Terdzo-WA-039



Property "author" has been marked for restricted use.








Terdzo-WA-039.pdf
Click the picture above to view the Shechen manuscript.

ཚེ་སྒྲུབ་ལྕགས་ཀྱི་བང་མཛོད་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ལྕགས་ཀྱི་འཕྲུལ་ལྡེ་

tshe sgrub lcags kyi bang mdzod kyi dbang bskur bklag chog tu bkod pa lcags kyi 'phrul lde

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  རོལ་པའི་རྡོ་རྗེ་ (Rolpai Dorje)
in cycle  ཚེ་སྒྲུབ་ལྕགས་ཀྱི་བང་མཛོད་ (Tshe sgrub lcags kyi bang mdzod)
Volume 20 (ཝ) / Pages 545-562 / Folios 1a1 to 9b3

[edit]

༄༅། །ཚེ་སྒྲུབ་ལྕགས་ཀྱི་བང་མཛོད་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ལྕགས་ཀྱི་འཕྲུལ་ལྡེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་མྲྀཏ་ནཱ་ཐཱ་ཡ། ཇི་ལྟར་ཉིན་བྱེད་གཟི་ཡིས་མུན་དྭངས་ཤིང་། །པད་ཚལ་སྦྲང་རྩིའི་དགའ་སྟོན་སྤེལ་བ་བཞིན། །འཆི་བདག་སྨག་རུམ་བསལ་ནས་ཚེ་དབང་གི །དངོས་གྲུབ་མཆོག་སྩོལ་མགོན་པོ་དེ་ལ་འདུད། །ཚེ་སྒྲུབ་བརྒྱ་རྩའི་ཡང་སྙིང་བསྔགས། །ཀུན་ཡིད་ཆེས་པའི་ངོ་མཚར་ཅན། །མཚོ་གཏེར་ལས་བྱོན་མ་བསླད་པའི། །སྨིན་བྱེད་བདུད་རྩིའི་བཅུད་ལ་རོལ། །བླ་མ་རྒྱལ་བ་ཀུན་འདུས་ཡང་གསང་ཚེ་དཔག་ཏུ་མེད་པར་སྒྲུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལས་ཀྱི་སྦྱོར་བ་སྟེགས་གཙང་མར་རས་བྲིས་ཀྱི་དཀྱིལ་འཁོར་རམ་མཎྜལ་ལ་མེ་ཏོག་སེར་པོའི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་ལ། དེ་སྟེང་ཁྲིའུའི་ཁར་ཚེ་འབྲང་། གཡས་སུ་རྣམ་བུམ་དྲིའི་ཆུ་དང་ཆང་འོ་མ་རྣམས་བསྲེས་པ་ལ་ཉེར་ལྔའི་བཅུད་སྦྱར་བ་མགུལ་ཆིངས་དམར་པོ་ཁ་རྒྱན་བཅས། གཡོན་དུ་ཐོད་ཆང་ཁར་མེ་ལོང་གསལ་བ། དེ་སྟེང་ལྕགས་ཀྱི་རྡོ་རྗེ་བཅས་བརྩེགས་ལ་བཞག །མདུན་དུ་ཚེ་རིལ་ཚེ་ཆང་། རྒྱབ་ཏུ་མདའ་དར་ཚེ་ནས་དཀར་པོ་སྡེར་གང་། མདུན་ངོས་ཕྱི་མཆོད། སྨན་རཀ་གཏོར་གསུམ་རྣམས་བཤམ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱའོ། །དེ་ནས་ཆོ་གའི་སྦྱོར་བ་བླ་མ་རྒྱལ་འདུས་ཞི་ཁྲོ་ལྟར་སྐྱབས་སེམས། སྔོན་གཏོར་བཏང་། རང་གཞུང་གི་བཀའ་བསྒོ་ནས་མཆོད་བརླབ་ཀྱི་བར་དུ་བྱ། དངོས་གཞིའི་ཐོག་མར་དབང་དོན་སྒྲུབ་མཆོད་ནི། ཏིང་འཛིན་རྣམ་གསུམ་ནས་བརྩམ། བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་བསྟོད་པའི་བར་བཏང་། བཟླས་པ་ཅི་འགྲུབ་བྱ། དེ་ནས་དབང་གི་དོན་དུ་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ། བདག་མདུན་གསལ་བའི་ཐུགས་ཀ་ནས༔ འོད་དམར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ༔ དཔལ་འབྱོར་དབང་ཐང་མ་ལུས་བསྡུས༔ ཚེ་ཟན་ཚེ་ཆང་གཏོར་མ་དང༔ མདུན་བསྐྱེད་ལྷ་ལ་ཐིམ་པར་གྱུར༔ ཅེས་དམིགས་ལ་བསྙེན་སྔགས་རྣམས་ཅི་འགྲུབ་བཟླས་ལ་ཚེ་འགུགས་གཏང་། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་མཆོད་བསྟོད་འབུལ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་བྱ། སྲུང་མའི་གཏོར་འབུལ་དང་། ཚོགས་བྱེད་ན་རྒྱལ་འདུས་ལྟར་མཆོད་བཤགས་བསྒྲལ་བསྟབ་བར་གྲུབ་ནས། དེ་ཉིད་ལས་བྱུང་བའི་ཏིང་ངེ་འཛིན་གྱི་དབང་ལེན་བྱའོ། །གཉིས་པ་དབང་དངོས་ལ། གཞུང་ལས། སྐལ་ལྡན་རེ་རེ་མ་གཏོགས་པ༔ སུ་ཐོད་རྣམས་ལ་དབང་བསྐུར་ན༔ རང་གི་ཚེ་ལ་གནོད་པས་སྤང༔ ཞེས་གསུངས་པས་སློབ་མ་དམ་ལྡན་མི་མང་བ་ལ་ཁྲུས་བྱ། བགེགས་གཏོར་གཏང་། བཀའ་བསྒོ་མཚམས་གཅོད་ལས་བྱང་ལྟར་གྲུབ་ནས། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་ཁྱད་པར། དེའང་མངོན་པར་མཐོ་བའི་དཔལ་ཡོན་དང་ངེས་ལེགས་ཐར་པའི་ལྷ་ཆོས་སྒྲུབ་པ་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་པ། དལ་འབྱོར་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་རིང་དུ་འཚོ་བའི་ཐབས་ཁོ་ན་ཐོག་མར་དོན་དུ་གཉེར་དགོས་པ་ཡིན་ལ། ཚེ་རིང་དུ་སྲིང་བའི་ཐབས་ཀྱི་བྱེ་བྲག་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་ཡས་པ་ཞིག་སངས་རྒྱས་ཀྱི་ཕྲིན་ལས་ཁྱབ་བདལ་དུ་སྣང་ཡང་། མཆོག་དང་ཐུན་མོང་གི་དངོས་གྲུབ་གཅིག་ཅར་དུ་འགྲུབ་པའི་གདམས་ཟབ་ཁྱད་པར་འཕགས་པ་ནི། ཚེ་འོད་དཔག་ཏུ་མེད་པ་ཉིད་འཆི་མེད་རྡོ་རྗེའི་རིག་པ་འཛིན་པའི་སྐུར་བསྟན་པ་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བའི་ཞལ་ལུང་མཁའ་འགྲོའི་ཁ་རླངས་མ་ཡལ་བ་རྣམས་ཡིན་ལ། དེ་ལས་འདིར་སྐབས་སུ་བབས་པ། རིག་འཛིན་ཧཱུྃ་ཆེན་ཀཱ་ར་དང་མཁོན་སྟོན་ཀླུའི་དབང་པོ་ཟུང་འཇུག་གི་རྣམ་འཕྲུལ་རིག་འཛིན་རོལ་པའི་རྡོ་རྗེས་ཆུ་རྟ་ཧོར་ཟླ་ལྔ་པའི་ཚེས་བཅུ་ལ་ངོ་མཚར་རྫུ་འཕྲུལ་གྱི་བཀོད་པས། རྒྱམ་རྒྱལ་རྡོ་ཏིའི་འགྱུར་མེད་གཏན་འཁྱིལ་གཡུ་མཚོ་ནས་སྤྱན་དྲངས་པའི་བླ་མ་ཞི་དྲག་གི་སྒྲུབ་སྐོར་ལ་ཕྲིན་ལས་ཀྱི་དབང་དུ་བྱས་ན་ཞི་རྒྱས་དབང་དྲག་སྡེ་ཚན་བཞིར་ཡོད་པའི་ནང་ཚན། ཁ་བྱང་ལས། ཚེ་སྒྲུབ་ལྕགས་ཀྱི་བང་མཛོད་ལ༔ ཚེ་དང་བསོད་ནམས་སྒྲུབ་པའི་ཐབས༔ ཞེས་གསུངས་པ་ལྟར་རྒྱས་པའི་ལས་གཙོ་བོར་བཏོན་པ་དང་། སྒྲུབ་ཚུལ་གྱི་དབང་དུ་བྱས་ན་བླ་མ་ཡང་གསང་ཚེ་དཔག་ཏུ་མེད་པར་སྒྲུབ་པའི་ཐབས་ཤིན་ཏུ་ཟབ་མྱུར་བྱིན་ནུས་ཆེན་པོ་དང་ལྡན་པ་ཡིན་ཏེ། གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཱ་ར་ཏཱི་ཀའི་བྲག་ཕུག་ཏུ༔ ཚེ་ཡི་རིག་འཛིན་བསྒྲུབས་པའི་དུས༔ ཚེ་དཔག་ཡབ་ཡུམ་དངོས་སུ་བྱོན༔ དབང་བསྐུར་བྱིན་བརླབས་གྲུབ་པ་ཐོབ༔ སྐྱེ་འཆི་མེད་པའི་སྐུ་བརྙེས་ཏེ༔ མ་འོངས་འགྲོ་ལ་བརྩེ་ཕྱིར་དུ༔ ཚེ་སྒྲུབ་བརྒྱ་དང་རྩ་བརྒྱད་སྦས༔ ཁྱད་པར་ལྕགས་ཀྱི་བང་མཛོད་འདི༔ སྒྲུབ་ཐབས་ཀུན་གྱི་ཡང་སྙིང་ཡིན༔ འདི་ཉིད་སྒྲུབ་པའི་རྣལ་འབྱོར་ལ༔ དུས་མིན་འཆི་བ་མི་འབྱུང་སྟེ༔ དུས་ཟད་པ་ཡི་མི་ཡིན་ཡང༔ ལོ་གསུམ་འཆི་བ་བཟློག་པར་འགྱུར༔ ཅེས་བསྔགས་པ་དོན་དང་ལྡན་པའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ དཔའ་བོ་ཆེན་པོ་ཧེ་རུ་ཀ༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་འཛིན༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ སྐལ་ལྡན་རྗེས་སུ་འཛིན་པར་འཚལ༔ ལན་གསུམ། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། སློབ་དཔོན་དང་དབྱེར་མེད་པ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་ལ་རྩ་གསུམ་རྒྱལ་བ་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ། བཞུགས་པའི་སྤྱན་སྔར་གསག་སྦྱོང་སྙིང་པོ་བསྡུས་པ་ཡན་ལག་བཅུ་པའི་དམིགས་འདུན་རྣམས་རིམ་པར་གསལ་ཐོབ་ལ་འདིའི་རྗེས་ཟློས། ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ འཆི་མེད་ཚེ་ཡི་ལྷ་ཚོགས་གཤེགས༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བསོད་ནམས་ཀུན་ལ་ཡི་རང་ངོ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་རྩ་འགྲོ་དྲུག་ཡོངས་ལ་བསྔོ༔ སྐྱེ་འཆི་མེད་པའི་ལུས་ཐོབ་ཤོག༔ ཞེས་ལན་གསུམ། དེ་ནས་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་རྩེ་གཅིག་ཏུ་གཅུན་ལ་ཏིང་ངེ་འཛིན་འདི་ལྟར་དུ་སྒོམས་ཤིག །ཧྲཱི༔ སློབ་མ་གནས་པའི་ས་གཞི་ནི༔ གསེར་གྱི་མིག་མང་རིས་སུ་ཆགས༔ དེ་དབུས་རྨ་བྱས་གཏེགས་པའི་ཁྲིར༔ ལྕགས་ཀྱི་པདྨ་ཉི་ཟླ་བརྩེགས༔ ཕུང་ཁམས་སྐྱེ་མཆེད་སྟོང་པ་ལས༔ རིག་རྩལ་མགོན་པོ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དར་དང་རིན་ཆེན་སྣ་ཚོགས་བརྒྱན༔ ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས༔ རྡོ་རྗེ་སྐྱིལ་ཀྲུང་ཞི་བའི་ཚུལ༔ ལོངས་སྐུ་མཚན་དང་དཔེ་བྱད་ལྡན༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧྲཱི༔ གོས་དཀར་མོ་དང་དབྱེར་མེད་འཁྲིལ༔ རིག་འཛིན་མཁའ་འགྲོ་ཚེ་ཡི་ལྷ༔ རིགས་བཞི་ཡབ་ཡུམ་ཚེ་བདག་བཞི༔ མགྱོགས་མ་བཞི་དང་སྒོ་བ་བཞི༔ སྒོ་མ་དྲང་སྲོང་རིག་འཛིན་ཚོགས༔ ཚེ་བདག་སྤྲིན་ལྟར་གཏིབས་པས་བསྐོར༔ ཚེ་ཡི་དངོས་གྲུབ་གནས་ནས་འགུགས༔ མེ་ལོང་ནང་གི་གཟུགས་ལྟར་གསལ༔ ཧྲཱི༔ བདག་མདུན་གསལ་བའི་ཐུགས་ཀ་ནས༔ འོད་ཟེར་ཞིང་ཀུན་ཁྱབ་པར་འཕྲོས༔ རྒྱལ་བ་རབ་འབྱམས་ཚེ་ཡི་ལྷ༔ སྐད་ཅིག་ཉིད་ལ་གཤེགས་གྱུར་ཅིང༔ ནམ་མཁའ་ས་གཞི་བར་སྣང་ཁེངས༔ བཀྲག་མདངས་གཟི་བརྗིད་འོད་དུ་འབར༔ མཚོ་ལ་ཆར་པ་བབས་པ་ལྟར༔ སློབ་མའི་སྤྱི་བོར་སིབ་སིབ་ཐིམ༔ མདའ་དར་གཡབ། སྤོས་རོལ་དབྱངས་བཅས། ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ བཅོམ་ལྡན་ཚེ་དཔག་ཡབ་ཡུམ་གྱིས༔ སྐྱེ་འཆི་མེད་པའི་རིག་འཛིན་བརྙེས༔ འཁོར་དུ་རྒྱལ་བ་རྒྱ་མཚོས་བསྐོར༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་རྣམས་ལ་དབང་བཞི་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་སོལ༔ དེ་འོག་བར་གྱི་བསྐལ་པ་ལ༔ ཤཱཀྱ་ཐུབ་པ་བྱོན་པའི་རྗེས༔ རིག་འཛིན་པདྨ་ཡབ་ཡུམ་གྱིས༔ མཱ་ར་ཏཱི་ཀར་འཆི་མེད་གྲུབ༔ རིག་འཛིན་རྒྱ་མཚོའི་འཁོར་གྱིས་བསྐོར༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་རྣམས་ལ་དབང་བཞི་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་སོལ༔ དེ་ནས་པད་འབྱུང་བཞུགས་པའི་ཚེ༔ མཱ་ར་ཏཱི་ཀ་དེ་ཉིད་དུ༔ མཁའ་འགྲོ་ཚེ་བདག་དཀར་མོ་དེས༔ འཆི་མེད་ཚེ་ཡི་རིག་འཛིན་གྲུབ༔ གྲུབ་པའི་ལྷ་མོ་རྒྱ་མཚོས་བསྐོར༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་རྣམས་ལ་དབང་བཞི་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་སོལ༔ ད་ལྟ་རྣལ་འབྱོར་བདག་ཅག་གིས༔ འཆི་མེད་རིག་འཛིན་སྒྲུབ་ལགས་ན༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ ཚེ་བཅུད་ཉམས་པ་སོར་ཆུད་ནས༔ དཔལ་དང་ལོངས་སྤྱོད་ཟླ་རྒྱས་ལྟར༔ གཞོམ་གཞིག་བྲལ་བའི་དངོས་གྲུབ་སྩོལ༔ ཨོཾ་ཨ་མི་དེ་བ་ས་པ་རི་བཱ་ར་པྲ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་ཨ་མི་ཏ་བྷཱ་ཧྲཱིཿསུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་རྡོ་རྗེ་རྒྱ་གྲམ་མགོར་བཞག །དེ་ནས་དབང་དངོས་གཞི་ལ་ཐུན་མོང་དབང་བཞི། ཁྱད་པར་ཚེ་དབང་། མཐའ་རྟེན་དངོས་གྲུབ་སྦྱིན་པ་གསུམ་དུ་ཡོད་པའི་དང་པོ་དབང་བཞི་རིམ་པར་བསྐུར་བའི་ཐོག་མར། རྣམ་རྒྱལ་བུམ་པ་ལ་བརྟེན་ནས་སྐུ་བུམ་པའི་དབང་བསྐུར་བ་ཡིན་པས་གཞུང་གི་ཚིག་རིས་དང་མཐུན་པར་རྩ་བའི་དམིགས་པ་གསལ་འདེབས་པ་དང་། ཞར་བྱུང་རྟོགས་པ་བརྗོད་པ་ལ་ངེས་ཤེས་སྐྱེད་པར་མཛོད་ཅིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧྲཱི༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བཅོམ་ལྡན་ཚེ་དཔག་ལྷ་ཚོགས་བཞུགས༔ སྐུ་ལས་སྐུ་འཕྲོས་སྣང་སྲིད་ཁྱབ༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ སྐུ་ཡི་བྱིན་རླབས་ཨོཾ་ལ་བསྡུས༔ སློབ་མ་ཁྱེད་ཀྱི་དཔྲལ་བར་ཐིམ༔ བུམ་པའི་དབང་ཐོབ་ལུས་སྒྲིབ་དག༔ སྣང་སྲིད་སྤྲུལ་སྐུའི་གཟུགས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་ཨ་མི་ཏ་བྷཱ་ཧྲཱིཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་སྦྱིན། ཐོད་པའི་བདུད་རྩི་ལ་བརྟེན་ནས་གསུང་གསང་དབང་བསྐུར་བ་ཡིན་པས་དམིགས་པ་དང་ངེས་ཤེས་སྐྱེད་ཅིག །ཐོད་ཆང་མགྲིན་པར་བཞག་ཅིང་ཁར་སྦྱིན་ལ། ཧྲཱི༔ ཐོད་པའི་རང་བཞིན་ཡབ་ཡུམ་མཁའ༔ བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན༔ གསུང་ལས་གསུང་འཕྲོས་སྣང་སྲིད་ཁྱབ༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ གསུང་གི་བྱིན་རླབས་ཨཱཿལ་བསྡུས༔ སློབ་མ་ཁྱོད་ཀྱི་ལྕེ་ལ་ཐིམ༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ བདེ་སྟོང་ལོངས་སྐུ་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མི་ཏ་བྷཱ་ཧྲཱིཿཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་གི་མཐར་འཁོད་པར་མོས་ལ་རྗེས་ཟློས་མཛོད། ཕྲེང་བ་གཏད་ལ། སྒྲུབ་ཐབས་ལྟར་སྔགས་རྣམས་ལན་གསུམ་གསུམ་བཟླར་གཞུག །མེ་ལོང་གསལ་བ་ལ་བརྟེན་ནས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་པས་དམིགས་པ་དང་ངེས་ཤེས་སྐྱེད་ཅིག །མེ་ལོང་སྙིང་གར་བཞག་ལ། ཧྲཱི༔ མེ་ལོང་རང་བཞིན་ནམ་མཁའི་ཁམས༔ སྣ་ཚོགས་གཟུགས་བརྙན་རང་རིག་རྩལ༔ ཐུགས་ལས་ཐུགས་འཕྲོས་སྣང་སྲིད་ཁྱབ༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ ཐུགས་ཀྱི་བྱིན་རླབས་ཧཱུྃ་ལ་བསྡུས༔ སློབ་མ་ཁྱོད་ཀྱི་སེམས་ལ་ཐིམ༔ ཤེས་རབ་དབང་ཐོབ་སེམས་སྒྲིབ་དག༔ སྤྲོས་བྲལ་ཆོས་སྐུ་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མི་ཏ་བྷཱ་ཧྲཱིཿཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་དུ་གཟུགས་བརྙན་ཤར་བར་བྱས་ལ། མེ་ལོང་ནང་གི་གཟུགས་བརྙན་དེ༔ བྱུང་ས་སྐྱེ་ས་སྐྱེ་མཁན་བརྟག༔ ངོ་བོ་བལྟ་ཞིང་གཞི་རྩ་གཅོད༔ དེ་ཡི་དཔེ་དོན་གཏན་ལ་དབབ༔ ཅེས་གསུངས་པའི་དོན་མེ་ལོང་ནང་དུ་གཟུགས་བརྙན་ཤར་ཡང་གང་ནས་ཀྱང་མ་བྱུང་། གང་དུའང་མི་འགྲོ །སྣང་བཞིན་དུ་སྟོང། སྟོང་བཞིན་དུ་སྣང་བ་ཡིན་ལ། དཔེ་དེ་བཞིན་དུ་རང་གི་སེམས་ལ་བདག་དང་བདག་གིར་འཛིན་པའི་དབང་གིས་རྣམ་རྟོག་སྣ་ཚོགས་སུ་འཕྲོ་ཡང་གང་ནས་ཀྱང་མ་སྐྱེས་གང་དུའང་མི་འགག །ངོ་བོ་སྟོང་ལ་རང་བཞིན་གསལ་བ་གདོད་ནས་གཉིས་མེད་ཟུང་འཇུག་གི་དོན་གོ་བར་མཛོད་ཅིག །ལྕགས་ཀྱི་རྡོ་རྗེ་ལ་བརྟེན་ནས་བཞི་པ་ཡེ་ཤེས་ཆེན་པོའི་དབང་བསྐུར་བ་ཡིན་པས་དམིགས་པ་དང་ངེས་ཤེས་སྐྱེད་འཚལ། ལྕགས་རྡོར་གནས་བཞིར་གཏུགས་ལ། ཧྲཱི༔ རྡོ་རྗེའི་རང་བཞིན་སྐྱེ་འཆི་མེད༔ ལྟེ་བར་ཡི་གེ་ཧྲཱིཿཡིས་མཚན༔ ཧྲཱིཿལས་ཧྲཱིཿའཕྲོས་སྣང་སྲིད་ཁྱབ༔ རྒྱལ་བའི་བྱིན་རླབས་ཐམས་ཅད་ཀུན༔ ཡི་གེ་ཧྲཱིཿཡི་རྣམ་པར་བསྡུས༔ སློབ་མ་ཁྱོད་ཀྱི་གནས་ལྔར་ཐིམ༔ དབང་བཞི་ཐོབ་ནས་སྒྲིབ་ཀུན་དག༔ ཀློང་རྫོགས་ངོ་བོ་ཉིད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཨ་མི་ཏ་བྷཱ་ཧྲཱིཿསརྦ་ཨ་བྷི་ཥིཉྩ་ཧྲཱི༔ གཉིས་པ་ཁྱད་པར་ཚེ་འབྲང་ལ་བརྟེན་ནས་འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་བ་ལ་འདུན་པ་འདི་བཞིན་དུ་མཛོད། ཚེའི་བུམ་པ་འདི་ཉིད་ཕྱི་ལྟར་རྡོ་རྗེ་རིན་པོ་ཆེའི་གཞལ་མེད་ཁང་། ནང་ལྟར་འཆི་མེད་བདུད་རྩིའི་བཅུད་ཀྱིས་གཏམས་པ། གསང་བ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་མངོན་སུམ་དུ་བཞུགས་པའི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་འཕྲོས་པས། འཁོར་འདས་ཀྱི་བཅུད་དང་དྭངས་མ་བྱིན་རླབས་ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པར་ཞུགས། བདུད་རྩིའི་ཆུ་རྒྱུན་བུམ་པའི་ཁ་ནས་ལུད་དེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བས་འཆི་མེད་ཚེའི་དབང་ཐོབ། གཞོམ་མེད་རྡོ་རྗེའི་སྐུ་བརྙེས་པར་མོས་ཤིག །ཚེ་འབྲང་རེ་རེ་བཞིན་སྤྱི་བོར་བཞག་ལ། ཧྲཱི༔ བུམ་པའི་ངོ་བོ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ གོས་དཀར་མོ་དང་དབྱེར་མེད་འཁྲིལ༔ རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ སྤྱི་བོར་འཁོར་ལོ་ཨོཾ་གྱིས་མཚན༔ མགྲིན་པར་པདྨ་ཨཱཿཡིས་མཚན༔ ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན༔ ལྟེ་བར་ནོར་བུ་ཧྲཱིཿཡིས་མཚན༔ གསང་བར་རྒྱ་གྲམ་བྷྲཱུྃ་གྱིས་མཚན༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་ཚེ་བསོད་བསྡུས༔ འཆི་མེད་ཚེ་ཡི་བདུད་རྩིར་གྱུར༔ སློབ་མ་ཁྱོད་ཀྱི་སྤྱི་བོ་ནས༔ མར་ལ་ཞུགས་ཏེ་ལུས་རྣམས་ཁེངས༔ འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མི་ཏ་བྷཱ་ཧྲཱིཿཚེ་བྷྲཱུྃ་གཡུ་བྷྲཱུྃ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧྲཱི༔ བུམ་པའི་ངོ་བོ་པདྨ་འབྱུང༔ དཀར་གསལ་མདའ་དར་ཚེ་བུམ་འཛིན༔ མནྡཱ་ར་བ་སྐུ་ལ་འཁྲིལ༔ རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ ཉི་མ་འབུམ་གྱི་འོད་ཟེར་འབར༔ གནས་ལྔར་ཕྱག་མཚན་ཡིག་འབྲུ་ལྔ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་ཚེ་བསོད་བསྡུས༔ འཆི་མེད་ཚེ་ཡི་བདུད་རྩིར་གྱུར༔ སྤྱི་བོར་ཐིམ་པས་ལུས་རྣམས་ཁེངས༔ འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་གོང་ལྟར་བརྗོད། ཧྲཱི༔ བུམ་པའི་ངོ་བོ་ཚེ་བདག་མོ༔ དཀར་དམར་བདུད་རྩི་ཚེ་བུམ་བསྣམས༔ གྲུབ་པའི་ལྷ་མོ་འཁོར་དང་བཅས༔ རིན་ཆེན་རྒྱན་མཛེས་ཞབས་གཉིས་བཞེངས༔ ཤིང་ལོ་རྒྱས་པའི་དབུས་སུ་གནས༔ གནས་ལྔར་ཕྱག་མཚན་ཡིག་འབྲུ་ལྔ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་ཚེ་བསོད་བསྡུས༔ འཆི་མེད་ཚེ་ཡི་བདུད་རྩིར་གྱུར༔ སྤྱི་བོར་ཐིམ་པས་ལུས་རྣམས་ཁེངས༔ འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་བརྗོད། ཧྲཱི༔ བུམ་པའི་ངོ་བོ་རིགས་བཞི་ཡབ༔ བདུད་རྩིའི་ངོ་བོ་རིགས་བཞི་ཡུམ༔ ཕྲིན་ལས་བཞི་ཡི་ཁ་དོག་ལྡན༔ རང་རྟགས་ཕྱག་མཚན་ཚེ་བུམ་བསྣམས༔ རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ གནས་ལྔར་ཕྱག་མཚན་ཡིག་འབྲུ་ལྔ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་ཚེ་བསོད་བསྡུས༔ འཆི་མེད་ཚེ་ཡི་བདུད་རྩིར་གྱུར༔ སྤྱི་བོར་ཐིམ་པས་ལུས་རྣམས་ཁེངས༔ འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་བརྗོད། ཧྲཱི༔ བུམ་པའི་ངོ་བོ་ཚེ་བདག་བཞི༔ བདུད་རྩིའི་ངོ་བོ་མགྱོགས་མ་བཞི༔ ཁ་དོག་བཞི་ལྡན་བུམ་པ་དང༔ མདའ་དར་འཛིན་འཆིང་སྡོམ་མྱོས་ཐོགས༔ རིན་ཆེན་རྒྱན་མཛེས་རོལ་སྟབས་བཞུགས༔ གནས་ལྔར་ཕྱག་མཚན་ཡིག་འབྲུ་ལྔ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་ཚེ་བསོད་བསྡུས༔ འཆི་མེད་ཚེ་ཡི་བདུད་རྩིར་གྱུར༔ སྤྱི་བོར་ཐིམ་པས་ལུས་རྣམས་ཁེངས༔ འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་བརྗོད། ཧྲཱི༔ བུམ་པའི་ངོ་བོ་སྒོ་སྲུང་ཡབ༔ བདུད་རྩིའི་རང་བཞིན་སྒོ་སྲུང་ཡུམ༔ དུང་གསེར་བྱུ་རུ་གཡུ་ཡི་མདོག༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཕྱག་ན་བསྣམས་ཞིང་ཁྲོ་ཆས་རྫོགས༔ གྱད་ཀྱི་འདོར་ཐབས་ཚུལ་དུ་བཞུགས༔ གནས་ལྔར་ཕྱག་མཚན་ཡིག་འབྲུ་ལྔ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་ཚེ་བསོད་བསྡུས༔ འཆི་མེད་ཚེ་ཡི་བདུད་རྩིར་གྱུར༔ སྤྱི་བོར་ཐིམ་པས་ལུས་རྣམས་ཁེངས༔ འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་བརྗོད། དེ་ལྟར་འཆི་མེད་རྡོ་རྗེ་ཚེའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་དབང་བསྐུར་སོང་ནས། ཚེ་བུམ་གྱི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་གི་སྒོ་གསུམ་ལ་ཐིམ་པས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ནས་སྐྱེ་འཆི་གཞོམ་གཞིག་དང་བྲལ་བར་རྒྱས་བཏབ་པར་མོས་ཤིག །ཚེ་འབྲང་གནས་ལྔར་བཞག་ལ། ཧྲཱི༔ ཕྱི་ལྟར་བུམ་པའི་གཞལ་ཡས་ཁང༔ ནང་ལྟར་བདུད་རྩི་ཚེ་ཡི་བཅུད༔ གསང་བར་འཆི་མེད་རྡོ་རྗེའི་ལྷས༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་སྐུ་ཡི་ལྷ་ཚོགས་སྐུ་ལ་ཐིམ༔ སློབ་མའི་ལུས་ལ་གཟུགས་སྐུ་ཐིམ༔ ཨཱཿགསུང་གི་ལྷ་ཚོགས་གསུང་ལ་ཐིམ༔ སློབ་མའི་ངག་ལ་ལོངས་སྐུ་ཐིམ༔ ཧཱུྃ་ཐུགས་ཀྱི་ལྷ་ཚོགས་ཐུགས་ལ་ཐིམ༔ སློབ་མའི་སེམས་ལ་ཆོས་སྐུ་ཐིམ༔ བྱིན་རླབས་ནུས་རྩལ་མཐུ་སྟོབས་ཀུན༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ མི་འགྱུར་རྡོ་རྗེ་རྒྱ་ཡིས་བཏབ༔ འཆི་མེད་ཚེ་ཡི་རིག་འཛིན་ཐོབ༔ རྡོ་རྗེ་འཛིན་གྱིས་མི་གཞིག་ན༔ ཕྲ་རགས་བགེགས་ཀྱིས་སྨོས་ཅི་དགོས༔ བྷྲཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ཨོཾ་བྷྲཱུྃ་ཨཱཿབྷྲཱུྃ་ཧཱུྃ་བྷྲཱུྃ་ཚེ་བྷྲཱུྃ་གཡུ་བྷྲཱུྃ་ཨཱ་ཡུ་ཥེ་སྭཱ་ཧཱ༔ འདི་སྐབས་རྣམ་བུམ་གྱིས་དབང་བསྐུར་བ་ནི་ཚིག་ཙམ་གྱིས་འཁྲུལ་ནས་ཐབས་ཤེས་ཁ་སྦྱོར་གྱི་འགྲེས་ཤོར་བ་སྟེ། འདིར་ཐུན་མོང་མ་ཡིན་པའི་ཚེ་དབང་བསྐུར་བའི་སྐབས་ཡིན་པས་དེའི་སྒྲུབ་རྟེན་ཚེ་འབྲང་ལ་གསུངས་པ་མ་ཟད། ལས་བྱང་དང་དབང་ཆོག་གཉིས་ཀར། ཚེ་བུམ་དང་དབང་བུམ་གཉིས་སུ་བཤད་ཅིང་འདི་སྐབས་ཚེ་བུམ་ཐོགས་པར་གསུངས་པའི་ཕྱིར་རོ། །གསུམ་པ་མཐའ་རྟེན་དངོས་གྲུབ་ཀྱི་རྫས་དབང་སྦྱིན་པའི་ཐོག་མར་ཚེ་འགུགས་པའི་དམིགས་པ་འདི་ལྟར་དུ་མཛོད། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བ་ཙམ་གྱིས་སྐུ་ལས་འཕྲོས་པའི་འོད་ཟེར་དང་ཕོ་ཉའི་ཚོགས་ཉི་ཟེར་རྡུལ་ལྟར་འཚུབས་པས་འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ། བྱིན་རླབས་ནུས་སྟོབས་ཐམས་ཅད་འོད་ཟེར་ཐིག་ལེ་ཡིག་འབྲུའི་རྣམ་པར་འུབ་ཀྱིས་བསྡུས་ཏེ་ཁྱེད་རང་རྣམས་དང་མདུན་གྱི་ཚེ་རྫས་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །མདའ་དར་གཡབ་ལ་སྒྲུབ་ཐབས་མཇུག་གི །ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སོགས་ཚང་བ་གྱེར། སྲིད་དང་ཞི་བའི་བཅུད་དང་དྭངས་མ་གཅིག་ཏུ་འདུས་པའི་བཀྲ་ཤིས་དངོས་གྲུབ་ཚེའི་རྫས་རྣམས་མྱང་བས་འཆི་མེད་རྡོ་རྗེ་ཚེའི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཚེ་ཆང་སྦྱིན་ལ། ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བདུད་རྩི་འདི་ལ་བརྟེན་ནས་ནི༔ འཆི་མེད་ཚེ་ཡི་རིག་འཛིན་འགྲུབ༔ སྐལ་ལྡན་སློབ་མ་ཁྱོད་ལ་སྦྱིན༔ ཤ་ལྔ་བདུད་རྩི་ལྔ་ལ་སྤྱོད༔ དམ་རྫས་མ་སྤངས་བཅུད་ལེན་འགུགས༔ དུག་དང་རྨ་བྱའི་རང་བཞིན་ནོ༔ ཚེ་རིལ་སྦྱིན་ལ། ཧྲཱི༔ དེ་འོག་བར་གྱི་བསྐལ་པ་ལ༔ དྲང་སྲོང་རིག་འཛིན་ཐམས་ཅད་ཀྱིས༔ རིལ་བུ་འདི་ལ་བརྟེན་ནས་ནི༔ འཆི་མེད་ཚེ་ཡི་རིག་འཛིན་འགྲུབ༔ སྐལ་ལྡན་སློབ་མ་ཁྱོད་ལ་སྦྱིན༔ འབྱོར་བ་དྲུག་དང་ལྡན་པ་ཡི༔ ཟ་ཐང་དཔལ་ལ་ལོངས་སྤྱོད་ཅིང༔ བདེ་དྲོད་རང་འབར་དབང་ཐོབ་ཤོག༔ ཚེ་ནས་སྦྱིན་ལ། ཧྲཱི༔ དེ་འོག་བསྐལ་པ་ཐ་མ་ལ༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ འབྲུ་སྣ་འདི་ལ་བརྟེན་ནས་ནི༔ འཆི་མེད་ཚེ་ཡི་རིག་འཛིན་འགྲུབ༔ སྐལ་ལྡན་སློབ་མ་ཁྱོད་ལ་སྦྱིན༔ ལོངས་སྤྱོད་འཛད་མེད་མངའ་ཐང་རྒྱས༔ མི་འགྱུར་ལྕགས་ཀྱི་སྲོག་རྩ་ཐོབ༔ འབྱུང་བ་བཞི་ལས་རྒྱལ་བར་ཤོག༔ དེས་དངོས་གྲུབ་ཀྱི་རྫས་མཆོག་རྣམས་ཀྱིས་ཞལ་བསྲོ་བ་གྲུབ་ནས། གཞོམ་གཞིག་དང་བྲལ་བར་རྒྱས་འདེབས་པ་ལ། ལྷ་ཚོགས་རྣམས་ལས་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཏུ་གྱུར་ནས་འོད་འཁྱིལ་ལེར་གཡོགས་པར་མོས་ཤིག །རྡོ་རྗེ་དང་བཅས་པའི་ཚེ་མདའ་གནས་རྣམས་སུ་རྒྱ་གྲམ་དུ་བཞག་ལ། སྒྲུབ་ཐབས་མཇུག་གི །ཧྲཱི༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་སོགས་བརྗོད། དེ་ནས་དམིགས་པ་འདི་བཞིན་མཛོད། མདུན་བསྐྱེད་ལྷ་ཚོགས་འོད་དུ་ཞུ༔ སློབ་མ་ཁྱོད་དང་གཉིས་མེད་འདྲེས༔ མགོན་པོ་ཚེ་དཔག་མེད་དུ་གྱུར༔ སྙིང་གར་ཧྲཱིཿཡིག་དམར་པོ་གསལ༔ དེ་ལྟར་ཁྱེད་རང་མགོན་པོ་ཚེ་དཔག་མེད་དངོས་ཀྱི་གོ་འཕང་དུ་འཁོད་པ་ལ་རྡོ་རྗེའི་བདེན་ཚིག་དང་མེ་ཏོག་ཆར་དུ་བསྙིལ་ནས་མངའ་གསོལ་བར་མོས་ཤིག །ཨོཾ༔ འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ ཨཱ༔ འགག་པ་མེད་པ་རྡོ་རྗེའི་གསུང༔ ཧཱུྃ༔ འཁྲུལ་པ་མེད་པ་རྡོ་རྗེའི་ཐུགས༔ ཧྲཱི༔ གཞོམ་མེད་རྡོ་རྗེའི་བཀྲ་ཤིས་ཤོག༔ ཅེས་དང་གཞན་ཡང་ཤིས་བརྗོད་རྒྱས་པར་བྱ་ཞིང་མེ་ཏོག་འཐོར། དེ་ནས་དམ་ཚིག་བསྒྲག་བཟུང་། གཏང་རག །མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཚོགས་བཏང་ན་ཚོགས་ལ་རོལ་ཞིང་ལྷག་མ་ཆད་བརྟན་རྟ་བྲོ་བཅས། གང་ལྟར་གཏང་རག་གི་མཆོད་བསྟོད། ནོངས་བཤགས། རྟེན་ཡོད་མེད་དང་བསྟུན་པའི་མདུན་བསྐྱེད་བསྡུ་ཚུལ་དང་། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཡང་གསང་བ་སྤྱི་མཐུན་བླ་མའི་ལས་བྱང་ལས་བླང་བར་བྱའོ། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ཐིག་ལེར་སྨིན། །འཕོ་མེད་སྲོག་རྩར་རྡོ་རྗེའི་མདུད་པ་ཐེབས། །སྐྱེ་འཆིའི་རྟོག་ཚོགས་ཡེ་ཤེས་ཕྱག་རྒྱས་བཅིངས། །ཚེ་དཔག་མེད་པའི་རྒྱལ་བ་འགྲུབ་གྱུར་ཅིག །འདི་ལ་གཏེར་གཞུང་འདོན་སྒོམ་སྦྲགས་མར་ཡོད་པས་གསར་བཀོད་ངལ་བར་ཟད་ཀྱང་མཚམས་སྦྱོར་གསལ་འདེབས་ཅུང་ཟད་མེད་ན་གྱེར་ལོ་ཙམ་གྱི་དབང་བསྐུར་དུ་འགྱུར་བར་མཐོང་ནས། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་བྱེ་བྲག་འཆི་མེད་རྡོ་རྗེའི་རྫོང་ཆེན་དུ་བགྱིས་པ་དགེ་ལེགས་འཕེལ།། །།

RTZ-Tsagli-Dzongsar-WA-12-rol rdor tshe sgrub-01.JPG
RTZ-Tsagli-Dzongsar-WA-12-rol rdor tshe sgrub-02.jpeg
RTZ-Tsagli-Dzongsar-WA-12-rol rdor tshe sgrub-03.JPG
RTZ-Tsagli-Dzongsar-WA-12-rol rdor tshe sgrub-04.JPG
RTZ-Tsagli-Dzongsar-WA-12-rol rdor tshe sgrub-05.JPG
RTZ-Tsagli-Dzongsar-WA-12-rol rdor tshe sgrub-06.jpeg
RTZ-Tsagli-Dzongsar-WA-12-rol rdor tshe sgrub-07.jpeg
RTZ-Mandala-101-rol rdor tshe sgrub lcags kyi bang mdzod.jpeg
RTZ-Mandala-Dzongsar-03-216-rol rdor tshe sgrub.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).