Terdzo-JI-015: Difference between revisions

From Rinchen Terdzö
m (Text replace - "TSAGLI image gallery goes here" to "")
m (Text replace - "‘" to "'")
Line 24: Line 24:
|fulltitletib=དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་མདོས་ཆོག་ཁམས་གསུམ་ཟིལ་གནོན
|fulltitletib=དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་མདོས་ཆོག་ཁམས་གསུམ་ཟིལ་གནོན
|fulltitle=dpal ye shes kyi mgon po phyag bzhi pa'i mdos chog khams gsum zil gnon
|fulltitle=dpal ye shes kyi mgon po phyag bzhi pa'i mdos chog khams gsum zil gnon
|citation=[[gter bdag gling pa ‘gyur med rdo rje]]. dpal ye shes kyi mgon po phyag bzhi pa'i mdos chog khams gsum zil gnon. In Rin chen gter mdzod chen mo pod so bdun pa (The Great Treasury of Rediscovered Teachings Volume 37) by 'jam mgon kong sprul, 493-539. New Delhi: Shechen Publications, 2007-2016.
|citation=[[gter bdag gling pa 'gyur med rdo rje]]. dpal ye shes kyi mgon po phyag bzhi pa'i mdos chog khams gsum zil gnon. In Rin chen gter mdzod chen mo pod so bdun pa (The Great Treasury of Rediscovered Teachings Volume 37) by 'jam mgon kong sprul, 493-539. New Delhi: Shechen Publications, 2007-2016.
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་

Revision as of 12:02, 28 September 2016

This page is under construction. Check back later for updated content.

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་མདོས་ཆོག་ཁམས་གསུམ་ཟིལ་གནོན་

dpal ye shes kyi mgon po phyag bzhi pa'i mdos chog khams gsum zil gnon

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  ཡེ་ཤེས་མགོན་པོ་ཕྱག་བཞི་པ་ (Ye shes mgon po phyag bzhi pa)
Volume 37 (ཇི) / Pages 493-539 / Folios 1a1 to 24a4

[edit]

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་མདོས་ཆོག་ཁམས་གསུམ་ཟིལ་གནོན་ཞེས་བྱ་བ་བཞུགས། ། ཨོཾ་སྭསྟི། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་མདོས་ཆོག་ཁམས་གསུམ་ཟིལ་གནོན་ཞེས་བྱ་བ། བླ་མ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཀུན་གཙོ་ཆེ་མཆོག་ཧེ་རུ་ཀ །གདུལ་དཀའི་འགྲོ་ལ་ཆེར་ཁྲོས་ནག་པོ་ཆེ། །བསྟན་སྲུང་ཀུན་གྱི་འཁོར་ལོ་སྒྱུར་དེ་ལ། །གུས་པས་འདུད་དོ་བདུད་སྡེའི་དཀྱིལ་འཁོར་ཆོམས། །དེ་ཡང་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་སྤྱིར་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་གྲུབ་པའི་ཕྱིར་རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང་ཞིང་། རང་གི་དམ་ཚིག་ཉམས་ཆག་གསོ་བ་དང་ཁྱད་པར་ཕས་ཀྱི་རྦོད་གཏོང་བཟློག་ཅིང་ལོག་འདྲེན་ཚར་གཅོད་པ་སོགས་ཀྱི་དོན་དུ་ཕྲིན་ལས་མདོས་ཀྱི་རིམ་པ་ལག་ཏུ་བླང་བ་ལ། དང་པོར་ཡོ་བྱད་བཅའ་ཚུལ། བར་དུ་མདོས་ཀྱི་ཆོ་ག་དངོས། མཐར་དྲག་པོའི་ཕྲིན་ལས་སྒྲུབ་ཚུལ་ལོ། །དང་པོ་ལ་སྤྱན་གཟིགས་དང་སྤྱིའི་མཆོད་གཏོར། མདོས་ཀྱི་ཡོ་བྱད། སྒོས་ཀྱི་མཆོད་གཏོར། སྐོང་བའི་རྫས། དྲག་པོའི་ཡོ་བྱད་བཤམ་པ་དང་ལྔ་ལས། དང་པོ་ནི། སྒྲུབ་ཁང་སོགས་ཡིད་དང་མཐུན་པའི་གནས་དེར་བླ་བྲེ་ཡོལ་བ་སོགས་སྤྱན་གཟིགས་དང་རྒྱན་ཕྲེང་དུ་མས་མཛེས་པར་བྱས་པའི་གུང་གི་ཕྱོགས་ལ་བླ་མ་ཡི་དམ་དང་ཆོས་སྐྱོང་སྤྱི་སྒོས་ཀྱི་སྐུ་བརྙན་འབུར་མའམ་ཐང་སྐུ་སོགས་བཞུགས་སུ་གསོལ། དེའི་མདུན་དུ་སྟེགས་བུ་མཐོ་བ་ལ་བླ་མ་ཡི་དམ་ནས་གཞི་བདག་གི་བར་གྱི་གཏོར་མ་རྣམས་དང་སྨན་རཀ་མཆོད་པ་དང་བཅས་པ་ཚུལ་བཞིན་བཤམ་མོ། །གཉིས་པ་མདོས་ཀྱི་ཡོ་བྱད་ནི། དེའི་མདུན་ངོས་ཀྱི་ས་གཞི་སྟབས་བདེ་བ་གཅིག་ཏུ་མདོས་ཟན་སོགས་ལ་བྱ་བའི་ཚེ་ཞིང་ངམ་གཅན་གཟན་གྱི་པགས་པའི་ཁར། འབྲུ་སྣའི་ངར་ཕྱེ་སྨན་སྣ་དང་རིན་པོ་ཆེ་སྣ་ཚོགས་བསྲེས་པ་ཁྲག་ཆང་གིས་སྦགས་པའི་རི་རབ་བང་རིམ་བཞི་པ་ལ། སྟེང་དུ་རྣམ་པར་རྒྱལ་བའི་ཁང་བཟང་། འོག་གི་ཕྱིར་གླིང་བཞི་གླིང་ཕྲན་བརྒྱད་མུ་ཁྱུད་དང་བཅས་པ་ལ་ཡས་སྟག་སོགས་འོག་ཏུ་བཤད་པ་བཞིན་འགོད་པ་ཡིན་ནོ། །ཤིང་ཁྲི་ལ་བརྟེན་ནས་མདོས་ཆེ་བར་བྱེད་པའི་ཚེ་ན་གཞི་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བརྩེགས་པའམ། མེད་ན་གཞི་དེར་བ་བྱུང་དང་དུག་ཁྲག་སོགས་ཀྱིས་ཆག་ཆག་བཏབ་པའི་ཁར་ཐིག་ཆེན་བརྒྱད་བཏབ་པའི་དབུས་ནས་ཕྱོགས་རེར་ཆ་མཉམ་ལྔ་ལྔ་བྱས་པའི་ཕྱིར་ཆ་དེ་བཞི་ཆར་བྱས་པའི་བཅུ་བཞི་རེ་ཡོད་པའི་ཟུར་ནས་ཟླུམ་སྐོར་སུམ་རིམ་དང་། ལྟེ་བའི་ཆ་གཉིས་ཟླུམ་པོར་བསྐོར་བ་ལས་འཁོར་ལོ་ནག་པོ་རྩིབས་བརྒྱད་ཨེ་ཟླ་གམ་དང་བཅས་པ། དེའི་ཕྱིའི་བཞི་རི་རབ་ཀྱི་རིམ་པ་སྟེ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར། ཟུར་གྱི་གྲྭ་མིག་རྣམས་སྔོ། ཆ་ཕྲན་བཅུ་བཞི་པོ་གསེར་རི་རོལ་མཚོ་སྟེ་སེར་སྔོ་སྤེལ་མར་བྱ། ཁྱམས་བཞི་སྔོན་པོ་ཆུ་རིས་ཅན་གྱི་ཤར་དུ་ལུས་འཕགས་གླིང་ཟླ་གམ་དཀར་པོ། ལྷོར་འཛམ་གླིང་སོག་ཁ་སྔོན་པོ། །ནུབ་ཏུ་བ་ལང་སྤྱོད་ཟླུམ་པོ་དམར་པོ། །བྱང་དུ་སྒྲ་མི་སྙན་གྲུ་བཞི་སེར་པོ། རེ་རེ་ཡང་རང་འདྲའི་གླིང་ཕྲན་གཉིས་གཉིས་ཀྱིས་བརྟེན་པ། ཕྱི་ཡི་ཟླུམ་སྐོར་ནང་ངམ་ལྕགས་རི་དང་ཕྱི་མ་རྟ་གདོང་གི་མེ་རྣམས་ཚོན་གྱིས་བྲིའོ། །དེའི་ཁ་རི་རབ་ཀྱི་ཟུར་ཕྱི་མ་དང་མཉམ་པའི་ཤིང་ཁྲི་བང་རིམ་བཞི་པ་འཇག་སོག་གིས་གཡོགས་པའི་ཕྱི་རིམ་གྱི་མདོག་དང་མཚུངས་པའི་རས་ཀྱིས་དཀྲི། དབུས་ཀྱི་བྲུབ་ཁུང་དུ་ལིངྒ་དང་རྩིབས་ལ་དམར་གཏོར་རེ་འཇོག །ཁྲི་དེའི་དབུས་སུ་བུག་པ་བྱས་ལ་གུར་ནག་པོ་རྡོ་རྗེ་རིས་ཐོག་གཅིག་གཉིས་གང་རུང་ཡོད་པའི་ནང་གི་སྲོག་ཤིང་ལ་ནམ་མཁའ་ནག་པོ་མགོན་པོའི་ཞལ་ཕྱུང་བ་དང་། སྟེང་དུ་ཁྱུང་ཚང་ཁེབས་དང་བཅས་པ་ཐགས་སུ་བྲན་པ་དང་རྩེ་མོ་གསུམ་པའི་མདུང་དར་ནག་གི་བ་དན་གདུགས་དང་བཅས་པ་གཟུགས། ཞལ་ནམ་གྱི་འོག་ཏུ་མགོན་པོའི་སྐུ་གཟུགས་འབུར་མའམ་བྲིས་པ་བཀོད། དེའི་ཕྱོགས་བཞིར་མཐུན་རྫས་མི་ནག་པོ་རྟ་ནག་ལ་ཞོན་པ་ཆས་གོས་ནག་པོ་བསྟར་ཞིང་ལག་ན་དར་མདུང་ཐོགས་པ་བཞི། ཁྱི་ནག་གཡག་ནག་ལུག་ནག་བྱ་ནག་རྣམས་བཞི་རེ། སེམས་གླུད་ནམ་མཁའ་ཁོང་སྟོང་ནང་སྟོང་པ་མཐའ་འཇའ་རིས་སུ་བྱས་པའི་རྩེར་བྱ་སྤུ་དང་བལ་ཚོན་གཉིས་ལ་དར་བལ་དཔྱངས་པ་བཞི། ལུས་གླུད་རྒྱང་བུ་ཁྲུ་ཚད་རྩེར་བྱ་སྤུ་དང་བལ་ཚོན་མགུལ་དུ་ཡུངས་དཀར་གྱི་གོང་བུ་སྨད་དུ་དར་གྱི་བན་ཕུན་ཅན་བཞི། ཡུལ་མཁར་གྱི་གླུད་ཤིང་གྲིའི་ངོས་ཀྱི་སྟེང་དུ་ནམ་མཁའ་སྤྲིན་དང་ཉི་ཟླ་བར་དུ་རི་དང་ཡུལ་ཁྱིམ་སྨད་དུ་མཚོ་བྲིས་པ་བཞི། ཕོ་གླུད་མདའ་ནག་སྟོང་དམར་བར་དུ་ཚོན་རིས་སྒྲོ་མདེའུ་དང་བཅས་པ་བཞི། མོ་གླུད་འཕང་ཁྲམ་ནས་འབྱུང་བ་རིམ་བརྩེགས་ཀྱི་ཚོན་རིས་ཅན་འཕང་ལོ་དང་བཅས་པ་བཞི། རྟེན་རྫས་བྱ་རོག་གི་རྒྱལ་མཚན་བཞི། མདུང་ནག་བཞི། ཟུར་བཞི་རུ་མཚོན་བྱ་ཁྱུང་བཞི། གཞན་ཡང་བྱ་རིགས་འཕུར་དགུ། དཔལ་བཤོས་བཞི་རྣམས་མཛེས་པར་དགོད། བང་རིམ་གཉིས་པར་ཤར་དུ་ལས་མགོན། ལྷོར་འབར་མ། ནུབ་ཏུ་སེང་གདོང་། བྱང་དུ་ཁྱབ་འཇུག་རྣམས་ཀྱི་སྐུ་གཟུགས་དགོད། ཁྱད་པར་གྱི་མཐུན་རྫས་ཤར་དུ་བྱ་རོག་བཞི། ལྷོར་ནལ་བུའི་རྒྱལ་མཚན་བཞི། ནུབ་ཏུ་སེང་གེ་བཞི། བྱང་དུ་སྟག་བཞི། དམར་གྱི་གཏོར་མ་རེ་རེ། སྙིང་གཟུགས་རེ་རེ། ཐུན་མོང་ལ་ནམ་མཁའ་རྒྱང་བུ་ཤིང་གྲི་མདའ་ཁྲ་འཕང་ཁྲ་རྒྱལ་མཚན་བ་དན་རུ་མཚོན་རྣམས་ཕྱོགས་རེ་རེར་གཉིས་གཉིས། ཟུར་བཞི་སེང་གེ་བཞི་གཞན་ཡང་གཅན་གཟན་ཆེ་དགུ །བང་རིམ་གསུམ་པའི་ཤར་དུ་གིང་། ལྷོར་གཤིན་རྗེ། ནུབ་ཏུ་བཙན། བྱང་དུ་བདུད། མཐུན་རྫས་ཤར་དུ་སྤྲེའུ་བཞི། ལྷོར་བྱ་ཁྲ། ནུབ་ཏུ་སྤྱང་ཀི །བྱང་དུ་གཡག་རོག །དམར་གྱི་གཏོར་མ་རེ་རེ། སྙིང་གཟུགས་རེ་རེ། ནམ་མཁའ་རྒྱང་བུ་ཤིང་གྲི་མདའ་ཁྲ་འཕང་ཁྲ་རྒྱལ་མཚན་བ་དན་རུ་མཚོན་རྣམས་ཕྱོགས་རེ་རེར་གསུམ་གསུམ། ཟུར་བཞིར་ཤ་བ་བཞི། གཞན་ཡང་རི་དྭགས་མཆོང་དགུ །བང་རིམ་གཞི་པ་ལ་ལྷ་དམག་བྱེ་བ་སོགས་འཁོར་ཚོགས་སྤྱི་ལ། ནམ་མཁའ་རྒྱང་བུ། ཤིང་གྲི། མདའ་ཁྲ་འཕང་ཁྲ། ཕོ་གདོང་། མོ་གདོང་། བཤོས་བུ་ཁྲག་བྱུགས་པ་དང་སྙིང་གཟུགས་རྣམས་ཕྱོགས་རེར་བཞི་བཞི་སྟེ་བཅུ་དྲུག །ཟུར་བཞིར་གླང་ཆེན་བཞི། གཞན་ཡང་གོ་མཚོན་རྒྱན་ཕྲེང་རྟ་དྲིལ་མཛོ་ཁལ་ར་ལུག་ནོར་དབྱིག་དར་ཟབ་སོགས་དཀོར་ནོར་སྣ་ཚོགས་ཀྱི་གཟུགས་བཀོད། སྟེང་འོག་ཀུན་ཏུ་དར་ཟབ་རས་བལ་ལ་སོགས་པའི་རྒྱན་ཕྲེང་དང་ཟར་ཚགས་སུ་བྲེས། རི་རབ་ཀྱི་རྩ་བའི་རོལ་མཚོ་དང་པོའི་ཟུར་བཞིར་ཆུ་སྲིན་བཞི་གཞན་ཡང་ཆུ་གནས་ཀྱི་སྲོག་ཆགས་སྣ་ཚོགས་པས་བསྐོར། རྟ་གདོང་གི་མེའི་ནང་ངོས་སུ་ཡོན་བདག་གི་འདྲ་གླུད་ངར་མི་བརྒྱ་རྩ་བརྒྱད། དམར་གྱི་གཏོར་མ་ཤ་ཁྲག་གིས་བརྒྱན་པ་བརྒྱ་རྩ་བརྒྱད་རྣམས་སྤེལ་མར་བཀོད། ཟུར་བཞིར་ཚོན་སྐུད་རྒྱང་ཐག་བཞི་བྲེ། དེ་དག་གི་ཕྱི་རོལ་གྱི་བར་མཚམས་རྣམས་སུ་ལ་རྫས་ལུང་རྫས་འབྲུ་སྣ་གོས་སྣ་དར་ཟབ་རས་ཆེན་སྨན་སྤོས་རིན་ཆེན་ལ་སོགས་པ་འབྱོར་ཚད་བཤམ་མོ། །གསུམ་པ་སྒོས་ཀྱི་མཆོད་གཏོར་ནི། ཟན་གླུད་རྣམས་ཀྱི་ཕྱི་རོལ་གྱི་མཚམས་བཞིར་མེ་རི་འབར་བ་བཞི། ཕོ་རྒྱུད་དགྱེས་བྱེད་རིན་པོ་ཆེའི་སྣོད་དུ་གསེར་དང་བཅས་པའི་ཛ་གད་ཀྱི་ཕུད་ཀྱི་ཕུད་སྐྱེམས་བཞི། མོ་རྒྱུད་དགྱེས་བྱེད་བསྒྲལ་པའི་རཀྟས་གང་བའི་ཕོར་བུ་བཞི། གཉིས་ཀ་དགྱེས་བྱེད་འབྲུ་སྣའི་ངར་བཏགས་ཤ་སྣའི་ཕྱེ་མ་དང་བསྲེས་པ་ཁྲག་ཆང་གིས་སྦྲུས་པའི་བཤོས་བུ་ཟུར་གསུམ་དམར་པོ་བཞི་དང་ནག་པོ་བཞི་ཤ་ཁྲག་སོགས་ཟས་ཕུད་སྣ་ཚོགས་པས་བརྒྱན། དེ་རྣམས་མདའ་རྒོད་སྒྲོ་དར་ནག་བཏགས་པ་དང་། ཡུངས་དཀར་གྱི་གང་བུ་བཙུགས་པ་རྣམས་སྤེལ་མར་བཀོད། མེ་ཕྲེང་གི་ཕྱི་རོལ་གྱི་དབང་ལྡན་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་ཁྲག་གི་ཨརྒྷཾ། མེར་དུག་ཁྲག་གི་ཞབས་བསིལ། ལྷོར་དབང་པོ་ལྔའི་མེ་ཏོག །སྲིན་པོར་གསུར་ཆེན་གྱི་སྤོས། ནུབ་ཏུ་ཞུན་ཆེན་གྱི་མར་མེ། རླུང་དུ་མཁྲིས་པའི་དྲི་ཆབ། བྱང་དུ་ཤ་ཁྲག་རུས་པའི་ཞལ་ཟས་རྣམས་དང་། གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ། ཚོགས་ཀྱི་ཡོ་བྱད་ཐམས་ཅད་ཀྱང་ཚང་བར་བཤམ། བཞི་པ་སྐོང་རྫས་ནི། ཕྱི་རྟེན་རྟ་ནག་གཡག་ནག་ལུག་ནག་ཁྱི་ནག་ལ་སོགས་པ་རྒྱན་གྱིས་བརྒྱན་པ་དངོས་སམ། མེད་ན་དེ་དག་གི་ཚབ་དང་རི་མོ་སོགས་བྲིས་པས་ཀྱང་རུང་། ནང་རྟེན་ཞྭ་ནག་གོས་ནག་ཕྱག་མཚན་དུར་ཁྲོད་ཀྱི་ཆས་གོས་ལེགས་པ། གསང་རྟེན་གྲི་སྙིང་འཁོར་ལོ་སོགས་མན་ངག་ལས་འབྱུང་བ་རྣམས་དངོས་སམ་བྲིས་ཐང་སོགས་བཀྲམ། སྒྲུབ་ཁང་གི་སྟེང་དུ་རུ་མཚོན་ནག་པོ་ཡང་སྤྱན་གཟིགས་ཀྱི་བརྡར་འཛུགས་པ་ཡིན་ནོ། །ལྔ་པ་དྲག་པོའི་ཡོ་བྱད་བཤམ་པ་ནི། སྒྲུབ་པ་པོའི་མདུན་ངོས་ཧ་ཅང་མི་རིང་སར་བྲུབ་ཁུང་དངོས་སམ་བྲིས་པའི་ནང་དུ་དམིགས་བྱའི་ལིངྒ་དབང་པོ་དོད་པ་ཁེབས་ཀྱིས་བཀབ་པ་དང་། སྣོད་གཉིས་སུ་སྐམ་ཐུན་རློན་ཐུན། ཕུར་བུ་སྒྲོལ་གྲི་ཐོ་བ་རྣམས་བཀོད། གཞན་ཡང་ཟོར་རྫས་ཀྱི་ཀོང་བུ། རྦབ་རྡོ། མདའ་ཟོར། གཏོར་ཟོར་མཚེ་ཡུངས་ཀྱིས་བརྒྱན་པ་རྣམས་དང་། རོལ་མོ་སྣ་ཚོགས་གཡབ་དར། རྡོར་དྲིལ་ཌཱ་རུ། ནང་མཆོད་ཐོད་པ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་མཐོང་བརྒྱུད་ཀྱི་ལག་ལེན་བཞིན་ལེགས་པར་བཤམ་མོ། །གཉིས་པ་མདོས་ཀྱི་ཆོ་ག་དངོས་ལ། བདག་གི་རྣལ་འབྱོར་དང་། མདུན་བསྐྱེད་སྒྲུབ་མཆོད། མདོས་བྱིན་རླབས། མགྲོན་འགུགས་པ། བཞུགས་སུ་གསོལ་བ། དམ་ལ་བཞག་པ། མཆོད་ཅིང་བསྟོད་པ། བསྐང་ཞིང་བཤགས་པ། ཁྱད་པར་མདོས་ཀྱིས་བསྐང་བ། ཕྲིན་ལས་བཅོལ་བ་དང་བཅུ་ལས། དང་པོ་བདག་གི་རྣལ་འབྱོར་ནི། སྒྲུབ་ཆེན་བཀའ་བརྒྱད་ཕུར་པ་ལ་སོགས་པའི་ཕྲིན་ལས་སྔོན་འགྲོ་སྐྱབས་སེམས་ནས་གཟུང་སྟེ་བཟླས་པའི་བར་ཚུལ་བཞིན་དུ་བྱའོ། །གཉིས་པ་མདུན་བསྐྱེད་སྒྲུབ་མཆོད་ནི་འདས་གཏོར་འབུལ་བ་ནས་གཟུང་གཞི་བདག་གི་གཏོར་མ་བསྔོ་བའི་བར་ཕྲིན་ལས་དངོས་གྲུབ་རོལ་མཚོ་བཞིན་རྒྱས་པར་བྱ། གསུམ་པ་མདོས་བྱིན་རླབས་ནི། མདོས་ཀྱི་ཡོ་བྱད་ཐམས་ཅད་ཨ་མྲྀཏས་བསང་། སྭཱ་བྷཱ་ཝས་སྦྱང་། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨེ་ལས་མཁའ་དབྱིངས་དག་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་བརྩེགས་མར་གནས་པའི་སྟེང་དུ། སུཾ་ལས་རི་བདུན་རོལ་མཚོ་གླིང་བཞི་གླིང་ཕྲན་དང་བཅས་པས་ཡོངས་སུ་བསྐོར་བའི་རི་རབ་བང་རིམ་བཞི་པ་ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར་བ་རྒྱ་ཁྱོན་ཚད་མེད་པ་བརྗིད་ཅིང་ལྷུན་ཆགས་པར་བསམ། སྐུ་རྟེན་རྣམས་ལྷར་ཤེས་པ་ནི། རི་རབ་ཀྱི་སྟེང་དུ་བྷྲཱུྃ་ལས་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་སྤྲས་ཤིང་འབར་བའི་ཕྲེང་བ་རང་འོད་འཁྲུགས་པའི་དབུས་སུ། པཾ་ལས་སྣ་ཚོགས་པདྨའི་ཟེའུ་འབྲུར་ཉི་མ་དང་དགྲ་བགེགས་ཀྱི་གདན་ལ་ཧཱུྃ་ལས་རྡོ་རྗེའི་གྲི་གུག་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཁྲག་འཐུང་ནག་པོ་ཆེན་པོ་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་འཇིགས་སུ་རུང་བ། ཞལ་གཅིག་ཕྱག་བཞི་པ། ཐུང་ཞིང་སྦོམ་ལ་གསུས་ཁྱིམ་ཆེ་བ། ཁྲོ་གཉེར་དང་བཅས་པའི་ཞལ་གདངས་ཤིང་མཆེ་བ་དྲག་ཏུ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། སྨིན་མ་དང་ཨག་ཚོམ་དམར་སེར་མེ་ལྕེ་ལྟར་འབར་ཞིང་འཁྲུག་པ། ཕྱག་དང་པོ་གཉིས་ཀྱིས་དགྲ་སྙིང་གིས་མཚན་པའི་གྲི་གུག་དང་ཐོད་ཁྲག་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་རལ་གྲི་མེ་འབར་བ་དང་ཁ་ཊྭཱཾ་ག་འཕྱར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། དར་སྣ་ཚོགས་པའི་ཅོད་པན་དང་། སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། དཔའ་ཞིང་མི་སྡུག་པའི་ཆ་བྱད་ཡོངས་སུ་རྫོགས་པ། ཧེ་རུ་ཀའི་ཅོད་པན་ཅན། མཁའ་ལྡིང་བྱ་ཁྱི་ཅེ་སྤྱང་ལ་སོགས་པ་སྤྲུལ་པའི་ཕོ་ཉ་གྲངས་མེད་དུ་སྤྲོ་བ། ཞབས་གཉིས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའི་པང་དུ་མ་ལས་ཡུམ་ཙཎྜི་ཀ་ནག་མོ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཡབ་ལ་སྟོབ་པ། གཅེར་བུ་ཕྱག་རྒྱ་ལྔ་དང་སྦྲུལ་དང་ཐོད་པའི་ཕྲེང་བས་སྤྲས་པ། གཉིས་ཀའང་དྲག་ལ་རྔམ་པའི་ཆ་ལུགས་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་དང་། བང་རིམ་གཉིས་པའི་ཤར་དུ་ཧཱུྃ་ལས་མགོན་པོ་བྱ་རོག་གདོང་ཅན་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་པ། མི་ལྤགས་ཀྱི་གཡང་གཞི་ཅན་བྱ་རོག་ལ་ཞོན་པ། ལྷོར་རུ་ལས་འབར་མ་ནག་མོ་རྩེ་གསུམ་དང་ཐུན་ཁྲག་འཕེན་པ་ཟ་འོག་གི་གོས་ཅན་བྱ་རོག་ལ་ཞོན་པ། ནུབ་ཏུ་ཧཱུྃ་ལས་ཤ་ཟ་སེང་གདོང་མཐིང་ནག་མདུང་དང་དམར་གཏོར་ཐོགས་པ་དར་ནག་པོའི་བེར་གྱོན་ནས་རྟ་ནག་ལ་ཞོན་པ། བྱང་དུ་པ་ལས་གཟའ་བདུད་སྨུག་ནག་མགོ་བོ་དགུ་པ་ཆུ་སྲིན་གྱི་ཞགས་པ་དང་རའི་མདའ་གཞུ་འཛིན་པ་སྐུ་སྨད་སྦྲུལ་དུ་འཁྱིལ་བ། ཞེས་དང་། བང་རིམ་གསུམ་པའི་ཤར་དུ་ར་ལས་ཚངས་པ་དཀར་པོ་དར་མདུང་དང་མཚོན་ཆའི་འཁོར་ལོ་བསྐོར་བ་རྟ་དཀར་ལ་ཞོན་པ། ལྷོར་ཡ་ལས་གཤིན་རྗེ་དམར་ནག་སྤུ་གྲི་དང་ཞགས་པ་འཛིན་པ་ར་དམར་ལ་ཞོན་པ། ནུབ་ཏུ་ཙ་ལས་རྡོ་རྗེ་ལེགས་པ་སྔོན་པོ་རྡོ་རྗེ་དང་དགྲ་སྙིང་འཛིན་པ་གདོང་ལྔ་ལ་ཞོན་པ། བྱང་དུ་དུ་ལས་གནོད་སྦྱིན་ནག་པོ་བེར་ཀ་དང་དགྲ་སྙིང་ཁྱེར་བ་བདུད་རྟ་ལ་ཞོན་པའོ། །དེ་ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ་མི་སྡུག་པའི་གཟུགས་ཅན། ཐོད་སྐམ་ལྔའི་ཅོད་པན་དང་། ཁྲག་འཛག་པའི་མགོ་བོའི་དོ་ཤལ་རྒྱུ་མའི་ག་ཤ་ལ་སོགས་པ་དུར་ཁྲོད་ཀྱི་ཆས་སྣ་ཚོགས་ཀྱིས་བརྒྱན་པའོ། །ཞེས་དང་། གཞན་ཡང་དེ་དག་གི་འཁོར་དུ་ནག་པོ་སྟོང་ཤ་ཟ་འབུམ་མ་མོ་བྱེ་བ་གནོད་སྦྱིན་ཁྲི་སྔགས་བདག་སྡེ་དཔོན་སུམ་ཅུ་དྲེགས་པ་ལྷ་མ་སྲིན་སྡེ་བརྒྱད། དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་དམ་ཅན་རྒྱ་མཚོའི་དམག་ཚོགས་རྔམས་ཤིང་འཇིགས་པ་བསམ་གྱིས་མི་ཁྱབ་པས་ས་གཞི་བར་སྣང་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བ། ཐམས་ཅད་ཀྱང་སྒྲུབ་པ་པོའི་རེ་འདོད་ཚུལ་བཞིན་དུ་སྐོང་བར་མཛད་པའོ། །མཆོད་གཏོར་སྐོང་རྫས་རྣམས་འདོད་ཡོན་དུ་ཤེས་པ་ནི། གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་ཐམས་ཅད། སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ་བཟང་དགུས་འབྱོར་པ་མཛེས་དགུས་བརྒྱན་པ་ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། མདའ་མདུང་རལ་གྲི་སོགས་མཚོན་ཆར་ཤེས་པ་ནི། རལ་གྲི་ཕུར་པ་ཐུན་རྫས་ལ་སོགས་པ་རྣམས་རྣོ་བའི་ངར་དང་གདུག་པའི་དབལ་དང་ལྡན་པས་དགྲ་བོའི་ལུས་སྲོག་འདྲལ་བ་ལ་ཐོགས་པ་མེད་པའི་ནུས་པ་སྤུ་གྲི་རེག་ཆོད་ཀྱི་སོ་ལྟ་བུར་གྱུར། དེ་ལྟར་ཤེས་པ་གསུམ་གྱི་མཆོད་རྫས་རྣམས་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབ་པ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་ཆོས་ཉིད་རྣམ་དག་གི་སྔགས་རྒྱས་ཤིན་ཏུ་དག་པར་བསམ་མོ། །སོར་མོ་རྩེ་སྤྲད་པའི་ཚིག་ཟུར་བཅག་པ་སྒྲོམ་བུ་ལྟ་བུར་བཅས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལོངས་སྤྱོད་རྒྱ་ཆེར་སྤེལ་བར་བསམ། ཐལ་མོ་ཕྱིར་བསྐྱེད་མཐེ་བོང་བསྣོལ་བ་ཁ་ཕྱེ་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བདུད་རྩི་ཐབ་སྦྱོར་གྱི་སྔགས་རྒྱས་ལོངས་སྤྱོད་རྣམས་འདོད་ཡོན་གྱི་བདུད་རྩི་དུག་ལྔའི་གསོས་སུ་གང་བར་བསམ་མོ། །ལག་གཡས་རྡོ་རྗེ་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེང་སྟེ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་རྒྱ་ཆེན་ཤུགས་ལྡན་གྱི་སྔགས་རྒྱས་མགྲོན་རྣམས་ཅི་འདོད་པའི་མཆོད་རྫས་ནམ་མཁའ་གང་བར་བསམ་མོ། །གཡས་རྡོ་རྗེའི་ཁུ་ཚུར་བཅངས་པ་སྙིང་གར་བསྟན་གཡོན་མཆོག་སྦྱིན་བྱས་ལ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ནི་ཧཱུྃ། ཞེས་ཡེ་ཤེས་སྐར་མདའི་སྔགས་རྒྱས་མཆོད་སྦྱིན་གྱི་གནས་ཐམས་ཅད་ལ་ཕམ་རྒྱལ་མེད་པར་ཐོབ་པར་བསམ་མོ། །ཐལ་མོ་ཁོང་སྟོང་སོར་མོ་ནང་དུ་བསྣོལ་བའི་རྟིང་པ་གཉིས་སྤྲད་ལ། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་དབང་བསྒྱུར་འཁོར་ལོའི་སྔགས་རྒྱས་མགྲོན་རྣམས་བདག་གི་སྡོང་གྲོགས་ཅི་དགོས་བྱེད་པར་བསམ། ཞེས་སྔགས་རྒྱ་རྣམས་ལན་བདུན་བྱས་ལ། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་བྱིན་གྱིས་བརླབ་པར་བྱའོ། །བཞི་པ་མགྲོན་འགུགས་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུགས་པ་ལྟར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད། རང་བཞིན་ཆོས་ཀྱི་དབྱིངས་ལས་སྒྱུ་འཕྲུལ་གྱི་རོལ་པ་ཞི་ཁྲོའི་ཉམས་དུ་མར་འཆར་བ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་ཆེན་པོས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ སྦྱར་བའི་སྤོས་བསྲེག་ཅིང་དར་ནག་གིས་གཡབ་རོལ་མོ་དབྱངས་དང་བཅས་པས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ནག་པོ་ཆེ། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ། ཁྱོད་ནི་ཡང་དག་དོན་གྱི་ཕྱིར། །དབྱིངས་ནས་གཤེགས་བཞུད་མི་མངའ་ཡང་། །འཇིག་རྟེན་པ་དང་མཐུན་འཇུག་ཕྱིར། །ཕྱག་དང་ཞབས་གཉིས་བསིལ་མཛོད་ལ། །འབར་བའི་སྐུར་སྟོན་འཁོར་དང་བཅས། །མཚན་ནས་བོས་སོ་ད་ཚུར་བྱོན། །དཔལ་ཆེན་ཁྲག་འཐུང་ནག་པོ་ཆེ། །བདུད་འདུལ་འཇིགས་བྱེད་ཕྱག་བཞི་པ། །ཡུམ་ཆེན་མ་མོ་ཙཎྜི་ཀ །ལས་མགོན་འབར་བ་སེང་གེའི་གདོང་། ཁྱབ་འཇུག་ཚངས་པ་གཤིན་རྗེ་བཙན། །གནོད་སྦྱིན་གདུག་པའི་འཁོར་ཚོགས་བཅས། །ཐམས་ཅད་མདོས་ལ་སྤྱན་འདྲེན་ནོ། །དབྱངས་སྙན་རོལ་མོའི་སྒྲ་ཆེན་པོས། །བོས་སོ་ཆོས་སྐྱོང་སྙན་མ་སྲ། །གསུར་ཆེན་སྤོས་དང་ཧསྟི་ཡིས། །གཡབ་བོ་བསྟན་སྲུང་སྤྱན་མ་བརྟུལ། །དད་པ་དང་ནི་དམ་ཚིག་གིས། །བསྒྲུབ་བོ་མགོན་པོ་གོང་མ་གཡེལ། །སྔོན་གྱི་ཞལ་བཞེས་དམ་བཅས་བཞིན། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཞེས་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་སྤྱན་དྲངས། ལྔ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། དཔལ་ལྡན་མགོན་པོ་མཐུ་ཆེན་གཙོ། །ནག་པོ་སྟོང་དང་ཤ་ཟ་འབུམ། །སྲིད་པའི་མ་མོ་བྱེ་བའི་འཁོར། །ལྷ་སྲིན་སྡེ་བརྒྱད་ཚོགས་དང་བཅས། །འདིར་གཤེགས་འབར་བའི་གདན་ལ་བཞུགས། །མ་ཧཱ་ཀཱ་ལ་ས་མ་ཡ་ཏིཥྛ་ལྷན། ཛཿཧཱུྃ་བཾ་ཧོཿ ཞེས་གཉིས་སུ་མེད་པར་ཐིམ་པར་བསམ། དྲུག་པ་དམ་བཞག་ནི། བདག་ལྷའི་སྙེམས་པ་བརྟན་པོས་མགོན་པོ་འཁོར་བཅས་ཀྱི་སྤྱི་བོར་རྡོ་རྗེ་བཞག་ལ་དམ་ཆུ་བྱིན་པར་མོས་ཏེ། ཀྱེ། གསོན་ཅིག་དཔལ་ལྡན་ནག་པོ་ཆེ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །དམ་ལ་གནས་ཤིང་ལྷ་ལ་ཕྲེང་། ཁྱེད་རྣམས་དྲག་ཤུལ་མི་བཟད་པ། །ཀུན་བཟང་ཁྲག་འཐུང་ཧེ་རུ་ཀས། །དབང་བསྐུར་སྤྱི་བོར་རྡོ་རྗེ་བཞག །དམ་ཚིག་བདུད་རྩི་ལྗགས་ལ་བསྟིམ། །ཆད་ཐོ་གཉན་པོ་ཐུགས་ལ་གདམས། །དེ་ཕྱིར་སྲུང་མ་དམ་ཚིག་ཅན། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བདུད་དཔུང་དགྲ་བགེགས་ཚར་གཅོད་ཅིང་། །རྣལ་འབྱོར་རེ་འདོད་བསྐང་ངོ་ཞེས། །དམ་བཅས་མ་གཡེལ་ཕྲིན་ལས་མཛོད། །གལ་ཏེ་དམ་ལས་འདའ་སྲིད་ན། །དུས་གསུམ་རྒྱལ་བའི་བཀའི་ཆད་པས། །འཁོར་བཅས་བརླག་པར་གདོན་མི་ཟ། །དེ་བས་དམ་སྲུངས་ཕྲིན་ལས་མཛོད། །ཨོཾ་བཛྲ་ས་མ་ཡ་རཀྵནྟུ་པཉྩ་ཨ་མྲྀཏེ་ཨུ་ད་ཀ་ཋ་ཋ་ཋ་ཧཱུྃ། ཞེས་དམ་ལ་བཞག་པས་ཅི་བསྒོ་བའི་ལས་ཐམས་ཅད་བསྒྲུབ་ཅིང་བཀའ་ནོད་པར་བསམ། བདུན་པ་མཆོད་བསྟོད་ནི། ཕྱི་ནང་གསང་བ་སྨན་རག་གཏོར་མ་བསྟོད་པའི་མཆོད་པ་དང་བཅས་པ་ཕྲིན་ལས་དངོས་གྲུབ་རོལ་མཚོ་བཞིན་བྱའོ། །བརྒྱད་པ་སྐོང་བཤགས་ནི། ཕྲིན་ལས་གཞུང་བཞིན་ལས་ཁྱད་པར་ཉམས་ཆག་བསྐང་བའི་ཆེད་དུ་དམིགས་པའི་ཚེ་ནི་ཡེ་ཤེས་སྐུ་མཆོག་རྩ་ལྟུང་བཅུ་བཞི་ཡི་གེ་བརྒྱ་པ་སོགས་ཀྱང་མང་དུ་འདོན། དགུ་པ་མདོས་དངོས་སུ་གསལ་བ་ལ་བཞི་ལས། དང་པོ་ལྷ་སོ་སོའི་རབས་བརྗོད་དེ་འབུལ་བ་ནི། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ཆོས་ཀྱི་དབྱིངས་ནས་བསྐྱོད་པའི་ཚེ། །འཇིག་རྟེན་ཁམས་སུ་བྱོན་ནས་ཀྱང་། །དགྲ་བགེགས་བདུད་དཔུང་འདུལ་བར་མཛད། །སྤྲུལ་པའི་ཕོ་ཉ་གྲངས་མེད་འགྱེད། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །ཕྱག་བཞི་འཇིགས་པའི་མཚོན་ཆ་ཐོགས། །བསིལ་བ་ཚལ་གྱི་དུར་ཁྲོད་ནས། །འཇིགས་སུ་རུང་བའི་བསྐལ་པའི་མེ། །དམར་ནག་མེ་ཡི་ཀློང་དཀྱིལ་ན། །ཀེང་རུས་བརྩེགས་པའི་ཁྲི་ལ་བཞུགས། །ཧ་ཧ་ཞེས་སྒྲོག་འཇིགས་པར་བྱེད། །གཙུག་ལག་ཁང་གི་སྲུང་མ་མཛད། །འདིར་གཤེགས་བཀའ་ཡི་མདོས་ལོངས་ཤིག །རྣལ་འབྱོར་དམ་ཚིག་ཉམས་ཆག་བསྐང་། །བདུད་རྩི་སྨན་དང་དམར་ཆེན་ཁྲག །ཞུན་མར་མདངས་ལྡན་བ་ལིཾ་ཏ། །མཁའ་ལྡིང་བྱ་ནག་རྟ་མཆོག་དང་། །གཡག་ལུག་ཁྱི་ནག་འབུམ་ཕྲག་ཚོགས། །ནམ་མཁའ་རྒྱང་བུ་རལ་གྲི་དང་། ཁ་ཊྭཱཾ་མདའ་འཕང་རྒྱལ་མཚན་བསྒྲེང་། །བ་དན་གདུགས་དང་རུ་མཚོན་གྱིས། །མགོན་པོ་ཡབ་ཡུམ་ཐུགས་དམ་བསྐང། །ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །ལས་ཀྱི་མགོན་པོ་བྱ་རོག་གདོང་། །ཞལ་གཅིག་ཕྱག་གཉིས་བྱ་རོག་ཞོན། །སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས། །ཞིང་ཆེན་ལྤགས་པའི་གཡང་གཞི་གསོལ། ཁྲག་འཛག་མི་མགོའི་དོ་ཤལ་འཕྱང་། །ཕྱག་གཡས་གྲི་གུག་དགྲ་སྲོག་གཅོད། །གཡོན་པས་བྷཉྫ་ཁྲག་བཀང་གསོལ། །མཆུ་སྡེར་རྣོན་པོས་དགྲ་སྙིང་འབྱིན། །ཆིབས་སུ་མགྱོགས་བྱེད་བྱ་རོག་བཅིབས། །འཁོར་དུ་ལས་བྱེད་འབུམ་གྱིས་བསྐོར། །སྔོན་ཚེ་ཁྲག་འཐུང་སྤྱན་སྔ་རུ། ཁས་བླངས་དམ་བཅས་ཇི་བཞིན་དུ། །སངས་རྒྱས་བསྟན་པ་སྲུང་འཚལ་ལོ། །རྣལ་འབྱོར་ཡོངས་ཀྱི་དགྲ་བླ་མཛོད། །ཧ་ཧ་ཞེས་སྒྲོག་འཇིགས་པར་བྱེད། །མ་རུངས་ཀུན་འདུལ་མཐུ་རྩལ་ཅན། ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི། །དམར་ཆེན་གཏོར་མ་བདུད་རྩི་སྨན། །ཛ་གད་ཆང་དང་རཀྟའི་སྐྱེམས། །ཤ་ཆེན་བདུག་སྤོས་བྱ་རོག་སྟོང་། །ནམ་མཁའ་རྒྱང་བུ་རལ་གྲི་མདུང་། །མདའ་འཕང་དཔལ་བཤོས་མར་མེ་ཡིས། །ལས་མགོན་འཁོར་བཅས་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །ཧཱུྃ། སོ་ས་གླིང་གི་དུར་ཁྲོད་ནས། །འབར་མ་ནག་མོ་སྐུ་སྐྱོད་ཅིག །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །སྤྱན་གསུམ་དམར་པོ་དགྲ་ལ་གཟིར། །རལ་པ་ཁམ་ནག་མུན་ལྟར་གཏིབས། །ཕྱག་གཡས་རྩེ་གསུམ་དགྲ་སྙིང་བསྣུན། །གཡོན་པས་ཐུན་ཁྲག་ནད་ཡམས་འབེབ། །རེ་ལྡེ་ནག་པོའི་ན་བཟའ་གསོལ། །ཆིབས་སུ་མགྱོགས་བྱེད་བྱ་རོག་བཅིབས། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །བདུད་དང་སྲིན་པོ་ལས་ལ་འགྱེད། །གསོད་དང་གཅོད་ལ་རྟག་ཏུ་བརྩོན། ཁྱེད་ཀྱི་ཐུགས་དམ་སྐོང་བ་ནི། །དམར་ཆེན་གཏོར་མ་བདུད་རྩི་སྨན། །ཛ་གད་ཆང་དང་རཀྟའི་སྐྱེམས། །ནལ་བུའི་རྒྱལ་མཚན་ཚིལ་ཆེན་སྤོས། །ནམ་མཁའ་རྒྱང་བུ་རལ་གྲི་མདུང་། །མདའ་འཕང་དཔལ་བཤོས་མར་མེ་ཡིས། །འབར་མ་འཁོར་བཅས་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །ཧཱུྃ། བསད་ཁྲག་འཁྱིལ་བའི་རྦ་ཀློང་ནས། །ནག་པོ་ཁྲག་འཐུང་འཇིགས་པའི་གཟུགས། །སྐུ་མདོག་ནག་པོ་མི་བསྲུན་པ། །དར་ནག་བེར་ཆེན་སྐུ་ལ་གསོལ། །གཡས་པས་རུ་དར་བདུད་དམག་གཡོབ། །གཡོན་པས་ཐོད་པར་དམར་གཏོར་ཁྱེར། །དམ་ཅན་ཕོ་མོ་སྤྲིན་ལྟར་སྡུད། །ཆིབས་སུ་བདུད་རྟ་རླུང་ཤུགས་བཅིབས། །གཡུ་རལ་སེང་ཆུང་སྐར་ལྟར་འགྱེད། །བཾ་རོ་ཕོ་མོ་སྤྱི་ཚུགས་འགྲོ །རྐང་པས་དམར་གཏོར་དགྲ་ལ་འཕེན། །མི་བསྲུན་དྲག་པོ་དགྲ་བགེགས་འདུལ། ཁྱེད་ཀྱི་ཐུགས་དམ་སྐོང་བ་ནི། །དམར་ཆེན་གཏོར་མ་བདུད་རྩི་སྨན། །ཛ་གད་ཆང་དང་རཀྟའི་སྐྱེམས། །ཤ་ཆེན་བདུག་སྤོས་སེང་གེ་འབུམ། །ནམ་མཁའ་རྒྱང་བུ་རལ་གྲི་མདུང་། །མདའ་འཕང་དཔལ་བཤོས་མར་མེ་ཡིས། །སེང་གདོང་འཁོར་བཅས་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །ཧཱུྃ། ཕྱོགས་བཅུ་ནམ་མཁའི་དཀྱིལ་ཡངས་ནས། །འཇིགས་བྱེད་ཆེན་པོ་མི་བསྲུན་པ། །སྐུ་མདོག་དུད་ཀ་འབར་བ་ལ། །རོ་སྟོད་སྲིན་པོ་རོ་སྨད་སྦྲུལ། །མགོ་ལུས་མེད་པར་མིག་གིས་གང་། །ཆུ་སྲིན་ཞགས་པ་མདའ་གཞུ་འཛིན། །ས་ཆུ་མེ་རླུང་དཀྲུགས་པ་ཡིས། །དམ་ཉམས་དགྲ་བོ་དམྱལ་ཐག་ཆོད། ཁྱེད་ཀྱི་ཐུགས་དམ་སྐོང་བ་ནི། །ཤ་ཁྲག་ཏིལ་དང་འོ་མའི་བཅུད། །བདུད་རྩི་ཛ་གད་རཀྟ་དམར། །ཤ་ཆེན་བདུག་སྤོས་ཙ་ར་འབུམ། །ནམ་མཁའ་རྒྱང་བུ་རལ་གྲི་མདུང་། །མདའ་འཕང་དཔལ་བཤོས་མར་མེ་ཡིས། །གཟའ་བདུད་འཁོར་བཅས་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །ཧཱུྃ། ཤར་གྱི་ཕྱོགས་ནས་གཤེགས་པ་ནི། །སྒྲོལ་གིང་ཆེན་པོ་མཐུ་བོ་ཆེ། །ཚངས་པ་དུང་གི་ཐོར་ཚུགས་ཅན། །དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་དར་མདུང་དགྲ་ལ་འདེབས། །གཡོན་པས་མཚོན་ཆའི་འཁོར་ལོ་བསྐོར། །དར་དཀར་རལ་ཀ་སྐུ་ལ་གསོལ། །ཆིབས་སུ་རྟ་དཀར་ཟེ་དམར་བཅིབས། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། ཁྱེད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས། །རྒྱལ་པོའི་དམག་ཚོགས་ཐུགས་དམ་བསྐང་། །གསེར་སྐྱེམས་བཤོས་བུ་བདུད་རྩི་ཆང་། །རཀྟ་ཚིལ་གསུར་སྤྲེ་འུ་འབུམ། །ནམ་མཁའ་རྒྱང་བུ་རལ་གྲི་མདུང་། །མདའ་འཕང་དཔལ་བཤོས་ཞུན་མར་གྱིས། །རྒྱལ་པོའི་དམག་ཚོགས་ཐུགས་དམ་བསྐང་། །དམ་བསྐངས་བཅོལ་པའི་ཕྲིན་ལས་མཛོད། །ཧཱུྃ། ལྷོ་ཡི་ཕྱོགས་ནས་གཤེགས་པ་ནི། །སྒྲོལ་གིང་ཆེན་པོ་མཐུ་བོ་ཆེ། །གཤིན་རྗེ་དམར་པོ་འགོང་པོའི་རྗེ། །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །སྤུ་གྲི་གཡས་ལ་བཙན་ཞགས་གཡོན། །རྒྱབ་ཏུ་བསེ་ཕུབ་དམར་པོ་ཁུར། །ཆིབས་སུ་ར་དམར་རླུང་ཤུགས་བཅིབས། །སྟེང་ན་བསེ་ཡི་བྱ་ཁྲ་ལྡིང་། ཁྱེད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས། །གཤིན་རྗེའི་དམག་ཚོགས་ཐུགས་དམ་བསྐང་། །སྙིང་སྣའི་གཏོར་མ་བདུད་རྩི་ཆང་། །རཀྟ་ཚིལ་གསུར་བྱ་ཁྲ་འབུམ། །ནམ་མཁའ་རྒྱང་བུ་རལ་གྲི་མདུང་། །མདའ་འཕང་དཔལ་བཤོས་མར་མེ་ཡིས། །གཤིན་རྗེའི་དམག་ཚོགས་ཐུགས་དམ་བསྐང་། །དམ་བསྐངས་བཅོལ་པའི་ཕྲིན་ལས་མཛོད། །ཧཱུྃ། ནུབ་ཀྱི་ཕྱོགས་ནས་གཤེགས་པ་ནི། །ནུབ་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ། །བཙན་གྱི་རྒྱལ་པོ་རྫུ་འཕྲུལ་ཅན། །སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་གཡས་ལ་དགྲ་སྙིང་གཡོན། །སྐུ་ལ་ཟ་འོག་བེར་ཆེན་གསོལ། །ཆིབས་སུ་སེང་གེ་མགོ་སྔོན་བཅིབས། ཁྱེད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས། །བཙན་གྱི་དམག་ཚོགས་ཐུགས་དམ་བསྐང་། །བཤོས་བུ་ཤ་ཁྲག་བདུད་རྩི་ཆང་། །རཀྟ་ཚིལ་གསུར་སྤྱང་ཀི་འབུམ། །ནམ་མཁའ་རྒྱང་བུ་རལ་གྲི་མདུང་། །མདའ་འཕང་དཔལ་བཤོས་མར་མེ་ཡིས། །བཙན་གྱི་དམག་ཚོགས་ཐུགས་དམ་བསྐང་། །དམ་བསྐངས་བཅོལ་པའི་ཕྲིན་ལས་མཛོད། །ཧཱུྃ། བྱང་གི་ཕྱོགས་ནས་གཤེགས་པ་ནི། །བྱང་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ། །གནོད་སྦྱིན་ལྕགས་ཀྱི་བེར་ཀ་ཅན། །ནག་པོ་ཞལ་གཅིག་ཕྱག་གཉིས་པ། །ལྕགས་བེར་གཡས་ལ་དགྲ་སྙིང་གཡོན། །སྐུ་ལ་དར་ནག་བེར་སློག་གསོལ། །ཆིབས་སུ་བདུད་རྟ་ནག་པོ་བཅིབས། །བདུད་ཀྱི་ཁྲམ་ཁ་དགྲ་ལ་འགྱེད། ཁྱེད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས། །གནོད་སྦྱིན་དམག་ཚོགས་ཐུགས་དམ་བསྐང་། །བྱ་དམར་ཤ་ཁྲག་བདུད་རྩི་ཆང་། །རཀྟ་གསུར་ཆེན་གཡག་རྒོད་འབུམ། །ནམ་མཁའ་རྒྱང་བུ་རལ་གྲི་མདུང་། །མདའ་འཕང་དཔལ་བཤོས་མར་མེ་ཡིས། །གནོད་སྦྱིན་དམག་ཚོགས་ཐུགས་དམ་བསྐང་། །དམ་བསྐངས་བཅོལ་པའི་ཕྲིན་ལས་མཛོད། །གཉིས་པ་བརྟེན་པའི་དམ་རྫས་སུ་དམིགས་ཏེ་འབུལ་བ་ནི། ཧཱུྃ། ཆོས་དབྱིངས་འགྱུར་བ་མེད་པའི་དབྱིངས། །ཕ་མཐའ་བརྡལ་བའི་མཁའ་ཀློང་དུ། །རྒྱ་གྲམ་རླུང་གི་དཀྱིལ་འཁོར་ཆགས། །མེ་དཀྱིལ་གྲུ་གསུམ་དམར་པོ་འབར། །ཆུ་དཀྱིལ་དཀར་པོ་ཟླུམ་ཞིང་འཁྱིལ། །ས་དཀྱིལ་གྲུ་བཞི་གསེར་གྱི་མདོག །རིམ་པར་བརྩེགས་པ་འོག་གཞིར་བརྡལ། །དེ་སྟེང་ཆར་གྱི་ཆུ་གཏེར་བྱུང་། །རླུང་གིས་བསྲུབས་པས་རི་རབ་སོགས། །འཁོར་ཡུག་ཆེན་པོའི་འཇིག་རྟེན་ཆགས། །ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །ཤར་ཕྱོགས་དཀར་པོ་རིན་ཆེན་ཤེལ། །ལྷོ་ནི་མཐོན་མཐིང་བཻ་ཌཱུརྻ། །ནུབ་ཕྱོགས་པདྨ་རཱ་ག་སྟེ། །བྱང་ནིའཛམ་བུ་ཆུ་བོའི་གསེར། །ཀུན་ཀྱང་རང་རང་མདོག་ཏུ་འཚེར། །ཆུར་ནུབ་ཕྱེད་འཕགས་དཔག་ཚད་ནི། །བརྒྱད་ཁྲིར་མཉམ་པའི་བང་རིམ་བཞི། །རྩེ་མོ་ལྕོག་བརྒྱད་དེ་དབུས་ན། །ལྷ་ཡི་གྲོང་ཁྱེར་ལྟ་ན་སྡུག །ཕྱོགས་མཚམས་ཚལ་བཞི་ཡོངས་འདུས་དང་། །བར་ནི་ཡིད་འོང་སྨན་གྱི་ལྗོངས། །དཔག་བསམ་ཤིང་གི་ནགས་ཚལ་ཆགས། །བང་རིམ་སྡེ་བཞི་རྟག་མྱོས་དང་། །ཕྲེང་ཐོགས་གཞོང་ཐོགས་ཆུར་ནུབ་གསེང་། །ལྷ་མིན་རྣམས་ཀྱི་ཡུལ་ཁམས་ཡིན། །རི་རབ་རྩ་བའི་ཕྱི་རོལ་དུ། །གསེར་རི་བདུན་དང་རོལ་མཚོ་བདུན། །སྤེལ་མར་གནས་པས་ཡོངས་སུ་བསྐོར། ཁོར་ཡུག་རྒྱ་མཚོ་ཆེན་པོའི་སྟེང་། །ལུས་འཕགས་ཟླ་གམ་དུང་ལྟར་དཀར། །ལུས་དང་ལུས་འཕགས་དག་གིས་མཛེས། །འཛམ་གླིང་སོག་ཁ་བཻ་ཌཱུརྻ། །རྔ་ཡབ་དང་ནི་རྔ་ཡབ་གཞན། །བ་ལང་སྤྱོད་ནི་དམར་ཞིང་ཟླུམ། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ །སྒྲ་མི་སྙན་སེར་གྲུ་བཞི་སྟེ། །སྒྲ་མི་སྙན་དང་དེ་ཡི་ཟླ། །ཕྱི་རོལ་ལྕགས་རི་འཁོར་ཡུག་དང་། །རྟ་གདོང་མེ་ཡི་རྭ་བས་བསྐོར། །མདོར་ན་དམྱལ་བའི་གྲོང་ཁྱེར་ནས། །གཟུགས་ཁམས་འོག་མིན་དག་གི་བར། ཁམས་གསུམ་འཇིག་རྟེན་ཆེན་པོའི་ཞིང་། །སྣོད་བཅུད་རྟེན་དང་བརྟེན་པ་སོགས། །འགྲོ་བ་སོ་སོའི་སྤྱོད་ཡུལ་གྱི། །མཁོ་དགུའི་འདོད་ཡོན་འབྱོར་པའི་ཚོགས། །མང་པོ་བསམ་གྱིས་མི་ཁྱབ་པས། །ཡོངས་སུ་གང་བའི་ངོ་མཚར་འཕྲུལ། །དེ་འདྲའི་འཇིག་རྟེན་ཁམས་ཆེན་པོ། །དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ། །ཧཱུྃ། རི་རབ་ཆེན་པོའི་རྩེ་མོ་ནས། །རྔམ་བརྗིད་དྲག་པོའི་གཞལ་མེད་ཁང་། །གདུག་པ་གཤིན་རྗེའི་གྲོང་ཁྱེར་ལ། །དྲག་པོའི་ཕོ་བྲང་ཉམས་ཞུགས་པ། །སྐུ་གཟུགས་སྔགས་བྱང་ཕྱག་རྒྱ་སོགས། །དགྱེས་པའི་བླ་རྡོ་ཅི་ཡང་འཚོགས། །ཆོས་སྐྱོང་དམ་ཅན་མཐུན་པའི་རྟེན། །བཞེད་པ་ཇི་བཞིན་གུས་འབུལ་ན། །མི་འབྲལ་རྟེན་དུ་བཞེས་སུ་གསོལ། །དེ་སྟེང་མཐིང་ནག་རྡོ་རྗེའི་གུར། །རྣམ་པར་བཀྲ་བའི་འཇའ་རིས་ཅན། །རྩེ་མོར་འདབ་བཟང་སྤུ་སྡུག་དང་། །དབང་པོའི་གཞུ་འདྲའི་དར་ཚོན་གྱི། །ཅོད་པན་ལྷབ་ལྷུབ་གཡོ་བ་ཅན། །རྩེ་གསུམ་འབར་བའི་རུ་མཚོན་ནི། །མཐིང་ནག་བདུད་ལས་རྒྱལ་བའི་བརྡར། །སྲིད་པའི་རྩེ་མོར་སྙེགས་པར་བསྒྲེངས། །བང་རིམ་དང་པོའི་ཕྱོགས་བཞི་ན། །མི་ནག་གཏུམ་པོ་བདུད་རྟ་ཞོན། །ང་རོའི་གད་མོས་ས་གསུམ་གཡོ། ཁྱི་ནག་དོམ་བུ་འཁང་ཞིང་ཟ། །གཡག་རྒོད་ངར་ཞིང་བྱ་ནག་ལྡིང་། །རྭ་བཞི་འཁྱིལ་བའི་ལུག་ནག་སོགས། །གྲངས་མེད་མཛེས་པའི་རྒྱན་ཆ་ཅན། །མཐུན་པའི་དམ་རྫས་ཉིད་དུ་འབུལ། །ནམ་མཁའ་སེམས་རྟེན་རྒྱང་བུ་ལུས། །ཕོ་རྟེན་མདའ་ཁྲ་མོ་རྟེན་འཕང་། །ཤིང་གྲི་ཡུལ་མཁར་རི་མོ་ཅན། །ནལ་བུའི་རྒྱལ་མཚན་མདུང་ཐུང་དང་། །རུ་མཚོན་དཔལ་བཤོས་ཙིཏྟ་སྙིང་། །མཁའ་ལྡིང་ཁྱུང་དང་རྒོད་གོང་མོ། །བྱ་ནག་རྨ་བྱ་ནེ་ཙོ་དང་། །པུ་ཤུད་ཀྱུང་ཀ་ཁྱིམ་བྱ་དང་། །ངང་པ་ལ་སོགས་འཕུར་དགུའི་བྱ། །གྲངས་མེད་ནམ་མཁའ་གང་བ་དང་། །གཞན་ཡང་དགྱེས་པའི་དམ་རྫས་ནི། །མཐོ་དེ་སྲིད་པའི་རྩེ་མོར་སྙེགས། །དམའ་དེ་རྒྱ་མཚོའི་གཏིང་དུ་ཁྱབ། །རྒྱ་ཆེ་ཕྱོགས་ཀྱི་འཁོར་ལོ་བརྡལ། །དཔལ་ལྡན་མགོན་པོ་ཡབ་ཡུམ་ལ། །གུས་པའི་བློ་ཡིས་འབུལ་ལགས་ན། །རྣལ་འབྱོར་དམ་ཚིག་ཉམས་ཆག་བསྐང། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། བང་རིམ་གཉིས་པའི་ཕྱོགས་བཞི་ན། །དཔལ་ལྡན་རྡོ་རྗེ་སྲིན་པོ་ཡི། །སྐུ་ཡི་ཕྱག་རྒྱ་རོལ་པ་ལས། །ལས་མཛད་ནག་པོ་བྱ་རོག་གདོང་། །མ་འགགས་གསུང་གི་རོལ་པའི་རྩལ། །དཔལ་ལྡན་མ་མོ་འབར་མའི་གདོང་། །ཐུགས་ཀྱི་སྒྱུ་མ་ཆེན་པོའི་འཕྲུལ། ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །ཕྲིན་ལས་དྲག་རྩལ་ཀུན་གྱི་བདག །ཤ་ཟ་ནག་པོ་སེང་གེའི་གདོང་། །འཁོར་བཅས་མཐུན་པའི་དམ་རྫས་ནི། །བྱ་རོག་ནལ་བུའི་རྒྱལ་མཚན་དང་། །གདོང་ལྔ་ཁམ་ནག་ཙ་ར་འབུམ། །དམར་གཏོར་དགྲ་བོའི་ཙིཏྟ་སྙིང་། །ནམ་མཁའ་སེམས་རྟེན་རྒྱང་བུ་ལུས། །ཕོ་རྟེན་མདའ་ཁྲ་མོ་རྟེན་འཕང། །ཤིང་གྲི་ཡུལ་མཁར་རི་མོ་ཅན། །རྒྱལ་མཚན་བ་དན་རུ་མཚོན་དང་། །གདོང་ལྔ་པ་དང་སྟག་གཟིག་གུང་། །ཝ་སྤྱང་གདོང་དམར་སྤྲེ་འུ་དང་། །དོམ་དྲེད་ལ་སོགས་གཅན་གཟན་རིགས། །དཔའ་གཏུམ་རྩལ་ཆེན་ཆེ་དགུའི་ཚོགས། །གྲངས་མེད་ཁོར་ཡུག་གང་བ་དང་། །གཞན་ཡང་དགྱེས་པའི་དམ་རྫས་ནི། །རང་རང་ཐུགས་ལ་ཅི་བཞེད་པ། །དེ་ལྟར་འཆར་བའི་འདོད་ཡོན་རྣམས། །ལས་མཛད་བཀའ་སྡོད་བཞི་ལ་འབུལ། །རྣལ་འབྱོར་དམ་ཚིག་ཉམས་ཆག་བསྐངས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། བང་རིམ་གསུམ་པའི་ཕྱོགས་བཞི་ན། །ཚངས་པ་གཤིན་རྗེ་བཙན་གྱི་རྗེ། །གནོད་སྦྱིན་སྒྲོལ་གིང་གིང་ཆེན་བཞི། །འཁོར་བཅས་མཐུན་པའི་དམ་རྫས་ནི། །རྩལ་ཆེན་སྤྲེ་འུ་བྱ་ཁྲ་དང་། །སྤྱང་ཀི་གཡག་རྒོད་གཏུམ་བརྗིད་ཅན། །དམར་གཏོར་དགྲ་བོའི་ཙིཏྟ་དང་། །ནམ་མཁའ་སེམས་རྟེན་རྒྱང་བུ་ལུས། །ཕོ་རྟེན་མདའ་ཁྲ་མོ་རྟེན་འཕང་། །ཤིང་གྲི་ཡུལ་མཁར་རི་མོ་ཅན། །རྒྱལ་མཚན་བ་དན་རུ་མཚོན་དང་། །ཤ་རྐྱང་གནའ་བ་དགོ་བ་གཉན། །གླ་བ་གཙོད་དང་རི་བོང་སོགས། །རི་དྭགས་མཆོང་དགུའི་ཚོགས་མང་པོས། །ས་གཞི་དོག་པོར་བྱས་པ་དང་། །གཞན་ཡང་དགྱེས་པའི་དམ་རྫས་ནི། །འཇིག་རྟེན་གསུམ་གྱི་འདོད་ཡོན་རྫས། །མི་ཟད་ནམ་མཁའི་མཛོད་ལྟ་བུ། །བཀའ་སྡོད་སྒྲོལ་གིང་བཞི་ལ་འབུལ། །རྣལ་འབྱོར་དམ་ཚིག་ཉམས་ཆག་བསྐངས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། བང་རིམ་བཞི་པའི་ངོས་བཞི་ན། །བཀའ་སྡོད་ཕོ་ཉའི་ཚོགས་རྣམས་དང་། །གཞན་ཡང་མཐུན་པའི་དམ་རྫས་ནི། །ནམ་མཁའ་འཇའ་རིས་སེམས་ཀྱི་རྟེན། །རྒྱང་བུ་རིམ་གསུམ་ལུས་ཀྱི་རྟེན། །ཤིང་གྲི་ཡུལ་མཁར་ལོངས་སྤྱོད་རྟེན། །ཕོ་རྟེན་མདའ་ཁྲ་ཕོ་གདོང་མཛེས། །མོ་རྟེན་འཕང་ཁྲ་མོ་གདོང་མཛེས། །དམར་པོའི་ཙིཏྟ་འདོད་ཡོན་རྫས། །གླང་ཆེན་ཐལ་དཀར་མཆེ་བ་དྲུག །དཔའ་བོའི་ཆས་གོས་གོ་ཁྲབ་དང་། །རྣོ་ངར་མཚོན་དང་རིན་ཆེན་རྒྱན། །སྒ་སྲབ་མཛེས་པའི་རྟ་དྲིལ་མཛོ། །རྔམ་བརྗིད་ནོར་དབྱིག་ཁལ་ལྡན་དང་། །དབང་པོའི་གཞུ་འདྲའི་ཟ་འོག་དང་། །གླང་ཆེན་མི་དང་སྟག་གཟིག་གི །གཡང་གཞིའི་ཚོགས་དང་འབྲུ་སྨན་བཅུད། །རོལ་མཚོ་ཆུ་སྲིན་རུས་སྦལ་ཉ། །དུང་དང་ཉ་ལྕིབས་ཀླུ་ཆེན་བརྒྱད། །རིན་ཆེན་དུ་མའི་གཏེར་དང་བཅས། ཁོར་ཡུག་གླིང་བཞི་གླིང་ཕྲན་ལ། །འགྲོ་བ་སོ་སོའི་མངའ་རིས་དང་། །ལོངས་སྤྱོད་མཁོ་དགུའི་འབྱོར་པར་ལྡན། །དེ་ལྟའི་འཇིག་རྟེན་ཁམས་ཆེན་པོ། །བྱེ་བ་གྲངས་མེད་བསམ་འདས་པ། །ངོ་མཚར་བཀོད་པའི་ཞིང་ཆེན་པོ། །བརྟན་གཡོའི་དངོས་པོ་ཀུན་ཚང་བ། །དཔལ་ལྡན་ཁྲག་འཐུང་ནག་པོ་ཆེ། །ལེགས་ལྡན་རྡོ་རྗེ་སྲིན་པོ་དང་། །མ་གཅིག་ཙཎྜི་ནག་མོ་འབུམ། །ལས་མཁན་དྲེགས་པ་སྡེ་བཞི་དང་། །བཀའ་སྡོད་གིང་བཞི་ཕོ་ཉར་བཅས། །འཁོར་དང་བཅས་ལ་བདག་འབུལ་གྱིས། །དགྱེས་པ་ཆེན་པོར་བཞེས་ནས་ཀྱང་། །རྣལ་འབྱོར་དམ་ཚིག་ཉམས་ཆག་བསྐངས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །གསུམ་པ་མཆོད་པའི་རྫས་སུ་འབུལ་བ་ནི། ཧཱུྃ། བསྐང་ངོ་གསོལ་ལོ་ཐུགས་དམ་ཅན། །དཔལ་ལྡན་མགོན་པོ་ཡབ་ཡུམ་དང་། །བཀའ་སྡོད་ཕོ་ཉ་དྲེགས་པ་བརྒྱད། །འཁོར་ཚོགས་ཕོ་ཉར་བཅས་པ་ལ། །དགྱེས་པའི་མཆོད་པ་འབུལ་བ་ནི། །དགྲ་བོའི་སྙིང་ཁྲག་བསྐྱིལ་བའི་མཚོ། །དགྱེས་པའི་མཆོད་ཡོན་ཆེན་པོར་སྦྲེང་། །དུག་ཁྲག་མི་བཟད་ངད་པ་ཅན། །ཞབས་བཀྲུའི་དག་བྱེད་རྫིང་བུ་བཅས། །དབང་པོ་ལྔ་སོགས་མེ་ཏོག་ཕྲེང་། །དམར་ཟླུམ་སྤྱན་གྱི་གཟིགས་མོར་ཆེ། །ཤ་ཆེན་བསྲེགས་པའི་དུད་པའི་སྤྲིན། །ཡོངས་འདུས་དྲི་བཟང་ཉིད་དུ་འཐུལ། །ཚིལ་ཞུན་སྦྱར་བའི་མེ་ཡི་འོད། །དུས་མཐའི་ཞུགས་ཀྱི་ཕུང་པོར་འབར། །མཁྲིས་ཆེན་གངྒཱའི་ཆུ་བོའི་རྒྱུན། །སིམ་པ་སྐྱེད་པའི་བྱུག་པར་བྱ། །ཤ་ཁྲག་རུས་པའི་བདེ་ཆེན་དཔྱིད། །ལྗགས་ཀྱི་བདུད་རྩིའི་མཆོག་གྱུར་ལ། །རྐང་ཆེན་དུང་སོགས་རོལ་མོའི་སྒྲས། །ས་ཆེན་རིར་བཅས་གཡོ་བ་བཞིན། །གཞན་ཡང་གཟུགས་སྒྲ་དྲི་རོ་སོགས། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་ཀྱི། །རྟགས་རྫས་སྒེག་སོགས་ལྷ་མོའི་ཚོགས། །ངོ་མཚར་ཀུན་བཟང་མཆོད་སྤྲིན་གྱིས། །རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །འབུལ་ལོ་དགྱེས་པར་བཞེས་སུ་གསོལ། །ཧཱུྃ། འབྲུ་བཅུད་དཔའ་བོ་མྱོས་པའི་ཆང་། །རིན་ཐང་མེད་པའི་གསེར་དང་སྦྱར། །ཉོན་མོངས་གདུང་བ་སེལ་བའི་བཅུད། །ངོ་མཚར་མཆོག་གི་བདུད་རྩི་འདི། །ཕོ་རྒྱུད་དམ་ཅན་མཉེས་ཕྱིར་འབུལ། །ཚིམས་པར་བཞེས་ནས་ཕྲིན་ལས་མཛོད། །ཧཱུྃ། དགྲ་བོ་བསྒྲལ་པའི་སྙིང་ཁྲག་དང་། །ཤེས་རབ་མཁའ་དབྱིངས་རང་བྱུང་མཚལ། །མཐུན་པར་སྦྱར་བའི་དམར་ཆེན་པོ། །རྒྱ་མཚོར་བསྐྱིལ་བའི་ཞལ་སྐྱེམས་འདི། །མོ་རྒྱུད་དམ་ཅན་མཉེས་ཕྱིར་འབུལ། །ཚིམས་པར་བཞེས་ནས་ཕྲིན་ལས་མཛོད། །ཧཱུྃ། ཤ་ཆེན་སྨན་སྤོས་འབྲུ་ནག་ཕྱེ། །རཀྟས་བྲན་པའི་བཤོས་བུ་ནི། །དམར་ནག་དགུང་སྔོན་དབྱིངས་སུ་སླེབ། །འདོད་ཡོན་བདུད་རྩིའི་གཏོར་མ་འདི། །ཐུན་མོང་མཆོད་པ་མཆོག་ཏུ་འབུལ། །ཚིམས་པར་བཞེས་ནས་ཕྲིན་ལས་མཛོད། །ཧཱུྃ། རྩི་བཅུད་སྙིང་པོ་འབྲུ་མར་དང་། །དགྲ་བོ་བསྒྲལ་པའི་རྐང་ཞག་ཚིལ། །ཞུན་དུ་བྱས་ནས་སྦར་བའི་མེ། །འཇིག་རྟེན་འདས་དང་མ་འདས་པའི། །མགྲོན་རྣམས་སྲིད་པ་མདོས་ཀྱི་རྫས། །གཟིགས་པའི་གསལ་བྱེད་ཉིད་དུ་འབུལ། །བཞི་པ་གླུད་རྫས་སུ་འབུལ་བ་ནི། ཧཱུྃ། སྔོན་ཚེ་བོད་ཡུལ་རྒྱལ་ཁམས་སུ། །བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །དཔལ་གྱི་བསམ་ཡས་བཞེངས་པའི་ཚེ། །བོད་ཀྱི་ལྷ་འདྲེ་གདུག་པས་གནོད། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སོ་སོའི་མཐུན་རྫས་བཞེད་པའི་དཀོར། །ཡས་དང་ཐགས་སུ་བཀོད་ཅིང་བཤམས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །བདེན་པའི་སྨྲང་གིས་བཀྲོལ་ཏེ་བཤད། །ལྷ་སྲིན་ཐམས་ཅད་ཚིམས་ཤིང་མགུ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །རྒྱལ་ཁམས་བདེ་ཞིང་ཆོས་ཁྲིམས་དར། །མངའ་བདག་རྒྱལ་པོའི་བཞེད་པ་གྲུབ། །དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །སྣང་སྲིད་ལྷ་འདྲེའི་ཟ་ཁ་ཟུག །མི་མཐུན་རྐྱེན་དང་འཚེ་བ་བྱུང་། །རིག་འཛིན་སྔགས་འཆང་བདག་ཉིད་ཀྱིས། །དྲེགས་པ་སོ་སོའི་མཐུན་པའི་རྫས། །འབད་པས་བསྒྲུབས་ཏེ་མདོས་ཡས་བཀོད། །ཏིང་འཛིན་ཕྱག་རྒྱས་ཆེར་བསྐྱེད་ཅིང་། །བདེན་པའི་སྨྲང་གིས་འགྲོལ་ལགས་ཀྱིས། །ཐམས་ཅད་གསན་ཅིང་དགོངས་སུ་གསོལ། །ཀྱཻ། རིན་ཆེན་འབྲུ་ཡི་ངར་ཕྱེ་ལ། །གཙང་མའི་ཆབ་ཀྱིས་སྦྲུས་པའི་གླུད། །ནམ་མཁའི་སེམས་ལ་ཞོ་ཤའི་སྙིང་། །དུང་གི་རུས་ལ་བསེ་ཡི་ཤ །མཚལ་གྱི་ཁྲག་ལ་མེ་ཡི་དྲོད། །རླུང་གི་དབུགས་ལ་ཆུ་ཡི་ཁམས། །ཟེར་མོའི་སྐྲ་ལ་མུ་ཏིག་ཀླད། །ལུང་ཐང་མིག་ལ་མོ་ཁབ་སྣ། །མགྲོན་བུའི་སོ་ལ་ལེ་བརྒན་ལྕེ། །ལྕགས་ཟངས་རྐང་པ་གསེར་གཡུའི་ལག །ངར་གྱི་ལུས་ལ་དཀོར་ཆའི་རྒྱན། །གཟུགས་མཛེས་ཡིད་འཕྲོག་ལྟ་ན་སྡུག །སྨྲ་མཁས་ངག་འཇམ་ཀྱུ་རུ་རུ། །སེམས་ཀྱི་རྟོག་དཔྱོད་གསལ་ཞིང་བཀྲ །བླ་ཚེ་སྲོག་དབུགས་ངག་དང་ལྡན། །ཕུང་ཁམས་སྐྱེ་མཆེད་མ་ལུས་ཚང་། །ཡོན་བདག་གོས་དང་རྒྱན་བཀོད་པས། །རྣམ་བཀྲའི་གོས་བཟང་ལྷུབས་སེ་ལྷུབ། །རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ། ཁྱུ་མཆོག་འགྲོས་སུ་ལམས་སེ་ལམ། །མི་འཛད་ནོར་གྱི་བང་མཛོད་ལྡན། །འདི་འདྲའི་གླུད་བཟང་ངོ་མཚར་ཅན། །དཔལ་ལྡན་མགོན་པོ་ལྕམ་དྲལ་ནས། །བཀའ་སྡོད་ཕོ་ཉ་ཡན་ཆད་ཀྱི། །སྣང་སྲིད་དྲེགས་པ་ཡོངས་ལ་འབུལ། །མི་ལས་གླུད་དགའ་བཞེས་སུ་གསོལ། །རིག་འཛིན་རྡོ་རྗེ་སློབ་དཔོན་དང་། །སྔགས་འཆང་བདག་ཅག་མཆེད་ལྕམ་དྲལ། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་དང་། །ཡུལ་མཁར་ལོངས་སྤྱོད་ཀུན་གྱི་གླུད། །འདི་བཞེས་ཚིམས་ཤིང་དགྱེས་ནས་ཀྱང་། །གནོད་པའི་བསམ་སྦྱོར་ངན་པ་སྒྱུར། །ཤོ་དང་བྱང་དམར་དཀྱུས་ནས་ཐོན། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །ཆག་ཆེ་ཉམ་ང་ཞི་བ་དང་། །དུས་མིན་འཆི་བའི་རྐྱེན་རྣམས་ཟློག །མཐུན་པའི་དངོས་གྲུབ་མ་ལུས་སྩོལ། །དཀོར་ནོར་གཞན་རྣམས་འབུལ་བ་ནི། ཧཱུྃ། བདག་ཉིད་དེ་བཞིན་ཉིད་ཀྱི་མདངས། །ལྷུན་གྲུབ་འཆར་སྒོར་ཅིར་ཡང་སྣང་། །དྲི་མེད་མེ་ལོང་གཟུགས་བརྙན་བཞིན། །གང་བཞེད་དེ་ངོར་ཅིར་ཡང་འཆར། །དེ་བཞིན་འཛད་མེད་ནམ་མཁའི་མཛོད། །དགོས་འདོད་འབྱུང་བའི་རིན་ཆེན་གཏེར། །ནམ་མཁའ་ཁོང་སྟོང་འཇའ་རིས་བཀྲ །ཀུན་ཁྱབ་སེམས་ཉིད་སྟོང་པའི་གླུད། །རྒྱང་བུ་སྤུ་བཟང་གཡུང་བལ་གྱིས། །རིམ་གསུམ་བཀྲིས་པ་ལུས་ཀྱི་གླུད། །ཤིང་གྲིར་དགུང་སྔོན་གཟའ་སྐར་ཡུལ། །ཆུ་རིས་བྲིས་པ་ཡུལ་མཁར་གླུད། །སྨྱུག་རྒོད་སྒྲོ་གསུམ་མདེ་འུ་ལྡན། །ཕོ་གདོང་བརྗིད་པ་ཕོ་ཡི་གླུད། །ཤིང་གི་འཕང་ལོ་འཇའ་ཚོན་རིས། །མོ་གདོང་མཛེས་པ་མོ་ཡི་གླུད། །རྣམ་བཀྲའི་དར་ཟབ་པཉྩ་ལི། །འཇམ་མཛེས་པགས་པ་གོས་ཀྱི་གླུད། །དཀོར་ནོར་རྣམ་པ་སྣ་ཚོགས་པ། །བང་མཛོད་ནོར་གྱི་གླུད་ལ་སོགས། །མཐུན་པའི་གླུད་རྫས་སྣ་ཚོགས་འབུལ། །ཆག་ཆེ་ཉམ་ང་ཞི་བར་མཛོད། །གཞན་ཡང་མཐུན་པའི་ལོངས་སྤྱོད་ནི། །གསེར་དངུལ་རིན་ཆེན་ནོར་དབྱིག་དང་། །སྲ་བའི་གོ་དང་རྣོ་བའི་མཚོན། །འཇམ་མཉེན་དར་ཟབ་པགས་པའི་རིགས། །རྟ་དྲེལ་མཛོ་ཁལ་འབྲུ་སྣའི་ཚོགས། །ཇ་དཀར་མར་ཐུད་བུ་རམ་སྦྲང་། །ཤིང་ཐོག་ཤ་ཆང་སྣམ་རས་དང་། །བཙོད་ཞུན་རྒྱ་སྐྱེགས་སྨན་དང་སྤོས། །འདབ་ཆགས་གཅན་གཟན་རི་དྭགས་སོགས། །འཇིག་རྟེན་ཁམས་ཀྱི་དཀོར་ནོར་དང་། །ལོངས་སྤྱོད་མིང་དུ་ཆགས་པ་ཀུན། །ཚང་བར་བདག་གིས་འབུལ་ལགས་ན། །སོ་སོར་མཐུན་པའི་རྫས་སུ་བཞེས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས། །འདོད་པའི་ལས་འབྲས་མཆིས་པར་མཛོད། །བཅུ་པ་ཕྲིན་ལས་གསོལ་བ་ནི། ཧཱུྃ། རྒྱལ་བའི་བསྟན་སྲུང་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་རྣམས་ལ། །ཕྲིན་ལས་རབ་འབྱམས་གསོལ་དང་བསྐུལ་བའི་ཕྱིར། །མཆོད་སྤྲིན་རྒྱ་མཚོ་བསྟབས་པས་དགྱེས་གྱུར་ཏེ། །ཀུན་བཟང་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པདྨ་འབྱུང་། །མཆོག་གི་ས་བརྙེས་རྡོ་རྗེའི་རིག་འཛིན་ཚོགས། །རིམ་པར་བྱོན་པའི་རྩ་བརྒྱུད་བླ་མ་ཡིས། །རྒྱུད་གསུམ་དམ་ཅན་དྲེགས་པའི་དཔུང་ཚོགས་རྣམས། །ཕྱི་ནང་གསང་བའི་འདོད་ཡོན་རྒྱ་མཚོས་མཆོད། །བསྟེན་ཅིང་བསྒྲུབས་ནས་དབང་བསྐུར་དམ་བཞག་པའི། །ཞལ་བཞེས་ཐུགས་དམ་གཡེལ་བར་མ་མཛད་པར། །སྲིད་ཞིའི་ཕུན་སུམ་ཚོགས་ཀུན་འབྱུང་བའི་གཞི། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང། །དེ་ཚུལ་ལུང་རྟོགས་བཤད་སྒྲུབ་ཀྱིས་འཚོ་བའི། །བསྟན་འཛིན་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །མཁའ་མཉམ་འགྲོ་བའི་ཉེར་འཚེ་ཀུན་ཞི་ཞིང་། །དགེ་བཅུའི་འབྱོར་པ་རྒྱ་མཚོས་འཚོ་བ་དང་། །འཇིག་རྟེན་ཁམས་ཀྱི་སྣོད་བཅུད་ལེགས་ཚོགས་ཀུན། །རབ་འཕེལ་རྫོགས་ལྡན་དཔལ་གྱིས་མཐོ་བར་མཛོད། ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བགེགས་དང་བར་དུ་གཅོད་པ་སོགས། །ཕྱི་ནང་མི་མཐུན་རྒུད་པ་ཀུན་ཞི་ཞིང་། །བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྟོབས། །ཐོས་བསམ་སྒོམ་པ་འཕེལ་ཞིང་རྒྱས་པ་དང་། །ས་གསུམ་འགྲོ་བ་རྣམས་དང་དེ་དག་གི །ཕུན་ཚོགས་དཔལ་ཀུན་དབང་དུ་བསྡུ་བར་མཛོད། །མི་བསྲུན་ལོག་པར་སེམས་པའི་དགྲ་དང་བགེགས། །ནག་ཕྱོགས་བདུད་སྡེའི་དཔུང་དང་བཅས་པ་རྣམས། །ཕྲིན་ལས་དྲག་པོ་ཤིན་ཏུ་མི་བཟད་པས། །ཡེ་ཤེས་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད། །སེམས་ཉིད་གདོད་མའི་བསྟན་སྲུང་རེ་དོགས་དྲིས། །བསླད་མིན་མཐའ་བྲལ་བདེ་ཆེན་མངོན་གྱུར་ནས། །ཕྲིན་ལས་རྣམ་བཞིས་འགྲོ་བའི་རེ་སྐོང་བའི། །དངོས་གྲུབ་རྒྱ་མཚོའི་དཔལ་གྱིས་འབྱོར་པར་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ། །གསུམ་པ་མཐར་དྲག་པོའི་ཕྲིན་ལས་སྒྲུབ་པའི་ཚུལ་ལ། ཐུགས་དམ་བསྐུལ་བ། གསེར་སྐྱེམས་གཟུ་དཔང་། འགུགས་ཤིང་ལྷ་དང་དབྱེ་བ། བསྒྲལ་ཞིང་གཟིར་བ། ཟློག་པའི་ཕྲིན་ལས་བསྐུལ་བ། ཟོར་ལམ་དབྱེ་བ། ཟོར་འཕང་བ། མངའ་གསོལ་བ། རྗེས་བསྡུ་བ་དང་དགུ་ལས། དང་པོ་ཐུགས་དམ་བསྐུལ་བ་ནི། ཧཱུྃ། མི་མངོན་དབྱིངས་ན་བཞུགས་པ་ཡི། །བསྟན་སྲུང་དཔལ་ལྡན་ནག་པོ་ཆེ། །རིགས་ལྔ་ཁྲག་འཐུང་སྤྲུལ་པ་སྟེ། །ཆོས་སྐྱོང་མགོན་པོ་མཐུ་བོ་ཆེ། །བཀའ་སྲུང་ཆེན་པོ་དམ་ཚིག་ཅན། །སྐུ་མདོག་མཐིང་ནག་འབར་བ་ལ། །ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །སྦྲུལ་དང་ཐོད་པའི་ཕྲེང་བས་བཅིངས། །ཞལ་གདངས་འཇིགས་པའི་ཁྲོ་གཉེར་གྱིས། །བདུད་དཔུང་མ་ལུས་སྲེག་པར་མཛད། །སྤྱན་གསུམ་དམར་ལ་འཁྲུགས་པ་ཡི། །སྡང་མིག་ཕྱོགས་བཅུ་ཀུན་ཏུ་བལྟ། །ཤངས་ནས་དྲག་པོའི་འཐོར་རླུང་འབུད། །སྨ་ར་ཨག་ཚོམ་སྨིན་མ་འབར། །ཞལ་གདངས་ཧ་ཧ་ཧཱུྃ་ཕཊ་སྒྲོག །མཆེ་གཙིགས་ལྗགས་འདྲིལ་རྐན་སྒྲ་རྡེབ། །ཕྱག་གཡས་དང་པོས་དགྲ་སྙིང་འཛིན། །འོག་མས་རལ་གྲིས་དགྲ་སྲོག་གཅོད། །ཕྱག་གཡོན་ཐོད་པར་སྙིང་ཁྲག་འཐུང་། །འོག་མ་ཁ་ཊྭཱཾ་དུག་གསུམ་འཇོམས། །ཐུང་ལ་སྦོམ་ཞིང་གེལ་བའི་གཟུགས། །སྐུ་ལ་མི་མགོའི་ཕྲེང་བས་བརྒྱན། །ཡན་ལག་སྦྲུལ་གྱི་ཆུན་པོས་དཀྲིས། །སྐུ་སྨད་སྟག་ལྤགས་ཤམ་ཐབས་འཕྱང་། །ཞབས་གཉིས་བརྡབས་པས་དགྲ་བགེགས་འདུལ། །པདྨ་ཉི་ཟླ་རོ་གདན་ལ། །དཔའ་བོའི་སྟངས་སྟབས་ཚུལ་གྱིས་བཞུགས། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། ཁམས་གསུམ་མ་ལུས་དབང་དུ་སྡུད། །ཞལ་ནས་མེ་འབར་འུ་རུ་རུ། །དབུ་སྐྲ་རལ་པ་མུན་ལྟར་གཏིབས། །སྤྱན་ནས་གློག་དམར་ཁྱུགས་སེ་ཁྱུག །སྙན་ནས་འབྲུག་སྒྲ་དི་རི་རི། །དྲག་སྔགས་ཐོག་སེར་ཤ་ར་ར། །དཔལ་ལྡན་མགོན་པོ་དྲག་ཤུལ་ཅན། །མཐུན་རྫས་མཆོད་པ་འདི་བཞེས་ལ། །བདུད་དཔུང་ཐལ་བར་བརླག་པ་དང་། །བགེགས་དཔུང་མ་ལུས་བསྒྲལ་བ་དང་། །དྲག་པོའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། ཡུམ་མཆོག་ཙཎྜི་དབང་ཕྱུག་མ། །ཞལ་གཅིག་ཕྱག་གཉིས་མུན་པའི་མདོག །གཅེར་བུ་སྐྲ་གྲོལ་རུས་པས་བརྒྱན། །ཕྱག་གཡས་གྲི་གུག་དགྲ་སྙིང་འབྱིན། །ཕྱག་གཡོན་ཐོད་ཁྲག་གཙོ་ལ་སྟོབས། །ཞལ་གདངས་མཆེ་གཙིགས་སྤྱན་དམར་འཁྲུགས། །ཞབས་གཉིས་ཡབ་ལ་འཁྲིལ་ཞིང་སྦྱོར། །བདེ་ཆེན་སྟོང་གསུམ་གར་སྒྱུར་མ། །གདུག་པའི་མ་མོ་དྲག་རྩལ་ཅན། །མཐུན་པའི་དམ་རྫས་འདི་བཞེས་ལ། །དམ་ཉམས་དགྲ་བོའི་སྙིང་ཁྲག་འཇིབས། །དུས་ལ་བབ་བོ་ཙཎྜི་མ། །ཧེ་རུ་ཀ་ཡི་སྤྱན་སྔ་རུ། ཁས་བླངས་བཞིན་དུ་ཕྲིན་ལས་མཛོད། །ཧཱུྃ། ཡེ་ཤེས་མགོན་པོ་ཡབ་ཡུམ་གྱི། །སྐུ་ཡི་ལས་མཁན་དྲག་རྩལ་ཅན། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། །ལས་ཀྱི་མགོན་པོ་མཐུ་བོ་ཆེ། །མཐིང་ནག་རབ་འཇིགས་བྱ་རོག་གདོང་། །ཞལ་གཅིག་ཕྱག་གཉིས་བྱ་རོག་ཞོན། །སྤྱན་གསུམ་སྡང་མིག་དམར་ཟླུམ་གཡོ། །དབུ་སྐྲ་དམར་ནག་གྱེན་དུ་བརྫེས། །ཞལ་གདངས་མཆུ་ནི་ཁྲག་གིས་བྱུགས། །དགྲ་བོའི་སྙིང་ཁྲག་དྲོན་མོ་འཐུང་། །རྣོ་གདུག་མཆེ་བ་ཟླ་ཚེས་གཙིགས། །དགྲ་བོའི་སྲོག་རྩ་དམར་པོ་ཟ། །མི་མགོའི་ཕྲེང་བས་སྐུ་ལ་བརྒྱན། །ཞིང་ཆེན་ལྤགས་པ་སྟོད་དུ་གྱོན། །སྟག་ལྤགས་གྲོལ་བའི་ཤམ་ཐབས་ལ། །གདུག་པ་སྦྲུལ་གྱི་སྐ་རགས་བཅིངས། །སྐུ་ལུས་སྦོམ་ཐུང་གསུས་པོ་ཆེ། །མ་རུངས་ཀུན་འདུལ་མཐུ་རྩལ་ཅན། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །སྔོན་གྱི་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་བསྲུང་འཚལ་གྱིས། །ཤ་ཁྲག་དམར་གྱིས་བརྒྱན་པ་ཡི། །དམ་རྫས་མདོས་གླུད་འདི་གསོལ་ལ། །མགྱོགས་བྱེད་བྱ་རོག་ཆིབས་སྐྱོད་ཅིག །དགྲ་ལ་རྦད་ཀྱིས་མཐུ་རྩལ་སྐྱེད། །ཕྱག་གཡས་གྲི་གུག་དགྲ་སྲོག་ཆོད། །གཡོན་པས་ཐོད་པར་སྙིང་ཁྲག་ཐུངས། །སྡེར་མོ་ལྕགས་ཀྱུས་གློ་སྙིང་ཕྱུངས། །སྤྲུལ་པ་བྱ་རོག་མང་པོའི་ཚོགས། །གཤོག་སྐོར་དགྲ་བོ་ཤ་ལ་ཆུམས། །མཆུ་སྡེར་དགྲ་བོའི་སྙིང་རྩ་ཆོད། །ཕོ་ཉ་དམག་ཚོགས་དགྲ་ལ་ཁྱེས། །ཤ་ཟ་སྲིན་པོ་མཐུ་རྩལ་ཅན། །དགྲ་བོའི་ཤ་ཁྲག་ཁོང་ནས་འཇིབས། །ནག་པོ་འཁོར་བཅས་དགྲ་ལ་ཡ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། དཔལ་ལྡན་མགོན་པོ་ནག་པོ་ཡི། །གསུང་གི་ལས་མཁན་མཐུ་རྩལ་ཅན། །ལས་བྱེད་མ་མོ་མཐུ་མོ་ཆེ། ཁས་བླངས་བཞིན་དུ་དམ་ལ་འདུས། །རཀྟ་ཁྲག་གི་རྦ་ཀློང་ནས། །འབར་མ་ནག་མོ་སྐུ་སྐྱོད་ཅིག །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །རལ་པ་ཁམ་ནག་མུན་ལྟར་གཏིབས། །སྤྱན་གསུམ་དམར་པོ་ཁྲག་ཏུ་འཁྱིལ། །ཕྱག་གཡས་རྩེ་གསུམ་དགྲ་ལ་རྡེག །ཕྱག་གཡོན་ཐུན་ཁྲག་ཆར་ལྟར་འབེབ། །ཆིབས་སུ་མགྱོགས་བྱེད་བྱ་རོག་བཅིབས། །འཁོར་དུ་ཤ་ཟ་མཁའ་འགྲོས་བསྐོར། །བདུད་དང་སྲིན་པོ་ལས་ལ་འགྱེད། །རྟག་ཏུ་གསོད་དང་གཅོད་ལ་བརྩོན། ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས། །དམར་གྱི་གཏོར་མ་འདི་གསོལ་ལ། །དགྲ་བོའི་བླ་ཚེ་ཁུག་ལ་ཤོག །ཐུན་ཁྲག་ཕོབ་ལ་ནད་ཡམས་ཐོངས། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ལས་བྱེད་མི་བསྲུན་སེང་གེའི་གདོང་། ཁས་བླངས་བཞིན་དུ་དམ་ལ་འདུས། །བསད་ཁྲག་འཁྱིལ་བའི་རྦ་ཀློང་ནས། །ནག་པོ་ཁྲག་རལ་སྐུ་སྐྱོད་ཅིག །བདུད་རྟ་ནག་པོ་ཆིབས་སུ་བཅིབས། །སྐུ་མདོག་ནག་པོ་འཇིགས་སུ་རུང་། །དར་ནག་བེར་ཆེན་སྐུ་ལ་གསོལ། །ཕྱག་གཡས་དར་ནག་རུ་མཚོན་ཕྱར། །ཕྱག་གཡོན་ཐོད་པར་དམར་གཏོར་ཁྱེར། །དམ་ཅན་ཕོ་མོ་སྤྲིན་ལྟར་སྤུངས། །གཡུ་རལ་གསེབ་ནས་སེང་ཆུང་སྤྲོ། །རབ་འཇིགས་སྤྲུལ་པ་སྣ་ཚོགས་འགྱེད། །གུང་གཉིས་རྒྱུག་ཅིང་མེ་རླུང་འཚུབས། །བམ་རོ་ཕོ་མོ་སྤྱི་ཚུགས་འགྲོ །རྐང་པས་གཏོར་ཁྱེར་དགྲ་ལ་འཕེན། །མི་བསྲུན་དྲག་པོས་དགྲ་བགེགས་འདུལ། །སེང་གེའི་གདོང་ཅན་ལས་ལ་ཡ། །དགྲ་བོའི་ཤ་ཁྲག་གཏོར་མ་ལོངས། །ཉིན་ཕྱེད་དབུགས་ཀྱི་རྒྱུ་བ་ཆོད། །རླུང་དམར་ནད་ཀྱིས་འཐོར་དུ་ཆུགས། །སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ཐུགས་ཀྱི་ལས་མཁན་མཐུ་བོ་ཆེ། །མགོ་དགུ་བྱ་རོག་གདོང་པ་ཅན། །འཇིགས་བྱེད་ནག་པོ་མ་རུངས་པ། །སྐུ་མདོག་དུད་ཁ་འབར་བ་ལ། །རོ་སྟོད་སྲིན་པོ་རོ་སྨད་སྦྲུལ། །མགོ་ལུས་མེད་པར་མིག་གིས་གང་། །སྡེ་བརྒྱད་ཀུན་གྱི་དམག་དཔོན་མཛད། །ཕྱག་གཡས་ཆུ་སྲིན་ཞགས་པ་ཐོགས། །ཕྱག་གཡོན་རྭ་ཡི་མདའ་གཞུ་འཛིན། །ལས་སུ་གདུག་པའི་དགྲ་བགེགས་འཇོམས། །ས་ཆུ་མེ་རླུང་དཀྲུགས་པ་ཡིས། །དམ་ཉམས་དགྲ་བོ་དམྱལ་ཐག་ཆོད། །ཤ་ཁྲག་ཏིལ་དང་འོ་མ་དང་། །ཀླུ་སྨན་མཆོད་པ་འདི་བཞེས་ལ། །བསྟན་པ་བཤིག་པའི་དགྲ་བོ་འདི། །ལུས་སྲོག་དུམ་བུར་གཏུབ་ལ་ཤོག །དུས་ལ་བབ་བོ་རཱ་ཧུ་ལ། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ཤར་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ། །ཚངས་པ་དུང་གི་ཐོར་ཚུགས་ཅན། །ཤར་ཕྱོགས་གནམ་ས་ཕྱེད་ཀྱི་བདག །དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་དར་མདུང་དགྲ་ལ་འདེབས། །གཡོན་པས་མཚོན་ཆའི་འཁོར་ལོ་བསྐོར། །ཆིབས་སུ་རྟ་དཀར་ཟེ་དམར་བཅིབས། །སྐུ་ལ་དར་དཀར་འཇོལ་བེར་གསོལ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཤོས་བུ་གསེར་སྐྱེམས་འདི་བཞེས་ལ། །བསྟན་པ་བཤིག་པའི་དགྲ་བོ་འདི། །སྨྱོ་འབོག་ནད་ཀྱིས་སོད་ལ་ཤོག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ལྷོ་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ། །གཤིན་རྗེ་དམར་པོ་འགོང་པོའི་རྗེ། །ལྷོ་ཕྱོགས་གནམ་ས་ཕྱེད་ཀྱི་བདག །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་སྤུ་གྲིས་དགྲ་སྲོག་གཅོད། །གཡོན་པ་བཙན་ཞགས་དགྲ་ལ་འཕེན། །ཆིབས་སུ་ར་དམར་རླུང་ཤུགས་བཅིབས། །རྒྱབ་ཏུ་བསེ་ཡི་ཕུབ་ཆེན་ཁུར། །སྟེང་ན་བསེ་ཡི་བྱ་ཁྲ་ལྡིང་། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྙིང་སྣའི་གཏོར་མ་འདི་བཞེས་ལ། །བསྟན་པ་བཤིག་པའི་དགྲ་བོ་འདི། །ཤན་པའི་སྤུ་གྲིས་གཏུབ་ལ་ཤོག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ནུབ་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ། །བཙན་གྱི་རྒྱལ་པོ་རྫུ་འཕྲུལ་ཅན། །ནུབ་ཕྱོགས་གནམ་ས་ཕྱེད་ཀྱི་བདག །སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་དགྲ་ལ་གསོར། །གཡོན་པ་དགྲ་སྙིང་དམར་པོ་འཛིན། །སྐུ་ལ་ཟ་འོག་བེར་ཆེན་གསོལ། །ཆིབས་སུ་སེང་གེ་མགོ་སྔོན་བཅིབས། །སྤྲུལ་པ་ལྕགས་སྤྱང་སྔོན་པོ་འགྱེད། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཤོས་བུ་ཤ་ཁྲག་འདི་གསོལ་ལ། །བསྟན་པ་བཤིག་པའི་དགྲ་བོ་འདི། །གཟེར་ཐབས་ནད་ཀྱིས་སོད་ལ་ཤོག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །བྱང་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ། །གནོད་སྦྱིན་ལྕགས་ཀྱི་བེར་ཀ་ཅན། །བྱང་ཕྱོགས་གནམ་ས་ཕྱེད་ཀྱི་བདག །ནག་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་ལྕགས་ཀྱི་བེར་ཀ་རྡེག །གཡོན་པ་དགྲ་སྙིང་དམར་པོ་ཟ། །སྐུ་ལ་དར་ནག་སློག་པ་གྱོན། །ཆིབས་སུ་བདུད་རྟ་ནག་པོ་བཅིབས། །བདུད་ཀྱི་ཁྲམ་ཐོགས་ལས་ལ་འགྱེད། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱ་དམར་ཤ་ཁྲག་འདི་གསོལ་ལ། །བསྟན་པ་བཤིག་པའི་དགྲ་བོ་འདི། །ཚེ་སྲོག་དུས་མཐའ་སྡུས་ལ་ཤོག །བྷྱོཿ གཞན་ཡང་མགོན་པོའི་འཁོར་ཚོགས་ནི། །ནག་པོའི་དམག་ཚོགས་ཉེ་རེ་རེ། །མགོན་པོའི་ཟོར་འཕེན་ཤ་ར་ར། །ཤ་ཟ་ཁྲག་འཐུང་ཕུངས་སེ་ཕུང་། །གནོད་སྦྱིན་སྲོག་གཅོད་ཤ་ར་ར། །བདུད་པོ་ཁྲམ་ཐོགས་ཡེ་རེ་རེ། །དྲག་པོའི་ཕོ་ཉ་ཟིངས་སེ་ཟིང་། །རྒྱ་མོ་མོན་མོ་ལྡེམས་སེ་ལྡེམ། །བྱ་རོག་མང་པོ་ཐིབས་སེ་ཐིབ། །ཅེ་སྤྱང་ངུ་འབོད་དི་རི་རི། །མཐུན་པའི་དམ་རྫས་འདི་བཞེས་ལ། །བསྟན་དགྲ་ཕུང་གསུམ་གཡབ་ཀྱིས་ཐོབས། །བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །ཅེས་བརྗོད་ཅིང་དྲག་པོར་བསྐུལ་ལོ། །གཉིས་པ་གསེར་སྐྱེམས་གཟུ་དཔང་ནི། ཧཱུྃ། རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །ཡི་དམ་མཁའ་འགྲོ་དམ་ཅན་དང་། ཁྱད་པར་རྡོ་རྗེ་ནག་པོ་ཆེ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །འབྲུ་བཅུད་དཔའ་བོ་མྱོས་བྱེད་ཆང་། །ཉོན་མོངས་གདུང་བ་སེལ་བའི་སྨན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དོ་ནུབ་གཟུ་དང་དཔང་མཛོད་ཅིག །དམ་ལས་འདས་པའི་སྡིག་ཅན་འདིས། །སངས་རྒྱས་བསྟན་པ་གཉན་པོ་བཤིགས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །གསང་སྔགས་རྣལ་འབྱོར་ཡོངས་ལ་བརྙས། །སེམས་ཅན་རྣམས་ཀྱི་བདེ་སྐྱིད་ཕྲོགས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །དགེ་བའི་བར་གཅོད་བརྒྱུད་མར་བྱས། །སྲུང་མ་རྣམས་ལ་ཕོད་བཙུགས་ཤིང་། །བདག་ལ་བསྡོས་པའི་དགྲ་བོ་འདི། །བསམ་པ་ངན་ལ་སྦྱོར་བ་རྩུབ། །བརྩེ་བར་འོས་པའི་ཉམ་ཆུང་མིན། །ཉེས་ཅན་འདི་ཡི་སྟངས་ཆོད་ཅིག །རིག་འཛིན་བདག་ཅག་ཡོན་མཆོད་ལ། །མགོན་སྐྱབས་སྲུང་མ་ཁྱོད་ལས་མེད། །དེ་ཕྱིར་དཔལ་ལྡན་ནག་པོ་ཆེ། །མཐུ་སྟོབས་ཟད་པ་མི་མངའ་བས། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྐུལ་དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་པས་དྲག་པོའི་ལས་ལ་མངོན་དུ་ཕྱོགས་པར་བསམ་མོ། །གསུམ་པ་འགུགས་གཞུག་ལྷ་དང་དབྱེ་བ་ནི་བྲུབ་ཁུང་དང་དམིགས་བྱ་གཞན་ལྟར་བསྐྱེད་ནས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ཏེ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའྎ ཆོས་ཀྱི་བཀའྎ དགེ་འདུན་གྱི་བཀའྎ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའྎ ཁྱད་པར་ལེགས་ལྡན་རྡོ་རྗེ་སྲིན་པོ་ཕྱག་བཞི་པ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའྎ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོང་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་ཁུག་ཅིག །རྩ་སྔགས་ཀྱི་མཐར། སརྦ་བིགྷྣཱན་ཤ་ཏྲཱུཾ་ཨཱ་ཀརྵ་ཡ་ཛཿ ནྲྀཿཡཾ་ཛཿ ཏྲི་ཡཾ་ཛཿ ཨོཾ་བཛྲ་ཨཾ་གུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཱཎྜེ་ཧོཿ པྲ་ཝེ་ཤ་ཡ་ཕཊཿ ཨཱ་ཝེ་ཤ་ཡ་ཨཱཿ ཞེས་རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ་ལན་གསུམ་འགུགས་གཞུག་བྱའོ། །བཞི་པ་བསྒྲལ་ཞིང་གཟིར་བ་ནི། ཧཱུྃ་ཛཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཞིང་བཅུའི་རུ་ཏྲ་དར་དུས་སུ། །གདུག་པ་འདུལ་བར་ཁས་བླངས་པའི། །ཕོ་ཉ་རྣམས་ཀྱི་དུས་ལ་བབ། །བསྟན་པ་འཇིག་པའི་དགྲ་བོ་འདི། །མྱུར་དུ་ཁུག་ལ་ལས་མཛོད་ཅིག །རྡོ་རྗེ་ལྕགས་ཀྱུའི་ཚོགས་སྤྲོས་པས། ཁུག་ཅིག་བཛྲ་ཨཾ་ཀུ་ཤ །རྡོ་རྗེ་ཞགས་པའི་ཚོགས་སྤྲོས་པས། །ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། རྡོ་རྗེ་ལྕགས་སྒྲོག་ཚོགས་སྤྲོས་པས། །སྡོམས་ཤིག་བཛྲ་སྥོ་ཊ་བཾ། །རྡོ་རྗེ་དྲིལ་བུའི་ཚོགས་སྤྲོས་པས། །ཕོབ་ཅིག་བཛྲ་གྷཱཎྜེ་ཧོཿ རྡོ་རྗེ་ཕོ་ཉའི་ཚོགས་རྣམས་ཀྱིས། །ཕྱེས་ཤིག་བཛྲ་པྲ་ཝེ་ཤ །རྣོ་ངར་ཐུན་གྱི་ཚོགས་རྣམས་ཀྱིས། །གཟིར་ཅིག་བཛྲ་མཱ་ར་ཡ། །རྡོ་རྗེ་ཕུར་བུའི་ཚོགས་རྣམས་ཀྱིས། །ཐོབས་ཤིག་བཛྲ་ཀཱི་ལ་ཡ། །རྡོ་རྗེ་རལ་གྲིའི་ཚོགས་རྣམས་ཀྱིས། །གཏུབས་ཤིག་བཛྲ་ཁཏྒ་ཧོཿ རྡོ་རྗེ་ཐོ་བའི་ཚོགས་རྣམས་ཀྱིས། །རྡུངས་ཤིག་བཛྲ་མུངྒ་ར། །ཞེས་རོལ་མོའི་སྒྲ་དང་བཅས་པས་དྲག་སྔགས་རྣམས་བཟླ་ཞིང་ལིངྒ་དུམ་བུར་གཏུབ། ལིང་རོ་རྣམས་བདུད་རྩིར་སྦར་བ་མདོས་གཏོར་རྣམས་སུ་བསྟབས་ལ། ཧཱུྃ། དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །སྲིད་གསུམ་ཞིང་ཀུན་གང་བའི་ལོངས་སྤྱོད་འདི། །སྐུ་གསུམ་རོལ་པ་ཁྲག་འཐུང་ཞལ་དུ་བསྟབ། ཁམས་གསུམ་ཡོངས་གྲོལ་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ཧོཿ ཞེས་ཕུལ་ལོ། །ལྔ་པ་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ལྷ་ཆེན་དཔལ་འབར་མཐུ་མ་ཆུང་། །མ་མོ་མཁའ་འགྲོ་བང་མ་བུལ། །ཕོ་ཉ་ལས་མཁན་རྩལ་མ་ཞན། །དཔལ་འབར་མ་ཧཱ་ཀཱ་ལ་ནི། ཁྲམ་ཁ་བསྒྱུར་བའི་མཐུ་བོ་ཆེ། །བདུད་ཁ་བསྒྱུར་བའི་ང་རོ་ཅན། །དོ་ནུབ་ཟློག་པའི་ཕྲིན་ལས་མཛོད། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་ངན་པ་ཡི། །བྱད་ཕུར་རྦོད་གཏོང་ཟུག་པ་ཟློག །མཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །འབྱུང་པོའི་ཐོད་ཟོར་འཕེན་པྎ གཤིན་རྗེའི་འཕྲུལ་འཁོར་བསྐོར་བྎ མ་མོའི་ཁྲག་ཟོར་འཕེན་པྎ ཀླུ་ཡི་བྱད་དུ་བཅུག་པྎ རྒྱལ་པོའི་སྨྱོ་འབོག་བཏང་བྎ གཟའ་ཡི་ཀིང་ཀང་ཆོ་འཕྲུལྎ བཙན་གྱི་གཟེར་ཁ་བཏང་བྎ ཐེའུ་རང་སྲིས་ལ་བརྐུ་བྎ མུ་སྟེགས་བར་ཆད་བརྩམས་པྎ ཞང་ཞུང་ཛོ་དམར་འཕེན་པྎ སུམ་པའི་གླང་ཟོར་འཕེན་པྎ བནྡེའི་མདོ་སྒྲུབ་ཟུག་པྎ སྔགས་པའི་ཐུན་ཟོར་འཕེན་པྎ བོན་པོའི་རྔ་ཟོར་འཕེན་པྎ སྐྱེས་པའི་མདའ་ཟོར་འཕེན་པྎ བུད་མེད་དམོད་ཟོར་འཕེན་པྎ རླུང་གི་གཤེད་བཞི་ལངས་པྎ མོ་རྩིས་རྨི་ལྟས་ངན་པྎ ལོ་ཟླ་ཞག་སྐེག་སྲི་ལངསྎ ལྟས་ངན་བརྒྱད་ཅུ་རྩ་བཞིྎ ཡེ་འདྲོག་སུམ་བརྒྱ་དྲུག་ཅུྎ ནད་རིགས་བཞི་བརྒྱ་རྩ་བཞིྎ གློ་བུར་བདུན་བརྒྱ་ཉི་ཤུྎ དུུས་མིན་འཆི་རྐྱེན་ངན་པྎ མི་མཐུན་འགལ་རྐྱེན་ཐམས་ཅད་ཟློག །མཐུ་སྟོབས་དབང་ཕྱུག་ལྷ་ཡི་ལྷ། ཁྱོད་ཀྱིས་མི་བཟློག་གང་ཡང་མེད། །དེ་ཕྱིར་མཐུ་དང་དཔུང་སྐྱེད་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །སྔོན་ལས་འཕྲལ་རྐྱེན་གྱུར་པ་ཡི། །མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན། །ཟློག་སྒྱུར་ཕྲིན་ལས་གཉན་པོ་མཛོད། །ཅེས་ཟློག་སྔགས་ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ་ཡ་དི་པྲ་ཏཱིཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙཔ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ། ཅེས་པའི་མཐར། དགྲ་བགེགས་བྱད་མ་ཐམས་ཅད་མཱ་ར་ཡ་རྦད་བྷྱོ་ཟློག །བཟླ་ཞིང་ཐལ་མོ་རྡེབ། དྲུག་པ་ཟོར་ཁ་དབྱེ་བ་ནི། དེ་ནས་མདོས་ཀྱི་མཐའི་མཆོད་པ་ཐམས་ཅད་ཁ་གསོ། བྱིན་གྱིས་བརླབས་ཏེ་འབུལ། བསྟོད་པ་བསྡུས་ཙམ་བྱས་ལ། མ་རྙེད་ཡོངས་སུ་མ་ཚང་དང་ཞེས་པ་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། མདོས་གཏོར་གྱི་ཡེ་ཤེས་པ་རྣམས་བྲིས་སྐུ་ལ་སོགས་པའི་རྟེན་རྣམས་ལ་གཤེགས་སུ་གསོལ། དམ་ཚིག་པ་ལས་མཁན་ཕོ་ཉའི་དམག་ཚོགས་དང་བཅས་པ་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་ཤིང་ཕྱོགས་པར་བསམ་ལ། ཤ་ཁྲག་གི་གཏོར་མ་ཁྲག་སྐྱེམས་དང་བཅས་པ་བཤམ་པར་དགྲ་བགེགས་འགུགས་འདྲེན་བྱས་ལ་ཞལ་དུ་བསྟབ་པའི་དམིགས་པ་དྲག་པོ་དང་བཅས་གཏོར་སྔགས་མང་པོས་ཕུལ་ལ། ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ཆེ། །དྲེགས་པའི་དམག་ཚོགས་རྒྱ་མཚོར་བཅས། །དགྲ་བོའི་ཤ་ཁྲག་མཆོད་གཏོར་རྣམས། །རྔམས་པའི་སྟབས་ཀྱིས་བཞེས་ནས་ཀྱང་། །གསད་བསྐྲད་དབྱེ་དང་རྨོངས་རེངས་སོགས། །དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་པཱུ་ཛ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་དམར་གཏོར་ཁྲག་ཆང་རྣམས་མདོས་ཟོར་དུ་བསྟབས་ལ་གཤེགས་སྐྱེམས་འབུལ། མདོས་ལམ་འཐེན་ནས་གསེར་སྐྱེམས་གཏོར་ཞིང་། ཧཱུྃ། ང་ནི་སངས་རྒྱས་ཀུན་གྱི་དངོས། ཁྲག་འཐུང་ཁྲོས་པ་ནག་པོ་ཆེ། །དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །དེ་རིང་དྲག་པོའི་ཟོར་འཕེན་གྱིས། །བསྟན་པ་ཡོངས་ཀྱི་སྲུང་མ་དང་། །སེམས་ཅན་ཕན་བྱེད་དགེ་ལ་སྤྲོ། །དཀར་པོའི་ཕྱོགས་ལ་དགའ་བ་ཡི། །འབྱུང་པོ་མཐུ་ཆེན་སྡེ་དང་བཅས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དགྲ་བོའི་ཡུལ་དུ་སྐུ་སྐྱོད་ཅིག །དེ་རིང་དྲག་པོ་སྔགས་ཀྱི་ཟོར། །སྡེ་བརྒྱད་རྣམས་ལ་མི་འཕེན་ནོ། །རུ་ང་ཕྲག་དོག་མ་མཛད་ཅིག །ལམ་ལ་གནས་པ་གཞན་དུ་གཤེགས། །གནས་གཞན་བསྐྱོད་པར་མི་ནུས་ན། །མཐོ་བ་རྣམས་ནི་ཞབས་སྐུམས་ཤིག །དམའ་བ་རྣམས་ནི་དབུ་ཆུམས་ཤིག །བར་མ་རྣམས་ནི་སྐུ་ཟུར་ཅིག །བག་མེད་རྣམས་ནི་བག་མཛོད་ལ། །ཟོར་ལམ་དགྲ་བགེགས་སྟེང་དུ་ཕྱེས། །ཧཱུྃ་བྷྱོཿ བདུད་འདུལ་མཐུ་ཆེན་ཧེ་རུ་ཀ །མགོན་པོ་འཁོར་བཅས་དགྲ་ལ་བྷྱོཿ ཡུམ་ཆེན་ཙཎྜི་དགྲ་ལ་བྷྱོཿ བྱ་རོག་གདོང་ཅན་དགྲ་ལ་བྷྱོཿ འབར་མ་ནག་མོ་དགྲ་ལ་བྷྱོཿ སེང་གེའི་གདོང་ཅན་དགྲ་ལ་བྷྱོཿ གཟའ་བདུད་ནག་པོ་དགྲ་ལ་བྷྱོཿ ཚངས་པའི་གིང་ཆེན་དགྲ་ལ་བྷྱོཿ གཤིན་རྗེ་དམར་པོ་དགྲ་ལ་བྷྱོཿ བཙན་རྒོད་ཆེན་པོ་དགྲ་ལ་བྷྱོཿ ནག་པོ་གནོད་སྦྱིན་དགྲ་ལ་བྷྱོཿ ལྷ་དམག་བྱེ་བ་དགྲ་ལ་བྷྱོཿ འཁོར་ཚོགས་རྒྱ་མཚོ་དགྲ་ལ་བྷྱོཿ ལྷ་སྲིན་སྡེ་བརྒྱད་དགྲ་ལ་བྷྱོཿ བྷྱོཿ དཔལ་ལྡན་མགོན་པོ་ནག་པོ་ཡི། །དམག་གི་ཁྲོམ་ཆེན་བསྐྱོད་པའི་ཚེ། །མི་ནག་རྟ་ནག་འདུ་རུ་རུ། །དར་ནག་བ་དན་ཕྱ་ར་ར། །རལ་གྲི་མདའ་མདུང་ཟིངས་སེ་ཟིང་། །ཞུབ་ཆེན་དཔུང་ཚོགས་སི་ལི་ལི། །ནམ་རྒྱང་མཚོན་རྩེ་ཟངས་སེ་ཟང་། །མདའ་ཁྲ་སྐར་ལྟར་བྲེངས་སེ་བྲེང་། །འཕང་ཁྲ་རྩང་ལྟར་ཤ་ར་ར། །མདོས་དང་ཡས་དཀོར་ཐམས་ཅད་ཀྱང་། །མི་བཟད་དྲག་པོའི་ཟོར་དུ་སྒྱུར། །དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ། །ཅེས་རོལ་མོའི་སྒྲ་དྲག་པོ་དང་བཅས་བསྐུལ་ལོ། །བདུན་པ་ཟོར་འཕང་བ་ནི། མདོས་ཟོར་རྣམས་ལ་དར་ཕྱར་ཞིང་རོལ་མོ་དང་བཅས་པས་ཕྱིར་ཁྱེར་ལ། གསེར་སྐྱེམས་ཕྱོགས་བཅུར་འཐོར་ཞིང་མ་ཉེས་པའི་ཤག་གདབ་པ་སྔོན་དུ་འགྲོ་བས། ཧཱུྃ་བྷྱོཿ དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །དམག་དཔུང་དགྲ་དང་བགེགས་ལ་འགྱེད། །བྷྱོ་བྷྱོ་དེ་ནི་དགྲ་ལ་བྷྱོཿ ཆོས་ཆོས་དེ་ནི་དམག་ལ་ཆོས། །ཕྱོགས་སྐྱོང་བཅུ་ཡིས་དམག་སྣ་དྲོངས། །དྲེགས་པའི་དཔུང་གིས་དགྲ་བགེགས་ཆོམས། །འདུ་བ་རྣམ་བཞིའི་ནད་ཕོབ་ཅིག །རྣོ་མྱུར་མཚོན་ཆའི་ཆར་ཕོབ་ཅིག །ལྟས་ངན་ཆོ་འཕྲུལ་ཐམས་ཅད་ཐོངས། །མཛའ་བཤེས་ཉེ་བ་ཀུན་དང་ཕྲོལ། །ལུས་ཕུང་མཚོན་ཆས་དུམ་བུར་གཏུབས། །ཤ་ཁྲག་ནང་ཁྲོལ་ཐང་ལ་འཕོས། །སྡེ་བརྒྱད་ཕོ་ཉའི་རྔམས་ཟས་གྱིས། །ཕོ་རྒྱུད་རྣམས་ནི་ཤ་ལ་ཟོ། །མོ་རྒྱུད་རྣམས་ནི་ཁྲག་ལ་ཐུངས། །གཟུགས་ཕུང་ཤིགས་ལ་རྣམ་ཤེས་སྤོར། །བདེ་ཆེན་དབྱིངས་སུ་སྒྲོལ་བར་མཛོད། །ཅེས་ཟོར་བསྐུལ་ནས། ཧཱུྃ་བྷྱོཿ དཔལ་ལྡན་མགོན་པོ་ནག་པོ་ཡི། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །སྣ་ཚོགས་དྲག་པོ་ཟོར་གྱི་རྫས། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡཱ། །ཞེས་གཤིན་རྗེ་འཇོམས་བྱེད་ཀྱི་ཟོར་འཕང་བའི་ཚིག་རྐང་དང་པོ་བསྒྱུར་ཏེ་རིམ་པ་བཞིན་འཕངས་པས་དགྲ་བོའི་རྣམ་ཤེས་མར་མེ་བསད་པ་ལྟར་སོང་། གནས་ལུས་ལོངས་སྤྱོད་ཐམས་ཅད་ཐལ་བར་བརླགས་པར་བསམ་མོ། །དེ་ནས་ཟོར་རྗེས་གཅོད་པའི་སྲུང་འཁོར་བསྒོམ་ཞིང་། སློབ་དཔོན་གྱིས་རྟིང་མནན་ཏེ་ནང་དུ་ལོག་གོ །བརྒྱད་པ་མངའ་གསོལ་བ་ནི་གཏེར་གཞུང་གི་མགོན་པོ་ནས་འབྱུང་བ་བཞིན་བྱ་བ་ཡིན་ནོ། །དགུ་པ་རྗེས་ཆོག་ནི། གཏོར་སྐྱོང་ནས་གཟུང་སྨོན་ལམ་བཀྲ་ཤིས་ཀྱི་བར་ཕྲིན་ལས་དངོས་གྲུབ་རོལ་མཚོ་ལས་འབྱུང་བ་བཞིན་རྒྱས་པར་བྱའོ། །ཐབས་ལས་དུག་ཀྱང་བདུད་རྩིར་འགྱུར། །མཀྵིའི་སྦྱོར་བས་ལྕགས་ཀྱང་གསེར། །མ་སྨད་ཆོ་གའི་སྒྱུ་ཐབས་འདིས། །འདོད་པ་སྒྲུབ་པ་ངོ་མཚར་རྨད། །དཔལ་ལྡན་རྒྱུད་སྡེ་རྒྱ་མཚོ་སྲུང་བའི་གཙོ། །བསྟན་སྲུང་རྒྱ་མཚོའི་འཁོར་ལོ་སྒྱུར་དེ་ཡི། །ཕྲིན་ལས་རྒྱ་མཚོ་སྒྲུབ་བྱེད་འདིར་བཀོད་པའི། །དགེ་ཚོགས་རྒྱ་མཚོས་འགྲོ་འདི་འབྱོར་གྱུར་ཅིག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་མདོས་ཆོག་ཁམས་གསུམ་ཟིལ་གནོན་ཞེས་བྱ་བ་འདི་ནི་རང་གཞན་མང་པོ་ལ་ཕན་པ་ཆེན་པོ་འབྱུང་བར་ཤེས་ནས་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ངེས་པར་བརྗོད་པའི་ཡི་གེ་པ་ནི་བྱང་ཆུབ་དབང་རྒྱལ་ལོ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).