Terdzo-A-002

From Rinchen Terdzö

དཔལ་རྡོ་རྗེ་བདུད་རྩི་ལས་བདེ་བ་ཆེན་པོ་བླ་མའི་སྒྲུབ་ཐབས་ཀྱི་དབང་བསྐུར་ཡང་ཟབ་བདུད་རྩིའི་བཅུད་ཐིགས་

dpal rdo rje bdud rtsi las bde ba chen po bla ma'i sgrub thabs kyi dbang bskur yang zab bdud rtsi'i bcud thigs

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ར་མོ་ཤེལ་སྨན་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Ramo ShelmenJamyang Khyentse Wangpo)
in cycle  དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ (Dpal rdo rje bdud rtsi bde ba chen po)
Volume 30 (ཨ) / Pages 13-22 / Folios 1a1 to 5b3

[edit]

ྈ དཔལ་རྡོ་རྗེ་བདུད་རྩི་ལས་བདེ་བ་ཆེན་པོ་བླ་མའི་སྒྲུབ་ཐབས་ཀྱི་དབང་བསྐུར་ཡང་ཟབ་བདུད་རྩིའི་བཅུད་ཐིགས་ཞེས་བྱ་བ་བཞུགས་སོ།། རྡོ་རྗེ་བདུད་རྩིའི་མཆོག་གྲུབ་པས། །བདེ་ཆེན་གར་གྱིས་སྲིད་དང་ཞི། །དབང་མཛད་གུ་རུ་སྙིང་དབུས་སུ། །བཀོད་ནས་གཏོར་དབང་མཚམས་སྦྱོར་སྤེལ། །ཚེས་བཅུ་གཙོ་བོར་གྱུར་པའི་དུས་བཟང་པོར་དབེན་པའི་གནས་སུ་གུ་རུ་རིན་པོ་ཆེའི་རྟེན་གང་འབྱོར་བཤམ་པའི་མདུན་དུ། སྟེགས་བཟང་པོའི་དབུས་སུ་རིན་པོ་ཆེའི་སྣོད་དུ་སྤོད་ལྡན་གྱི་གཏོར་མ་རིན་ཆེན་འབར་བ་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་དང་བཅས་པ་བཀོད་པའི་གཡས་གཡོན་སྨན་རཀ །མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམ། དངོས་གྲུབ་ཀྱི་རྫས་བཟའ་བཏུང་དང་། ཚོགས་ཀྱི་ཡོ་བྱེད་སོགས་འདུ་བྱས་ཏེ། བླ་མའི་ལས་བྱང་བཏང་ལ་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པ་ཅི་ནུས་བྱ། རྟོགས་པས་མི་ཆུན་ན་གཏོར་མ་ཁྱད་པར་བླ་མའི་དཀྱིལ་འཁོར་དུ་གསལ་ལ་བཟླས་པ་བྱ། སྟོང་ཚིགས་དང་ཚོགས་མཆོད་ཕུལ། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་སྒོམ། སེམས་བསྐྱེད་གསལ་གདབ། དེའང་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ནས་ཚེ་གཅིག་གིས་བྱང་ཆུབ་འགྲུབ་པའི་ཐབས་ཀྱི་རྩ་བ་ནི་ཟབ་མོ་བླ་མའི་ལམ་མཆོག་ཁོ་ན་ཡིན་ཅིང་། དེ་ཉིད་སྒྲུབ་པའི་བཀའ་སྲོལ་མཐའ་ཡས་པ་ཀུན་ལས་ཁྱད་པར་དུ་མས་འཕགས་པ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་ཡོན་ཏན་མཛད་པ་དང་བཅས་པ་གཅིག་ཏུ་བསྡུས་པ། གདོང་དམར་བོད་ཡུལ་གྱི་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག །ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ། གཉགས་ལོ་ཡེ་ཤེས་གཞོན་ནུས་བླ་མ་དང་ཡི་དམ་དབྱེར་མེད་པའི་རྣལ་འབྱོར་ཁྱད་པར་ཅན་ཞིག་སྩོལ་བར་གསོལ་བ་བཏབ་པའི་ཚེ་གུ་རུའི་ཞལ་ནས། བདག་གི་ངོ་བོ་དུས་གསུམ་གྱི་རྒྱལ་བ་རྣམས་དང་དབྱེར་མེད་ཅིང༔ རྣམ་པ་བདུད་རྩི་ཆེན་པོའི་ཡེ་ཤེས་གྲུབ་པ་མཆོག་གི་ཚུལ་བསྟན་པ་ཡིན་པས༔ རྣལ་འབྱོར་ཟབ་མོའི་མཐར་ཐུག་པ་གདམས་པར་བྱའོ༔ ཞེས་དགྱེས་པ་ཆེན་པོས་གནང་བ་བསྩལ་པ། གུ་རུ་བདེ་བ་ཆེན་པོ་རྡོ་རྗེ་བདུད་རྩི་མཆོག་གྲུབ་པའི་སྐུའི་རྣམ་འགྱུར་དུ་བསྟན་པའི་སྒྲུབ་ཐབས་ཤིན་ཏུ་ཟབ་ལ་ངོ་མཚར་བ་འདི་ཉིད། ཡར་ལུང་པདྨ་བརྩེགས་པའི་ཕུག་པར་གཏེར་དུ་སྦས་པ་སྤྲུལ་པའི་གཏེར་སྟོན་ར་མོ་ཤེལ་སྨན་ཡེ་ཤེས་བཟང་པོས་གཏེར་ནས་ཕྱུང་སྟེ་འགྲོ་དོན་ཅི་རིགས་མཛད་སླར་འདབ་གཏེར་དུ་བཞུགས་པ། དེང་སྐབས་གདུལ་བྱ་དུས་ལ་བབས་པའི་དབང་གིས་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་མཆོག་གི་རིག་འཛིན་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་སྲུང་སྔགས་ཀྱི་བདག་མོས་ཤོག་སེར་མངོན་སུམ་དུ་ཕུལ་བ་ལས་གཏན་ལ་ཕབ་པའི་ཟབ་ཆོས། རྡོ་རྗེ་བདུད་རྩིའི་སྐོར་ལས་བདེ་བ་ཆེན་པོ་བླ་མའི་སྒྲུབ་ཐབས་དང་འབྲེལ་བའི་གཏོར་དབང་ཟབ་པའི་མཐར་ཐུག་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་བདུད་རྩིའི་ཡེ་ཤེས་སྐུ༔ བླ་མ་བདེ་བ་ཆེན་པོ་ཡིས༔ སྙིང་པོ་དོན་གྱི་དཀྱིལ་འཁོར་དུ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལན་གསུམ། མདུན་གྱི་ནམ་མཁར་མ་ཧཱ་གུ་རུ་བདེ་བ་ཆེན་པོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གུས་པ་ཆེན་པོས་སྐྱབས་སུ་མཆི་ཞིང་། སེམས་ཅན་ཐམས་ཅད་འཆི་མེད་བདེ་བ་ཆེན་པོའི་གོ་འཕང་མཆོག་ལ་འགོད་པའི་སླད་དུ་སྨིན་བྱེད་ཀྱི་དབང་ཞུ་བ་དང་། ཟབ་མོའི་ལམ་བསྒོམ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་དཔལ་ལྡན་སོགས་ལས་བྱང་ལྟར་ལན་གསུམ། དབང་གི་ཡེ་ཤེས་སྐྱེ་གནས་འཕེལ་བའི་རྟེན་ཏུ་གྱུར་པ་སོ་བྱང་གཉིས་དང་ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་ལས་བཤད་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བཟུང་སྙམ་པས་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་བདག་ལ་དགོངས༔ རིག་པ་འཛིན་པ་བདག་གིས་ནི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ མ་ལུས་ཡོངས་སུ་གཟུང་བར་བགྱི༔ ལན་གསུམ། དེ་ནས་དབང་གི་གཞི་དགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་ཤིག །དངོས་སྣང་ཐམས་ཅད་གདོད་ནས་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་ཟླ་བ་བརྩེགས་པའི་གདན་གྱི་སྟེང་དུ། རང་རང་གི་རིག་པ་མ་བཅོས་པའི་ངོ་བོ་སྐད་ཅིག་གིས་མ་ཧཱ་གུ་རུ་བདེ་བ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཞལ་གཅིག་སྤྱན་གསུམ་ཁྲོ་འཛུམ་ཆགས་པའི་ཉམས་ཀྱིས་སྒེག་པ། དབུ་སྐྲའི་ཐོར་ཚུགས་པདྨ་གསར་པའི་ཕྲེང་བས་བཅིངས་ཤིང་རྡོ་རྗེའི་ཏོག་གིས་མཚན་པ། ཕྱག་གཡས་པས་རྡོ་རྗེ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་ཅིང་གཡོན་པས་དྲིལ་བུ་དཀུར་བརྟེན་པ། དར་གྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བ་རུས་པའི་རྒྱན་དང་དྲིལ་བུ་གཡེར་ཁའི་དྲྭ་བས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་རིན་ཆེན་མཱ་མ་ཀཱི་ཤཱཀྱ་དེ་བཱི་ལྷ་མོའི་ཚུལ་ཅན་གཞོན་ཞིང་སྒེག་ལ་རིན་པོ་ཆེ་དང་རུས་པའི་རྒྱན་ཅན་ཕྱག་གཉིས་གྲི་གུག་དང་བདུད་རྩིའི་ཐོད་པ་སྟོབ་པ་དང་མཉམ་པར་སྦྱོར་བ། འཇའ་ཟེར་འོད་ཕུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་ནས་འཕྲོས་པའི་འོད་ཟེར་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་། ཁྱད་པར་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། ཐམས་ཅད་ཀྱང་གུ་རུ་བདེ་བ་ཆེན་པོའི་རྣམ་པར་བཞེངས་ཤིང་ནམ་མཁའ་ནས་ཆར་བབས་པ་ལྟར་བྱོན་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །འབེབ་པའི་རྫས་བདུག །ཅང་ཏེ་དྲིལ་བུའི་སྒྲས་བསྐུལ་ལ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་སོགས་ལས་བྱང་ལྟར་སྤྱན་འདྲེན་སྔགས་བཅས་བརྗོད་ལ་དབབ། རྡོ་རྗེ་མེ་ཏོག་མགོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། དེ་རྣམས་ཀྱིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དངོས་གཞི་གཏོར་མ་ལ་བརྟེན་ཏེ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱི་སྙིང་པོར་གྱུར་པ་བགྱི་བ་ལ་འདུན་པ་འདི་ལྟར་མཛོད་ཅིག །གཏོར་སྣོད་རང་བྱུང་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆེན་པོའི་ནང་དུ་གཏོར་མ་མ་ཧཱ་གུ་རུ་བདེ་བ་ཆེན་པོ་སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས། རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གསལ་བའི་དཔྲལ་བ་ནས་འོད་ཟེར་བདུད་རྩི་དཀར་པོའི་རྒྱུན་བྱུང་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ། སྣང་སྟོང་སྐུའི་ཕྱག་རྒྱ་མངོན་དུ་གྱུར་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཨོཾ༔ གཏོར་མའི་རྣམ་པ་ལྷ་དང་གཉིས་སུ་མེད༔ སྣང་སྟོང་ཟུང་འཇུག་བླ་མ་བདེ་བ་ཆེས༔ སྐལ་ལྡན་སློབ་མའི་ལུས་ལ་དབང་བསྐུར་བས༔ སྐུ་ཡི་ཕྱག་རྒྱ་ཆེན་པོ་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཡང་གཏོར་མ་མ་ཧཱ་གུ་རུ་བདེ་བ་ཆེན་པོར་གསལ་བའི་མགྲིན་པ་ནས་འོད་ཟེར་བདུད་རྩི་དམར་པོའི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། གྲགས་སྟོང་གསུང་གི་ཕྱག་རྒྱ་མངོན་དུ་གྱུར་པར་མོས་ཤིག །གཏོར་མ་མགྲིན་པར་བཞག་ལ། ཨཱ༔ གཏོར་མའི་སྒྲ་དོན་སྔགས་དང་གཉིས་སུ་མེད༔ གྲགས་སྟོང་ཟུང་འཇུག་བླ་མ་བདེ་བ་ཆེས༔ སྐལ་ལྡན་སློབ་མའི་ངག་ལ་དབང་བསྐུར་བས༔ གསུང་གི་ཕྱག་རྒྱ་ཆེན་པོ་འགྲུབ་པར་ཤོག༔ གོང་གི་སྔགས་མཐར། མ་ཧཱ་བ་ལིཾ་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཡང་གཏོར་མ་མ་ཧཱ་གུ་རུ་བདེ་བ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་བདུད་རྩི་སྔོན་པོའི་རྒྱུན་བྱུང། ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཐུགས་ཀྱི་ཕྱག་རྒྱ་མངོན་དུ་གྱུར་པར་མོས་ཤིག །གཏོར་མ་སྙིང་ཁར་བཞག་ལ། ཧཱུྃ༔ གཏོར་མའི་རང་བཞིན་གསལ་ལ་འཛིན་པ་མེད༔ བདེ་སྟོང་ཟུང་འཇུག་བླ་མ་བདེ་བ་ཆེས༔ སྐལ་ལྡན་བུ་ཡི་ཡིད་ལ་དབང་བསྐུར་བས༔ ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་འགྲུབ་པར་ཤོག༔ སྔགས་མཐར། མ་ཧཱ་བ་ལི་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་གཏོར་མ་མ་ཧཱ་གུ་རུ་བདེ་བ་ཆེན་པོར་གསལ་བའི་གནས་གསུམ་ལས་འོད་ཟེར་བདུད་རྩི་དཀར་དམར་མཐིང་གའི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །དབང་བཞི་པ་ཐོབ། རིག་སྟོང་ཡེ་ཤེས་ཀྱི་ཕྱག་རྒྱ་མངོན་དུ་གྱུར་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཧོ༔ གཏོར་མའི་ངོ་བོ་གདོད་ནས་སྐྱེ་བ་མེད༔ རིག་སྟོང་ཟུང་འཇུག་བླ་མ་བདེ་བ་ཆེས༔ སྐལ་ལྡན་སློབ་མའི་རྒྱུད་ལ་དབང་བསྐུར་བས༔ ཡེ་ཤེས་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག༔ སྔགས་མཐར། མ་ཧཱ་བ་ལི་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་གཉིས་སུ་མེད་པར་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ལ་ཐུགས་ཡིད་བསྲེས་ཏེ་རང་རིག་གི་ངོ་བོ་བསྐྱང་བ་ཞུ། ཞེས་བརྗོད་ལ་དར་གཅིག་མཉམ་པར་གཞག །གཏོར་རྫས་ཡེ་ཤེས་བདུད་རྩིའི་བཅུད་དུ་འཁྱིལ་པ་དེ་ཉིད་མགྲིན་པར་མྱང་བས་དངོས་གྲུབ་རྣམ་པ་གཉིས་སྟན་ཐོག་འདི་ཉིད་དུ་ཐོབ་པར་མོས་ཤིག །ཅེས་བརྗོད་ལ་གཏོར་མའི་ཆ་ཤས་དངོས་གྲུབ་ཀྱི་རྫས་སུ་བྱིན་ལ་ཤིས་བརྗོད་བྱ། དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་གི་ཐིགས་པའི་སྐོར་ལས་དཔལ་བདེ་བ་ཆེན་པོའི་བླ་མ་སྒྲུབ་པའི་དབང་བསྐུར་གྱི་རིམ་པ་འདིའང་། གཞུང་ཉིད་ལས། དབང་བསྐུར་བྱེ་བ་བསམ་ཡས་ཀྱི༔ སྙིང་པོའི་བཅུད་བསྡུས་འདི་ཁོ་ན༔ ཡང་དག་ཡེ་ཤེས་འཕོ་བའི་ལམ༔ ཟབ་རྒྱ་ཀུན་གྱི་བཅུད་དུ་ཟུངས༔ ཞེས་བསྔགས་པ་རྡོ་རྗེའི་ཡེ་ཤེས་འཕོ་བའི་དབང་བསྐུར་ཀུན་གྱི་སྙིང་པོར་གྱུར་པ་ཉིད་ལེགས་པར་གྲུབ་པ་ཡིན་པས། སྤྱི་དང་བྱེ་བྲག་གི་དམ་ཚིག་གི་རིམ་པ་ལ་བསྲུང་སྡོམ་ཚུལ་བཞིན་བགྱི་བའི་འདུན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏོང་རག་མཎྜལ། ལུས་འབུལ་བཅས་གྲུབ་ནས། དེ་ནས་དེ་དང་རྗེས་སུ་འབྲེལ་བ་ལ། གྲོལ་བྱེད་གདམས་ངག་ཕྱག་རྒྱ་བཞིའི་ཁྲིད་ཀྱི་རིམ་པ་རྩ་བ་རྡོ་རྗེའི་གསུང་འདི་ལ་ལེགས་པར་གསན་འཚལ། དེ་ནས་ཡང་ཟབ་མན་ངག་ནི༔ སོགས་ནས། མན་ངག་ཀུན་གྱི་སྙིང་པོར་ཟུངས༔ ཞེས་པའི་བར་དལ་བུས་བཀླག་པའམ་ནུས་ན་རྩ་ཚིག་ནོན་པ་ཙམ་གྱི་མདོར་བསྡུས་བཤད། དེ་ལྟར་ན་བདེ་བ་ཆེན་པོ་བླ་མའི་སྒྲུབ་ཐབས་ལས་སྨིན་གྲོལ་གྱི་རིམ་པ་རྣམས་ལེགས་པར་གྲུབ་པ་ཡིན་པས་དགེ་རྩ་རྫོགས་བྱང་དུ་བསྔོ་བར་ཞུ། ཞེས་སོགས་མཚམས་སྦྱར་ལ་དགེ་བསྔོ་བྱ། བླ་མས་ཚོགས་ལ་རོལ་ཅིང་ལྷག་མ་གཏང། མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་ལས་གཞུང་ལྟར་བྱས་པས་གྲུབ་བོ། །བདེ་ཆེན་འགྱུར་མེད་བླ་མའི་སྐུ །ལམ་མཆོག་འདི་ལས་མྱུར་འགྲུབ་སྟེ། །འཁྲུལ་པའི་དྲྭ་བར་ཆུད་པའི་འགྲོ །འོད་གསལ་དབྱིངས་སུ་འགྲོལ་བྱེད་ཤོག །ཅེས་པའང་ཟབ་ཆོས་འདིའི་ཞབས་ཏོག་ཏུ་འགྱུར་བའི་ལྷག་པའི་བློས་པདྨ་གར་དབང་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་སྤེལ་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).