Terdzo-GI-015

From Rinchen Terdzö

གསང་བདག་དྲེགས་པ་ཀུན་འདུལ་གྱི་བཀའ་སྲུང་མཁའ་འགྲོ་སེང་གདོང་མའི་སྒོམ་ཁོག་འདུས་པའི་ལས་བྱང་ཕྲིན་ལས་གཏེར་མཛོད་

gsang bdag dregs pa kun 'dul gyi bka' srung mkha' 'gro seng gdong ma'i sgom khog 'dus pa'i las byang phrin las gter mdzod

by  རོལ་པའི་རྡོ་རྗེ་ (Rolpai Dorje)
revealed by  རོལ་པའི་རྡོ་རྗེ་ (Rolpai Dorje)
in cycle  ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ (Ye shes kyi mkha' 'gro ma seng ge'i gdong pa can gyi skor)
parent cycle  གཏུམ་པོ་དྲེགས་པ་ཀུན་འདུལ་ (Gtum po dregs pa kun 'dul)
Volume 33 (གི) / Pages 215-237 / Folios 1a1 to 12a4

[edit]

༄༅། །གསང་བདག་དྲེགས་པ་ཀུན་འདུལ་གྱི་བཀའ་སྲུང་མཁའ་འགྲོ་སེང་གདོང་མའི་སྒོམ་ཁོག་འདུས་པའི་ལས་བྱང་ཕྲིན་ལས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། ྈྈྈྈྈྈ རྡོ་རྗེ་རྣལ་འབྱོར་མ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གསང་བདག་དྲེགས་པ་ཀུན་འདུལ་གྱི༔ བཀའ་སྲུང་མཁའ་འགྲོ་སེང་གདོང་གི༔ ལས་བྱང་ཕྲིན་ལས་གཏེར་མཛོད་བསྟན༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ རྣལ་འབྱོར་དམ་ཚིག་ལྡན་པ་ཡིས༔ དྲག་མོ་སེང་གེའི་གདོང་ཅན་གྱི༔ སྒོམ་ཁོག་འདུས་པའི་ལས་བྱང་འདི༔ གཏང་འདོད་བཅའ་གཞི་འདི་ལྟ་སྟེ༔ སྟེགས་བུ་གཙང་མ་གྲུ་བཞིའི་སྟེང༔ བྷནྡྷ་འམ་ནི་རིན་ཆེན་སྣོད༔ གཙང་མར་གཏོར་མ་སྟོད་ཟུར་གསུམ༔ སྨད་ཟླུམ་མགོ་བོའི་མཐེབ་ཀྱུས་བསྐོར༔ གཡས་སུ་བདུད་རྩི་གཡོན་རཀྟ༔ མདུན་དུ་མཆོད་པའི་རིགས་བྱེད་བཤམ༔ གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན༔ ཅི་འབྱོར་བག་དྲོ་ལྷུན་ཆགས་བཤམ༔ ཚོགས་དང་གཏོར་མ་རྒྱ་ཆེ་བ༔ ཁ་ན་མ་ཐོ་མེད་པར་བསགས༔ ལྟ་སྤྱོད་མཐུན་པའི་གྲོགས་དང་བཅས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ སྒོ་གསུམ་གུས་པས་འདི་སྐད་བརྗོད༔ ཧོ༔ མཆོག་གསུམ་རྩ་གསུམ་ཞི་ཁྲོའི་ལྷ༔ མཁའ་འགྲོ་སེང་གདོང་འཁོར་བཅས་ལ༔ བདག་དུས་འདི་ནས་བྱང་ཆུབ་བར༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ འཁོར་བའི་རྒྱ་མཚོ་ཆེན་པོ་ལས༔ སེམས་ཅན་ཡོངས་སུ་བསྒྲལ་བའི་ཕྱིར༔ མཁའ་འགྲོ་སེང་གདོང་བསྒྲུབས་ནས་ནི༔ རང་གཞན་དོན་སྒྲུབ་སེམས་བསྐྱེད་དོ༔ ཁྱད་པར་ཀུན་ལ་འཚེ་བ་དང༔ སྡིག་དང་ལྡན་པའི་དགྲ་བགེགས་རྣམས༔ ཕྲིན་ལས་དྲག་པོས་ཚར་གཅོད་བྱ༔ དེ་ནས་བགེགས་ལ་བཀའ་བསྒོ་ནི༔ ཧཱུྃ་བྷྱོ༔ ང་ནི་དྲག་མོ་སེང་གེའི་གདོང༔ ཐུགས་རྗེ་ཁྲོས་པའི་ངང་ཉིད་ལས༔ སྟེང་འོག་ཕྱོགས་མཚམས་ཁྲོ་མོས་ཁེངས༔ ཐོག་སེར་མཚོན་ཆ་སྐར་ལྟར་འཁྲུགས༔ ཉོན་ཅིག་སྒྲུབ་ལ་གེགས་བྱེད་ཅིང༔ ཕྲ་རགས་གླགས་བལྟ་གྱུར་པ་ཀུན༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཁྲོ་མོ་ཁྲོས་པའི་དྲག་རྩལ་གྱིས༔ ལུས་ངག་ཡིད་བཅས་བརླག་པར་འགྱུར༔ དེ་བས་མ་འདུག་སོ་སོར་བྱེར༔ དྲག་པོའི་མཚམས་ལ་འདའ་མ་བྱེད༔ ཨོཾ་ཛྙཱ་ན་ཌཱ་ཀི་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ སརྦ་བིགྷྣཱན་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་མཚམས་གཅད་བྱ་བ་ནི༔ ཧཱུྃ་བྷྱོ༔ རང་ཉིད་དྲག་མོ་སེང་གེའི་གདོང་ཅན་གྱི༔ ཐུགས་ཀའི་བྷྱོ་ལས་འོད་ཟེར་སྣ་ཚོགས་འཕྲོས༔ བགེགས་ཚོགས་ཐལ་བར་བརླགས་ཤིང་ཚུར་འདུས་ནས༔ སྟེང་འོག་ཕྱོགས་མཚམས་མཚོན་ཆ་སྣ་ཚོགས་གུར༔ གཞོམ་གཞིག་བྲལ་བ་བསྐལ་པའི་མེ་ཆེན་འབར༔ དེ་ནང་བསྲུང་བྱ་མ་ལུས་ཡོངས་སུ་གསལ༔ བགེགས་དང་ལོག་འདྲེན་སུ་ཡང་ཉེ་མི་ནུས༔ སྲ་བརྟན་འགྱུར་བ་མེད་པའི་ངང་ཉིད་གྱུར༔ ཨོཾ་ཛྙཱ་ན་ཌཱ་ཀི་ཨེ་བཾ་ཧ་རི་ནི་ས་ཧཱུྃ་བྷྱོ༔ བཛྲ་ཙཀྲ་ཏཱིཀྵྞ་ཀརྨ་ཀཱི་ལ་ཡ་མུཏ་ག་ར་བཛྲ་ཀརྟ་རི་ཀུ་ཐ་ར་བི་ཤྭ་མཱ་ཡུ་དྷ་ཨ་ན་ལ་ཛྭ་ལ་ཙཀྲ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་བྷྱོ་བྷྱོ་བྷྱོ༔ དེ་ནས་ཡན་ལག་བརྒྱད་པ་ནི། ཧཱུྃ་བྷྱོ༔ མཁའ་འགྲོ་སེང་གདོང་ལྷ་ཚོགས་གཤེགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ འདོད་ཡོན་ནམ་མཁའ་ཁེངས་པས་མཆོད༔ ནོངས་མཆིས་ལྷག་མ་མེད་པར་བཤགས༔ ལས་བཞིའི་མཛད་པར་རྗེས་ཡི་རང༔ དྲག་པོའི་ཆོས་འཁོར་བསྐོར་བར་བསྐུལ༔ གདུག་པ་འདུལ་མཛད་གསོལ་བ་འདེབས༔ དགེ་ཚོགས་རིས་མེད་ཡོངས་ལ་བསྔོ༔ དེ་ནས་བྱིན་དབབ་འདི་ལྟ་སྟེ༔ ཧཱུྃ་བྷྱོ༔ ཨོ་རྒྱན་མཁའ་སྤྱོད་ཞིང་ཁམས་ནས༔ གསང་སྔགས་མ་རྒྱུད་མཁའ་འགྲོ་དང༔ དྲག་མོ་སེང་གདོང་འཁོར་དང་བཅས༔ མི་མངོན་དབྱིངས་ནས་སྐུ་བསྐྱོད་འཚལ༔ གནས་འདིར་བྱིན་ཆེན་དབབ་ནས་ཀྱང༔ སྒྲུབ་པོ་བསྒྲུབ་རྫས་བཅས་པ་ཀུན༔ སྐུ་གསུང་ཐུགས་ཀྱི་བྱིན་རློབས་ལ༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ ཛྙཱ་ན་ཌཱ་ཀི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་པྲ་བེ་ཤ་ཡ་ཨ་ཨཱ༔ དེ་ནས་མཆོད་པ་བྱིན་རླབས་ནི༔ བྷྱོ༔ ཐོད་སོགས་རིན་ཆེན་སྣོད་ཡངས་པར༔ འདོད་ཡོན་མཆོད་རྫས་ཇི་སྙེད་བཤམས༔ ཁྱད་པར་སྨན་གཏོར་རཀྟའི་ཚོགས༔ ཟག་མེད་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿབཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ པཱུ་ཛ་བི་ཤྭ་སྥ་ར་ཎ་ཁཾ་ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཨཱཿཧཱུྃ༔ དེ་ནས་རང་གསལ་གདབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ འཁོར་འདས་ཆོས་ཀུན་ཀུན་བཟང་ཀློང་དུ་གཅིག༔ དེ་ཉིད་མ་གཏོགས་རིགས་མཚན་སོ་སོར་བཟུང༔ ཞི་ཁྲོའི་གར་སྟོན་ཕོ་རྒྱུད་མོ་རྒྱུད་ལྷ༔ ཡེ་ནས་རང་བྱུང་རང་ཤར་རང་རྫོགས་ཆེ༔ མ་འདྲེས་འཇའ་ཤར་ལྟ་བུར་རང་གསལ་གདབ༔ ཙིཏྟ་བཛྲ་ཛྙཱ་ན་ས་མ་ཡ་ཧཱུྃ༔ དེ་ནས་ཏིང་འཛིན་རྣམ་གསུམ་བསྟན༔ དང་པོ་དེ་ཉིད་ཏིང་འཛིན་ནི༔ ཨོཾ༔ སྤྲོས་བྲལ་བདེ་ཆེན་འདུས་མ་བྱས༔ ཕྱི་ནང་ཆོས་ཀུན་སྟོང་པའི་ངང༔ མཐའ་དབུས་བྲལ་བ་ཆོས་ཀྱི་སྐུ༔ སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ གཉིས་པ་ཀུན་ཏུ་སྣང་བ་ནི༔ ཨཱ༔ མཁའ་ཀློང་དབྱིངས་གསུམ་དབྱེར་མེད་རོལ༔ སྟོང་དང་སྙིང་རྗེ་གཉིས་སུ་མེད༔ གཉིས་མེད་འོད་ཀྱིས་ཀུན་ལ་ཁྱབ༔ ཁྱབ་བརྡལ་བརྩེ་བ་ཆེན་པོར་བསྒོམ༔ དྷརྨ་དྷཱ་ཏུ་བཛྲ་ས་མ་ཡ་སྭ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ གསུམ་པ་རྒྱུའི་ཏིང་འཛིན་ནི༔ ཧཱུྃ་བྷྱོ༔ ཟུང་འཇུག་བདེ་ཆེན་རོལ་པ་ཡིས༔ རང་གཞན་དོན་གཉིས་འགྲུབ་ནས་ཀྱང༔ རང་རིག་རྡོ་རྗེ་གྲི་གུག་ལྟེར༔ བྷྱོ་ཡིག་ནམ་མཁའི་མདོག་མཚན་གྱུར༔ ཧཱུྃ་ཙིཏྟ་བཛྲ་ས་མ་ཡ་ཏི་ཧཱུྃ༔ དེ་ནས་གཞལ་ཡས་ཁང་བསྐྱེད་ནི༔ ཧཱུྃ་བྷྱོ༔ གྲི་གུག་ལྟེ་བའི་བྷྱོ་ཡིག་ལས༔ འོད་འཕྲོས་སྣང་སྲིད་ཆོས་ཀུན་སྟོང༔ སྟོང་པའི་དབྱིངས་སུ་ཡི་གེ་བདུན༔ རང་གྲུབ་ཁྲ་ཐབས་ཚུལ་དུ་བབས༔ ཨེ་ཡཾ་རཾ་ར་སུཾ་ཀེཾ་བྷྲཱུྃ༔ ཨེ་ལས་མཁའ་ཁྱབ་ཆོས་འབྱུང་དབུས༔ ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོ༔ རཾ་ལས་ཡེ་ཤེས་མེ་དཔུང་འབར༔ ར་ལས་ཁྲག་གི་རྒྱ་མཚོ་འཁྲུགས༔ སུཾ་ལས་མི་རོའི་ས་གཞི་བརྡལ༔ ཀེཾ་ལས་རུས་པའི་རི་རབ་སྟེང༔ བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་མཛེས༔ རྟ་བབས་ཆོས་འཁོར་གདུགས་སོགས་བརྒྱན༔ རྩིག་པ་སྐམ་རློན་ཐོད་པར་གྲུབ༔ སྦྲུལ་ནག་གདུག་པའི་ཟ་ར་ཚགས༔ ཁྱུང་གི་ཡ་ཕིབས་ཞིང་ཆེན་གྱི༔ སྒོ་གཡོགས་གཡུ་འབྲུག་གྱེན་སྐྱེས་འཇིགས༔ བམ་རོ་ཆེ་ཆུང་ཀ་བ་དང༔ ཀིས་བུ་གདུང་དང་དྲལ་ཕྱམ་ཅན༔ ཤ་ཆེན་ཞིང་ལྤགས་ཐོག་ཁེབས་བརྡལ༔ མི་ལྤགས་བླ་རེ་གདུགས་རྒྱལ་མཚན༔ སྙིང་དང་ཐོད་ཏོག་སྐྲ་ཡི་གཡབ༔ རུས་ཕྲེང་རྒྱུ་རློན་ལྡ་ལྡི་སྤྲས༔ གཞལ་ཡས་ཁང་གི་ཡོ་བྱད་ཀུན༔ དུར་ཁྲོད་འཇིགས་པའི་ཆས་ལས་གྲུབ༔ ཕྱི་རོལ་ཁོར་ཡུག་དུར་ཁྲོད་བརྒྱད༔ དེ་ལ་གནས་པ་མ་ལུས་གསལ༔ དེའི་ཕྱིར་མཚོན་ཆ་སྣ་ཚོགས་གུར༔ རྡོ་རྗེ་མེ་རིའི་ཕྲེང་བས་བསྐོར༔ གཞལ་ཡས་ཁང་གི་དབུས་མཐིང་མདོག༔ ཤར་དཀར་ལྷོ་སེར་ནུབ་དམར་ཞིང༔ བྱང་ལྗང་འོད་དང་འོད་ཟེར་འབར༔ དབུས་ལྟེར་ཆོས་འབྱུང་མཐིང་ནག་སྟེང༔ གནམ་ལྕགས་འཁོར་ལོ་རྩིབས་བཞི་ལྡན༔ ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལྡན༔ དབུས་དང་རྩིབས་སྟེང་པད་ཉི་དང༔ བམ་རོ་བསྣོལ་མ་སོ་སོར་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་བཛྲ་ཙཀྲ་ཧཱུྃ་བྷྲཱུྃ༔ པཾ་པདྨ་མཎྜ་ལ༔ མ་སཱུརྻ་མཎྜ་ལ༔ རུ་ཏྲ་རོ་ཏི་ཏི་ར་བཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ དེ་ནས་དཀྱིལ་འཁོར་ལྷ་བསྐྱེད་ནི༔ ཧཱུྃ་བྷྱོ༔ ཕོ་བྲང་དབུས་སྟེང་པད་ཉི་རོ་ཡི་སྟེང༔ རྡོ་རྗེ་གྲི་གུག་བྷྱོ་ཡིག་མཐིང་མདོག་མཚན༔ དེ་ལས་འོད་འཕྲོས་འཕགས་མཆོད་གདུག་པ་བཅོམ༔ ཚུར་འདུས་བྷྱོར་ཐིམ་ཡོངས་སུ་གྱུར་པ་ལས༔ རང་རིག་ཡེ་ཤེས་མཁའ་འགྲོ་ཆེན་མོ་ནི༔ སྐུ་མདོག་མཐིང་ནག་རྩལ་ཆེན་སེང་གེའི་གདོང༔ གནམ་ས་ཙམ་གྱི་ཞལ་གདངས་མཆེ་བ་གཙིགས༔ གནོད་བྱེད་བྱད་མའི་ཕུང་ཁམས་ཧབ་ཧབ་རོལ༔ སྤྱན་གསུམ་དམར་འཁྲུགས་ཉི་ཟེར་མེ་འོད་འཕྲོ༔ ཕ་རོལ་རྦོད་གཏོང་མ་ལུས་སྲེག་པར་བྱེད༔ ལྗགས་དམར་གློག་འཁྱུགས་ཞལ་རླངས་དུག་ཏུ་འཚུབས༔ མ་རུངས་ལོག་རྟོག་དཔུང་ཚོགས་མྱོས་པར་བྱེད༔ ང་རོ་འབྲུག་སྒྲོག་སྣང་སྲིད་ཟིལ་གྱིས་གནོན༔ གཡུ་རལ་གྱེན་བསྐྱོད་མེ་དུད་ཚྭ་ཚྭ་འཕྲོ༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་རློན་པ་ནི༔ ལྔ་བཅུ་རྩ་གཅིག་སྐུ་ཡི་དོ་ཤལ་འཕྱང༔ རུས་རྒྱན་དར་འཕྱང་མེ་ལོང་དྲིལ་ཆུང་འཁྲོལ༔ ཞིང་དང་སྟག་ལྤགས་སྐུ་ཡི་སྟོད་སྨད་བརྒྱན༔ ཁྲག་ཐིག་ཐལ་ཚོམ་ཞག་གི་ཟོ་རིས་སྤྲས༔ ཕྱག་གཡས་གནོད་བྱེད་སྲོག་གཅོད་གྲི་གུག་ཕྱར༔ གཡོན་པས་འཁོར་བ་རྩད་གཅོད་ཁྲག་ཆེན་འཐུང༔ ཧེ་རུ་ཀ་སྦས་ཁ་ཊྭཱཾ་མཆན་འོག་བཅུག༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་བམ་རོ་བརྫིས༔ ཡེ་ཤེས་མེ་འབར་ཀློང་དུ་ཁྲོ་གཏུམ་འབར༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པ་ནི༔ ཉི་མའི་ཟེར་ལྟར་གྲངས་མེད་འགྱེད་པར་བྱེད༔  དེ་ཡི་ཤར་དུ་རྡོ་རྗེ་མཁའ་འགྲོ་མ༔ དཀར་མོ་སེང་གདོང་གྲི་ཐོད་ཁ་ཊྭཱཾ་བསྣམས༔ བརྐྱང་བསྐུམ་གར་སྟབས་བམ་རོའི་སྙིང་གར་བརྫིས༔ རྒྱན་དང་ཆ་ལུགས་གཙོ་མོ་ལྟ་བུ་ལ༔ རྡོ་རྗེ་སེང་གདོང་འབུམ་གྱིས་བསྐོར་བ་འོ༔ ལྷོ་རུ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ སེར་མོ་སེང་གདོང་གྲི་ཐོད་ཁ་ཊྭཱཾ་བསྣམས༔ བརྐྱང་བསྐུམ་གར་སྟབས་བམ་རོའི་སྙིང་གར་བརྫིས༔ རྒྱན་དང་ཆ་ལུགས་གཙོ་མོ་ལྟ་བུ་ལ༔ རིན་ཆེན་སེང་གདོང་འབུམ་གྱིས་བསྐོར་བ་འོ༔ ནུབ་ཏུ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ དམར་མོ་སེང་གདོང་གྲི་ཐོད་ཁ་ཊྭཱཾ་བསྣམས༔ བརྐྱང་བསྐུམ་གར་སྟབས་བམ་རོའི་སྙིང་གར་བརྫིས༔ རྒྱན་དང་ཆ་ལུགས་གཙོ་མོ་ལྟ་བུ་ལ༔ པདྨ་སེང་གདོང་འབུམ་གྱིས་བསྐོར་བ་འོ༔ བྱང་དུ་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ལྗང་མོ་སེང་གདོང་གྲི་ཐོད་ཁ་ཊྭཱཾ་བསྣམས༔ བརྐྱང་བསྐུམ་གར་སྟབས་བམ་རོའི་སྙིང་གར་བརྫིས༔ རྒྱན་དང་ཆ་ལུགས་གཙོ་མོ་ལྟ་བུ་ལ༔ ཀརྨ་སེང་གདོང་འབུམ་གྱིས་བསྐོར་བ་འོ༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ ཤར་དུ་མཁའ་འགྲོ་ཕག་གདོང་མཐིང་ནག་མ༔ གཡས་པས་ཅང་ཏེའུ་གཡོན་པས་བུམ་པ་འཛིན༔ ལྷོ་རུ་ཌཱ་ཀི་སྟག་གདོང་སྨུག་ནག་མ༔ ཁ་ཊྭཱཾ་ཕྱར་ཞིང་བྷནྡྷ་ཁྲག་བཀང་འཐུང༔ ནུབ་ཏུ་མཁའ་འགྲོ་ཆུ་སྲིན་གདོང་དམར་མོ༔ ཞིང་གི་རྒྱལ་མཚན་བནྡྷ་ཁྲག་བཀང་འཛིན༔ བྱང་དུ་མཁའ་འགྲོ་གཟིག་གདོང་ལྗང་ནག་མ༔ ཞིང་ལྤགས་རྡེབ་ཅིང་ཐོད་ཁྲག་འཐུང་བར་བྱེད༔ ཤར་ལྷོར་མཁའ་འགྲོ་ཁྱི་ཡི་གདོང་ཅན་དཀར༔ ལྕགས་ཀྱི་པར་པུ་དང་ནི་ཐོད་ཁྲག་འཛིན༔ ལྷོ་ནུབ་མཁའ་འགྲོ་ཁྲ་གདོང་སྔོ་བསངས་མ༔ གྲི་གུག་ཕྱར་ཞིང་ཐོད་ཁྲག་འཐུང་བར་བྱེད༔ ནུབ་བྱང་མཁའ་འགྲོ་སྤྱང་གདོང་དམར་མོ་ནི༔ གསེར་གྱི་བུམ་པ་ཐོད་པ་ཁྲག་བཀང་འཛིན༔ བྱང་ཤར་མཁའ་འགྲོ་འུག་གདོང་ལྗང་ནག་མ༔ ཞགས་པ་དང་ནི་ཐོད་ཁྲག་ཕྱག་ན་བསྣམས༔ ཀུན་ཀྱང་ཁྲོ་གཏུམ་མི་བཟད་གཅེར་བུའི་ལུས༔ བརྐྱང་བསྐུམ་པད་ཉི་རོ་ཡི་གདན་ལ་འགྱིང༔ ཤར་སྒོར་འགུགས་བྱེད་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་འཆིང་བྱེད་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་སྡོམ་བྱེད་དམར་མོ་ལྕགས་སྒྲོག་འཛིན༔ བྱང་སྒོར་མྱོས་བྱེད་ལྗང་མོ་དྲིལ་བུ་འཛིན༔ ཕྱི་རིམ་འཁོར་ཡུག་སྣ་ཚོགས་མཁའ་འགྲོ་ནི༔ སྐུ་མདོག་མ་ངེས་རྣམ་པར་འགྱུར་བ་ཅན༔ ལ་ལས་མཚོན་ཆའི་འཁོར་ལོ་བསྐོར་བར་བྱེད༔ ལ་ལས་ཐོག་དང་སེར་བ་འབེབ་པར་བྱེད༔ ལ་ལས་ཁྲག་གི་ཁ་ཆུ་འཐོར་བར་བྱེད༔ ལ་ལས་ཞིང་ལྤགས་གཡབ་མོ་རྡེབ་པར་བྱེད༔ ལ་ལས་ཉི་ཟླ་ཆ་ལང་རྡེབ་པར་བྱེད༔ ལ་ལས་གནམ་ས་བླ་འོག་སྒྱུར་བར་བྱེད༔ ལ་ལས་རི་རབ་རྨིང་ནས་སྒྱེལ་བར་བྱེད༔ ལ་ལས་རི་བྲན་ཚོགས་པོར་འཕེན་པར་བྱེད༔ ལ་ལས་རྒྱ་མཚོ་ཧུབ་ཀྱིས་རྔུབ་པར་བྱེད༔ ལ་ལས་མི་སྡུག་སྤྲུལ་པ་འགྱེད་པར་བྱེད༔ ལ་ལས་མི་སྙན་ང་རོ་སྒྲོག་པར་བྱེད༔ ལ་ལས་ཁ་ནས་གཅན་གཟན་འགྱེད་པར་བྱེད༔ ལ་ལས་ལུས་ནས་སྦྲུལ་རིགས་འགྱེད་པར་བྱེད༔ ལ་ལས་ཁྲག་གི་ཆར་པ་འབེབ་པར་བྱེད༔ ལ་ལས་དུག་གི་སྤྲིན་ཕུང་གཏིབས་པར་བྱེད༔ གྲངས་མེད་འཇིགས་གཟུགས་མེ་དཔུང་ཀློང་དུ་བཞུགས༔ ལྷ་ཚོགས་དེ་དག་རང་རྒྱུད་དངོས་འཛིན་བྲལ༔ མཁའ་ལ་འཇའ་ཤར་ལྟ་བུ་རང་བཞིན་མེད༔ མ་འདྲེས་ཡོངས་རྫོགས་སོ་སོར་གསལ་བར་གྱུར༔ ཨོཾ་ཛྙཱ་ན་ཌཱ་ཀི་སིཾ་ཧ་མུ་ཁ་ཨེ་ཝཾ་ཧ་རི་ནི་ས་ཙིཏྟ་བཛྲ་ས་མ་ཡ་ཛཿཧཱུྃ་བྷྱོ༔ སརྦ་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཛཿཧཱུྃ་བཾ་ཧོ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་སྤྱན་འདྲེན་བྱ་བ་ནི༔ སྤོས་སྲེག་རོལ་མོ་དབྱངས་སྙན་དང༔ ཁྱད་པར་རྐང་གླིང་ལྟག་སྤྲོད་སྒྲས༔ མཁའ་འགྲོ་འབོད་པ་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཨོ་རྒྱན་མཁའ་སྤྱོད་གཞལ་ཡས་དང༔ གསང་ཆེན་ལ་སོགས་དུར་ཁྲོད་ནས༔ ཆོས་དབྱིངས་སྐྱེ་མེད་ངང་ཉིད་ལས༔ ཐབས་ཀྱི་ཆོ་འཕྲུལ་འབར་བའི་སྐུ༔ དྲག་མོ་སེང་གེའི་གདོང་པ་ཅན༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྐུ་དང་ཡོན་ཏན་གསུང་ཕྲིན་ལས༔ སྤྲུལ་པའི་མཁའ་འགྲོ་སེང་གདོང་བཞི༔ དཀར་སེར་དམར་ལྗང་མདོག་འཛིན་ཅིང༔ ཕྲིན་ལས་བཞི་མཛད་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་དུར་ཁྲོད་ནས༔ ལས་མཛད་མཁའ་འགྲོ་གདོང་ཅན་བརྒྱད༔ གདུག་པ་ཚར་གཅོད་ཕྲིན་ལས་སྒྲུབ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒོ་སྲུང་མཁའ་འགྲོ་སྡེ་བཞི་དང༔ སྣ་ཚོགས་འཇིག་རྟེན་མཁའ་འགྲོ་མ༔ སྐུ་མདོག་ཕྱག་མཚན་ཅིར་ཡང་སྟོན༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ མཁའ་འགྲོ་སིཾ་ཧ་མུ་ཁའི་ཚོགས༔ གདུག་པའི་དགྲ་བགེགས་འདུལ་ཕྱིར་གཤེགས༔ ཕ་རོལ་རྦོད་གཏོང་ཟློག་ཕྱིར་གཤེགས༔ མི་ནད་ཕྱུགས་ནད་ཟློག་ཕྱིར་གཤེགས༔ དམ་སྲི་དམ་ལོག་འདུལ་ཕྱིར་གཤེགས༔ དམག་འཁྲུགས་མུ་གེ་ཟློག་ཕྱིར་གཤེགས༔ བསྟན་བཤིགས་རུ་དྲ་འདུལ་ཕྱིར་གཤེགས༔ མྱུར་དུ་བྱོན་ཅིག་ས་མ་ཡ༔ ཨོཾ་ཛྙཱ་ན་ཌཱ་ཀི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཧཱུྃ་ཕེཾ་ཕེཾ་བཛྲ་ཨཱ་རལླི་ཧོ༔ ཨ་གཙྪ་ཨ་གཙྪ་ས་མ་ཡ་ཛ༔ ས་མ་ཡ་སཏྭཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་བྷྱོ༔ འདིར་བཤམས་པད་ཉི་རོ་ཡི་སྟེང༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ མཁའ་འགྲོ་འཁོར་བཅས་བཞུགས་ནས་ཀྱང༔ སྒྲུབ་པའི་བུ་ལ་དུས་དྲུག་གཟིགས༔ སིཾ་ཧ་མུ་ཁ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ལྷ་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་ཉིད༔ ཐུགས་རྗེ་ཁྲོས་པའི་རོལ་པ་ལས༔ མཁའ་འགྲོ་སེང་གེའི་གདོང་ཅན་ཤར༔ སྤྲུལ་པ་འཁོར་ཚོགས་དུ་མར་བཅས༔ སྲུང་ཟློག་གསད་པའི་ཕྲིན་ལས་ཅན༔ བདག་ཅག་ལུས་ངག་ཡིད་དང་བཅས༔ ཞིང་གི་རྡུལ་སྙེད་སྤྲུལ་ཕྱག་འཚལ༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཌཱ་ཀི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི། ཧཱུྃ་བྷྱོ༔ ཐོད་པ་ལ་སོགས་རིན་ཆེན་སྣོད་ཡངས་པར༔ ཧ་ལའི་མེ་ཏོག་སྤོས་དང་ཤ་ཆེན་བསྲེགས༔ ཞུན་ཆེན་མར་མེ་མཁྲིས་ཀླད་བྱུག་པའི་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ༔ མཁའ་འགྲོ་སེང་གདོང་འཁོར་དང་བཅས་ལ་འབུལ༔ བཞེས་ནས་གདུག་པའི་ཕྱོགས་ཀུན་ཚར་གཅོད་ཅིང༔ ཕ་རོལ་བྱད་མ་ལྷ་སྲུང་སྔགས་དང་བཅས༔ སྐད་ཅིག་ཉིད་ལ་ཁོ་རང་གཤེད་དུ་ཕོབ༔ ཛྙཱ་ན་ཌཱ་ཀི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ དེ་ནས་ནང་མཆོད་འབུལ་བ་ནི༔ ཧོ༔ བྷནྡྷ་དུམ་གཅིག་མཚན་ལྡན་ནང༔ ཤ་ལྔ་བདུད་རྩི་ལྔ་ལ་སོགས༔ རྩ་བ་བརྒྱད་ལ་ལོ་མ་སྟོང༔ དུག་ལྔ་ཞི་བྱེད་འབྲས་བུ་ལྔ༔ རྒྱལ་བ་རིགས་ལྔས་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་རྫོགས་དམ་ཚིག་རྫས༔ མཁའ་འགྲོ་སེང་གདོང་འཁོར་བཅས་ལ༔ འབུལ་ལོ་དགྱེས་བཞེས་དགྲ་བགེགས་ཐུལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི་ཁཱ་ཧི༔ ཧོ༔ ཉི་ཟླའི་གཞོང་པར་འབྲུ་དང་བཅུད༔ སྐོང་སྦྱར་གཏོར་མ་རི་ལྟར་བརྗིད༔ འདོད་ཡོན་ལྔ་ཡི་ལྷ་མོ་འཕྲོ༔ ཤ་རུས་བཟའ་བཅའ་སྣ་ཚོགས་སྤུངས༔ དག་པ་གསུམ་གྱི་བདུད་རྩིས་བྲན༔ མཁའ་འགྲོ་སེང་གདོང་འཁོར་བཅས་ལ༔ འབུལ་ལོ་དགྱེས་བཞེས་དགྲ་བགེགས་ཐུལ༔ ཕ་རོལ་རྦོད་གཏོང་ཟློག་ཏུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧོ༔ པད་སྣོད་དུང་ཆེན་ཁྲག་ཆེན་གཏམས༔ བདེ་ཆེན་རྒྱུད་ལ་སྐྱེ་བ་དང༔ འཁོར་བའི་ཞེན་པ་ཟློག་པའི་རྫས༔ ཁྲག་ཆེན་གསུམ་གྱི་མཆོད་པ་འདི༔ མཁའ་འགྲོ་སེང་གདོང་འཁོར་བཅས་ལ༔ གུས་པས་འབུལ་ལོ་དགྱེས་པར་བཞེས༔ བསྟན་པ་བཤིག་པའི་རུ་དྲ་དང༔ སྡང་དགྲ་གནོད་བྱེད་བྱད་མ་སོད༔ མ་ཧཱ་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་གསང་མཆོད་འབུལ་བ་ནི༔ ཧོ༔ ཐབས་ཤེས་སྦྱར་བའི་བྱང་སེམས་དང༔ རང་བྱུང་རྫས་ཀྱི་མཆོད་པ་ཆེ༔ བདེ་སྟོང་ཟུང་དུ་འཇུག་པར་སྦྱོར༔ འཁོར་བ་ཆོས་ཀྱི་དབྱིངས་སུ་བསྒྲལ༔ མཁའ་འགྲོ་འཁོར་བཅས་མཉེས་གྱུར་ནས༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཉིད༔ མྱུར་འགྲུབ་མཆོག་ཐུན་དངོས་གྲུབ་ཀུན༔ བདག་ཅག་འཁོར་བཅས་ལ་སྩོལ་གསོལ༔ སྟ་ན་ག་ཎ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་བྷྱོ༔ ཆོས་སྐུ་སྐྱེ་མེད་སྟོང་པའི་ངང་ཉིད་ལས༔ ལོངས་སྐུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ གང་འདུལ་ཚུལ་གྱིས་དྲག་མོའི་སྐུར་སྤྲུལ་ནས༔ ཡེ་ཤེས་མཁའ་འགྲོ་འབར་བའི་སྐུར་སྟོན་མ༔ སྐུ་མདོག་མཐིང་ནག་མི་བཟད་ཁྲོ་མོའི་སྐུ༔ དབུ་ནི་ཟིལ་གནོན་སེང་གེའི་གདོང་པ་འཇིགས༔ ཞལ་གདངས་མཆེ་གཙིགས་བྱད་མའི་ཕུང་ཁམས་རོལ༔ ལྗགས་ནི་གློག་དམར་འཁྱུགས་པས་རྦོད་ཟོར་སྐེམ༔ ཞལ་རླངས་དུག་སྤྲིན་འཁྲིགས་པས་གནོད་བྱེད་གཟིར༔ སྤྱན་གསུམ་དམར་འཁྲུགས་མེ་དང་ཉི་འོད་འབར༔ མ་རུངས་ཕྱོགས་རྣམས་སྲེག་ཅིང་གཏོར་བར་བྱེད༔ དྲག་སྔགས་ང་རོ་ནམ་མཁའི་འབྲུག་ལྟར་སྒྲོག༔ སྣང་སྲིད་དྲེགས་པའི་ཚོགས་ཀུན་འདར་ཞིང་སྔངས༔ གཡུ་རལ་གྱེན་བསྐྱོད་མེ་དུད་ཚྭ་ཚྭ་འཕྲོ༔ མོ་རྒྱུད་ཁྲོ་མོ་ཐམས་ཅད་དབང་དུ་སྡུད༔ ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁར་འཕྱར༔ གདུག་པའི་ཀླད་ཁྲག་དཀྲུག་ཅིང་སྲོག་རྩ་གཅོད༔ ཕྱག་གཡོན་ཐོད་པ་ཁྲག་བཀང་ཞལ་དུ་རོལ༔ ཉོན་མོངས་འདམ་སྐེམ་འཁོར་བའི་གཞི་རྩ་ཕྲལ༔ ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ལ་སྦས་ནས༔ གྲུ་གཡོན་ལ་བརྟེན་ཞབས་གཉིས་བརྐྱང་བསྐུམ་རོལ༔ ཐབས་ཤེས་ཟུང་འཇུག་ཟག་མེད་བདེ་ལ་རོལ༔ ཐོད་པ་སྐམ་པོ་ལྔ་ཡིས་དབུ་བརྒྱན་པ༔ དུག་ལྔའི་འཁྲུལ་འཁོར་རང་སར་དག་པར་བྱེད༔ མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་འཕྱང༔ འདུ་བྱེད་ལྔ་བཅུ་རྩ་གཅིག་ཟད་པར་བྱེད༔ ཕར་ཕྱིན་དྲུག་ལྡན་རུས་རྒྱན་དྲུག་གིས་སྤྲས༔ སྐུ་གསུམ་མཚོན་ཕྱིར་ཁྲགས་ཐིགས་ཐལ་ཚོམ་དང༔ ཞག་གི་ཟོ་རིས་སྐུ་ཡི་གནས་གསུམ་བརྒྱན༔ འཁོར་བའི་ཞེན་ཟློག་ཞིང་ལྤགས་སྟོད་གཡོགས་ཤིང༔ གདུག་པ་འདུལ་མཛད་སྟག་ལྤགས་ཤམ་ཐབས་བཀླུབས༔ སྣང་སྲིད་ཀུན་གསལ་འཕྲུལ་གྱི་མེ་ལོང་དང༔ སྟོང་གསུམ་ཆོས་སྒྲ་སྒྲོག་ཕྱིར་དྲིལ་ཆུང་བརྒྱན༔ ཐབས་མཁས་སྤྲུལ་པས་འགྲོ་བའི་དོན་མཛད་ཕྱིར༔ དར་གྱི་ཅོད་པན་སྣ་ཚོགས་རླུང་གིས་བསྐྱོད༔ འཁོར་བའི་སྐྱོན་སྤངས་ཆུ་སྐྱེས་སྟེང་དུ་ནི༔ མ་རིག་མུན་སེལ་ཉི་གདན་འོད་འབར་དང༔ རྟོག་མེད་བམ་བརྩེགས་སྟེང་དུ་གར་སྟབས་རོལ༔ འཇའ་འོད་མེ་དཔུང་ཐོག་སེར་འཁྲུགས་པའི་དབུས༔ སྤྲུལ་པ་ཡང་སྤྲུལ་ཉི་མའི་ཟེར་ལྟར་འགྱེད༔ མཁའ་འགྲོ་སེང་གདོང་དྲག་མོ་ཁྱེད་ལ་བསྟོད༔ ཧཱུྃ་བྷྱོ༔ སྐུ་ཡི་ཡེ་ཤེས་མཁའ་འགྲོ་སེང་གདོང་དཀར༔ གྲི་གུག་དང་ནི་ཐོད་ཁྲག་ཐོགས་ནས་སུ༔ ཞེ་སྡང་རྩད་གཅོད་གཟུགས་ཕུང་གནས་སུ་དག༔ ཁ་ཊྭཱཾ་དཀུར་བརྟེན་ཞབས་གཉིས་བརྐྱང་བསྐུམ་བཞུགས༔ དར་དང་རུས་རྒྱན་སྐམ་རློན་ཐོད་ཕྲེང་དང༔ ཞིང་སྟག་ལྤགས་པ་ཁྲག་ཞག་ཐལ་ཆེན་དང༔ མེ་ལོང་དྲིལ་ཆུང་སྐུ་ཡི་རྒྱན་དུ་སྤྲས༔ མེ་དཔུང་དབུས་སུ་གཏུམ་རྔམས་གཟི་བརྗིད་འབར༔ མི་མཐུན་ཕྱོགས་ཀུན་མ་ལུས་ཞི་བར་མཛད༔ རང་འདྲའི་སྤྲུལ་པ་འབུམ་ཕྲག་གཅིག་གིས་བསྐོར༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ་དང་མཚུངས༔ རྡོ་རྗེ་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ ཡོན་ཏན་ཡེ་ཤེས་མཁའ་འགྲོ་སེང་གདོང་སེར༔ གྲི་གུག་དང་ནི་ཐོད་ཁྲག་ཐོགས་ནས་སུ༔ གཏི་མུག་རྩད་གཅོད་ཚོར་ཕུང་གནས་སུ་དག༔ ཁ་ཊྭཱཾ་དཀུར་བརྟེན་ཞབས་གཉིས་བརྐྱང་བསྐུམ་བཞུགས༔ དར་དང་རུས་རྒྱན་སྐམ་རློན་ཐོད་ཕྲེང་དང༔ ཞིང་སྟག་ལྤགས་པ་ཁྲག་ཞག་ཐལ་ཆེན་དང༔ མེ་ལོང་དྲིལ་ཆུང་སྐུ་ཡི་རྒྱན་དུ་སྤྲས༔ མེ་དཔུང་དབུས་སུ་གཏུམ་རྔམས་གཟི་བརྗིད་འབར༔ ཚེ་བསོད་དཔལ་འབྱོར་མ་ལུས་རྒྱས་པར་མཛད༔ རང་འདྲའི་སྤྲུལ་པ་འབུམ་ཕྲག་གཅིག་གིས་བསྐོར༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ་དང་མཚུངས༔ རཏྣ་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ གསུང་གི་ཡེ་ཤེས་མཁའ་འགྲོ་སེང་གདོང་དམར༔ གྲི་གུག་དང་ནི་ཐོད་ཁྲག་ཐོགས་ནས་སུ༔ འདོད་ཆགས་རྩད་གཅོད་འདུ་ཤེས་གནས་སུ་དག༔ ཁ་ཊྭཱཾ་དཀུར་བརྟེན་ཞབས་གཉིས་བརྐྱང་བསྐུམ་བཞུགས༔ དར་དང་རུས་རྒྱན་སྐམ་རློན་ཐོད་ཕྲེང་དང༔ ཞིང་སྟག་ལྤགས་པ་ཁྲག་ཞག་ཐལ་ཆེན་དང༔ མེ་ལོང་དྲིལ་ཆུང་སྐུ་ཡི་རྒྱན་དུ་སྤྲས༔ མེ་དཔུང་དབུས་ན་གཏུམ་རྔམས་གཟི་བརྗིད་འབར༔ ཁམས་གསུམ་མ་ལུས་དབང་དུ་སྡུད་པར་མཛད༔ རང་འདྲའི་སྤྲུལ་པ་འབུམ་ཕྲག་གཅིག་གིས་བསྐོར༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ་དང་མཚུངས༔ པདྨ་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ ཕྲིན་ལས་ཡེ་ཤེས་མཁའ་འགྲོ་སེང་གདོང་ལྗང༔ གྲི་གུག་དང་ནི་ཐོད་ཁྲག་ཐོགས་ནས་སུ༔ ཕྲག་དོག་རྩད་གཅོད་འདུ་བྱེད་གནས་སུ་དག༔ ཁ་ཊྭཱཾ་དཀུར་བརྟེན་ཞབས་གཉིས་བརྐྱང་བསྐུམ་བཞུགས༔ དར་དང་རུས་རྒྱན་སྐམ་རློན་ཐོད་ཕྲེང་དང༔ ཞིང་སྟག་ལྤགས་པ་ཁྲག་ཞག་ཐལ་ཆེན་དང༔ མེ་ལོང་དྲིལ་ཆུང་སྐུ་ཡི་རྒྱན་དུ་སྤྲས༔ མེ་དཔུང་དབུས་སུ་གཏུམ་རྔམས་གཟི་བརྗིད་འབར༔ དགྲ་དང་བགེགས་ཚོགས་མ་ལུས་ཐལ་བར་བརླག༔ རང་འདྲའི་སྤྲུལ་པ་འབུམ་ཕྲག་གཅིག་གིས་བསྐོར༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ་དང་མཚུངས༔ ཀརྨ་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ མཁའ་འགྲོ་ཕག་གདོང་མཐིང་ནག་མི་བཟད་མ༔ ཕྱག་གཡས་ཅང་ཏེའུ་གཡོན་པས་བུམ་པ་བསྣམས༔ གཅེར་བུ་བརྐྱང་བསྐུམ་གར་སྟབས་བམ་རོ་བརྫིས༔ ལས་བྱེད་དྲག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ མཁའ་འགྲོ་སྟག་གདོང་སྨུག་ནག་མི་བཟད་མ༔ ཕྱག་གཡས་ཁ་ཊྭཱཾ་གཡོན་པས་བྷནྡྷ་འཛིན༔ གཅེར་བུ་བརྐྱང་བསྐུམ་གར་སྟབས་བམ་རོ་བརྫིས༔ ལས་བྱེད་དྲག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ མཁའ་འགྲོ་ཀུམྦྷི་ར་གདོང་མི་བཟད་དམར༔ ཕྱག་གཡས་ཞིང་གི་རྒྱལ་མཚན་གཡོན་བྷནྡྷ༔ གཅེར་བུ་བརྐྱང་བསྐུམ་གར་སྟབས་བམ་རོ་བརྫིས༔ ལས་བྱེད་དྲག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ མཁའ་འགྲོ་གཟིག་གདོང་ལྗང་ནག་མི་བཟད་མ༔ ཕྱག་གཡས་ཞིང་ལྤགས་རྡེབ་ཅིང་གཡོན་ཐོད་ཁྲག༔ གཅེར་བུ་བརྐྱང་བསྐུམ་གར་སྟབས་བམ་རོ་བརྫིས༔ ལས་བྱེད་དྲག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ མཁའ་འགྲོ་ཁྱི་གདོང་དཀར་མོ་མི་བཟད་མ༔ ཕྱག་གཡས་ལྕགས་པར་གཡོན་པས་ཐོད་ཁྲག་འཛིན༔ གཅེར་བུ་བརྐྱང་བསྐུམ་གར་སྟབས་བམ་རོ་བརྫིས༔ ལས་བྱེད་དྲག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ མཁའ་འགྲོ་ཁྭ་གདོང་སྔོན་མོ་མི་བཟད་མ༔ ཕྱག་གཡས་གྲི་གུག་ཕྱར་ཞིང་གཡོན་ཐོད་ཁྲག༔ གཅེར་བུ་བརྐྱང་བསྐུམ་གར་སྟབས་བམ་རོ་བརྫིས༔ ལས་བྱེད་དྲག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ མཁའ་འགྲོ་སྤྱང་གདོང་དམར་མོ་མི་བཟད་མ༔ ཕྱག་གཡས་གསེར་བུམ་གཡོན་པས་ཐོད་ཁྲག་འཛིན༔ གཅེར་བུ་བརྐྱང་བསྐུམ་གར་སྟབས་བམ་རོ་བརྫིས༔ ལས་བྱེད་དྲག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ མཁའ་འགྲོ་འུག་གདོང་ལྗང་ནག་མི་བཟད་མ༔ ཕྱག་གཡས་ཞགས་འདེབས་གཡོན་པས་ཐོད་ཁྲག་འཛིན༔ གཅེར་བུ་བརྐྱང་བསྐུམ་གར་སྟབས་བམ་རོ་བརྫིས༔ ལས་བྱེད་དྲག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ འགུགས་བྱེད་དཀར་མོ་འཆིང་བྱེད་སེར་མོ་དང༔ སྡོམ་བྱེད་དམར་མོ་མྱོས་བྱེད་ལྗང་ནག་ཚོགས༔ སྲིན་མོ་ཁྲོས་ཚུལ་ཁྲོ་གཏུམ་རྔམས་བརྗིད་འབར༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས༔ ཚད་མེད་བཞི་ལྡན་མུ་བཞི་རང་སར་གྲོལ༔ མངགས་པའི་ཕོ་ཉ་མྱུར་མགྱོགས་རྫུ་འཕྲུལ་ལྡན༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་སྲུང་མཛད་པའི༔ མཁའ་འགྲོ་ཆེན་མོ་བཞི་ལ་ཕྱག་འཚལ་བསྟོད༔ བྷྱོ༔ སྣ་ཚོགས་མཁའ་འགྲོ་བསྟན་པ་སྲུང་མཛད་མ༔ གདུག་པའི་སྙིང་འབྱིན་མི་བསྲུན་ཁྲོ་མོའི་ཚུལ༔ སྐུ་མདོག་ཕྱག་མཚན་མ་ངེས་ཅིར་ཡང་སྟོན༔ ཁོར་ཡུག་ལ་གནས་མ་མོར་བསྟོད་པར་བགྱིའོ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོ༔ ཌཱ་ཀི་སེང་གདོང་འཁོར་བཅས་དགོངས་སུ་གསོལ༔ བདག་ཅག་བསྐལ་སྔོན་དུས་ནས་ད་ཡི་བར༔ མ་རིག་འཁྲུལ་དབང་རྩ་བ་ཡན་ལག་གིས༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཨོཾ་བཛྲ་སཏྭ་སོགས་ཡིག་བརྒྱ་བརྗོད་དོ༔ དེ་ནས་ཛཔ྄་ལ་འཇུག་པ་ནི༔ ཧཱུྃ༔ རང་རིག་དྲག་མོ་འཁོར་བཅས་ཀྱི༔ ཐུགས་ཀར་ཉི་སྟེང་རང་རང་གི༔ ས་བོན་སྔགས་ཀྱིས་གཡོན་དུ་བསྐོར༔ འོད་འཕྲོས་རྒྱལ་བར་མཉེས་མཆོད་འབུལ༔ སྣང་སྲིད་འཁོར་འདས་བཅུད་བསྡུས་ནས༔ རང་རང་སོ་སོར་གཉིས་མེད་ཐིམ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བཀྲག་མདངས་གཟི་བརྗིད་རྒྱ་ཆེར་བསྐྱེད༔ སླར་ཡང་འོད་ཟེར་དཀར་པོ་འཕྲོས༔ ནད་སོགས་མི་མཐུན་ཕྱོགས་ཀུན་ཞི༔ སྟོང་གསུམ་སེང་གདོང་དཀར་མོས་ཁེངས༔ རང་སྔགས་སྒྲོག་པས་འཇིག་རྟེན་འདར༔ ཚུར་འདུས་རང་གི་དཔྲལ་བར་ཐིམ༔ སླར་ཡང་འོད་ཟེར་སེར་པོ་འཕྲོས༔ ཚེ་བསོད་དཔལ་འབྱོར་ཀུན་རྒྱས་ནས༔ སྟོང་གསུམ་སེང་གདོང་སེར་མོས་ཁེངས༔ རང་སྔགས་སྒྲོག་པས་འཇིག་རྟེན་འདར༔ ཚུར་འདུས་རང་གི་ལྟེ་བར་ཐིམ༔ སླར་ཡང་འོད་ཟེར་དམར་པོ་འཕྲོས༔ ཁམས་གསུམ་མ་ལུས་རང་ལ་བསྡུས༔ སྟོང་གསུམ་སེང་གདོང་དམར་མོས་ཁེངས༔ རང་སྔགས་སྒྲོག་པས་འཇིག་རྟེན་འདར༔ ཚུར་འདུས་རང་གི་མགྲིན་པར་ཐིམ༔ སླར་ཡང་འོད་ཟེར་ལྗང་ནག་འཕྲོས༔ དགྲ་བགེགས་བྱད་མ་ཐལ་བར་བརླགས༔ སྟོང་གསུམ་སེང་གདོང་ལྗང་མོས་ཁེངས༔ རང་སྔགས་སྒྲོག་པས་འཇིག་རྟེན་འདར༔ ཚུར་འདུས་རང་གི་གསང་བར་ཐིམ༔ སླར་ཡང་འོད་ཟེར་མཐིང་ནག་འཕྲོས༔ ལས་ཀུན་ལྷུན་གྱིས་གྲུབ་བྱས་ནས༔ སྟོང་གསུམ་སེང་གདོང་མཐིང་ནག་ཁེངས༔ རང་སྔགས་སྒྲོག་པས་འཇིག་རྟེན་འདར༔ ཚུར་འདུས་རང་གི་གནས་ལྔར་ཐིམ༔ འོད་ཟེར་འཁྲུགས་པའི་མེ་དཔུང་འཕྲོས༔ བགེགས་རིགས་དཔག་ཚད་དུ་མར་བསྐྲད༔ ཚུར་འདུས་སྲུང་བའི་གུར་དུ་གྱུར༔ དེ་ནས་མཁའ་འགྲོ་སྟོང་གི་ནི༔ སྙིང་པོ་གཅིག་དྲིལ་འདི་ལྟར་རོ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ སྙིང་པོ་དངོས་གྲུབ་ཀུན་འབྱུང་ནི༔ ཨོཾ་ཛྙཱ་ན་ཌཱ་ཀི་སིཾ་ཧ་མུ་ཁ་ཨེ་ཝཾ་ཧ་རི་ནི་ས་ཙིཏྟ་བཛྲ་ས་མ་ཡ་ཛ་ཧཱུྃ་བྷྱོ༔ འཁོར་རྣམས་འདུས་པའི་སྤྱི་དྲིལ་ནི༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་མ་བྷྱོཿསིདྡྷི་ཛ༔ ཛཿཧཱུྃ་བཾ་ཧོ༔ ཕྲིན་ལས་མ་ལུས་འགྲུབ་སྔགས་ནི༔ ཧཱུྃ་ཧྲཱིཿབཛྲ་ཏུ་ར་ན་མ་སྭཱ་ཧཱ༔ མཁའ་འགྲོ་སྟོང་སྙིང་རྟགས་ལ་ནི༔ རྨི་ལམ་རྡོ་རྗེ་གྲི་གུག་རྙེད༔ ལག་ཏུ་ཐོད་རྔ་རྐང་གླིང་ཐོགས༔ ཨུཏྤལ་སྔོན་པོའི་ཚལ་དུ་བསླེབས༔ མཚོན་ཆའི་འཁོར་ལོ་བསྐོར་བ་དང༔ བུད་མེད་མང་པོ་འཛུམ་ཞིང་འདུ༔ ཆང་དང་དམར་ཆེན་སྟེར་རྨིས་ན༔ མཁའ་འགྲོ་སེང་གདོང་འགྲུབ་པར་ངེས༔ སྔགས་འདིའི་ཕན་ཡོན་བསམ་མི་ཁྱབ༔ སྲུང་ཟློག་བསད་གསུམ་གང་ལ་ཡང༔ འདི་ལས་ཟབ་པ་ཡོད་རེ་ཀན༔ སྔགས་གཞན་གང་འགྲུབ་བཟླས་པས་ཆོག༔ དམ་ཚིག་གཞུང་ནས་འབྱུང་ལྟར་སྲུངས༔ མཁའ་འགྲོ་སེང་གེའི་གདོང་ཅན་འདི༔ སྒྲུབ་པའི་རྣལ་འབྱོར་དེ་དག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ འདི་ཕྱི་ཀུན་ཏུ་ཤིས་ཤིང་དགེ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ བྱད་མ་ཁྲག་ཏུ་སྐྱུགས་ནས་འཆི༔ རྦོད་ཟོར་བྱད་མཁན་རང་ལ་ལྡོག༔ སྲུང་བ་རྡོ་རྗེ་ཕ་ལམ་འདྲ༔ ཟློག་པ་མེ་ཡི་འཁོར་ལོ་འདྲ༔ བསད་པ་སྤུ་གྲིའི་སོ་དང་མཚུངས༔ འདི་མ་གཏོགས་པའི་ཁམས་གསུམ་ན༔ མཁའ་འགྲོའི་སྙིང་ཐིག་གཞན་མེད་མོད༔ དེ་ཕྱིར་འདི་ལ་འབད་པར་བྱོས༔ ས་མ་ཡ་ཙིཏྟ་མཱུ་ཏྲ་རྒྱཿརྒྱཿརྒྱ༔ དེ་ནས་དངོས་གྲུབ་ཞུ་བ་ནི༔ ཧོ༔ དགོངས་ཤིག་མཁའ་འགྲོ་སེང་གདོང་འཁོར་དང་བཅས༔ རྣལ་འབྱོར་སྒྲུབ་པོ་བདག་གིས་ཁྱོད་མཆོད་ཅིང༔ བསྙེན་སྒྲུབ་མཐར་ཕྱིན་དངོས་གྲུབ་ཞུ་བ་ནི༔ མཁའ་འགྲོ་སྐུ་ཡི་གསང་མཛོད་ཆེན་མོ་ནས༔ འགྱུར་བ་མེད་པའི་དངོས་གྲུབ་བདག་ལ་སྩོལ༔ མཁའ་འགྲོ་གསུང་གི་གསང་མཛོད་ཆེན་མོ་ནས༔ འགག་པ་མེད་པའི་དངོས་གྲུབ་བདག་ལ་སྩོལ༔ མཁའ་འགྲོ་ཐུགས་ཀྱི་གསང་མཛོད་ཆེན་མོ་ནས༔ འཁྲུལ་པ་མེད་པའི་དངོས་གྲུབ་བདག་ལ་སྩོལ༔ མཁའ་འགྲོ་ཡོན་ཏན་གསང་མཛོད་ཆེན་མོ་ནས༔ ལྷུན་གྱིས་གྲུབ་པའི་དངོས་གྲུབ་བདག་ལ་སྩོལ༔ མཁའ་འགྲོ་ཕྲིན་ལས་གསང་མཛོད་ཆེན་མོ་ནས༔ ཐོགས་པ་མེད་པའི་དངོས་གྲུབ་བདག་ལ་སྩོལ༔ མཁའ་འགྲོ་དཀར་མོ་དོན་ཀུན་སྒྲུབ་བྱེད་མས༔ ཞི་བའི་དངོས་གྲུབ་བདག་ལ་བསྩལ་དུ་གསོལ༔ མཁའ་འགྲོ་སེར་མོ་བསམ་འཕེལ་བཅུད་ལྡན་མས༔ རྒྱས་པའི་དངོས་གྲུབ་བདག་ལ་བསྩལ་དུ་གསོལ༔ མཁའ་འགྲོ་དམར་མོ་ཁམས་གསུམ་མྱོས་བྱེད་མས༔ དབང་གི་དངོས་གྲུབ་བདག་ལ་བསྩལ་དུ་གསོལ༔ མཁའ་འགྲོ་ལྗང་མོ་དྲག་རྩལ་མཚོན་འབེབ་མས༔ དྲག་པོའི་དངོས་གྲུབ་བདག་ལ་བསྩལ་དུ་གསོལ༔ འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་སྩོལ༔ འབད་པ་མི་དགོས་ནོར་གྱི་དངོས་གྲུབ་སྩོལ༔ གང་བསམ་ཐོགས་མེད་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ དགོས་འདོད་ཀུན་འབྱུང་ཐུན་མོང་དངོས་གྲུབ་སྩོལ༔ ཉམས་རྟོགས་དྲོད་བསྐྱེད་ཕྱི་ཡི་དངོས་གྲུབ་སྩོལ༔ སྣང་སེམས་འུབ་ཆུབ་ནང་གི་དངོས་གྲུབ་སྩོལ༔ བདེ་བ་སྟོང་པ་གསང་བའི་དངོས་གྲུབ་སྩོལ༔ མ་གཡེལ་དངོས་གྲུབ་ཐམས་ཅད་མྱུར་སྩོལ་མཛོད༔ སརྦ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་བྷྲཱུྃ༔ དེ་ནས་དངོས་གྲུབ་བླངས་ནས་ནི༔ རྗེས་ཀྱི་ལས་དག་གཞན་དུ་ཤེས༔ མཁའ་འགྲོ་སེང་གེའི་གདོང་ཅན་གྱི༔ བསྒོམ་ཁོག་འདུས་པའི་སྒྲོན་མེ་འདི༔ པདྨ་འབྱུང་གནས་བདག་གིས་བསྟན༔ ྈྈྈྈྈྈྈྈྈྈྈྈྈ ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱི༔ ྈྈྈྈྈྈྈྈྈྈྈྈྈྈ ལས་ཅན་དེ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ ཌཱ་ཀི་རྒྱ་རྒྱ་རྒྱ༔ གཏེར་སྟོན་རོལ་པའི་རྡོ་རྗེ་བདག་གིས་ངོ་མཚར་བའི་རྟགས་དུ་མ་དང་བཅས་གནས་རྡོ་རྗེ་ཅོང་ཕུག་གི་བྲག་བཤིགས་ནས་སྤྱན་དྲངས་པའི་ཤོག་སེར་ལས་གཏན་ལ་ཕབ་པའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).