Terdzo-'I-003
བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་ནང་ཚན་ལྷ་ཆེན་གྱི་ཆོག་ཁྲིགས་
by སྐལ་བཟང་པདྨ་དབང་ཕྱུག་ (Kalzang Pema Wangchuk)
revealed by རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle དབང་སྡུད་འཁོར་ལོ་ (Dbang sdud 'khor lo)
parent cycle བྱང་གཏེར་ (Byang gter)
Volume 53 (འི) / Pages 149-174 / Folios 1a1 to 13b1
༄༅། །བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་ནང་ཚན་ལྷ་ཆེན་གྱི་ཆོག་ཁྲིགས་བཞུགས་སོ། ། བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་ནང་ཚན་ལྷ་ཆེན་གྱི་ཆོག་ཁྲིགས་ལ། ཐོག་མར་བརྒྱུད་གསོལ་སྔོན་དུ་འགྲོ་བའི། སྐྱབས་སེམས་བླ་མ་གསང་འདུས་ལྟར་དང་། བླ་མ་བདེ་གཤེགས་མཁའ་འགྲོ་གནས་འདིར་གཤེགས།སོགས་ཡན་ལག་བདུན་པ་རྫོགས་རྗེས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད། དེ་ནས་གཉེན་པོ་སྟོབས་ཀྱི་སྒྲུབ་པ་ནི། དང་པོ། སྟོང་པའི་ངང་ལས་ཞེས་པ་ནས། ཧཱུྃ་ཧྲཱི༔ སྔོན་བསྐལ་མའི་སྤྱན་འདྲེན་བྱེད། ཨ་བྷི་ཥིཉྩ་མཾ། ཞེས་དཀྱུས་ལྟར་བརྗོད་རྗེས། དེ་ལ་མཆོད་པ་འབུལ་བ་ནི༔ ཞེས་པར། ལེའུ་བདུན་མའི། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དང་། །ལྷ་བཤོས་ཞེས་སོགས་བརྗོད། དེ་ནས་དཀྱུས་ལྟར་བཟླས་པ་ལ་འཇུག །ཐུན་མཐར། གུ་རུ་པདྨ་ས་པ་རི་བཱ་ར་སོགས་ཀྱིས་མཆོད། བལྟས་པ་ཙམ་གྱིས་འགྲོ་རྣམས་དབང་དུ་སྡུད། །ཅེས་པས་བསྟོད། དེ་ནས་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་ལས་བྱང་བྱ་སྟེ། ཐོག་མར་སྐྱབས་སེམས་ལན་གསུམ། བགེགས་གཏོར་བསང་སྦྱང་སྤྱི་ལྟར་ལ། དབང་དྲག་པདྨའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞེས་ཁ་སྒྱུར། གཞན་མ་ལས་བྱང་གི་དཀྱུས་སོར་བཞག་ལྟར་བསྟོད་པའི་རྗེས་བཟླས་པ་ལ་འཇུག །ཐུན་མཚམས་སུ། དབང་ཆེན་ཡོངས་རྫོགས་སྤྱན་འདྲེན་གཤེགས། །ཞེས་སོགས་མཆོད། སྐྱེར་སྒང་པ་ལྟར། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཞེས་ཤྭ་ལོ་ཀ་གཅིག་གིས་བསྟོད། དེ་ནས་ལྷ་ཆེན་གྱི་ཕྲིན་ལས་ལ་འཇུག་སྟེ། དང་པོ། སྟོང་པའི་ངང་ལས་ཧྲཱིཿདམར་པོ་གཅིག་བསམ༔ ཞེས་པ་ནས། ཉི་ཟླ་པདྨའི་གདན་ལ་བཞུགས་པ༔ ཞེས་གོང་ནོན་བསྐྱེད་ནས། དེའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ སྲིད་པ་གསུམ་གྱི་སྐྱེ་འགྲོ་དང༔ བསོད་ནམས་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ༔ ཅེས་པའི་བར་འདིར་སྒྲུབ་ཐབས་ལྟར། ཚུར་འདུས་པས༔ མདུན་དུ་ཧྲཱིཿལས་དབང་ཕྱུག་ཅེས་པ་ནས། ནོར་ལྷའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བར་གྱུར། ཅེས་པའི་རྗེས་སུ། རང་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས༔ ཞེས་སོགས་མཆོད་རྫས་བྱིན་རླབས་དཀྱུས་ལྟར་དང་། དཀར་གཏོར་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ། དམར་གཏོར་ཡཾ་ལས་ཞེས་སོགས་དང་གདན་བསྐྱེད། སྤྱན་འདྲེན་མཆོད་འབུལ་གྱི་རིམ་པ་དང་བསྟོད་པ། རང་ཉིད་དབང་ཕྱུག་ཏུ་གསལ་བས་བཟླས་པ་སོགས་དཀྱུས་ལྟར་དང་། དེ་རྗེས་སྤྱི་བྱེ་བྲག་བཟླས་པ་སོགས་མཚམས་རྩ་སྔགས་གང་མང་རྗེས་སུ། མཆོད་བསྟོད་བསྡུས་པ་རེ་བྱ། ཧཱུྃ༔ སུམ་ཅུ་རྩ་གསུམ་ཞེས་པའི་ལྷ་ཆེན་གྱི་བསྟོད་བསྐུལ་དང་། དབང་གི་གཤམ་དུ། ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ ཞེས་སོགས་བརྗོད་པར་བྱའོ། །ཡང་གུང་ཐུན་སྐབས་སྤྱི་སྔགས་དང་རྩ་སྔགས་གང་མང་། མཆོད་བསྟོད། དགོང་མོ་གཏེར་སྲུང་ཐང་ལྷའི་གསོལ་ཁ། དེ་ནས་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་ཕྲིན་ལས་ཚོགས་བྱིན་རླབས། སྤྱན་འདྲེན་དབང་ཆེན་ཕྲིན་ལས་ལྟར་ལྷ་ཆེན་སྤྱན་འདྲེན་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ ཞེས་དང་། རྟ་མགྲིན་གྱི་ཚོགས་མཆོད། ལྷ་ཆེན་གྱི་ཚོགས་མཆོད། རྟ་མགྲིན་གྱི་བཤགས་པ་རྣམས་གོ་རིམ་བསྒྲིག །དེ་རྗེས་དགུག་གཞུག་བདེན་བདར་སོགས་སྔོན་དུ་འགྲོ་བས་གདབ་ལས། ཞལ་བསྟབ་སོགས་རྟ་མགྲིན་ལས་བྱང་ལྟར་བྱས་རྗེས། རྩ་གསུམ་སྐོང་གསོ་བྱ། ལྷ་ཆེན་གྱི་བསྟོད་བསྐུལ། ཧཱུྃ༔ སུམ་ཅུ་རྩ་གསུམ་མ། དེ་ནས་རྟ་མགྲིན་ལྟར་ཆད་ཐོ་བརྟན་སྐྱོང་རྩ་གསུམ་ཞི་ཁྲོས་མཆོད། ཆོས་དབྱིངས་ངང་ལས་ལྷ་ཡི་ལྷར་གྱུར་རྩ་གསུམ་ནོར་ལྷ་ཆེ། །ཞེས་ཤྭ་ལོ་ཀ་གཅིག་དང་། ཕུན་ཚོགས་ལོངས་སྤྱོད་གཏེར་ལ་མངའ་བརྙེས་ཤིང་། །སོགས། ཕྱག་འཚལ་དཔལ་དང་འབྱོར་པའི་དངོས་གྲུབ་སྩོལ། །ཞེས་བསྟོད་ཅིང་དངོས་གྲུབ་བསྐུལ། རྟ་མགྲིན་གྱི། བདག་ཅག་རིག་འཛིན་སྒྲུབ་མཆོག་གི །ཞེས་ཤྭ་ལོ་ཀ་གཅིག་དང་། བདག་གི་དགེ་བའི་རྩ་བ་འདིས༔ ཞེས་ཚིག་གསུམ་གྱིས་ལྷ་ཆེན་ཕྲིན་ལས་ལྟར་སྨོན་ལམ་གདབ། དབང་གཤམ་ལྟར། ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ ཞེས་པའི་སྨོན་ལམ་ཡང་བྱ་ཞིང་། རྗེས་ཆོག་རྣམས་སྤྱི་ལྟར་བྱ། སྒྲུབ་པ་གྲོལ་སྐབས་ལྷ་ཆེན་བསྟོད་བསྐུལ་གྱི་རྗེས་རྟ་མགྲིན་ལྟར་ལྷག་མ་གཏང་། བརྟན་སྐྱོང་གི་རྗེས་སུ་བྲོ་བརྡུང་རྟ་མགྲིན་ལྟར་བྱ་ཞིང་། རྟ་མགྲིན་གྱི་ལས་བྱང་གི །ཆོས་དབྱིངས་ངང་ལས་སྐུ་སྤྲུལ་རྟ་མགྲིན་རྒྱལ། །ཞེས་བསྡུ་ཆོག་ཀྱང་སྤྱི་ལྟར་སྐབས་ཐོབ་ཤེས་པར་བྱ་ཞིང་། མཇུག་བསྔོ་སྨོན་བཀྲ་ཤིས་དགའ་སྟོན་སོགས་གང་རྒྱས་བྱའོ།། །། ༄༅། །ལྷ་ཆེན་གྱི་མེ་མཆོད་ཁམས་གསུམ་དབང་དུ་སྡུད་པའི་ལྕགས་ཀྱུ་བཞུགས་སོ། །ཨོཾ་སྭསྟི། དཔལ་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདིར་བྱང་གཏེར་ལྷ་ཆེན་གྱི་མེ་མཆོད་དབང་གི་སྦྱིན་སྲེག་བྱ་བ་ནི། ཡར་ངོའམ་མར་ངོར་ཡང་རུང་སྟེ་ལས་སྐར་རྒྱལ་གྱི་ཉི་མར་དབེན་པའི་གནས་ཡིད་དང་མཐུན་པ། མི་འགྲོ་འོང་གི་རྒྱུ་འགྲུལ་དང་ཀླག་ཅོར་སོགས་མེད་པ་གོང་མས་བྱིན་གྱིས་བརླབས་པའི་གནས་སམ། དེ་མིན་དུར་ཁྲོད་བས་མཐའ་རྒྱལ་པོའི་ཕོ་བྲང་ལྟ་བུར་ཡར་ངོའི་ཚེས་བརྒྱད་དང་བཅུ། མར་ངོའི་ཉེར་ལྔ་དགུ་ལྟ་བུའི་དགོང་གི་ཆ་ལ། ཚོང་འདུས་ཆེན་པོའི་ས་དགེ་བཤེས་བསོད་ནམས་ཅན་གྱི་གདན་ཁྲིའི་ས་རྒྱལ་པོའི་བང་མཛོད་ཀྱི་ས་རྣམས་ཀྱིས་བྲི་ཐབ་ཡིན་ན་ཆག་ཆག་གདབ་ཅིང་། རྩིག་ཐབ་ཀྱི་ཚེ་དེ་ལས་རྒྱུ་བྱས་པའི་ཐབ་ཁུང་ཟླ་གམ་དམར་པོ་རྒྱར་མཛུབ་གང་དང་། དཔངས་སུ་དེའི་ཕྱེད་ཆ་སོར་བཞི་པའི་ཁ་ཁྱེར་མུ་རན་དང་བཅས་པ་ལྕགས་ཀྱུ་དགུས་མཚན་པའི་དབུས་སུ། ས་བོན་ཚོམ་བུ་གང་རུང་བཀོད། རྒྱ་སྐྱེགས་དང་ཙནྡན་དམར་པོ་བྱུགས་པའི་ནང་དུ་ཙནྡན་དམར་པོའི་ཤིང་། ཀ་རའི་ཤིང་། ཡོག་མོང་། ཕུར་མོང་། དཱུར་བ་སྟེ་ཤིང་སྣ་ལྔ་པོ་མཛུབ་རེའི་ཚད་དུ་གཏུབས་ལ་ཟླ་གམ་དབྱིབས་སུ་བརྩིག །གཡས་ཕྱོགས་སུ། ཏིལ་མར་རམ་མ་འབྱོར་ན་འབྲུ་མར་ཙནྡན་དམར་པོའི་ཕྱེ་མས་སྦགས་པ་དང་། ཙནྡན་ནམ་མཛོ་མོ་ཤིང་གང་རུང་གི་ཡམ་ཤིང་སོར་ལྔ་པ་མངར་གསུམ་དང་སྤོས་མར་བྱུག་པ་གྲངས་ཇི་ལྟར་འོས་པ་དང་། རྩ་བའི་རྫས་ཧ་ལོ། ཨུག་ཆོས། གླང་པོ་སྣ། ཀུན་ཏི་ར། སྲི་ཤིང་། སྲན་མའི་མེ་ཏོག །ཨུཏྤལ་སོགས་མེ་ཏོག་དམར་པོའི་རིགས། མངར་གསུམ་མར་ཏིལ་འབྲས་ལན་ཚྭ་ཙནྡན་དམར་པོ་ཁམ་བུ་རྒུན་འབྲུམ་ཀུ་ཤུ་ལ་སོགས་མྱོས་བྱེད་ཀྱི་འབྲས་བུ། ཤ་ལྔ་བདུད་རྩི་ལྔ། བྱི་རུ་སོགས་རིན་ཆེན་དམར་པོའི་རིགས། འབྲུ་སྣ་བཟའ་བཅའ་སོགས་ཁ་ཟས་བཟང་དགུ། སེ་འབྲུ་བསེ་ཡབ་སོགས་སྐྱུར་བའི་འབྲས་བུ། ཟླ་མཚན་སོགས་དབང་སྡུད་ཀྱི་རྫས་རྙེད་ཚད་གཅིག་ཏུ་བསྲེས་ནས་ཞོ་ཟན་ལྟ་བུར་སྦོལ་ལ་རྒྱ་སྐག་གི་ཁུ་བས་ཁ་དོག་བསྒྱུར་པ་གདན་དམར་པོ་ལ་བཤམ། ཁྱད་པར་རྒྱ་ཤོག་ལ་དམིགས་བྱའི་རཱུ་པ་མིང་རུས་ཅན་བྲིས་ལ་ཕོ་མོའི་ཁྱད་པར་གྱི་ཟག་རྫས་བྱུག་པ་ཡང་བསྒྲིག །གཡོན་ངོས་སུ་ཟངས་གཞོང་དུ་འབྲུ་སྣའི་ཕྱེ་སྨན་སྤོས་མངར་གསུམ་དང་སྦྱར་པ་ཆང་དང་སྦྲང་རྩིས་སྦྲུས་པའི་སྤྱི་གཏོར་རྟགས་གསུམ་ཚང་བ་ཏིང་ལོ་བརྒྱད་ཀྱིས་བསྐོར་བ་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་དམར་གྱི་གུར་ཕུབ་པ་དང་། སྨན་རཀ །མངར་གསུམ་ཆང་དང་སྦྱར་བའི་མཆོད་ཡོན། མེ་ཏོག་དམར་པོ། སྦྱར་སྤོས། ཏིལ་མར་སྒྲོན་མེ། ཙནྡན་དྲི་ཆབ། ཞལ་ཟས་དམར་པོ་རྣམས་དང་། རིན་ཆེན་སྣ་ཚོགས་ཀྱང་མཆོད་པར་བཤམ། མདུན་དུ་རྡོར་དྲིལ་ཌཱ་རུ་དགང་བླུག་ནང་མཆོད། མི་ལག་གཡབ་དར། རླུང་གཡབ་ དམར་པོ། མེ་ཡོལ་སོགས་ཀྱང་ཉེར་བསྡོག་བྱ། རང་ཉིད་ཆས་གོས་རྒྱན་སོགས་དམར་པོས་སྤྲས་ནས། སྟན་དམར་པོའི་སྟེང་དུ་ཆགས་པའི་སེམས་དང་ལྡན་པས་པདྨའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འདུག་ལ། ཐོག་མར་གཉེན་པོ་སྟོབས་སྒྲུབ་རྟ་མགྲིན་གྱི་ལས་བྱང་དབང་ཆེན་མཆོད་པའི་ཕྲིན་ལས་ཚོགས་འབུལ་བར་གཏང་། མེ་མཆོད་དངོས་ནི། དབང་ཕྱུག་མཆོད་ཕྲིན་བཞིན། དང་པོ་སྟོང་པའི་ངང་ལས༔ པཾ་ལས་པདྨའི་སྡོང་པོ་གཅིག་བསམ༔ དེའི་སྟེང་དུ་ཧྲཱིཿཡིག་དམར་པོས་མཚན་པ་ལས་འོད་འཕྲོས༔ དེ་ཞུ་བ་ལས་འོད་ཀྱི་ཐིག་ལེ་དམར་པོར་གྱུར༔ དེ་ལས་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་རྩ་དམར་ཞིང་འཛུམ་པའི་མདངས་དང་ལྡན་པ༔ དབུ་ལ་ཤ་བའི་མཉེན་ཞུ་དང༔ སྐུ་ལ་དར་གྱི་བེར་དམར་གསོལ་བ༔ ཕྱག་གཉིས་དབང་སྡུད་ཀྱི་ཕྱག་རྒྱ་བཅས་ནས༔ ཉི་ཟླ་པདྨའི་གདན་ལ་བཞུགས་པར་གྱུར། ཞེས་རང་ཉིད་པདྨ་རྒྱལ་པོར་གསལ་བཏབ། རང་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས༔ མཆོད་རྫས་ལ་ཕོག༔ ཟག་པ་མེད་པའི་བདུད་རྩིར་བྱིན་གྱིས་བརླབ༔ ཨ་ལས་ཨརྒྷཾ་རོ་བརྒྱ་ལྡན་པ༔ དྷཱུ་པེ་ལས་བདུག་སྤོས༔ པུཥྤེ་ལས་མེ་ཏོག༔ ཨཱ་ལོ་ཀེ་ལས་མར་མེ༔ གནྡྷེ་ལས་དྲི་ཆབ༔ ནཻ་བིདྱཱ་ལས་ཞལ་ཟས༔ ཤབྡ་ལས་རོལ་མོ་སོགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར། ཞེས་མཆོད་པ་བྱིན་གྱིས་བརླབ། དམར་གཏོར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ༔ ལྟེ་བ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ༔ དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ༔ དེའི་སྟེང་དུ་བྷྲཱུྃ་ལས་གཏོར་སྣོད་ཟངས་ཀྱི་ཟླ་གམ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྟེང་དུ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས་ཤ་ལྔ་བདུད་རྩི་ལྔ༔ རི་རབ་ལྷུན་པོ༔ གསེར་གྱི་རི་བདུན་དང༔ རོལ་པའི་མཚོ་བདུན༔ གླིང་བཞི་གླིང་ཕྲན་གྱིས་བསྐོར་བར་གྱུར༔ ཞེས་མཆོད་གཏོར་བྱིན་གྱིས་བརླབས༔ བསྲེག་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་བྱིན་བརླབ། དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་དབང་གི་ཐབ་ཁུང་ཟླ་གམ་དབྱིབས་ཅན་ཡངས་ཤིང་རྒྱ་ཆེ་བ་པདྨ་རཱ་ག་ལས་གྲུབ་པའི་རང་བཞིན་ཅན་དམར་པོ་ཁ་ཁྱེར་དང་བཅས་པ་འོད་ཟེར་དམར་པོ་འཕྲོ་བར་གྱུར། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་ཞེས་སྨད་འཚོང་མའི་མེས་སྦར་ལ་རླུང་གཡབ་ཀྱིས་གཡབ་བོ། །ཐབ་ཀྱི་ནང་དུ་རཾ་ལས་འབར་བའི་མེའི་དབུས་སུ་འོག་ཏུ་རླུང་གི་དཀྱིལ་འཁོར་པདྨ་དང་ཉི་མའི་སྟེང་མིའུ་རིགས་བཞི་བསྣོལ་བའི་གདན་ལ་ཧྲཱིཿཡིག་དམར་པོ་ལས་འོད་འཕྲོས་པས༔ སྲིད་པ་གསུམ་གྱི་སྐྱེ་འགྲོ་དང༔ བསོད་ནམས་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ༔ ཚུར་འདུས་པ་ཧྲཱིཿཡོངས་སུ་གྱུར་པ་ལས། འདོད་ཁམས་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པ་སྐུ་མདོག་དམར་པོ་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཡས་ཀྱིས་ཁ་ཊྭཱཾ་རྩེ་གསུམ་དང༔ གཡོན་པས་ལྕགས་མདའ་ལྕགས་གཞུ་བསྣམས་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཞབས་གཉིས་རླུང་གི་དཀྱིལ་འཁོར་གྱི་སྟེང་ན་བརྐྱང་བསྐུམ་དུ་བཞུགས་པ༔ ཡུམ་ཨུ་མཱཿདེ་བཱི་སྐུ་མདོག་དམར་མོ་གཅེར་བུ་བྷ་ག་རྒྱས་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་བསྣམས་པས་ཡབ་ལ་འཁྱུད་པ། གཡོན་པས་མེ་རླུང་གི་འཁོར་ལོ་འཛིན་པ། ཞབས་གཡོན་བརྐྱང་གཡས་བསྐུམ་གྱིས་ཡབ་ལ་འཁྲིལ་བ། གཉིས་ཀ་རིན་ཆེན་རྒྱན་གྱིས་སྤྲས་པ། མདུན་དུ་པདྨ་ཉི་ཟླའི་གདན་ལ། མུ་སྟེེགས་དབང་ཕྱུག་ཆེན་པོ༔ སྨུག་ནག་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཡས་ལྕགས་ཀྱུ་བསྣམས་པས་གང་ལ་བྱ་བའི་རྣམ་ཤེས་འགུགས་པ༔ གཡོན་ཞགས་པ་བསྣམས་པས་ལོ་ཀའི་ཟས་ནོར་སྡུད་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཞབས་གཉིས་བརྐྱང་བསྐུམ་མཛད་པ༔ གཡས་སུ་དབང་ཕྱུག་ཆེན་པོ་ནོར་བུ་བསམ་འཕེལ༔ སྐུ་མདོག་དམར་པོ་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཉིས་ནོར་བུ་ཐུགས་ཀར་འཛིན་པ༔ ཞབས་གཡས་རྡོ་རྗེའི་གདན་མནན་པ༔ གཡོན་གྱིས་གངས་ཏི་སེ་མནན་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ་གཅིག་ཏུ་གྱུར༔ གཡོན་ཕྱོགས་སུ་དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད་ཅེས་བྱ་བ༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་འཕྲུལ་གྱི་མེ་ལོང་བསྣམས་པས་ཁམས་གསུམ་ས་ལེར་གཟིགས་པ༔ གཡོན་ན་ཉི་ཟེར་ཞགས་པ་བསྣམས་ནས་ཁམས་གསུམ་གྱི་ཟས་ནོར་སྡུད་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ གཡས་ཀྱི་ཞབས་ཀྱིས་རྡོ་རྗེའི་གདན་མནན་པ༔ གཡོན་གྱི་ཞབས་ཀྱིས་གངས་ཏི་སེ་མནན་པ་གཅིག་ཏུ་གྱུར༔ གཙོ་བོའི་ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་ནག༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར་ནག༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་ནག༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ནག་དང་བཞི༔ གཅེར་བུ་རལ་པ་ཅན། ཕྱག་གཡས་ལྕགས་ཀྱུ་དང་ཁ་ཊྭཱཾ་བསྣམས་པ། གཡོན་ན་རླུང་གི་བ་དན་གཡོབ་པ། རིན་ཆེན་རྒྱན་གྱིས་སྤྲས་པ། སྐུ་ལས་འོད་ཟེར་དམར་པོ་འཕྲོས་པས་འཛམ་བུའི་གླིང་མེར་མེར་འཁྱོམ་འཁྱོམ་གཡོ་བའི་སྐུ་ཅན་དུ་གསལ་བའི། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གསལ་བར་གྱུར། ཅེས་དང་། བདག་ཉིད་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ དབང་ཕྱུག་ཆེན་པོའི་ཐུགས་ཀའི་ཧྲཱིཿལ་ཕོག་སྟེ༔ ནུབ་ཕྱོགས་དབང་གི་གཞལ་ཡས་རིགས་བཞིིའི་ཕོ་མོ་བསྣོལ་བའི་གདན་ལས་ཧུར་བཞེངས་ཏེ༔ མཁའ་འགྲོ་མ་བཞིས་ཕྱོགས་བཞི་ནས་ཁ་ཊྭཱཾ་ག་དང་བ་དན་གཡོབ་ཅིང༔ བར་སྣང་ལ་ཚུར་འུ་རུ་རུ་བྱོན་པར་གྱུར༔ ཅེས་དང་། མི་ལག་གཡབ་དར་གུ་གུལ་སྦྱར་སྤོས་རོལ་མོ་བཅས། ཧྲཱི༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ནུབ་ཕྱོགས་པདྨ་འབར་བའི་གཞལ་ཡས་ནས༔ ཉི་ཟླ་རླུང་གི་འཁོར་ལོའི་གདན་སྟེང་ནས༔ ཧྲཱིཿལས་བྱུང་བའི་དབང་ཕྱུག་ཆེན་པོ་ནི༔ བཞེངས་ཤིག་དབང་ཕྱུག་དབྱིངས་ནས་བཞེངས༔ གནས་མཆོག་འདི་རུ་གཤེགས་སུ་གསོལ༔ གཤེགས་ཤིང་བཞུགས་པའི་གནས་ངན་ཡང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ སྲིད་གསུམ་དབང་དུ་སྡུད་པར་ཞལ་བཞེས་ལྟར༔ དད་མོས་དད་པ་བསྐྱེད་པ་དང༔ བདག་ཅག་ཕོངས་པ་བསལ་བའི་ཕྱིར༔ པདྨ་འབར་བའི་གཞལ་ཡས་ནས༔ དབང་ཕྱུག་ཡབ་ཡུམ་འཁོར་དང་བཅས༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་ཤར་ཕྱོགས་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ དཀར་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་ལྷོ་ཕྱོགས་ནས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ སེར་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་ནུབ་ཕྱོགས་ནས༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ དམར་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་བྱང་ཕྱོགས་ནས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ལྗང་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ ཀ་བྷི་ར་ཀོ་བྷི་ར༔ ཛཿཧཱུྃ་བཾ་ཧོ༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ཅིང་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན། ཞེས་པས་དམ་ཚིག་པ་དང་གཉིས་སུ་མེད་པར་བཞུགས་པར་བསམ་མོ། །དེ་ནས་བྱོན་ཟན་ནི། དབང་ཕྱུག་ཆེན་པོ་འཁོར་དང་བཅས་པའི་ལྗགས་ལ་རཾ་དང་གཟར་བུ་གཉིས་ལ་ཨཾ་ཡིག་གིས་མཚན་པར་གྱུར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བླུག་གཟར་བདུན་གྱིས་དགང་གཟར་བཀང་རྗེས་གཟར་བུ་ཁ་སྦྱར་བ་པདྨའི་ཁུ་ཚུར་གྱིས་བཟུང་བ་གཡས་སུ་གཅིག་བསྐོར་ཞིང་། ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི༔ ཛྭ་ལ་རཾ་སརྦ་སིདྡྷི་ཨ་ལ་ལ་ཧོ༔ ཆེ་གེ་མོའི་གཙོར་བྱས་ཁམས་གསུམ་སྲིད་པའི་སྐྱེ་འགྲོ་དབང་དུ་འདུ་བར་གྱུར་ཅིག་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལན་གསུམ་གྱིས་ཏིལ་མར་ཕུལ་ལ། མཆོད་པ་ནི། ཧྲཱི༔ དྲི་མེད་དག་པའི་ཨརྒྷཾ་འདིའི༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ མཁའ་འགྲོ་རིགས་བཞི་འཁོར་བཅས་ཀྱི༔ ཕྱག་དང་ཞབས་ནི་བསིལ་བར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ཨཱརྒྷཾ་པྲ་ཏཱིཙྪ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ དྲི་ཞིམ་བདུག་སྤོས་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་དྷཱུ་པེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ མེ་ཏོག་དམ་པ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་པུཥྤེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ སྣང་གསལ་སྒྲོན་མེ་དམ་པ་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ཨཱ་ལོ་ཀེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ དྲི་ཆབ་དམ་པ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་གནྡྷེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ ཞལ་ཟས་དམ་པ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ནཻ་བིདྱཱ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་སྙན་གདངས་རིང་བའི༔ སྒྲ་དབྱངས་རོལ་མོ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ཤབྡ་པཱུ་ཛ་ཧཱུྃ༔ དེ་ནས་རིན་པོ་ཆེའི་མཆོད་པ་འབུལ་ཏེ༔ ཧྲཱི༔ རིན་ཆེན་གསེར་དངུལ་གཡུ་དང་ཟངས༔ བྱེ་རུ་མུ་ཏིག་མུ་མེན་བདུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་ཌཱ་ཀི་རྣམས་ལ་འབུལ༔ རཏྣའི་པཱུ་ཛ་འདི་བཞེས་ལ༔ བདག་ལ་རིན་ཆེན་ཆར་ལྟར་ཕོབ༔ སྙན་གྲགས་ནམ་མཁའ་ཁྱབ་པར་སྤེལ༔ བསོད་ནམས་ནོར་དང་ལོངས་སྤྱོད་སྤེལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་རཏྣ་པཱུ་ཛ་ཧཱུྃ༔ ཞེས་དང་། གཏོར་འབུལ་ནི། ནམ་མཁའི་ཁམས་སུ་ལྷ་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་བྱོན་ནས༔ ཁ་ཊྭཱཾ་རྩེ་གསུམ་གཏོར་མ་ལ་བརྒྱབས་ནས་གསོལ་བར་བསམ་ལ་འདི་སྐད་དོ༔ ཧྲཱི༔ བསྐལ་པ་རླུང་གི་གདན་སྟེང་དུ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ སྐུ་མདོག་དམར་སྨུག་འོད་ཟེར་འཕྲོ༔ ཕྱག་ན་ཁ་ཊྭཱཾ་མདའ་གཞུ་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ བདག་གི་ལས་རྣམས་སྒྲུབ་ཏུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཙོ་བོ་ལ་འབུལ་ལོ༔ ཧྲཱི༔ ཡུམ་ཆེན་ཨུ་མཱཿདེ་བཱི་ནི༔ དམར་མོ་གཅེར་བུ་བྷ་ག་རྒྱས༔ ཕྱག་གཡས་དབང་གི་གྲི་གུག་བསྣམས༔ གཡོན་ན་མེ་རླུང་འཁོར་ལོ་བསྐོར༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ འཇིག་རྟེན་དབང་དུ་སྡུད་དུ་གསོལ༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཡུམ་ལ་འབུལ་ལོ༔ ཧྲཱི༔ ཉི་ཟླ་གཉིས་ཀྱི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་ན་ལྕགས་ཀྱུ་ཞགས་པ་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ འཇིག་རྟེན་ཁམས་ཀྱི་དབང་པོ་ཆེ༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ དབང་གི་ཕྲིན་ལས་མཛད་དུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱིའི་རྟེན་ལ་འབུལ་ལོ༔ ཧྲཱི༔ རྡོ་རྗེ་རླུང་གི་གདན་སྟེང་ན༔ རྡོ་རྗེ་ས་གཞི་ཡིད་བཞིན་གླིང༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་རིན་ཆེན་ཐུགས་ཀར་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ འཇིག་རྟེན་ནོར་གྱི་མངའ་བདག་ཡིན༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ རིན་ཆེན་ཆར་ལྟར་དབབ་ཏུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ནོར་བུ་བསམ་འཕེལ་རྟེན་ལ་འབུལ་ལོ༔ ཧྲཱི༔ རྡོ་རྗེ་རྩ་བའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་མེ་ལོང་ཞགས་པ་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ སྣང་བ་དབང་དུ་སྡུད་དུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་སྣང་བ་དབང་སྡུད་ཀྱི་རྟེན་ལ་འབུལ་ལོ༔ ཧྲཱི༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ དཀར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཤར་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ བཛྲ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ སེར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ལྷོ་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ རཏྣ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ནུབ་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ པདྨ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ ལྗང་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བྱང་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ ཀརྨ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་འཁོར་ལ་འབུལ་ལོ༔ དེ་ལྟར་གཏོར་མའི་ཆོ་ག་ཡང་གཞུང་བཞིན་བྱ། བསྟོད་པ་ནི། ཧྲཱི༔ བསྐལ་པ་རླུང་གི་འཁོར་ལོའི་གཞལ་ཡས་ན༔ མིའུ་རིགས་བཞི་བསྣོལ་བའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་བསྣམས༔ གཡོན་པས་ལྕགས་མདའ་ལྕགས་གཞུ་འགེངས༔ འགྲོ་བ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ལྷ་མོ་དམར་མོ་ཡིད་འགུགས་མ༔ སྐུ་མདོག་དམར་མོ་བྷ་ག་རྒྱས༔ འགྲོ་བ་ཕོ་མོའི་བློ་སེམས་འགུགས༔ སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས༔ ཕྱག་གཡས་ཟངས་ཀྱི་གྲི་གུག་བསྣམས༔ གཡོན་པ་མེ་རླུང་འཁོར་ལོ་བསྐོར༔ འཇིག་རྟེན་ཐམས་ཅད་དབང་དུ་སྡུད༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཡུམ༔ ལྷ་མོ་ཨུ་མཱཿདེ་བཱི་ཞེས༔ དབང་གི་ལྷ་ལ་ཕྱག་འཚལ་བསྟོད༔ བདག་ལ་འཇིག་རྟེན་ཕོ་མོ་ཀུན༔ མོས་སུ་ཆུགས་ལ་དབང་དུ་སྡུས༔ ཧྲཱི༔ བསྐལ་པ་མེ་རི་འབར་བའི་ཀློང་དཀྱིལ་ན༔ ཉི་མ་ཟླ་བ་གཉིས་ཀྱི་གདན་སྟེང་ན༔ ཧྲཱིཿལས་བྱུང་བའི་མ་ཧཱ་དེ་བ་ནི༔ སྐུ་མདོག་སྨུག་ནག་གཅེར་བུ་རལ་པ་ཅན༔ ཞལ་ནས་ཧྲཱིཿདང་ཛཿཡི་སྔགས་སྒྲ་སྒྲོག༔ སྲིད་གསུམ་ཟིལ་གནོན་འཇིག་རྟེན་དབང་དུ་སྡུད༔ ཕྱག་གཡས་ལྕགས་ཀྱུས་དམིགས་པའི་རྣམ་ཤེས་འགུགས༔ ཕྱག་གཡོན་ཞགས་པས་ཟས་ནོར་ལོངས་སྤྱོད་སྡུད༔ སློབ་དཔོན་པདྨའི་བཀའ་ཉན་དམ་ཚིག་ཅན༔ ཕོངས་པ་ཀུན་སྒྲོལ་མཛད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རིན་ཆེན་འབར་བའི་གཞལ་ཡས་ན༔ གངས་དཀར་ཏི་སེའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་པོ་འོད་འཕྲོ་རལ་པ་ཅན༔ དབང་གི་ན་བཟའ་འཇོལ་བེར་མནབས༔ ཕྱག་གཉིས་རིན་ཆེན་ཐུགས་ཀར་འཛིན༔ རིན་ཆེན་རྒྱན་ཆ་མང་པོས་སྤྲས༔ རྣལ་འབྱོར་ཕོངས་པ་སེལ་བའི་རྟགས༔ རིན་ཆེན་ཆར་པ་འབེབ་པར་བྱེད༔ ནོར་བུ་བསམ་འཕེལ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ པདྨ་འབར་བའི་གཞལ་ཡས་ན༔ དབང་སྡུད་འཁོར་ལོའི་གདན་སྟེང་ན༔ མུ་སྟེགས་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་མེ་ལོང་ལྕགས་ཀྱུ་བསྣམས༔ གཡོན་ན་ཉི་ཞགས་མཚན་མ་བསྣམས༔ འགྲོ་བ་ཐམས་ཅད་དབང་དུ་སྡུད༔ སྣང་བ་དབང་སྡུད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཤར་ན་རྡོ་རྗེ་མཁའ་འགྲོ་མ༔ ལྷོ་ན་རིན་ཆེན་མཁའ་འགྲོ་མ༔ ནུབ་ན་པདྨ་མཁའ་འགྲོ་མ༔ བྱང་ན་ལས་ཀྱི་མཁའ་འགྲོ་མ༔ སྲིད་གསུམ་དབང་དུ་སྡུད་པའི་ཕྱིར༔ ཕྱག་གཡས་ལྕགས་ཀྱུ་ཁ་ཊྭཱཾ་བསྣམས༔ གཡོན་པས་རླུང་གི་བ་དན་གཡོབ༔ མཁའ་འགྲོ་བཞི་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད། དེ་ནས་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩི་དམར་པོ་དྭངས་པ་གསོལ་བར་བསམ་ལ། ལྷ་སྔགས་གོང་བཞིན་དང་རྫས་སྔགས་ཀ་བྷི་ར་ཀོ་བྷིི་ར་ཛྭ་ལ་རཾ་སརྦ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་དང་སྤེལ་ཚིག་གོང་བཞིན་གྱིས་ཡམ་ཤིང་འབུལ། དེ་བཞིན་འབྲུ་མར་མེ་ཏོག་སོགས་རྫས་གཞན་རྣམས་བརྒྱ་རྩ་བརྒྱད་ལ་སོགས་འབུལ། གྲངས་གསོག་བྱེད་ན། ཡམ་ཤིང་དང་འབྲུ་མར་ཇི་ལྟར་རིགས་པ་ཕུལ་རྗེས། རྫས་ཁོ་ན་ལ་གྲངས་གསག་ཅིང་སྔགས་ཀྱང་རྫས་སྔགས་ཁོ་ན་ཆིག་བསྒྲིལ་བྱའོ། །དེ་མཇུག་ཁྱད་པར་གྱི་རྫས་འབུལ་བའི་གོང་དུ། ཧཱུྃ༔ སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་དང༔ འཕྲུལ་དགའི་ཡུལ་གྱི་དབུས་ན་ལྷ་ཡི་གནས༔ དབང་མཆོག་པདྨ་ཟླ་གམ་ཞེས་བྱ་ཡི༔ གཞལ་ཡས་ཁང་ན་ནོར་ལྷ་ཆེན་པོ་བཞུགས༔ འདོད་ཁམས་ལྷ་ཆེན་བསོད་ནམས་དཔལ་དུ་འབར༔ དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ནི༔ སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར༔ རིན་ཆེན་ནོར་བུ་མང་པོས་དབུ་ལ་བརྒྱན༔ ཞལ་གཅིག་སྤྱན་གསུམ་མཆེ་གཙིགས་འཛུམ་བཞད་ཞལ༔ དབུ་སྐྲ་རལ་པ་མཛེས་པས་བར་སྣང་ཁྱབ༔ རལ་པ་ལན་གསུམ་གསིགས་པས་འཇིག་རྟེན་དབང་དུ་སྡུད༔ དབང་ཕྱུག་ཆེན་པོ་ཕྱག་བཞི་སྟོབས་པོ་ཆེ༔ ལྷ་ཆེན་ནོར་ལྷ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་ལྷ་རྣམས་འདུལ༔ གཡས་ཀྱི་དང་པོ་ཟངས་ཀྱི་ལྕགས་ཀྱུ་བསྣམས༔ འཇིག་རྟེན་ཟས་ནོར་ཐམས་ཅད་འགུགས་པར་མཛད༔ གཡས་ཀྱི་འོག་མ་རིན་ཆེན་ཞགས་པ་བསྣམས༔ འཇིག་རྟེན་ཆེ་བཙན་མི་རྣམས་འཛིན་པར་ནུས༔ གཡོན་གྱི་དང་པོ་ནོར་བུ་རིན་ཆེན་བསྣམས༔ ནོར་བུ་རིན་ཆེན་དགོས་འདོད་ཆར་བཞིན་ཕོབ༔ འོག་མ་འཇིག་རྟེན་སྲིད་པའི་མེས་པོ་བསྣམས༔ འདོད་ཁམས་ཐམས་ཅད་གཡོ་ཞིང་འགུལ་བར་བྱེད༔ འཇིག་རྟེན་མི་འུ་རིགས་བཞི་ཁྱོད་ཀྱིས་ཁུག༔ མདོག་དམར་འདོད་ཁམས་མི་རྣམས་དབང་དུ་སྡུད༔ དབང་དུ་སྡུས་ལ་ཟས་ནོར་ལོངས་སྤྱོད་ཁུག༔ གཅེར་བུ་བརྗིད་ལྡན་རིན་ཆེན་རྒྱན་གྱིས་སྤྲས༔ ཡོན་ཏན་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ༔ སྐུ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འགྱེད༔ འཇིག་རྟེན་ཁམས་ཀྱི་ཁྲོམ་ཆེན་དབང་དུ་སྡུད༔ ཚོགས་ཀྱི་བདག་པོ་གཞོན་ནུ་ཀཱརྟྟི་ཀེ༔ ཏྲིག་ཤ་ནག་པོ་ནོར་ལྷ་ཛཾ་བྷ་ལ༔ རྣམ་ཐོས་སྲས་དང་གཏེར་བདག་ཨ་པ་རཱ༔ ཞང་བློན་བདུད་འདུལ་གང་བ་བཟང་པོ་དང༔ ནོར་ལྷ་མང་པོ་བཀའ་ཉན་ཕོ་ཉར་འགྱེད༔ ནོར་ལྷས་ཟས་དང་ནོར་རྣམས་དབང་དུ་སྡུད༔ དབང་ཕྱུག་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷ་མོ་ཡུམ་ཆེན་ཨུ་མཱཿདེ་བཱི་ནི༔ སྐུ་མདོག་དམར་མོ་འཇིག་རྟེན་དབང་དུ་སྡུད༔ སྐུ་ལས་འོད་ཟེར་འཕྲོས་པའི་མདངས་ཀྱིས་འཇིག་རྟེན་སྡུད༔ འཇིག་རྟེན་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ རིན་ཆེན་རྒྱན་སྤྲས་དགོས་འདོད་ཆར་ལྟར་འབེབ༔ ཟས་ནོར་ཆར་ལྟར་འབེབ་པའི་ཕྲིན་ལས་མཛོད༔ ཞལ་གཅིག་སྤྱན་གསུམ་འཛུམ་མདངས་བཞད་པའི་ཞལ༔ དགྱེས་ཤིང་མཉེས་ཏེ་དབང་གི་ཕྲིན་ལས་མཛོད༔ གཡས་པ་དངུལ་གྱི་མེ་ལོང་སྲིད་གསུམ་གཟིགས༔ གཡབས་པས་འཇིག་རྟེན་ཕོ་མོ་དབང་དུ་སྡུད༔ ཕོ་མོ་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ གཡོན་ན་མི་ཟད་རིན་ཆེན་གཏེར་བུམ་བསྣམས༔ གཏེར་ལ་བདག་གི་ལོངས་སྤྱོད་བྱེད་དུ་ཆུགས༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དུས་ལ་བབས༔ སྲིད་པའི་མེས་པོས་གཡབ་ཅིང་ཕྲིན་ལས་མཛོད༔ ལན་གཅིག་གཡབས་པས་འཇིག་རྟེན་ཐམས་ཅད་གཡོས༔ ལན་གཉིས་གཡབས་པས་ཟས་ནོར་ལོངས་སྤྱོད་འགུགས༔ ལན་གསུམ་གཡབས་པས་སྲིད་གསུམ་འུར་ཞིང་འདུད༔ འུར་འུར་ཐེག་ཐེགས་ཐམས་ཅད་དབང་དུ་སྡུས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་འདི་བཞེས་ལ༔ འཇིག་རྟེན་ཐམས་ཅད་དབང་དུ་བསྡུ་བ་དང༔ ཟས་ནོར་དགོས་འདོད་ཆར་ལྟར་དབབ་ཏུ་གསོལ༔ འབྱོར་པ་ལོངས་སྤྱོད་མང་པོ་རི་ལྟར་སྤུངས༔ ཆེ་བཙན་འཇིག་རྟེན་ཐམས་ཅད་བྲན་དུ་ཁོལ༔ སྙན་གྲགས་སྒྲ་ཡིས་རྒྱལ་ཁམས་ཁེངས་པར་མཛོད༔ འཇིག་རྟེན་ཀུན་གྱི་བདག་པོ་བྱེད་པར་ཤོག༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་གྱི་མཆོད་བསྐུལ་རྫོགས་སོ༔ འཁོར་རྣམས་བསྐུལ་བ་ནི༔ ཧཱུྃ༔ ལྷ་ཆེན་གཙོ་བོའི་གཡས་ཀྱི་བཀའ་ཉན་ནི༔ ཚོགས་ཀྱི་བདག་པོ་མདོག་དམར་གླང་ཆེན་དབུ༔ ཕྱག་གཡས་རིན་པོ་ཆེ་ཡི་ལྕགས་ཀྱུ་བསྣམས༔ གཡོན་པ་ལ་ཕུག་དང་ནི་རིན་ཆེན་འཛིན༔ རིན་ཆེན་བྲག་རི་བྱི་བའི་གདན་ལ་བཞུགས༔ ལྷོ་ནུབ་མཚམས་ཀྱི་བཀའ་ཉན་ཕོ་ཉ་ནི༔ ལྷ་ཡི་སྲས་པོ་གཞོན་ནུ་ཀཱརྟྟི་ཀེ༔ མདོག་དཀར་གཡས་པ་ནོར་བུ་རིན་ཆེན་བསྣམས༔ གཡོན་པ་རིན་པོ་ཆེ་ཡི་སྒྲོམ་བུ་བསྣམས༔ རིན་ཆེན་བྲག་གི་རི་ལ་མཛེས་པར་བཞུགས༔ ནུབ་ཀྱི་བཀའ་ཉན་ཏྲིིག་ཤ་ནག་པོ་ནི༔ ཕྱག་གཡས་རིན་ཆེན་འབར་བ་ཐུགས་ཀར་འཛིན༔ གཡོན་པ་ནེའུ་ལེ་ཡི་རྐྱལ་པ་བསྣམས༔ རིན་ཆེན་ཉི་ཟླ་པདྨའི་གདན་ལ་བཞུགས༔ ནུབ་བྱང་མཚམས་ཀྱི་ནོར་ལྷ་ཛམྦྷ་ལ༔ སྐུ་མདོག་དམར་པོ་ཕྱག་གཡས་རིན་ཆེན་འཛིན༔ གཡོན་པ་ནེའུ་ལེ་ནོར་གྱིས་གང་བ་བསྣམས༔ པདྨ་ཉི་ཟླ་བུམ་པའི་སྟེང་ན་བཞུགས༔ གཡོན་གྱི་བཀའ་ཉན་རྒྱལ་ཆེན་རྣམ་ཐོས་སྲས༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ གཡས་གཉིས་མདུང་དམར་དང་ནི་རིན་ཆེན་བསྣམས༔ གཡོན་གཉིས་ནེ་འུ་ལེ་དང་ལྕགས་ཀྱུ་བསྣམས༔ སྦོམ་ཞིང་སེང་གེའི་གདན་ལ་བརྐྱང་བསྐུམ་བཞུགས༔ བྱང་ཤར་མཚམས་ཀྱི་གནོད་སྦྱིན་ཨ་པ་རཱ༔ དཀར་པོ་ཕྱག་གཉིས་རིན་ཆེན་བུམ་པ་བསྣམས༔ པུས་བཙུག་བུམ་པའི་སྟེང་ན་བརྗིད་ལྡན་བཞུགས༔ མདུན་ན་ཞང་བློན་རྡོ་རྗེ་བདུད་འདུལ་ནི༔ སྔོན་པོ་ཕྱག་གཡས་རིན་ཆེན་སྒྲོམ་བུ་བསྣམས༔ གཡོན་ན་ནོར་བུ་རིན་ཆེན་འབར་བ་བསྣམས༔ རིན་ཆེན་བཻ་ཌཱུར་སྔོན་པོའི་ཁྲི་ལ་བཞུགས༔ ཤར་ལྷོར་གནོད་སྦྱིན་གང་བ་བཟང་པོ་ནི༔ གསེར་མདོག་ཕྱག་གཡས་གཏེར་གྱི་བུམ་པ་བསྣམས༔ གཡོན་ན་རིན་ཆེན་ནེའུ་ལེའི་རྐྱལ་པ་བསྣམས༔ རྟ་མཆོག་གསེར་གྱི་མདོག་ཅན་སྟེང་ན་བཞུགས༔ ལྷ་ཆེན་ནོར་ལྷ་བརྒྱད་ལ་མཆོད་པ་འབུལ༔ དབང་གི་ཕྲིན་ལས་འགྲུབ་པར་མཛད་དུ་གསོལ༔ ཞེས་བསྟོད་བསྐུལ་བྱ། དམིགས་བྱའི་རྟེན་ལ་དམིགས་ཏེ་རང་པདྨ་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་ལྷ་ཆེན་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་མེད་སྤྲོས། བསྒྲུབ་བྱའི་སྙིང་ནང་ནས་སེམས་ཀྱི་ངོ་བོ་རྣྲྀ་དམར་པོའི་རྣམ་པར་གནས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་བཀུག་ནས་གཟུགས་ལ་ཐིམ་པར་བསམ་ལ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། གུ་རུ་པདྨ་རྒྱལ་པོ་གར་དབང་པདྨ་དྲག་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དབང་ཕྱུག་ཆེན་པོ་ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཆེ་གེ་མོ་ལ་སོགས་ཏེ་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨ་རྣྲྀ་ཏྲི་བཛྲ་ཨ་ཀརྵཱ་ཡ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་བསྟིམ། ཨེ་མཉྫུ་སོགས་ཕོ་སྔགས་མོ་སྔགས་སྒྲིལ་བ་ཉེར་གཅིག་ཙམ་བཟླས་པས་བསྒྲུབ་བྱ་དངོས་སུ་གྱུར་པར་མོས་ལ། ཨེ་མནྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱིཿཨ་ཏྲི་རྣྲྀ་ཛ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ ཀ་བྷི་ར་ཀོ་བྷི་ར༔ ཧྲཱི་ཨ་ཏྲི་རྣྲྀ་ཛ༔ དུང་དུང་འདུས་འདུས༔ སྡུས་སྡུས༔ འདུ་འདུ༔ མགོ་ནག་མིའི་སེམས་དཀྲུགས་ཡ༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་ཤེས་རང་དབང་མེད་པར་ཁུག་ལ་ཤོག༔ ཞེས་ཕྱི་ནང་གསང་གསུམ་གྱི་སྔགས་རྣམས་བསྒྲིལ་བ་དང་། ལས་སྦྱོར་ནི་རྒྱལ་པོ་ལྟ་བུ་ལ། ཨོཾ་དབང་ཕྱུག་ལྷ་ཆེན༔ ཨེ་ཤ་ཙིཏྟ་ཧྲིང་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ རཱ་ཛ་ཁུག་སིདྡྷི་ཁུག༔ རཱ་ཛ་པཱ་ཤཾ་ཨཾ་གུ་ཤ་ཛཿཛ༔ ཞེས་དང་གཞན་རྣམས་དེས་རིགས་འགྲེ་བས་གང་འདོད་སྦྱར་ལ་བཟླ་བཞིན་དུ་བསྒྲུབ་བྱ་དངོས་སུ་བསམ་ནས་ཕུལ་བས་ལྷ་ཆེན་གྱི་ཐུགས་ཀའི་འོད་ཟེར་གྱིས་མཁའ་འགྲོ་དང་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་རང་དབང་མེད་པར་བསྐུལ་བས། དེ་རྣམས་ཀྱིས་དམིགས་བྱ་གཅེར་བུ་སྐྲ་འབལ་བ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག །ལྕགས་ཀྱུས་སྙིང་ནས་བཏབ། ཞགས་པས་མགྲིན་པ་བཅིངས་ནས་མྱུར་བའི་རླུང་ཤུགས་ཀྱིས་དྲངས་ཏེ་རང་གི་མདུན་དུ་བཏེགས་ཤིང་གཏན་པ་དང་བྲལ་བས་དབང་དུ་གྱུར་པར་བསམ་མོ། །མཐར་དམིགས་བྱ་ཉིད་ཐིག་ལེ་དམར་པོའི་རྣམ་པར་ལྟེམ་གྱིས་ཞུ་ནས་རང་གི་སྙིང་ཁར་བསྡུས་ནས་རང་སེམས་དང་དབྱེར་མེད་དུ་གྱུར་པར་མོས་ལ་དེའི་ངང་ལ་མཉམ་པར་བཞག་གོ །སླར་ཡང་བྱོན་ཟན་ལྟར་གཤེགས་སྐྱེམས་ལན་གསུམ་འབུལ། དེ་ནས་རྗེས་ཆོག་ནི། ཨོཾ་མ་ཧཱ་དེ་བ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཞེས་སྨན་རཀ་གཏོར་གསུམ་འབུལ། ཕུན་ཚོགས་ལོང་སྤྱོད་གཏེར་ལ་མངའ་བརྙེས་ཤིང་། །ཆོས་བྱེད་ཕོངས་པ་སེལ་མཛད་ནོར་གྱི་ལྷ། །འདོད་དགུའི་དཔལ་ཀུན་སྟེར་མཛད་ཐམས་ཅད་ལ། །ཕྱག་འཚལ་དཔལ་དང་འབྱོར་པའི་དངོས་གྲུབ་སྩོལ། །ཅེས་པས་བསྟོད། ལྷ་ཆེན་མ་ཧཱ་དེ་བ་འཁོར་དང་བཅས་པ་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་འགྲོ་བ་ཆེ་གེ་མོ་སོགས་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་དབང་དུ་འདུས་ནས་དབང་གི་ཕྲིན་ལས་མཐར་ཕྱིན་པར་མཛད་དུ་གསོལ། ཞེས་འདོན་དོན་གསོལ། པདྨ་སཏྭའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱིས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ལ་ཐིམ་པར་བསམ་ཞིང་། བདག་གི་དགེ་བའི་རྩ་བ་འདིས༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ནས༔ ཐར་པའི་འབྲས་བུ་ཐོབ་གྱུར་ཅིག༔ དབང་གཤམ་ལྟར། ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ སྲེག་བླུག་མཆོད་པ་ཕུལ་པ་ཡིས། །ལྷ་ཆེན་དབང་ཕྱུག་འཁོར་བཅས་ཀྱི༔ དངོས་གྲུབ་དམ་པ་ཐོབ་གྱུར་ཅིག༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ སྲིད་གསུམ་ཟིལ་གྱིས་ནོན་གྱུར་ཅིག༔ འགྲོ་རྣམས་དབང་དུ་འདུས་གྱུར་ཅིག༔ འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་དང༔ མི་ནོར་ལོངས་སྤྱོད་ཐམས་ཅད་ཀུན༔ བདག་གི་དབང་དུ་འདུས་གྱུར་ཅིག༔ ཅེས་པའི་སྨོན་གསོལ་ཡང་བྱ་ཞིང་། དགེ་བསྔོ་བཀྲ་ཤིས་སོགས་སྤྱི་ལྟར་བྱའོ། །མཐར་མེ་རང་ཞིའམ་ཆང་གིས་གཞིལ་ལ་ཐལ་བ་རྣམས་དབང་དོང་འོག་ཏུ་མནན་པའམ་ཡང་ན་རིའམ་ས་དམར་པོ་ལ་སྦའོ། །དེ་མིན་མི་ཕྱུགས་མང་པོས་འཐུང་བའི་ཆུ་ལ་བསྐྱལ་ཀྱང་རུང་ངོ་། །ཚུལ་འདི་ལ་འབད་པས་བསྒྲུབས་པའི་འབྲས་བུ་སྐད་ཅིག་ལ་སྟེར་བར་གསུངས་པས་ཉམས་སུ་ལེན་འཚལ་ལོ། །བྱང་གཏེར་ལྷ་ཆེན་གྱི་མེ་མཆོད་ཁྲིགས་སུ་བྱས་པ་འདི་ཡང་སྐལ་བཟང་པདྨའི་མིང་ཅན་གྱིས་བྲིས་པ་ཛ་ཡནྟུ།། །།