Terdzo-HI-002: Difference between revisions

From Rinchen Terdzö
(Created page with "{{UnderConstruction}} {{RTZ Metadata |classification=Tibetan Publications |subclass = Tibetan Texts |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition |...")
 
m (Text replace - "= Tsagli = TSAGLI image gallery goes here <headertabs/> == Footnotes == <references/> </onlyinclude> " to "</onlyinclude> = Tsagli = TSAGLI image gallery goes here <headertabs/> == Footnotes == <references/> ")
Line 23: Line 23:
</div>
</div>


</onlyinclude>
= Tsagli =
= Tsagli =
TSAGLI image gallery goes here
TSAGLI image gallery goes here
Line 28: Line 29:
== Footnotes ==
== Footnotes ==
<references/>
<references/>
</onlyinclude>
==Other Information==
==Other Information==
{{Footer}}
{{Footer}}

Revision as of 13:39, 29 June 2015

This page is under construction. Check back later for updated content.

རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཉིང་ཁུ་རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་ཁྲིད་ཡིག་འདུས་ཤིང་གསལ་བ་ཡེ་ཤེས་རང་ཤར་

rgyud lung man ngag thams cad kyi nying khu rdzogs pa chen po yang ti sangs rgyas mnyam sbyor gyi khrid yig 'dus shing gsal ba ye shes rang shar

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
in cycle  རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་ (Rdzogs pa chen po yang ti sangs rgyas mnyam sbyor)
Volume 59 (ཧི) / Pages 51-136 / Folios 1a1 to 43b4


[edit]

༄༅། །རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཉིང་ཁུ་རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་ཁྲིད་ཡིག་འདུས་ཤིང་གསལ་བ་ཡེ་ཤེས་རང་ཤར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ས་མནྟ་བྷ་དྲ་དི་བུདྡྷཱ་ཡ། གཅིག་ཤེས་ཀུན་གྲོལ་གཞི་ཐོག་ཡེ་སངས་རྒྱས། །ཐོག་མའི་མགོན་པོ་རང་བྱུང་འོད་མི་འགྱུར། །ཀུན་བཟང་པདྨ་འབྱུང་གནས་ཀློང་ཆེན་པོར། །མི་ཕྱེད་རང་རིག་ངང་དུ་ཕྱག་འཚལ་ལོ། །གྲུབ་པའི་ཤིང་རྟ་སྤང་སྟོན་ཆོས་ཀྱི་དབང་། །སྙིགས་འགྲོའི་མགོན་དུ་ཀུན་མཁྱེན་བཤེས་གཉེན་ཚུལ། །འོད་གསལ་སྤྲུལ་པའི་རྡོ་རྗེའི་ཡེ་ཤེས་བྱིན། །སྒོ་གསུམ་རྒྱུད་ལ་ཅིག་ཆར་དབབ་པར་མཛོད། །ཀླུ་བདུད་དབུ་ལས་བྱོན་པའི་ཡང་གཏེར་གྱི། །ཐེམ་མེད་དྭངས་མའི་རྩ་བ་ཁྲིད་ཆེན་བརྒྱད། །དཀྱུས་གཅིག་བསྟན་པས་སེམས་ཅན་སངས་རྒྱས་སུ། །མཉམ་པར་སྦྱོར་བའི་གྲོལ་ལམ་བཤད་པར་བྱ། །དེའང་འཕགས་བོད་གཉིས་ན་ཟབ་པའི་ཐུགས་གཏེར་ཆེན་པོ་ལྔ་ལས་ཡང་གཏེར་གྱིས་ཁྱད་པར་དུ་འཕགས་པ་གནམ་སྐས་ཅན་གྱི་ཐུགས་གཏེར་ལས་ཡང་ཏི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་ཞེས་བྱ་བ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བཀའ་ཐམས་ཅད་ཀྱི་ཡང་འགྲེལ། དོན་ཐམས་ཅད་ཀྱི་མཇུག་སྡུད། ཆོས་ཐམས་ཅད་ཀྱི་མེ་ལོང་། མན་ངག་ཐམས་ཅད་ཀྱི་ཉིང་ཁུ་འདི་སྟོན་པ་ལ། མཚན་ཉིད་དང་ལྡན་ཅིང་ཁྱད་པར་རིག་པ་རྩལ་གྱི་དབང་ཐོབ་པའི་སློབ་དཔོན་དང་། དམ་ཚིག་ཐུབ་ཅིང་ཉམས་ལེན་ནུས་པའི་སློབ་བུའི་རྟེན་འབྲེལ་འཛོམ་པ་ན། སྔོན་གྱི་ཕྱག་བཞེས་སྤང་སྟོན་བརྒྱུད་པའི་བཀའ་སྲོལ་ལག་ཁྲིད་ཀྱི་ཐོ་ཡིག་ལྟར་ཟླ་གཅིག་གམ་ཞག་ཉེར་ལྔའི་ཁོངས་སུ་རྫོགས་པར་འཆད་པ་དང་། ད་ལྟའི་ཕྱག་བཞེས་གཞུང་ཡན་ལག་དང་བཅས་པའི་སྙིང་པོ་བསྡུས་པ་ཁྲིད་ཆེན་བརྒྱད་སྨིན་བྱེད་དང་བཅས་པ་ཞག་བདུན་གྱི་ཁོངས་སུ་རྫོགས་པར་མཛད་པའི་ཚུལ་གཉིས་ལས། ཕྱི་མ་ལྟར་འཆད་པ་ལ་གཉིས། ངེས་ཤེས་སྐྱེད་པ་ལོ་རྒྱུས་དང་། གདམས་ངག་དངོས་སོ།། དང་པོ་ནི། ཁྲིད་ཆེན་བརྒྱད་ཀྱི་ཐོག་མ་གཏོང་ཐུན་ཉི་ཟླ་འོད་འབར་གྱིས་གྲོལ་ལམ་དང་གྲོལ་རྐྱེན་དུ་བྱེད་པའི་ཚུལ་ནམ་མཁའ་ལ་ཉི་ཟླ་ཤར་བ་ལྟ་བུའི་གདམས་པ་སྟོན་པ་སྟེ། དེའང་གཏོང་ཐུན་གྱི་ངོ་བོ་ཀུན་རིག་བྱང་ཆུབ་ཀྱི་སེམས། ངེས་ཚིག་རྒྱུད་གཞུང་མན་ངག་ཐམས་ཅད་ཀྱི་ཁོག་དོན་དབུབ་པ། རྣམ་གྲངས་བྱུང་ཁུངས་བརྒྱུད་པ་དང་། ཐེག་པ་སྤྱི་གཅོད་དང་། རྒྱུད་ལུང་མདོ་གཅོད་དང་། མན་ངག་གནད་གཅོད་ཀྱི་གཏོང་ཐུན་རྣམས་སུ་ཡོད་པ་ལས། འདིར་ཀུན་འདུས་སྤྱི་ཆིངས་ཀྱི་གཏོང་ཐུན་སྟོན། དཔེ་འབྱུང་བཞིའི་ཁོག་ནམ་མཁའ་ལ་འདུས་ཤིང་། དེ་ལས་ཉི་ཟླའི་སྣང་བས་དངོས་པོ་སོ་སོར་འབྱེད་པ་དང་མཚུངས་པའོ། །དེ་ལྟ་བུའི་གཏོང་ཐུན་ལོ་རྒྱུས་དངོས་ལ་རྩ་བ་ལྔ་སྟེ། བསྟན་པའི་བབས་ཚུལ་ལོ་རྒྱུས་དོན། ཐམས་ཅད་སེམས་སུ་འདུས་ཚུལ་རྩ་བ་དོན། ཐེག་རིམ་གཅིག་ཏུ་བསྟན་པ་ཡང་དག་དོན། དོན་གཉིས་མཐའ་རུ་ཕྱིན་པ་དགོས་ཆེད་དོན་གྱི་བཤད་པ་བཞི་དང་། གཅིག་ཤེས་ཀུན་གྲོལ་གྱི་དོན་ཐོག་དཀྲི་བའི་ཚུལ་བཤད་པའོ། །དང་པོ་བསྟན་པ་རིན་པོ་ཆེ་ཇི་ལྟར་བབས་པའི་ཚུལ་ལོ་རྒྱུས་དོན་གྱི་བཤད་པས་འཇུག་པ་པོ་ཡིད་ཆེས་སྐྱེད་པ་ལ་བརྒྱུད་པ་དྲུག་ལྡན་གྱི་སྒོ་ནས་བཤད་དེ། གནས་ཆོས་ཀྱི་དབྱིངས་སུ་སྟོན་པ་ཐོག་མའི་མགོན་པོ་བསྟན་པ་མི་ནུབ་པའི་རྒྱལ་མཚན་སངས་རྒྱས་མཉམ་སྦྱོར་རང་བྱུང་རིག་པའི་འཁོར་ལ་དུས་བཞི་ཟང་ཐལ་གཅིག་ཤེས་ཀུན་གྲོལ་གྱི་རང་བཞིན་དུ་བསྟན་པ་ནི་ཆོས་སྐུ་བྱིན་རླབས་ཀྱི་བཤད་པ། རང་སྣང་འོད་གསལ་གྱི་ཞིང་དུ་སྟོན་པ་རྡོ་རྗེ་སེམས་དཔས་བསྟན་པ་བྱར་མེད་བློ་འདས་རིགས་བཞིའི་རྒྱལ་བ་སྲས་བཅས་ལ་རིག་པ་ཡུལ་ལ་ཤར་བའི་དུས་སུ་ཏིང་ངེ་འཛིན་གྱི་སྒོས་བསྟན་པ་ནི་ལོངས་སྐུ་རང་གི་ངོ་བོས་བཤད་པ། ལྷ་གནས་དང་པོ་བར་པ་ཐ་མ་གསུམ་དུ་རྡོ་རྗེ་འཆང་གི་སྤྲུལ་པ་གསུམ་བྱོན་ཏེ་བསྟན་པ་ཕར་ཕྱིན་གསང་རྒྱུད་ངོ་སྤྲོད་ཕྱི་ནང་གསང་བའི་སྤྲོས་གཅོད་དང་བཅས་པ། རིགས་གསུམ་སེམས་དཔའ་སོགས་སྤྲུལ་པའི་འཁོར་རྣམས་ལ་ཐུགས་རྗེ་འབྱུང་བའི་དུས་སུ་ཞུ་བ་དང་ལན་གྱི་ཚུལ་དུ་བསྟན་ཅིང་