྐུར་མཚོན་པའི་ཕྱིར༔ ཡིད་ཀྱི་སྙོམས་འཇུག་ཡང་ཡང་བྱ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག༔ ཆོས་སྐུ་མངོན་དུ་བྱས་པ་འོ༔ སློབ་བུ་རྣམ་རྟོག་ཤས་ཆེ་ན༔ བྱིན་གྱིས་བརླབ་ཅིང་རྟོག་པ་བསྒྱུར༔ ཆེད་དུ་བྱ་བ་ལ་སོགས་པའི༔ ཐབས་ལ་མཁས་པའི་རྟེན་འབྲེལ་བྱ༔ དགའ་བཞིའི་ཡེ་ཤེས་བསྐྱེད་པའི་ཕྱིར༔ དང་པོ་མཛེས་མ་ཡིད་འོང་མ༔ བྱིན་གྱིས་བརླབ་ཅིང་གཟུགས་ལ་བལྟ༔ སྙན་པའི་ངག་ལ་ཉན་པར་བྱ༔ དྲི་ཞིམ་གཟུགས་ལ་མནམ་པ་དང༔ འོ་དང་འཁྱུད་པ་ལ་སོགས་པ༔ དྲན་པ་ཡུལ་དུ་ཅི་ཤར་བ༔ དང་པོ་དགའ་བའི་ཡེ་ཤེས་སོ༔ དེ་ནས་ཡན་ལག་སྒྲིམ་ཞིང་ཀློད༔ རླུང་གི་གནད་ནི་འོག་རླུང་བསྐྱོད༔ བརྒྱལ་ནས་བྱུང་རྒྱལ་ཉིད་དུ་བཞག༔ དེ་ཡིས་བདེ་བ་མ་སྐྱེས་ན༔ རྡོ་རྗེ་པདྨ་མཉམ་པར་སྦྱར༔ རྗེས་ཆགས་མཆོག་དགའི་ཡེ་ཤེས་སོ༔ དལ་བུ་དལ་བུས་བསྲུབ་པ་དང༔ དྲག་པོས་བསྲུབ་པ་སྐབས་དང་སྦྱར༔ བདེ་བ་ཆེན་པོ་གཡོས་པའི་དོན༔ མི་རྟོག་ཡེ་ཤེས་ཆེན་པོ་འཆར༔ བྲལ་བའི་དགའ་བ་ཞེས་བྱ་འོ༔ རྗེས་ཆགས་དྲོད་ཀྱི་མེ་འབར་བས༔ ཡབ་ཀྱི་ཁམས་ཀྱི་དྭངས་མ་ཞུ༔ དབུ་མའི་ལམ་བརྒྱུད་མཁའ་ལ་བབས༔ ཡུམ་གྱི་དྭངས་མ་འོད་ཀྱིས་ཞུ༔ དབུ་མའི་ལམ་ནས་གསང་བར་བབས༔ སྙོམས་འཇུག་བྱས་པས་ཡབ་ཡུམ་གྱི༔ ཐིག་ལེ་དཀར་དམར་གཅིག་ཏུ་འདྲེས༔ ཉི་ཟླ་འོད་ཟེར་འཕྲད་པ་དེ༔ ཕྱི་ལྟར་ཉི་ཟླ་གཟས་ཟིན་དུས༔ ནང་ལྟར་གཉིས་འཛིན་ཐེ་ཚོམ་བྲལ༔ ལུས་ཀྱི་སྒྲིམ་ཀློད་ཡང་ཡང་བྱ༔ འོག་རླུང་འཐེན་ཅིང་སྟེང་རླུང་མནན༔ མི་རྟོག་ཡེ་ཤེས་ཆེན་པོའི་དོན༔ བློ་བྲལ་རྩོལ་མེད་ཤུགས་ལ་འཆར༔ སློབ་བུ་སྣོད་ལྡན་སེམས་གྲོལ་ཕྱིར༔ དགའ་བཞིའི་ཡེ་ཤེས་དབང་བསྐུར་རོ༔ དེ་ནས་ཐིག་ལེ་བརྟན་བྱའི་ཕྱིར༔ ཧཱུྃ་ཞེས་བརྗོད་པས་ཡབ་ཡུམ་གྱི༔ ཐིག་ལེ་དཀར་དམར་འདྲེས་པ་དེ༔ དབུ་མའི་ལམ་ནས་ལྟེ་བར་དྲང༔ ཧཱུྃ་ཞེས་བརྗོད་པས་སྙིང་གར་དྲང༔ ཧཱུྃ་ཞེས་བརྗོད་པས་སྤྱི་བོར་དྲང༔ རྣམ་རྟོག་ཆོས་སྐུར་གྲོལ་བར་འགྱུར༔ ཤེར་དབང་ཐོབ་པའི་བརྡར་མིག་དར་སོལ་ཅིག །རིགས་ཀྱི་བུ་ཁྱོད་ཀྱིས་བྷ་ག་བདེ་བ་ཆེན་པོའི་དཀྱིལ་འཁོར་མཐོང་ཞིང་གཟུང་འཛིན་གྱི་རྟོག་པ་ཕྲ་རགས་ཐམས་ཅད་འགགས་ཏེ་སེམས་ཉིད་ཀྱི་དྲི་མ་དག་པ་ཡིན་ནོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་སེམས་ཀྱི་དྲི་མ་དག །ལམ་བདེ་སྟོང་ཕྱག་རྒྱ་བསྟེན་པ་དང་གསང་མཆོད་ལ་དབང་། དབང་གི་ལས་འགྲུབ། ས་བཅུ་གཉིས་པ་ནོན། ཆོས་སྐུ་ཐོབ་པའི་སྐལ་པ་དང་ལྡན་པར་བྱས་པ་ཡིན་ནོ། །དབང་བཞི་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། མགོན་པོ་ཐུགས་རྗེ་ཆེ་ལྡན་པ༔ དབང་བསྐུར་ཟབ་མོ་བདག་ལ་སྩོལ༔ མཆོག་གི་དབང་ཞིག་བདག་ལ་སྩོལ༔ ལན་གསུམ། ཁྱེད་རང་རྣམས་ལུས་རི་རྒྱལ་ལྷུན་པོ་ལྟར་བསྲང་། མིག་སྣ་རྩེ་ནས་སོར་བཞི་འཕགས་པའི་སར་ནམ་མཁའ་ལ་འཕྱར་བཞག་གོ །དེ་ནས་དཔག་ཆེན་གྱིས་མདའ་འཕངས་པའི་ཚད་ཙམ་དུ་བཞག །དེ་ནས་རིམ་གྱིས་རྒྱང་གྲགས་དང་དཔག་ཚད་བསྲིངས་ཏེ་ནམ་མཁའི་མཐའ་མ་རྙེད་ཀྱི་བར་བཏང་ངོ་། །དེ་ནས་བླ་མས་ངོ་སྤྲད་དེ། ནམ་མཁའ་འདི་ལ་ཁ་དོག་དང་དབྱིབས་དང་གཟུགས་སུ་མ་གྲུབ་སྟེ༔ རེས་མཐིང་གར་སྣང༔ རེས་དཀར་པོ༔ སེར་པོ༔ དམར་པོ༔ ལྗང་གུ༔ སྤྲིན་དང་ན་བུན་འབྲུག་དང་གློག་དང་ཆར་སོགས་ཇི་ལྟར་སྣང་ཡང་ནམ་མཁའ་རང་གི་ཆོ་འཕྲུལ་ཡིན་ཅིང་སྟོང་པ་ཉིད་ཀྱི་རང་གདངས་ཡིན་ནོ༔ དེ་བཞིན་དུ་སེམས་འདི་ལ་ཁ་དོག་དང་གཟུགས་སུ་མ་གྲུབ་སྟེ་སེམས་ཉིད་འཁྲུལ་པའི་གཟུང་འཛིན་ནམ་མཁའ་ལ་ཆོ་འཕྲུལ་ལྟར་སྣང་ཡང་སེམས་ཉིད་རང་གི་ངོ་བོ་གསལ་སྟོང་ནམ་མཁའ་ལྟ་བུ་ཡིན་ནོ༔ ནམ་མཁའ་འདི་དང་པོ་འདི་ནས་བྱུང་བར་དུ་འདི་ན་གནས་ཐ་མ་འདི་ཙམ་ན་སྟོང་མེད་དོ༔ དཔེ་དེ་བཞིན་དུ་སེམས་ཉིད་ལ་ཡང་ཐོག་མ་དང་ཐ་མ་མེད་དོ༔ ནམ་མཁའ་འདི་ལ་མེ་དང་རླུང་དང་མཚོན་ཆ་ལ་སོགས་པ་འདུས་བྱས་གང་གིས་ཀྱང་མི་ཚུགས་སོ༔ དེ་བཞིན་དུ་སེམས་ཉིད་ལ་གློ་བུར་གྱི་རྐྱེན་གང་གིས་ཀྱང་མི་འཇིག་གོ༔ ནམ་མཁའ་སྣོད་བཅུད་ཐམས་ཅད་ལ་ཁྱབ་སྟེ་སེམས་ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པར་གནས་སོ༔ སེམས་ཉིད་ལ་གཟུང་འཛིན་གྱི་རྟོག་པ་སྣ་ཚོགས་སུ་སྣང་ཡང་གློ་བུར་གྱི་དྲི་མ་ཡིན་ནོ༔ སེམས་ཉིད་ཀྱི་ངོ་བོ་སྟོང་གསལ་འཛིན་མེད་སྤྲོས་བྲལ་དུ་གནས་སོ༔ དེའི་དོན་ལ་ལྟོས་ཤིག༔ དེ་ནས་བླ་མས་སློབ་བུའི་སྙིང་གར་སྡིགས་མཛུབ་གཏད་དེ། ཚིག་གི་དོན་བཀྲོལ་བ། ཨ༔ ཆོས་རྣམས་ཐམས་ཅད་རང་སེམས་གཅིག་ཡིན་པས༔ གཞན་ནས་བཙལ་དུ་མེད་དེ་སྤྲོས་པ་ཆོད༔ རིགས་དྲུག་ལས་དང་སྡུག་བསྔལ་སྣང་བ་དང༔ སངས་རྒྱས་ཆོས་སྐུ་ཡེ་ཤེས་སྣང་བ་དང༔ རྣལ་འབྱོར་ལམ་གྱི་ལྟ་སྒོམ་སྣང་བ་རྣམས༔ སེམས་ཉིད་འདི་ལས་གཞན་དུ་བཙལ་དུ་མེད༔ ཆོས་རྣམས་ཀུན་གྱི་རྩ་བ་སེམས་ཉིད་ཡིན༔ སེམས་ལ་རྒྱུ་རྐྱེན་མེད་པས་འདུས་མ་བྱས༔ ཆོས་ཉིད་ལོགས་ན་མེད་པས་སེམས་ལ་ལྟོས༔ སེམས་ཉིད་མ་བཅོས་ལྷུག་པར་གནས་པ་དེ༔ ཇི་ལྟར་སྣང་ཞིང་སྲིད་པའི་འཁོར་འདས་ཀུན༔ ཐམས་ཅད་སེམས་ཉིད་འདི་ལས་བཙལ་དུ་མེད༔ ལམ་གྱི་སྐྱེས་བུ་གཉིས་འཛིན་རྟོག་པ་ཁྲོལ༔ ཅི་ཤར་ཆོས་ཉིད་བདེ་བ་ཆེན་པོར་ལྟོས༔ ཨེ་མ་ཧོ༔ དེ་ལྟར་དབང་བཞི་པ་ཐོབ་པས་སྒོ་གསུམ་གྱི་དྲི་མ་དག །ལམ་བློ་འདས་རྫོགས་པ་ཆེན་པོ་བསྒོམ་པ་དང་སྦྱོར་སྒྲོལ་གྱི་མཆོད་པ་ལ་དབང་། དྲག་པོའི་ལས་འགྲུབ། ས་བཅུ་བཞི་པ་ནོན། ངོ་བོ་ཉིད་སྐུ་དང་མངོན་བྱང་རྡོ་རྗེའི་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེས་དབང་གི་དངོས་གཞི་གྲུབ་ནས་དངོས་གྲུབ་བླང་བ་ནི། དཔལ་གཏོར་ལྷར་གསལ་བ་གནས་གསུམ་དུ་བཞག་པས་གཏོར་མའི་ལྷ་ཚོགས་ཀྱི་གནས་གསུམ་ནས་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་ལས་འོད་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མོས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཨཱ༔ ཀཱ་ཡ་སིདྡྷི་ཨོཾ༔ སྤྱི་བོར་བཞག །ཝཱ་ཀ་སིདྡྷི་ཨཱ༔ མགྲིན་པར་བཞག །ཙིཏྟ་སིདྡྷི་ཧཱུྃ༔ སྙིང་གར་བཞག །སརྦ་སིདྡྷི་ཧྲཱིཾ་ཧྲཱིཾ༔ ལྟེ་བར་བཞག་གོ །དེ་ནས། གཏོར་མའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདུད་རྩིར་ཞུ་བར་བསམས་ལ་གཏོར་མ་དངོས་གྲུབ་ཏུ་རོལ་ལོ། །དེ་ནས་བླ་མའི་ཕྱག་གཡས་པ་སློབ་མའི་སྤྱི་བོར་བཀོད་དེ། པདྨ་འབྱུང་གནས་བདག་ཉིད་ཀྱི༔ གསང་མཚན་ཐུགས་ཀྱི་སྒྲུབ་པ་སྟེ༔ དེ་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱི༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ འདའ་ཀ་དམ་ཚིག་གཉན་པོ་སྲུངས༔ དམ་ཚིག་རྣམ་པ་གྲངས་མང་ཡང༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྲུངས༔ ཡར་ངོ་ཚེས་བཅུ་ནམ་ཤར་ཚེ༔ ཨོ་རྒྱན་ང་ཡི་མཆོད་པ་ཟུངས༔ མི་འགྱུར་རྟགས་ཀྱི་རྡོ་རྗེ་ཆོངས༔ ཞེས་རྡོ་རྗེའི་ཐ་ཚིག་ཏུ་གདམས་པའི་དོན་ཁོང་པའི་སྙིང་ལྟར་དུ་བཅང་པར་གྱིས་ཤིག །དེ་ལྟར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་དབང་འབྲིང་པོ་གསེར་མཛོད་མ་དེ་ཉིད་ལེགས་པར་ཕུལ་གྲུབ་པས་དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་ཚོགས་མ་ལུས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། ཆད་བརྟན། དཀྱིལ་འཁོར་ལས་དངོས་གྲུབ་བསྟན་པ་འདི་ལ་སོགས་ཀྱིས་བླང་། མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་དུ་ལས་བྱང་ལྟར་བྱས་པས་འགྲུབ་བོ། །ཐུགས་སྒྲུབ་བྱེ་བའི་ཟབ་བཅུད་ནི། །དྲག་པོ་རྩལ་དུ་བསྔགས་ཏེ་དེའི། །ཡང་སྙིང་གསེར་མཛོད་སྨིན་བྱེད་འདིས། །སྐྱེ་རྒུ་ཇི་སྙེད་རྗེས་འཛིན་ཤོག །ཅེས་བྱང་པའི་ཕྱག་བཞེས་ཕལ་མོ་ཆེར་རྩ་བའི་དབང་ཆོག་མགོ་མཇུག་རྫོགས་པར་བཀླག་པའི་ཕྱག་སྲོལ་འདི་ཉིད་དེང་སང་གི་བློ་དམན་ལ་ལུང་གི་རྒྱུན་ལྟ་བུ་ལས་དབང་གི་སྒོམ་དོན་སྟབས་མི་བདེ་བར་མཐོང་ནས་གསང་བ་སྤྱིའི་རིང་ལུགས་ལྟར་བྲིས་པ་ལ་ཉེས་འགལ་གང་མཆིས་རྩ་བ་གསུམ་ལ་བཤགས་སོ། །ཞེས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་གླིང་དུ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བྱང་པའི་ཕྱག་བཞེས་ལྟར་བསྡེབས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).