། ལྷ་གནས་ཕྱི་མར་ཆོས་འཁོར་མཐར་ཕྱིན་པའི་ཚེ། སྟོན་པ་ཉིད་ཀྱི་སྨིན་མཚམས་ལས་སངས་རྒྱས་ཀྱི་རིག་འཛིན་དུ་སྤྲུལ་པ་དགའ་རབ་རྡོ་རྗེ་ལ་སྐུ་གསུང་ཐུགས་ཀྱི་ཞལ་ཚབ་གསུམ་གཏད་དེ་ཆོས་ཉིད་ཀྱི་ཀློང་དུ་མྱ་ངན་ལས་འདས་ཤིང་། འདས་རྗེས་ཆོས་ཉིད་རང་བྱུང་གི་སྒྲ་ལྔ་དང་ལྷན་ཅིག་རང་བྱུང་རིག་པའི་ཏནྟྲ་སོགས་རྒྱུད་གསུམ་སྐུ་ཚབ་དང་བཅས་པ་དགའ་རབ་ལ་བབས་པ་ནི་སྤྲུལ་སྐུ་ཚིག་སྡེབ་སྦྱོར་ལེགས་པས་བཤད་པ་སྟེ། དེ་དག་ནི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་རྒྱལ་བ་དགོངས་པས་བརྒྱུད་དེ་བྱིན་རླབས་ཀྱི་བཀའ་བབས་མ་ཉམས་པར་བཤད་པའོ། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་དཔལ་རྡོ་རྗེ་སེམས་དཔའ་སྤྲུལ་པའི་གཟུགས་ཀྱིས་བསྟན་པའི་སྒྲ་བཞིའི་དོན་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཐུགས་སུ་ཆུད་དེ་བྱང་ཆུབ་ལྗོན་པའི་ཤིང་ལ་དཔེ་བླངས་ནས། ཨ་ཏི་ཡོ་ག་ལ་ཟུག་པ་རྩ་བའི་ཚུལ་དུ་ཕྱི་སེམས་སྡེ། གྱེས་པ་ཡལ་གའི་ཚུལ་དུ་ནང་ཀློང་སྡེ། འདྲིལ་བ་སྡོང་པོའི་ཚུལ་དུ་གསང་བ་མན་ངག་གི་སྡེ། གསལ་བ་མེ་ཏོག་གི་ཚུལ་དུ་ཡང་གསང་བླ་མེད། སྨིན་པ་འབྲས་བུའི་ཚུལ་དུ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་སྐོར་རྣམས་སུ་བསྡེབས་པར་མཛད་ཅིང་། ཕྱིས་རྒྱལ་བ་ཤཱཀ་ཐུབ་ཀྱི་བསྟན་པ་ལ་དགའ་རབ་ཉིད་ཨོ་རྒྱན་དྷརྨ་ཀོ་ཥའི་སྨན་ལྗོངས་སུ་སྤྲུལ་པའི་སྐུར་སྟོན་པ་ན། གསང་བའི་བདག་པོ་དངོས་སུ་བྱོན་ཏེ་རྒྱལ་ཐབས་རྡོ་རྗེ་སྤྱི་བླུགས་རིག་པ་རྩལ་གྱི་དབང་དང་ཨ་ཏི་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་རྒྱུད་ལུང་མན་ངག་རྫོགས་པར་གནང་བའི་ཚུལ་བསྟན། དེས་རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་དྲུང་དུ་མཁས་པ་ཤྲཱི་སིཾ་ཧ་དང་སློབ་དཔོན་འཇམ་དཔལ་བཤེས་གཉེན་གཉིས་ལ་ཨ་ཏི་ཐིག་ལེ་ཉག་གཅིག་བྱ་རྩོལ་དང་བྲལ་བའི་ཆོས་ཡང་ཏི་སངས་རྒྱས་མཉམ་སྦྱོར་ཆེན་པོའི་སྐོར་མ་ལུས་པ་རྫོགས་པར་གདམས་ཤིང་། ཆུ་བོ་དན་ཏིག་གི་མགོ་བོར་སྐུ་འོད་དུ་ཡལ་བའི་ཚེ་འདས་རྗེས་རིག་འཛིན་རྣམ་པ་གཉིས་ལ་བབས། རིག་འཛིན་དཔལ་གྱི་སེང་གེ་དུར་ཁྲོད་བསིལ་བའི་ཚུལ་དུ་དགོངས་པ་ལ་བཞུགས་པའི་ཚེ། སངས་རྒྱས་ཀུན་དངོས་རྡོ་རྗེ་ཐོད་ཕྲེང་ལ་གསང་བའི་བདག་པོའི་ལུང་གིས་བསྐུལ་ཏེ་སྤྱན་སྔར་ཕེབས་ནས། རྩོལ་བྲལ་བླ་མེད་ཡང་ཏི་འབྲས་བུའི་གདམས་པ་ཞུས་པས། བཀའ་གསང་ཐིག་ལེའི་སྐོར་གྱི་རྩ་རྒྱུད། བཤད་རྒྱུད། ཐུགས་རྒྱུད། སྙན་བརྒྱུད། གཞུང་མན་ངག་བྲུལ་ཚོ་དང་བཅས་པ་གནང་ཞིང་། སླད་ནས་ཁྱད་པར་གྱི་གདམས་པ་ཡི་གེ་མེད་པའི་དོན་བརྒྱུད་བརྡ་ཡིས་མཚོན་པར་མཛད་ནས་ཕུང་པོ་ལྷག་མེད་དུ་འཚང་རྒྱ་བའི་ཚེ་འདས་རྗེས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ལ་བབས་པ་སྟེ། དེ་དག་ནི་རིག་འཛིན་རིག་པ་བརྡ་ཡིས་བརྒྱུད་དེ་བཀའི་སྲོལ་མ་ཉམས་པར་བཤད་པའོ། །སློབ་དཔོན་སངས་རྒྱས་གཉིས་པ་བོད་ཡུལ་མུན་པའི་གླིང་དུ་ཞབས་ཀྱིས་བཅགས། མི་དང་མི་མ་ཡིན་པ་མཐའ་དག་བཏུལ་ཞིང་དམ་པ་ཆོས་ཀྱི་སྒྲོན་མེ་སྤར་བའི་ཚེ་འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རིག་འཛིན་དགའ་རབ་རྡོ་རྗེས་ལུང་བསྟན་པ་བཞིན། སྣོད་མིན་ལ་གསང་བའི་ཆེད་དུ་ཧས་པོ་རིའི་རྩེ་མོར་སྤྱན་དྲངས་ཏེ་ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་པོས་མཆོད་དེ། ཐེག་པའི་ཡང་རྩེ་སྐད་ཅིག་ལ་འཚང་རྒྱ་བའི་གདམས་པ་ཞུས་པས་རྫོགས་པ་ཆེན་པོའི་ཆོས་སྐོར་བཤད་རྒྱུད་སྙན་བརྒྱུད་ཡི་གེ་ཅན་དང་ཡི་གེ་མེད་པ་སྤྱི་དང་། བྱེ་བྲག་བཀའ་གསང་ཐིག་ལེའི་སྐོར་གྱི་ཡང་ཞུན་ཡང་ཏི་སངས་རྒྱས་མཉམ་སྦྱོར་རྫོགས་པར་གདམས་པས། རྒྱལ་པོ་རྟོགས་གྲོལ་དུས་མཉམ་དུ་གྱུར་ཏེ་ཕྱི་རབས་ཀྱི་དོན་དུ་ཡི་གེར་བཀོད་ནས་བསམ་ཡས་ཨཱརྻ་པ་ལོའི་རྟ་མགྲིན་གྱི་ཐུགས་ཀར་གཏེར་དུ་སྦས་པ་ནི། གང་ཟག་སྙན་ཁུང་དུ་བརྒྱུད་ནས་དོན་ཁྲིད་ཕྱག་བཞེས་མ་ཉམས་པར་བཤད་པའོ། །བསྟན་པའི་སྙིང་པོ་འདི་རྣམས་ལྷ་ཡུལ་དུ་གསང་བའི་བདག་པོས་གསང་ཆེན་རོལ་པའི་དུར་ཁྲོད་དུ་སྦས་པ་ཌཱ་ཀི་མས་དགའ་རབ་རྡོ་རྗེ་ལ་གཏད། དེས་བྱ་རྒོད་སྤུངས་པའི་བྲག་ལ་སྦས། མི་ཡུལ་དུ་དགའ་རབ་ཕྱི་མས་གཏེར་ནས་སྤྱན་དྲངས་ཏེ་སྐལ་པ་ཅན་འགའ་ལ་གདམས་ཤིང་། ཆོས་སྐོར་རྫོགས་པ་ཨོ་རྒྱན་ཡུལ་དང་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྦས་པ་ཤྲཱི་སིཾ་ཧ་དང་པདྨ་ཐོད་ཕྲེང་གིས་མཁའ་འགྲོའི་བཀའ་རྒྱ་བཀྲོལ་ཏེ། གུ་རུ་པདྨས་བོད་ཡུལ་དུ་དཔལ་གྱི་བསམ་ཡས་བཞེངས་པའི་ཚེ། དགེ་བསྙེན་ཤེའུ་མཁའ་རིས་གདན་དྲངས་པའི་ཤུལ་ལམ། བྲག་ལུང་མོན་མཁར་སྟེང་དུ་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུའི་སྤྲུལ་པ་མོན་ཙནྡྲས་སྦྱིན་བདག་ཞུས་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་གཏེར་སྤྱི་དང་། ཁྱད་པར་ཡང་གཏེར་གྱིས་ཁྱད་པར་དུ་བྱས་པའི་ཐུགས་གཏེར་ཆེན་པོ་ལྷོ་བྲག་མཁར་ཆུའི་བྲག་ལ་རྒྱས་བཏབ། དེ་ཐམས་ཅད་ཀྱང་ཌཱ་ཀི་མ་ལ་གཅིག་ནས་གཅིག་ཏུ་གཉེར་གཏད་དེ་དག་ཅིང་མ་ཉམས་པའི་དགོས་དོན་བཅུ་གཉིས་ཀྱི་ཕྱིར་དུ་གཏེར་དུ་བཙས་པ་ནི། མཁའ་འགྲོ་གཏད་རྒྱས་བརྒྱུད་པའི་ཚུལ་གྱིས་ཆོས་ཀྱི་གཞུང་མ་ཉམས་པར་བཤད་པའོ། །དེ་ལྟ་བུའི་ཐུགས་གཏེར་ཆེན་པོ་དེ་ཉིད་མངའ་བདག་འཇམ་མགོན་ཁྲི་ལྡེའི་འབྲས་བུ་མཐར་ཕྱིན་པའི་གསུང་གི་རྣམ་འཕྲུལ། གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ། ༧གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་ཏེ་སྟོད་ནས་བལ་བོ་བྷ་རོ། ཁམས་ཀཿཐོག་པ་མ་ཎི་རིན་ཆེན། གཉལ་སྟོན་ཛམྦྷ་ལ། རིགས་སྲས་པདྨ་དབང་ཆེན་སོགས་སྐལ་ལྡན་གྱི་གདུལ་བྱ་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་མཐར་ཕྱིན་པར་མཛད་པ་ལས། གཙོ་བོར་ཉིད་ཀྱི་གསུང་ལས། སློབ་མ་རྒྱལ་བ་རིགས་ལྔ་ཡོད། །འོག་རྟ་རྟ་མགྲིན་དབང་རྒྱལ་ཡོད། །ཅེས་གསུངས་པ་བཞིན་སངས་རྒྱས་མི་བསྐྱོད་པའི་ངོ་བོར་བཞུགས་པ་མྱང་སྨན་ལུང་པ་མི་བསྐྱོད་རྡོ་རྗེར་གྲགས་པ་དང་། དེ་ཉིད་ཀྱི་ཡབ་མྱང་སྟོན་མཉམ་མེད་ནམ་མཁའ་བསོད་ནམས་སམ་མྱང་སྟོན་དབོན་པོར་གྲགས་པ་དེ་ཉིད་ཆོས་ཚུལ་འདིའི་བརྒྱུད་པའི་གཙོ་བོ་ཡིན་ལ། དེའང་ཆོས་དབང་རིན་པོ་ཆེས་མྱང་སྟོན་ཡབ་ནམ་མཁའ་བསོད་ནམས་ལ་བསྩལ། དེ་ནས་རིམ་པ་བཞིན་སྨན་ལུང་པ་མི་བསྐྱོད་རྡོ་རྗེ། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་ཡེ་ཤེས་རྡོ་རྗེ། དེ་ལས་སེ་སྡིངས་པ་ཡབ་སངས་རྒྱས་དཔལ་དང་སྲས་ཡོན་ཏན་བཟང་པོ་ལ་གནང་། གཉིས་ཀ་ལས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་ཞུས། དེ་ནས་མཚུངས་མེད་དཔལ་འབྱོར་དབང་ཕྱུག །ཆོས་དབང་གདུང་རབས་བརྒྱད་པ་སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིགས་སྲས་ཀརྨ་གུ་རུ། དེ་སྲས་ཀརྨ་དབང་འབྱོར། བློ་མཆོག་རིག་པའི་རྡོ་རྗེ། སྐྱི་སྟོན་འཇམ་དབྱངས་ལེགས་བཤད་རྒྱ་མཚོ། དེ་ལས་ཁ་མོ་བ་རིག་འཛིན་གྲགས་པ་དབང་ཕྱུག །གྲུབ་ཆེན་པདྨ་རང་ཤར་གཉིས་ཀྱིས་གསན། གཉིས་ཀ་ལས་སྤང་སྟོན་གསང་བདག་རྡོ་རྗེས་གསན། དེ་ལས་ལྕགས་ཟམ་བདུན་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྤང་སྟོན་པདྨ་ཚེ་དབང་། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཐམས་ཅད་མཁྱེན་གཟིགས་བཀའ་དྲིན་མཚུངས་མེད་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་ཞལ་སྔ་ནས་བདག་ཅག་ལ་སྨིན་གྲོལ་གྱི་བདུད་རྩི་བཀའ་དྲིན་གྱི་སྙིང་པོར་བསྩལ་པ་ནི། ལས་འཕྲོ་གཏེར་ཆོས་ལ་སྤྱོད་པ་གདམས་ངག་གི་སརྒ་མ་ལོག་པར་བཤད་པའོ། །རྒྱལ་བ་རྡོ་རྗེ་སེམས་དཔའ་ནས་རིམ་པར་ཐུགས་དང་སྒྲ་ཚིག་ཡི་གེར་བརྒྱུད་པའི་གཏེར་ཆེན་སྦེད་པའི་ཚེ། ལས་འཕྲོ་སྐལ་པར་ལྡན་པ་དང་། ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག་ཅིག་པའི་སྨོན་ལམ་གྱི་དབང་གོང་མ་གོང་མས་འོག་མ་འོག་མ་ལ་བསྐུར་པས་སྨོན་ལམ་མཐའ་བཙན་ཏེ་བརྗོད་དོན་མི་བསླུ་བ་མ་ཟད། གཏེར་སྦེད་པ་པོ་དང་འདོན་པ་པོ་དགོངས་པ་མི་གཉིས་པས་འོག་མས་ཀྱང་ལུང་ཆེན་ཡོངས་སུ་རྫོགས་པ་ཐོབ་པ་ནི། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་ལས་སྨིན་གྲོལ་རྒྱུན་སྲོལ་མ་ཉམས་པར་བཤད་པའོ། །གཉིས་པ་ཐམས་ཅད་སེམས་སུ་འདུས་ཚུལ་རྩ་བ་དོན་ནི། ངན་རྟོག་འཁོར་བ་དང་བཟང་རྟོག་མྱང་འདས་ཐམས་ཅད་རང་སེམས་བློའི་རི་མོ་ཁོ་ན་ཡིན་པས། ཆོས་སྒོའི་རྣམ་གྲངས། ཐེག་པའི་རིམ་པ། ས་ལམ་སྦྱང་བགྲོད་སོགས་ཐེག་པ་འོག་མ་བའི་ངོར་མཐོང་རྟོགས་ཐ་དད་ལྟར་སྣང་ཡང་ཐེག་པ་འདི་པའི་ལུགས་ཀྱིས། ཡེ་ནས་རང་བྱུང་ཐིག་ལེ་ཉག་གཅིག་རྩོལ་མེད་ལྷུན་གྱིས་གྲུབ་པར་ལ་བཟློ་བར་བཤད་པའོ། །གསུམ་པ་ཐེག་རིམ་གཅིག་ཏུ་བསྟན་པ་ཡང་དག་དོན་ནི། སེམས་ཅན་བློའི་བྱེ་བྲག་ཐ་དད་པས་བསྟན་པའི་ཆོས་ཐེག་པའི་སྒོ་སྣ་ཚོགས་སུ་གསུངས་པ་རྣམས་ཀྱང་། གདུལ་བྱ་གང་ཟག་དབང་པོ་རབ་འབྲིང་ཐ་མ་ལ་གསུམ་རེར་དབྱེ་བས། འདུལ་བྱེད་ཐེག་པ་རིམ་པ་དགུར་འདུ་ཞིང་། དེ་རྣམས་ཀྱང་སྔ་མ་ལས་ཕྱི་མ་ཁྱད་པར་བཞི་རེས་འཕགས་ཤིང་། མཐར་གཏུགས་ན། ལུང་གི་ཐིག་ལེ་ལས། རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འདུས་ལྟར། །བླ་མེད་དོན་རྟོགས་ཐེག་པ་ཐམས་ཅད་འདུས། །ཞེས་གསུངས་པ་ལྟར་ཐེག་མཆོག་བླ་ན་མེད་པ་ཡང་ཏི་སངས་རྒྱས་མཉམ་སྦྱོར་འདིར་འདུས་པར་བཤད་པའོ། །བཞི་པ་དོན་གཉིས་མཐའ་རུ་ཕྱིན་པ་དགོས་ཆེད་དོན་གྱིས་བཤད་པ་ནི། མཉམ་སྦྱོར་གྱི་དོན་ཁྲིད་འདི། མ་རྟོགས་ལོག་རྟོག་འཇིག་རྟེན་པ་རྣམས་དང་། ཕྱོགས་རྟོགས་ཉན་རང་བྱང་སེམས་གསང་སྔགས་ཕྱི་པ་རྣམས་དང་། ཡང་དག་རྟོགས་པ་སྔགས་ནང་པ་ཡོ་ག་གསུམ་དང་། ཇི་བཞིན་རྟོགས་པ་སྤྱི་ཏི་པ་ལའང་དགོས་ཏེ་སོ་སོ་རང་སའི་སྒྲིབ་བྱེད་བག་ཆགས་ཀྱི་ཞེན་འཛིན་ལས་གྲོལ་ནས་གོང་མ་གོང་མའི་མངོན་རྟོགས་ལ་སྦྱོར་བའི་ཆེད་དོན་ཡོད་ཅིང་། ཀུན་གྱི་མཐར་ཐུག་མ་འདྲེས་ཡོངས་རྫོགས་བརྗོད་མེད་མུ་མཐའ་ཡས་པའི་ཀ་དག་ད་ལྟ་སྐད་ཅིག་མ་ལ་སངས་རྒྱས་ཀྱི་སར་སྦྱོར་ཞིང་འཁོར་འདས་མཉམ་སྦྱོར་དུ་གྲོལ་བར་བྱེད་པ་དང་། བྱེ་བྲག་གཏོང་ཐུན་ཐོག་མར་བཤད་པ་ལའང་། བརྒྱུད་པ་དང་ཆོས་ཀྱི་བྱུང་ཁུངས་ཤེས་པས་གྲོལ་རྐྱེན་དུ་ཡིད་ཆེས་པ་དང་། དོན་གྱི་ཁོག་དབུབ་པས་གཞན་ལ་འགྲམ་ཆུ་མི་ལྡང་བ་དང་། ཐད་སོར་རང་ངོ་སྤྲད་པས་བཤད་པ་གྲོལ་ལམ་དུ་འགྱུར་བ་དང་། བརྡ་དོན་གནད་དང་བཀྲོལ་བས་གོ་རྟོགས་རྒྱུད་ཐོག་ཏུ་བསྲེ་བ་དང་། སྤྱི་གནད་སྙིང་པོར་བཀྲོལ་ཏེ་ཡང་ཏིའི་གནད་གསལ་བར་སྟོན་པས་སྐད་ཅིག་ལ་རྒྱུད་གྲོལ་བའི་དགོས་ཆེད་དང་ལྡན་པར་བཤད་པའོ། །ལྔ་པ་གཅིག་ཤེས་ཀུན་གྲོལ་གྱི་དོན་ཐོག་དཀྲི་བའི་ཚུལ་ནི། བཤད་པའི་ཚོམས་གསུམ་གྱིས་དཀྱུས་ཀྱི་དོན་འགྲེལ། སྙིང་པོའི་བཀའ་ཚོམས་གསུམ་གྱིས་ཀ་དག་མིང་མེད་ཡང་ཏིའི་དོན་ངོ་སྤྲད། གདམས་པའི་བཀའ་ཚོམས་གསུམ་གྱིས་སྙན་བརྒྱུད་ཀྱི་མན་ངག་གནད་དུ་བསྣུན། ཡང་ཏིའི་སྙིང་པོ་གཅིག་ཏུ་འདུས་པའི་ཉམས་ལེན་བཤད་པ་བཞི་ལས། སྔ་མ་གསུམ་གྱི་གྲུབ་དོན་ཕྱི་མའི་དོན་མདོར་དྲིལ་ན། ཐག་ཆོད་གསུམ་གྱིས་བློ་ཐག་བཅད། པྲ་ཁྲིད་ཏི་ཀས་ཉམས་སུ་བླང་། གཅིག་ཤེས་དོན་གྱི་སྟེང་དུ་སངས་རྒྱས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བཤད་པ་གསུམ་ལས། དང་པོ་ནི། བློས་བཏགས་ཐེག་རིམ་མཐའ་དག་ཨ་ཏིའི་སྤྱི་ཕུད་ཡང་ཏིའི་དེ་ཉིད་དུ་འདུས་པར་ཐག་བཅད་པ་དང་། ངེས་དོན་གྱི་ཆོས་ཐམས་ཅད་ལྟ་སྒོམ་སྤྱོད་འབྲས་བཞིར་བཤད་ཀྱང་སེམས་ཉིད་གཞི་མེད་ཀ་དག །དངོས་མེད་ཟང་ཀ །བྱར་མེད་བློ་འདས། མ་འདྲེས་ཡོངས་རྫོགས་གཅིག་ཤེས་ན་ཀུན་ཤེས་པར་ཐག་བཅད་པ་དང་། མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་གནད་ཆོས་ཉིད་དགག་སྒྲུབ་མེད་པར་ཉམས་སུ་མྱོང་བའི་ངང་དུ་རང་སར་གྲོལ་ཞིང་རྫོགས་པར་བློ་ཐག་བཅད་པའོ། །གཉིས་པ་པྲ་ཁྲིད་ཏི་ཀས་ཉམས་སུ་བླང་བ་ནི། ཐོག་མར་པྲ་ཁྲིད་གཏོང་ཐུན་གྱིས་རྒྱུད་གཞུང་མན་ངག་ཐམས་ཅད་ཀྱི་ཁོག་དབུབ་སྟེ་ནམ་མཁའ་ལ་ཉི་ཟླ་ཤར་བ་ལྟ་བུས་གྲོལ་རྐྱེན་གྲོལ་ལམ་དུ་བསྟན་པ་དང་གཅིག །དེ་རྗེས་རིམ་བཞིན་སྔོན་དུ་འགྲོ་བའི་བླ་མའི་དོན་ཁྲིད་ཀྱིས་རྟེན་གྱི་གང་ཟག་སྒྲོམ་དུ་གཞུག་སྟེ་འཁོར་ལོས་སྒྱུར་རྒྱལ་ཁང་བཟང་དུ་ཚུད་པ་ལྟ་བུའི་མན་ངག་བསྟན་པ་དང་གཉིས། བླ་མའི་རྣལ་འབྱོར་གྱི་དོན་ཁྲིད་ཀྱིས་རང་རྒྱུད་ཀྱི་ཉོན་མོངས་འདུལ་བ་མེས་འཁྱག་པ་འཇུ་བ་ལྟ་བུའི་མན་ངག་དང་གསུམ། འཁོར་འདས་རུ་ཤན་འབྱེད་པའི་དོན་ཁྲིད་ཀྱིས་རང་བྱུང་ཡེ་ཤེས་ཀྱི་སྒོ་འབྱེད་པ་མེ་ལོང་གཡའ་ཕྱི་བ་ལྟ་བུའི་མན་ངག་དང་བཞི། མ་བཅོས་སོར་འཇོག་གི་དོན་ཁྲིད་ཀྱིས་ངང་དྭངས་ཀ་དག་ལས་གཡོ་བ་མེད་པ་བར་སྣང་དག་པའི་དབྱིངས་ལྟ་བུའི་མན་ངག་དང་ལྔ། བཏགས་གྲོལ་ངོ་སྤྲོད་ཀྱི་དོན་ཁྲིད་ཀྱིས་ཤེས་བྱ་གཅིག་ཤེས་ཀུན་གྲོལ་དུ་གདེང་ཐོབ་པ་ཕྱི་རྐུན་དང་ནང་བྱན་འཛོམ་ནས་ཡིད་བཞིན་གྱི་ནོར་བུ་ཐོབ་པ་ལྟ་བུའི་མན་ངག་དང་དྲུག །རིག་པ་རྩལ་སྦྱོང་གི་དོན་ཁྲིད་ཀྱིས་རྟོགས་པ་བོགས་འབྱིན་པ་གྱད་ཕྲུག་རྩལ་སྦྱོང་བ་ལྟ་བུའི་མན་ངག་དང་བདུན། མཐར་གདམས་གཏད་པའི་དོན་ཁྲིད་ཀྱིས་སངས་རྒྱས་ལག་བཅང་དུ་གཏད་པ་ནོར་བུ་ཐོབ་ནས་མངའ་གསོལ་ཞིང་ལོངས་སྤྱད་པས་རེ་འདོད་རྩོལ་མེད་དུ་སྐོང་བ་ལྟ་བུའི་མན་ངག་དང་བརྒྱད་ཀྱིས་སྙན་བརྒྱུད་ཡི་གེ་མེད་པའི་གདམས་པ་རྫོགས་པར་བསྟན་པའོ། །གསུམ་པ་གཅིག་ཤེས་དོན་གྱི་སྟེང་དུ་སངས་རྒྱས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བཤད་པ་ནི། ངོ་བོ་ཉིད་ཀྱི་གནད་གསང་གཅིག་ཤེས་པས་སངས་རྒྱས་ཐམས་ཅད་ཀྱི་བཀའ་ལུང་དགོས་པ་མཐའ་དག་ཡོངས་སུ་རྫོགས་པའི་གདེང་ཆེན་པོ་ཐོབ་པ་སྟེ། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཞེས་གསུངས་པ་ལྟར་རོ། །གཏོང་ཐུན་འདི་ཉིད་ལོ་རྒྱུས་ཀྱི་ཁོག་དབུབ་ལས་གྲོལ་རྐྱེན་ཙམ་དུ་འགྲོ་བ་གཞན་དང་སྒྲ་ཙམ་མཐུན་ཡང་། བརྡ་དོན་གྱིས་རང་ངོ་འཕྲོད་པས་གྲོལ་ལམ་དངོས་སུ་འགྱུར་བའི་ཆ་ནས་དོན་འཕགས་ཤིང་། སྤྱི་རྒྱུད་ལས། ལོ་རྒྱུས་དོན་གྱིས་སྤྱི་གནད་བཀྲོལ། །བརྡ་དོན་སྤྲད་དེ་གོ་རྟོགས་བསྲེ། །གཏོང་ཐུན་ཉིད་ནས་གྲོལ་ལས་ཆེ། །ཞེས་འབྱུང་བ་ལྟར་དབང་རབ་ཀྱི་གང་ཟག་གཏོང་ཐུན་ཉིད་ཀྱིས་ཐོས་གྲོལ་དུས་མཉམ་དུ་འགྱུར་བས། མཐོང་ཐོས་སངས་རྒྱས་དང་མཉམ་པར་སྦྱོར་བའི་ཁྲིད་ཆེན་དང་པོར་གསུངས་པ་ཡིན་ནོ།། ༈ །།གཉིས་པ་ལོ་རྒྱུས་དེ་ལྡན་གྱི་གདམས་ངག་དངོས་བསྟན་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་གདམས་པའོ། །དང་པོ་ལའང་གསུམ། སྤྱིའི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོ། ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བའོ། །དང་པོ་ནི། ཁྲིད་ཆེན་གཉིས་པ་སྔོན་དུ་འགྲོ་བའི་བླ་མའི་དོན་ཁྲིད་ཀྱིས་རྟེན་གྱི་གང་ཟག་སྒྲོམ་དུ་འཇུག་པ་འཁོར་ལོས་སྒྱུར་རྒྱལ་ཕོ་བྲང་དུ་ཚུད་པ་ལྟ་བུའི་གདམས་པ་སྟོན་པ་སྟེ། དེའི་ངོ་བོ་དོན་ལ་སྨོན་པ་དང་ཐབས་ལ་འཇུག་པའི་བྱང་ཆུབ་ཀྱི་སེམས། ངེས་ཚིག་ཁྲིད་འོག་མ་རྣམས་ཀྱི་སྔོན་དུ་འགྲོ་བ། དབྱེ་བ་ཐུན་མོང་དང་ཐུན་མིན་ལ་སོགས་པ། དཔེ་ལོ་ཏོག་གི་སྔོན་དུ་སོ་ནམ་འགྲོ་དགོས་པ་ལྟ་བུ། དེའང་གནས་དུས་སྟོན་འཁོར་ཆོས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྐབས་སུ་འཇུག་སྒོའི་དབང་བླ་མ་གསང་འདུས་གཏོར་དབང་གནད་ཀྱི་ཤོག་གཅིག་མས་ཆོས་སྒོ་ཕྱེས་ཏེ། བསླབ་བྱས་སྒྲོམ་དུ་གཞུག་པ་དངོས་ལ་གསུམ། མི་རྟག་པ་དྲན་པ་དང་། བླ་མ་བསྙེན་བཀུར་བ་དང་། སྔོན་འགྲོའི་ཉམས་ལེན་དངོས་ལ་འཇུག་པའོ། །དང་པོ་ནི། ཆོས་ལ་འཇུག་པའི་རྐྱེན་དང་དགེ་སྦྱོར་ལ་སྐུལ་བའི་གྲོགས་ཐོག་མ་ཉིད་དུ་མི་རྟག་པ་རྗེས་སུ་དྲན་པ་གལ་ཆེ་སྟེ། དེའང་སྒྱུ་མ། ཟིལ་པ། ཆུ་བུར། སྨིག་རྒྱུ། མར་མེ། རྨི་ལམ། གློག །སྐར་མ། སྤྲིན། དྲི་ཟའི་གྲོང་ཁྱེར་ཏེ་དཔེ་བཅུས་མཚོན་ནས་ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་མི་རྟག་ཅིང་། རང་གི་ཐོག་ཏུའང་འོང་ངེས་པས་ནམ་འཆི་ཆ་མེད། ཤི་ཙ་ན་མི་སླུ་བའི་སྐྱབས་མཆོག་དམ་པའི་ཆོས་ཡིན་ཀྱང་། ཐེག་དམན་རྩོལ་བཅས་ཀྱིས་གོལ་སར་བཅིངས་པས། ཡང་དག་ངེས་པའི་དོན་དང་དེ་སྟོན་པའི་མཚན་ལྡན་གྱི་བླ་མ་ལ་དད་ཅིང་གདུང་བ་སྐོམ་པ་ཆུ་འདོད་པ་ལྟར་བྱའོ། །གཞུང་ལས་དངོས་སུ་མ་གསུངས་ཀྱང་བསྟན་རིམ་ཁྲིད་སྲོལ་སྤྱི་དང་མཐུན་པར། མི་རྟག་པ་སྒོམ་པའི་རྟེན་དལ་བ་བརྒྱད་དང་འབྱོར་པ་བཅུ་ལྡན་གྱི་མི་ལུས་རིན་པོ་ཆེ་ལྷ་ལས་ལྷག་པ་འདི་ཉིད་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ཆེས་རྙེད་པར་དཀའ་བ་དང་། ཤི་བའི་འོག་ཏུ་ལས་དཀར་ནག་རྗེས་སུ་འབྲང་ཞིང་རྒྱུ་འབྲས་བསླུ་བ་མེད་པས་རང་གིས་མ་བྱས་པ་དང་མི་འཕྲད་བྱས་པ་ཆུད་མི་ཟ་བར་དགེ་ལས་བདེ་བ་དང་སྡིག་ལས་སྡུག་བསྔལ་གྱི་འབྲས་བུ་འབྱུང་བ་དང་། འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་པའི་ཚུལ་རྣམས་ཀྱང་ལེགས་པར་བསམ་ལ་རྒྱུད་ཐོག་ཏུ་བཀལ་བར་བྱའོ། །གཉིས་པ་བླ་མ་བསྙེན་བཀུར་བ་ནི། སངས་རྒྱས་ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ངོས་གཟུང་དང་བྲལ། ལོངས་སྐུའི་གདུལ་བྱར་གྱུར་པའི་སྐལ་པ་དང་མི་ལྡན། སྤྲུལ་པའི་སྐུ་ཁོ་ན་རང་གི་བླ་མ་ཡིན་ངེས་སྙམ་པའི་ཐག་ཆོད་ཀྱི་མོས་གུས་དྲག་པོས་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་མཎྜལ་འབུལ་ཞིང་། ཇི་ལྟར་ནུས་པའི་བསྙེན་བཀུར་བྱ་དགོས་སོ། །གསུམ་པ་སྔོན་འགྲོའི་ཉམས་ལེན་དངོས་ལ་འཇུག་པ་ལ། གཞུང་ལས་སྐྱབས་སེམས་ཚོགས་གསག་རང་བྱིན་རླབས་མཎྜལ་སྔོན་འགྲོས་ཡེངས་མེད་གསོལ་འདེབས་དབང་ལེན་བཅས་དྲུག་ཏུ་གསུངས་ཀྱང་། བརྒྱུད་པའི་ཕྱག་བཞེས་སུ་ཡེངས་མེད་ཀུན་གྱི་ཁོངས་སུ་བསྡུས། རྡོར་སེམས་སྒོམ་བཟླས་བསྣན་ནས་དྲུག་ཏུ་མཛད་དེ། ལམ་ལོག་པ་ལས་ལྡོག་པ་སྐྱབས་འགྲོ། ལམ་དམན་པ་ལས་ལྡོག་པ་སེམས་བསྐྱེད། ཚོགས་གསོག་བྱེད་ཡན་ལག་བཅུ་པ། སྒྲིབ་པ་སྦྱོང་བྱེད་རྡོར་སེམས་སྒོམ་བཟླས། གསང་སྔགས་ཀྱི་སྣོད་དུ་རུང་བྱེད་རང་བྱིན་རླབས། མཎྜལ་ལ་བརྟེན་ནས་གསོལ་འདེབས་དབང་བཞི་ལེན་པའི་ཁྲིད་རྣམས་སོ། །དང་པོ་ནི། སྐྱབས་སུ་འགྲོ་བའི་ཡུལ་ཕྱི་མཆོག་གསུམ། ནང་རྩ་གསུམ། གསང་བ་སྐུ་གསུམ་པོ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཉག་གཅིག་ཏུ་འདུས་པས་ཀུན་འདུས་ནོར་བུ་ལུགས་ཀྱི་སྐྱབས་ཡུལ་གསལ་འདེབས་པ་ནི། རང་ཉིད་གནས་པའི་ས་ཕྱོགས་དག་པའི་ཞིང་བཀོད་པ་ཚད་ལས་འདས་པའི་མདུན་གྱི་ནམ་མཁར་པད་སྡོང་ཉི་ཟླའི་སྟེང་དུ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་པདྨ་ཐོད་ཕྲེང་རྩལ་གསང་འདུས་མི་བསྐྱོད་རྒྱལ་བ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དང་། དབུ་ལ་རིན་པོ་ཆེའི་པྲོག་ཞུ་གསོལ་ཞིང་དར་དང་རིན་པོ་ཆེའི་རྒྱན་ལྡན་ཞི་ཞིང་འཛུམ་པ། པང་དུ་རྒྱལ་ཡུམ་མཚོ་རྒྱལ་མ་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པས་ཐོད་པ་བདུད་རྩིས་གང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ་ཅིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འཇའ་འོད་ཀྱི་ཀློང་དུ་བཞུགས་པར་གསལ་གདབ་ལ་སྐྱབས་གནས་ཀུན་འདུས་སུ་ངེས་ཤེས་བསྐྱེད། སྐྱབས་སུ་འགྲོ་མཁན་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་བདག་ཁོ་ནར་བསྡུས་ཏེ། དུས་བྱང་ཆུབ་མ་འཐོབ་ཀྱི་བར་དུ། བསམ་པ་བྱང་ཆུབ་ཀྱི་སེམས་གཉིས་དང་ལྡན་པས། ཚུལ་ལུས་ངག་ཡིད་གསུམ་གུས་པ་ཆེན་པོའི་སྒོ་ནས། ཚིག་བདུན་གསོལ་འདེབས་ལན་གསུམ་སྔོན་དུ་འགྲོ་བའི། སྐྱབས་འགྲོའི་ཚིག །ཀྱཻ༔ དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས༔ བདག་སོགས་འགྲོ་བ་ཀུན་ལ་དགོངས་སུ་གསོལ༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ཞེས་ཚིག་རྐང་བརྒྱད་པོ་ཐུན་དུ་བཅད་ལ་ཅི་ནུས་བསགས་པའི་མཐར། བླ་མ་འོད་ཞུ་སྤྱི་བོར་ཐིམ། །བདག་རྒྱུད་བྱིན་གྱིས་བརླབས་པར་གྱུར། །ཅེས་བླ་མ་འོད་དུ་ཞུ་ནས་རང་དང་དབྱེར་མེད་དུ་འདྲེས་པར་མོས་ལ་གནས་ལུགས་ཀྱི་ངང་དུ་མཉམ་པར་གཞག །སྐྱབས་འགྲོའི་བསླབ་བྱ་སྤྱི་དང་མཐུན་ཅིང་། དོན་གྱི་སྐྱབས་འགྲོ་གནད་དུ་སོང་བའི་རྟགས་ཨོ་རྒྱན་ཆེན་པོའི་ཞལ་ནས། འཁོར་བའི་ཆོས་ལ་བློ་ལོག་ན། དགེ་འདུན་ལ་སྐྱབས་སུ་སོང་བའི་རྟགས་ཡིན། སེམས་ཀྱི་ངོ་བོ་སྟོང་གསལ་ཆོས་སྐུར་རྟོགས་ན། ཆོས་ཀྱི་ཐུགས་རྗེས་བཟུང་པའི་རྟགས་ཡིན། རང་བཞིན་འོད་གསལ་མཐོང་ན། སངས་རྒྱས་ཀྱི་ཐུགས་རྗེས་བཟུང་པའི་རྟགས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལམ་དམན་པ་ལས་ལྡོག་པའི་སེམས་བསྐྱེད་ནི། ངོ་བོ་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འདོད་པས། རྒྱུ་སྨོན་པ་དང་འཇུག་པའི་སེམས་བསྐྱེད་ནས་ཐབས་དེ་དག་གི་བསླབ་བྱ་སྤྱི་དང་ཁྱད་པར་བསྐྱེད་རྫོགས་ཟབ་མོའི་དོན་ལ། གྲོགས་བརྩོན་འགྲུས་ཀྱི་སྟོབས་དང་ལྡན་པས་སློབ་པ་སྟེ། ལག་ལེན་མདོར་བསྡུ་ན། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར༔ རང་རྒྱུད་གཟུང་འཛིན་གྱི་ཞགས་པས་བཅིངས་པ་ལས་གྲོལ་བར་བྱ་བའི་ཕྱིར༔ བདག་གིས་ཐེག་པ་མཆོག་གི་ཆོས་ལ་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་ནན་ཏན་དུ་འབད་པར་བྱའོ༔ ཞེས་པའི་དོན་ཡིད་ལ་བསམ་ཞིང་ངག་ཏུ་བརྗོད་པས་ཀུན་རྫོབ་སེམས་བསྐྱེད་ཀྱི་དོན་ཚང་ལ། དེ་ལྟར་སེམས་སྐྱེད་མཁན་གྱི་ངོ་བོ་ལ་བལྟས་པས་བསྐྱེད་བྱ་སྐྱེད་བྱེད་སྐྱེད་ཐབས་གང་གི་ངོ་བོར་ཡང་མ་གྲུབ་པ་སྟོང་གསལ་འཛིན་མེད་ཀྱི་ངོ་བོར་འཆར་བ་ལ་མཉམ་པར་བཞག་པ་ནི་དོན་དམ་སེམས་བསྐྱེད་ཀྱི་དོན་ནོ། །གསུམ་པ་ཚོགས་གསོག་བྱེད་ཡན་ལག་བཅུ་པ་ནི། རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་དགོས་པ་ཡིན་ཏེ། དེ་ལ་གསག་སྦྱོང་གི་སྒོ་བསམ་གྱིས་མི་ཁྱབ་པ་མཆིས་པ་ཐམས་ཅད་ཀྱང་ཡན་ལག་བདུན་དང་བརྒྱད་ལ་སོགས་པར་འདུ་ཞིང་། སྐབས་འདིར་གསང་སྔགས་ནང་གི་ཡན་ལག་བཅུ་པ་དམིགས་སུ་བསྟན་པ་སྟེ། དེ་ལ་ཐོག་མར་ཚོགས་ཞིང་སྤྱན་འདྲེན་པའི་ཡན་ལག་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཞེས་བརྗོད་པའི་ཚེ། རང་གི་མདུན་གྱི་ནམ་མཁར་པདྨ་ཐོད་ཕྲེང་རྩལ་ལ་རྩ་གསུམ་དམ་ཅན་རྒྱ་མཚོས་བསྐོར་བ་ཁྲ་ལམ་མེར་བྱོན་པར་བསམ། གཉིས་པ་བཞུགས་སུ་གསོལ་བའི་ཡན་ལག་ལ། ཉི་ཟླ་པདྨའི་གདན་ལ་བཞུགས༔ ཞེས་མདུན་མཁར་ཐབས་ཤེས་དྲི་མེད་ཀྱི་དོན་ཉི་ཟླ་པདྨའི་གདན་ལ་བཞུགས་པར་བསམ། གསུམ་པ་ཕྱག་འཚལ་བའི་ཡན་ལག །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཞེས་པས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ཞིང་གི་རྡུལ་སྙེད་དུ་ཕྱག་འཚལ་བར་བསམ། བཞི་པ་མཆོད་པའི་ཡན་ལག །ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཞེས་པས་མཆོད་པ་དངོས་སུ་འབྱོར་པ་དང་། ཡིད་ཀྱིས་སྤྲུལ་པའི་བྱེ་བྲག །ཕྱིའི་མཆོད་པ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་དང་། ནང་གི་མཆོད་པ་རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག་བྱ། སྨན་རཀ་གཏོར་གསུམ། གསང་མཆོད་རིག་མ་བརྒྱད་དང་བཅུ་དྲུག་ལ་སོགས་པ་ནམ་མཁའི་ཁམས་གང་བར་དམིགས་ནས་བློས་བླངས་ཏེ་འབུལ་བའོ། །ལྔ་པ་བཤགས་པའི་ཡན་ལག །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ ཞེས་པས་བདག་ཅག་གིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ་བསགས་ཤིང་། ཕྱིན་ཆད་གསག་པར་འགྱུར་བའི་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤྱི་དང་། ཁྱད་པར་རྡོ་རྗེ་ཐེག་པའི་དམ་ཚིག་ཉམས་ཆག་ཉེས་ལྟུང་ཅི་མཆིས་པ་ཐམས་ཅད་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས་སོ་སྙམ་པའོ། །དྲུག་པ་རྗེས་སུ་ཡི་རང་གི་ཡན་ལག །གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ ཞེས་པས་ཁྱེད་རྣམས་ཀྱིས་གསང་སྔགས་བླ་མེད་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྒྲུབ་པ་ཟབ་མོ་མཛད་དེ་དོན་གཉིས་མཐར་ཕྱིན་པ་ལ་རྗེས་སུ་ཡི་རང་ངོ་སྙམ་པའོ། །བདུན་པ་ཆོས་འཁོར་བསྐོར་བའི་ཡན་ལག །སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར༔ ཞེས་པས་བདག་གཞན་ཐམས་ཅད་སྨིན་ཅིང་གྲོལ་བའི་སླད་དུ་ཁྱད་པར་བླ་ན་མེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་དུ་གསོལ་བའོ། །བརྒྱད་པ་བཞུགས་སུ་གསོལ་བའི་ཡན་ལག །ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ ཞེས་པས་སླད་ནས་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པར་རྡོ་རྗེའི་གསང་བ་གསུམ་འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་ཆེན་པོའི་ངང་དུ་བཞུགས་སུ་གསོལ་བའོ། །དགུ་པ་དགེ་བ་བསྔོ་བའི་ཡན་ལག །སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཞེས་པས་འདིས་མཚོན་བདག་གཞན་དུས་གསུམ་གྱི་དགེ་བའི་སྙིང་པོ་མཐའ་དག་སེམས་ཅན་ཐམས་ཅད་མི་གནས་པའི་བྱང་ཆུབ་ཆེན་པོ་འཐོབ་པའི་དོན་དུ་བསྔོ་བའོ། །བཅུ་པ་སྨོན་ལམ་གདབ་པའི་ཡན་ལག །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་པས་དགེ་རྩ་དེ་དག་གི་མཐུ་ལས་བདག་གཞན་ཀུན་གྱིས་མཐར་ཐུག་ཡང་དག་པའི་ཏིང་ངེ་འཛིན་རྡོ་རྗེ་ལྟ་བུའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་ཤོག་ཅིག་སྙམ་དུ་སྨོན་པ་སྟེ། ཚིག་གི་རྗེས་སུ་དོན་དྲན་པ་ལས་གཞན་དུ་མི་གཡེངས་པའི་ཏིང་ངེ་འཛིན་ལ་བློ་བཞག་སྟེ། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར༔ ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་ཚིག་རྐང་བཅུ་པོ་ཇི་ལྟར་ནུས་པ་བརྗོད། མཐར་ཚོགས་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཏེ་བསམ་བརྗོད་བྲལ་བའི་རང་རིག་གི་ངོ་བོ་བསྐྱང་ངོ་། །བཞི་པ་སྒྲིབ་པ་སྦྱོང་བྱེད་རྡོར་སེམས་སྒོམ་བཟླས་ནི། ས་ལམ་གྱི་ཡོན་ཏན་སྒྲིབ་ཅིང་དངོས་གྲུབ་ལ་གེགས་བྱེད་པའི་རྒྱུ་ཉོན་མོངས་པ། རྐྱེན་སྡིག་སྒྲིབ་ཉེས་ལྟུང་ཚད་མེད་པ་ཞིག་རང་རྒྱུད་ལ་ཡོད་པ་དེ་མ་སྦྱང་ན་ལམ་གྱི་མངོན་རྟོགས་སྐྱེར་མི་བཏུབ་ལ། སྦྱོང་བྱེད་གཉེན་པོ་སྒོ་དྲུག་ཏུ་བཤད་པ་སོགས་ཀུན་ལས་ཟབ་ཅིང་ཁྱད་པར་དུ་འཕགས་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་བ་ནི། རང་ཐ་མལ་པའི་སྤྱི་བོར་པད་ཟླའི་གདན་ལ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ལྡན་ཞི་ཞིང་འཛུམ་པ། ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འཇའ་འོད་ཀྱི་ཀློང་ན་བཞུགས་པར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་དབུས་སུ་ཧཱུྃ། དེའི་མཐར་ཡི་གེ་བརྒྱ་པའི་སྔགས་ཀྱི་ཕྲེང་བ་ཡིག་མགོ་ཧཱུྃ་གི་མདུན་ནས་བརྩམ་སྟེ་གཡོན་སྐོར་དུ་ཡིག་འབྲུ་རྣམས་མ་འདྲེས་པར་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་འཁོད་པར་བསམ་ལ། དེ་གསལ་གདབ་པའི་ཕྱིར། སྤྱི་གཙུག་པད་ཟླའི་གདན་སྟེང་དུ༔ བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ སྐུ་མདོག་ཤེལ་འདྲའི་ཐུགས་ཀ་རུ༔ ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ དེ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ བདག་གི་ཉམས་ཆག་སྒྲིབ་དག་གྱུར༔ ཞེས་པའི་ཚིགས་བཅད་བརྗོད་ལ། གསོལ་འདེབས་ཀྱི་ཚུལ་དུ་ཡི་གེ་བརྒྱ་པ། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏཱ༔ བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་ཅི་ནུས་བཟླ་ཞིང་མོས་གུས་དུང་དུང་བསྐྱེད་པའི་རྐྱེན་གྱིས། ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་སྐྱ་ནར་ནར་བབས། རང་གི་སྤྱི་བོ་ནས་མར་བརྒྱུད་ཁོང་པའི་ནང་ཐམས་ཅད་ཁེངས། ནད་ཐམས་ཅད་རྣག་ཁྲག་ཆུ་སེར། གདོན་ཐམས་ཅད་སྡིག་སྦྲུལ་འབུ་སྲིན། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུའི་རྣམ་པར་བ་སྤུའི་བུ་ག་འོག་སྒོ་རྐང་མཐེབ་རྣམས་ནས་ཐོན་ཏེ་ས་རིམ་པ་དགུའི་འོག་ཏུ་སོང་། སླར་ཡང་བདུད་རྩིའི་རྒྱུན་ལུས་ཀྱི་ཕྱི་ནང་མེད་པར་བབས་པས། ལུས་ཕྱི་བཀྲུས་ནང་བཀྲུས་ཤེལ་སྒོང་ཕྱིས་པ་བཞིན་སྐྱ་སངས་ཀྱིས་སོང་བའི་དམིགས་པ་བསྐྱར། མཐར་བདུད་རྩིའི་བཅུད་ཀྱིས་ལུས་ཁེངས་པར་མོས་ལ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཆེ།། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་ངས་དག་པར་བྱས་ཡོད་དོ་ཞེས་དབུགས་དབྱུང་བསྩལ་ཏེ། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས་ལ་གནས་ལུགས་མ་བཅོས་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞག་ཅིང་། དེ་ལས་ལྡངས་པ་ན་དགེ་བ་བསྔོ། དེ་ལྟར་སྐྱབས་སེམས་སྔོན་སོང་རྟེན་གྱི་སྟོབས། སྒོམ་བཟླས་ལ་བརྩོན་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་མི་བགྱི་བའི་དམ་བཅའ་བརྟན་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཏེ། དེ་བཞི་དང་ལྡན་པས་ཉམས་སུ་བླངས་པའི་རྟགས་དངོས་ཉམས་རྨི་ལམ་དུ་འབྱུང་ཞིང་། འབྲས་བུ་སྒྲིབ་པ་གཉིས་ཚེགས་མེད་པར་འབྱང་བར་འགྱུར་རོ། །ལྔ་པ་གསང་སྔགས་ཀྱི་སྣོད་དུ་རུང་བྱེད་རང་བྱིན་རླབས་ནི། ཡང་ཏི་སེང་གེའི་འོ་མ་ལྟ་བུའི་བཅུད་ཐ་མལ་སྣོད་ངན་གྱིས་མི་ཐུབ་པས། རང་བྱིན་བརླབས་པའི་བསྐྱེད་རིམ་གསེར་སྣོད་ལྟ་བུ་དང་ལྡན་དགོས་པ་དང་། ཐ་མལ་ལུས་ཀྱི་བག་ཆགས་སྤང་དཀའ་བས་ཐུན་མཚམས་ཐ་མལ་དུ་ལུས་ན་ལམ་ལ་བར་ཆད་འཇུག་པས་ཡི་དམ་དུ་བསྒོམ་ན་བག་ཆགས་བྱང་སླ་ཞིང་བར་ཆད་མི་འཇུག་པ་དང་། ལྷའི་སྒོམ་བཟླས་དང་མཉམ་གཞག་ཟུང་དུ་འབྲེལ་བས་བསྐྱེད་རྫོགས་ཟུང་དུ་འཇུག་པ་དང་། ཐ་མལ་དུ་ཤེས་པས་སྣོད་བཅུད་མཆོད་རྫས་བྱིན་གྱིས་རློབ་མི་ནུས་ལ་ཡི་དམ་དུ་གསལ་ན་ནུས་པ་སོགས་ཀྱི་དགོས་པ་ཡོད་པས། ལྷའི་རྣལ་འབྱོར་གྱིས་རང་བྱིན་གྱིས་རློབ་པ་ནི། གནས་ཁང་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་དབུས་སུ་པདྨ་ཉི་མའི་གདན་ལ། བདག་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྐུ་ཆེ་ལ་ཡན་ལག་རགས་པ། སྤྱན་གསུམ་དམར་ལ་ཟླུམ་ཞིང་ཞལ་གདངས་མཆེ་བ་གཙིགས་པ། ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱས་གྲི་གུག་ནམ་མཁའ་ལ་ཕྱར་ཞིང་། གཡོན་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་ཞིང་དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་སྒྲོག་པ། མཁུར་ཚོས་ལ་རཀྟའི་ཐིག་ལེ། ལྐོག་མར་ཞག་གི་ཟོ་རིས། སྨིན་མཚམས་དང་རྩིབ་ལོགས་ལ་ཐལ་ཆེན་གྱི་ཚོམ་བུས་སྤྲས་ཤིང་། མི་ལྤགས་ཀྱི་གཡང་གཞི་དང་གླང་ཆེན་གྱི་ཀོ་རློན་སྟོད་དུ་གསོལ་བ། སྟག་གི་པགས་པའི་ཤམ་ཐབས་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་སྐུ་ལ་སྤྲས་ཤིང་། སྦྲུལ་གྱི་གདུ་བུས་ཕྱག་ཞབས་བརྒྱན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་བརྟེན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་བདུད་བཞི་བརྫིས་པ། པང་གཡོན་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་བསྣམས་ནས་ཡབ་ཀྱི་མགུལ་ལ་འཁྱུད་ཅིང་། གཡོན་ཐོད་པ་ཁྲག་བཀང་ཡབ་ཀྱི་ཞལ་དུ་སྟོབ་པ། དབུ་གཙུག་ཏུ་ཕག་ཞལ་ནག་མོ་ཕག་སྐད་ངུར་བ། སྐུ་ལ་རུས་པའི་རྒྱན་དང་གཟིག་ལྤགས་ཀྱི་ཤམ་ཐབས་ཅན། ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་བསམ་ལ། བདག་ཉིད་སྐད་ཅིག་རྟ་མགྲིན་དམར། །ཕག་མོ་མཐིང་གར་མཉམ་པར་སྦྱོར། །གྲི་ཐོད་བསྣམས་ཤིང་བདུད་བཞི་བརྫིས། །དུར་ཁྲོད་ཆས་ལྡན་ཡེ་ཤེས་ཀྱི། །མེ་ཕུང་ཀློང་ན་གསལ་བར་གྱུར། །ཞེས་ལྷ་སྣང་གསལ་ཞིང་ང་རྒྱལ་བརྟན་པ་དང་། དེའང་འོད་གསལ་སྒྱུ་མ་ལྟ་བུར་ཤེས་པ་ལ་ཅི་གནས་སུ་མཉམ་པར་བཞག་ཅིང་། མཐར། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩའམ་ཉེར་གཅིག་བརྗོད། དངོས་གཞིའི་སྐབས་ཡེངས་རྐྱེན་གྱི་དབང་དུ་སྐད་ཅིག་ཀྱང་མ་ཤོར་བར་བྱ་དགོས་པས། སྔོན་འགྲོའི་སྐབས་འདི་དག་ནས། རང་ཉིད་ཅོལ་ཆུང་བས་ཡེངས་ལ་དགའ་བ་དང་། སྒོ་ལྔའི་དབང་པོས་ཡེངས་ལམ་བདེ་བ་དང་། ཚོགས་དྲུག་གི་རོལ་པས་ཡེངས་རྐྱེན་མང་བའི་དབང་དུ་མ་སོང་བར་དྲན་པའི་སོ་པ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་ལུས་སེམས་ཕྲིལ་གྱིས་བསྒྲིམ་པར་བྱ་བ་གལ་ཆེའོ། །དྲུག་པ་མཎྜལ་ལ་བརྟེན་ནས་གསོལ་འདེབས་དབང་བཞི་ལེན་པའི་ཁྲིད་ནི། ཚོགས་ཆེན་མྱུར་དུ་རྫོགས་པའི་ཐབས་ཁྱད་པར་ཅན་མཎྜལ་འབུལ་བ་ལ་བརྟེན་ནས་བླ་མ་ལ་གསོལ་བ་བཏབ་པས་བྱིན་རླབས་ཀྱི་བཀའ་བབས་མྱུར་དུ་འཐོབ་པར་འགྱུར་བའི་ཐབས་བསྟན་པ་སྟེ། དེའང་མཎྜལ་གྱི་རྒྱུ་རབ་འབྲིང་ཐ་མ་གང་ཡང་རུང་བ་ཆག་གས་སོགས་སྐྱོན་མེད་པ་དང་། ཚོམ་བུ་རབ་རིན་པོ་ཆེ། འབྲིང་སྨན། ཐ་མ་འབྲུ་སྣ་དང་། དྲི་བཟང་གི་ཆུ་སོགས་འདུ་བྱས་ལ་མཎྜལ་ལག་གཡས་སུ་ཐོགས། གཡོན་པས་ཕྱི་ཞིང་། སྭ་བྷཱ་བའི་སྔགས་བརྗོད་པས་དངོས་པོ་རང་རྒྱུད་འཛིན་པའི་རྟོག་པ་སྦྱངས་ཏེ་སྟོང་ཉིད་དུ་བསྒོམ། དྲི་བཟང་གི་ཆུས་བྱུག་ཅིང་གཡོན་པའི་མཐེབ་སྲིན་གྱིས་འབྲུ་གཅལ་དུ་བཀྲམ་ལ། རཏྣ་ཏྲཱཾ༔ ཞེས་བརྗོད་པས་སྟོང་པའི་ངང་ལས་ཡི་གེ་ཏྲཱཾ་སེར་པོ་འོད་དུ་ཞུ་བ་ལས་དབང་ཆེན་ས་གཞི་ཡངས་ཤིང་རྒྱ་ཆེ་བར་བསམ། བཛྲ་རེ་ཁེ་ཧཱུྃ༔ ཞེས་པས་མཐར་སྲིན་མཛུབ་ཀྱིས་བསྐོར་ཏེ་རིན་ཆེན་སྣ་ལྔའི་རང་བཞིན་གྱི་ལྕགས་རིས་བསྐོར་བར་བསམ། རང་རྟ་མགྲིན་དུ་ཝལ་གྱིས་གསལ་ལ། བཛྲ་རཀྵ་ཧཱུྃ༔ ཞེས་པས་སྲིན་མཛུབ་ཀྱིས་འབྲུ་འཐོར་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཕྱིར་བསྐྲད་པར་བསམ། དེ་ནས་མཎྜལ་ལག་གཡོན་གྱིས་བཟུང་ལ། གཡས་ཀྱིས་དབུས་སུ་ཚོམ་བུ་ཆེ་བ་གཅིག་བཀོད་ཅིང་། ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ དབུས་སུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རི་རབ་ལྷུན་པོ་གྲུ་བཞི་བང་རིམ་བཞི་པ་ཅན་གྱི་རྩེ་མོར། འཇའ་འོད་ཀྱི་གུར་ཁང་ནང་དུ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་པདྨ་ཐོད་ཕྲེང་རྩལ་སྐྱབས་འགྲོའི་སྐབས་ཇི་ལྟ་བ་བཞིན་གསལ་གདབ། དེ་བཞིན་སྔགས་འབྲུ་ལྔ་རེ་རེ་བཞིན་བརྗོད་པ་དང་ཚོམ་བུ་བཀོད་པ་ཕྱོགས་སུ་བྱས་ལ། ཤར་ལུས་འཕགས་གླིང་དཀར་པོ་ཟླུམ་པོ་ཤེལ་ལས་གྲུབ་པ་ཁང་བཟང་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ། ལྷོ་ཛམྦུའི་གླིང་སྔོན་པོ་བཻ་ཌཱུརྻ་ལས་གྲུབ་པ་སྔོན་པོ་སོག་ཁའི་དབྱིབས་ཅན། ནུབ་བ་ལང་སྤྱོད་དམར་པོ་པད་རཱག་ལས་གྲུབ་པ་ཟླ་གམ་དབྱིབས་ཅན། བྱང་སྒྲ་མི་སྙན་གསེར་ལས་གྲུབ་པ་གྲུ་བཞིའི་དབྱིབས་སུ་བསམ། དེ་བཞིན་དུ་གླིང་ཕྲན་རྣམས་ཀྱང་གླིང་ཆེན་རྣམས་ཀྱི་རྒྱུ་དབྱིབས་དང་མཚུངས་པ་ལ། ཐམས་ཅད་ཀྱང་ཁང་བཟང་རིན་པོ་ཆེ་འདོད་ཡོན་སྣ་ཚོགས་ཀྱིས་གང་བར་མོས། དེ་ནས། སཱུརྻཱ་ཡ༔ ཞེས་པས་དབུས་དང་ཤར་གླིང་བར་དུ་ཚོམ་བུ་འགོད་ཅིང་། མེ་ཤེལ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར། ཙནྡྲཱ་ཡ༔ ཞེས་པས་ནུབ་གླིང་དང་རི་རབ་བར་དུ་ཚོམ་བུ་བཀོད་པ། ཆུ་ཤེལ་ལས་གྲུབ་པའི་ཟླ་དཀྱིལ་དུ་བསམ། སླར་འབྲུ་ལྔ་ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས་པས། རི་རབ་གླིང་བཞིའི་ཁོངས་དང་ལྕགས་རི་མུ་ཁྱུད་ཀྱི་ཁོར་ཡུག་ནམ་མཁའ་བར་སྣང་ས་གཞི་ཁྱབ་པར་རིན་ཆེན་སྣ་བདུན། བཀྲ་ཤིས་རྫས་རྟགས། འདོད་ཡོན་ལྔ་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་སྤྲིན་རབ་འབྱམས་ངོ་མཚར་བཀོད་པ་བསམ་གྱིས་མི་ཁྱབ་པས་བར་མཚམས་མེད་པར་གཏམས་པར་བསམ་ལ་མདུན་གྱི་སྟེགས་བུར་གཞག །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་ས་མཱ་ཛ༔ ཞེས་པས་སྤྱན་འདྲེན་པའི་སྔགས་ལན་གསུམ་བརྗོད་པས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩ་གསུམ་རབ་འབྱམས་དང་བཅས་པ་དང་པོས་སྤྱན་དྲངས། གཉིས་པས་མདུན་གྱི་ནམ་མཁར་གཤེགས། གསུམ་པས་རི་རབ་རྩེའི་བླ་མ་ལ་དབྱེར་མེད་དུ་ཐིམ་ཞིང་བརྟན་པར་མོས་ལ་སེ་གོལ་བསྣོལ་མར་གདབ། མཎྜལ་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་རཏྣ་མཎྜ་ལ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ ཞེས་འབུལ་བའི་སྔགས་བརྗོད་ལ་མཎྜལ་དེ་ཉིད་དཔལ་ལྡན་བླ་མ་དམ་པ་ལ་དབང་བཞི་ཡོངས་སུ་རྫོགས་པར་ཞུ་བའི་ཡོན་དུ་འབུལ་བར་མོས། ན་མོ༔ བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན༔ རིན་ཆེན་འདོད་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས༔ དཀོན་མཆོག་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ བླ་མེད་མཆོད་བཞེས་མཆོག་གི་དངོས་གྲུབ་སྩོལ༔ བདག་སོགས་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ༔ ཞེས་ཚིགས་བཅད་ལན་གསུམ་ལ་སོགས་པས་འབུལ་ཞིང་སླར་ཡང་མཎྜལ་དང་མཆོད་པའི་བཀོད་པ་གསལ་འདེབས་བསྐྱར་ནས་ཕུལ་ལ། མཐར། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས༔ བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང༔ དུས་གསུམ་རྒྱལ་བའི་དགོངས་པ་རྫོགས་པ་དང༔ སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང༔ ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག༔ ཅེས་འདོད་པའི་དོན་ལ་གསོལ་བ་གདབ། ཁྱེད་ལ་བདག་གི་ཡུལ་འཁོར་ནོར༔ རབ་ཏུ་གཅེས་དང་ཡིད་འཐད་འབུལ༔ བདོག་པ་ཐམས་ཅད་ཡོངས་བཏང་སྟེ༔ སྒྱུ་ལུས་བླ་མའི་བྲན་དུ་འབུལ༔ ཞེས་བརྗོད་དེ་མཎྜལ་ཙམ་དུ་མ་ཟད། རང་གིས་བདག་ཏུ་བཟུང་བའི་ཡུལ་འཁོར་ལོངས་སྤྱོད་ནོར་དབྱིག །བྱམས་པའི་ཕ་མ། གཅེས་པའི་བུ་ནོར། ཡིད་ལ་འཐད་པའི་གཉེན་གྲོགས་དང་བྲན་གཡོག་ཡན་ཆད་བདོག་པ་ཅི་མཆིས་པ་ཐམས་ཅད་བློས་ལིང་གིས་བཏང་སྟེ་ཆགས་ཞེན་མེད་པར་འབུལ་ཞིང་། དེར་མ་ཟད་གདོས་བཅས་སྒྱུ་ལུས་ཀྱིས་མཚོན་ནས་སྒོ་གསུམ་པོའང་ཕངས་སེམས་ཏིལ་འབྲུ་ཙམ་ཡང་མེད་པར་དཔལ་ལྡན་བླ་མའི་བྲན་གཡོག་འབངས་སུ་དབུལ་བའི་འདུན་པ་ནན་ཏན་དུ་བྱས་ཏེ། དེ་དག་ཀྱང་འཁོར་གསུམ་ཡོངས་དག་སྣང་སྲིད་གཞིར་བཞེངས་ཀྱི་ཚུལ་དུ་ལན་གསུམ་གསུམ་དུ་འབུལ་ལོ། །དེ་ལྟར་སྔོན་དུ་སོང་ནས་གསོལ་གདབ་དབང་བཞི་ལེན་པའི་ཆེད་དུ། ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པའི་དང་པོའི་སྐབས། བླ་མའི་སྤྱི་བོར་འོད་ལྔའི་གུར་ཁྱིམ་དུ་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་བཅས་གསལ་གདབ། གཉིས་པས་དེ་དང་འདྲ་བ་གསུམ་ཚུར་མཆེད་དེ། གསུམ་པས་རང་གི་སྤྱི་མགྲིན་སྙིང་ག་གསུམ་དུ་ཐིམ་པར་དམིགས། དེ་ནས། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ་གྱིས་གསོལ་བ་ཕུར་ཚུགས་སུ་གདབ། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཞེས་ལན་གསུམ་གྱིས་དང་པོས་བླ་མ་ཆོས་ཀྱི་སྐུར་གསལ་བཏབ། གཉིས་པས་བླ་མ་ཆོས་ཀྱི་སྐུར་མོས་པའི་གདུང་ཤུགས་བྱ། གསུམ་པས་བླ་མ་ཆོས་ཀྱི་སྐུའི་སྐྱབས་འོག་ཏུ་ཚུད་སྙམ་པ་བྱ། དེས་འགྲེས་ཏེ་འབྲུ་གསུམ་དང་གསོལ་འདེབས་ལན་གསུམ་གསུམ་བརྗོད་ཅིང་དམིགས་པ་སོ་སོར་གསལ་འདེབས་ལ་བླ་མ་ལོངས་སྤྱོད་རྫོགས་སྐུ་དང་། བླ་མ་སྤྲུལ་པའི་སྐུར་གསོལ་བ་འདེབས། བར་ཆད་སེལ་བ་དང་། བྱིན་གྱིས་རློབ་པ་དང་། དངོས་གྲུབ་སྩོལ་བ་དང་། ལམ་སྣ་དྲང་བའི་འདོད་གསོལ་རྣམས་ཀྱང་འབྲུ་གསུམ་དང་ཕུར་ཚུགས་གསོལ་འདེབས་ལན་གསུམ་གསུམ་སྤེལ་ནས་བྱ་བ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མས་མི་མཐུན་རྐྱེན་དང་བར་ཆད་བསལ་དུ་གསོལ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མས་མཆོག་ཐུན་མོང་གི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། བླ་མས་མཐུན་པའི་ལམ་སྣ་དབྱིངས་སུ་དྲང་དུ་གསོལ༔ ལན་གསུམ། དེ་ལ་ཐུན་གྱི་དངོས་གཞིར་བྱས་ཏེ་ཅི་འགྲུབ་ཀྱི་མཐར། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བླ་མ་ལ་གསོལ་བ་འདེབས༔ ལན་གསུམ། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ བླ་མ་རྡོ་རྗེ་སེམས་དཔའ་ཆེ༔ རེ་ཞིང་ལྟོས་པའི་གཉེན་གཅིག་པོ༔ བདག་ལ་རེ་ས་གཞན་ན་མེད༔ སྡུག་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཁྱེད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་སྐུར་བྱིན་བརླབས་ནས༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ འདྲེན་པའི་བླ་མར་བདག་གྱུར་ཅིག༔ ཅེས་རྒྱང་འབོད་དང་། མཚན་བརྒྱད་སོགས་ཀྱི་དངོས་གྲུབ་སྐུལ་བའི་ཛཔ྄་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རྒྱལ་པོ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བློ་ལྡན་མཆོག་སྲེད་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཉི་མ་འོད་ཟེར་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤཱཀྱ་སེང་གེ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སེང་གེ་སྒྲ་སྒྲོག་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བརྗོད་ལ། མཎྜལ་དབུས་ཀྱི་བླ་མ་ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ཡབ་ཀྱི་ལྟེ་བར་ཧྲཱིཿདམར་པོ། ཡུམ་གྱི་ལྟེ་བར་མ་སེར་པོ་བཅས་གསལ་གདབ། དེ་ནས་ཡབ་ཡུམ་གཉིས་སུ་མེད་པའི་སྤྱི་བོའི་ཨོཾ་ལས་ཨོཾ་དཀར་འོད་ཟེར་དང་བཅས་པ་འཕྲོས། རང་གི་སྨིན་མཚམས་སུ་ཐིམ། བུམ་པའི་དབང་ཐོབ། ལུས་ཀྱི་སྡིག་སྒྲིབ་དག །སྐུའི་དངོས་གྲུབ་ཐོབ། མགྲིན་པའི་ཨཱཿལས་ཨཱཿདམར་པོ་འོད་ཟེར་དང་བཅས་པ་འཕྲོས། རང་གི་མགྲིན་པར་ཐིམ། གསང་བའི་དབང་ཐོབ། ངག་གི་སྡིག་སྒྲིབ་དག །གསུང་གི་དངོས་གྲུབ་ཐོབ། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་འོད་ཟེར་དང་བཅས་པ་འཕྲོས། རང་གི་སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དངོས་གྲུབ་ཐོབ། དེ་ནས་ཡབ་ཀྱི་ལྟེ་བའི་ཧྲཱིཿདང་ཡུམ་གྱི་ལྟེ་བའི་མ་ལས་ཧྲཱིཿམ་འོད་ཟེར་ལྔ་ལྡན་འཕྲོས། རང་གི་ལྟེ་བར་ཐིམ། རིག་པའི་རྩལ་དབང་ཐོབ། ལུས་ངག་ཡིད་གསུམ་ཆར་གྱི་སྒྲིབ་པ་དག །དངོས་གྲུབ་ཡོངས་སུ་རྫོགས་པ་ཐོབ་པར་བསམ། མཐར་མཎྜལ་རི་གླིང་ཁོར་ཡུག་གི་བཀོད་པ་ཐམས་ཅད་འོད་དུ་ཞུ་ནས་བླ་མ་ལ་འདུས། བླ་མ་ཡབ་ཡུམ་རང་གི་སྤྱི་བོར་རྒྱང་སྟེ་ཐོན་ནས་སྦྱོར་བ་མཛད་པའི་རྐྱེན་གྱིས་བྱང་སེམས་དཀར་དམར་གྱི་རྣམ་པར་ཞུ། རང་གི་སྤྱི་བོ་ནས་མར་བབས་པས་བུམ་དབང་། མགྲིན་པར་བབས་པས་གསང་དབང་། སྙིང་གར་བབས་པས་ཤེས་རབ་ཡེ་ཤེས་དབང་། ལྟེ་བར་བབས་པས་རིག་པ་རྩལ་གྱི་དབང་ཐོབ་པར་བསམ། རང་ཡང་ཐུགས་ཀའི་ཧཱུྃ་ལ་འདུས། ཧཱུྃ་ཆོས་ཀྱི་དབྱིངས་སུ་ཡལ་བར་བསམ་ལ། བདེ་སྟོང་འཛིན་མེད་མ་བཅོས་མ་ཡེངས་པའི་ངང་ལ་ཅི་གནས་སུ་མཉམ་པར་གཞག །དེ་དག་གི་ངག་འདོན་གཞུང་ཚིག་ནི།་་་བླ་མ་ཡབ་ཡུམ་གཉིས་མེད་པའི༔ སྤྱི་གཙུག་ཨོཾ་ལ་མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་ལ་ལྟེ་བར་ཧྲཱི༔ ཡུམ་གྱི་ལྟེ་བར་མ་ཡིག་གསལ༔ དེ་ནས་ཡབ་ཡུམ་སྤྱི་གཙུག་ནས༔ ཨོཾ་དཀར་འོད་ཟེར་དང་བཅས་པ༔ བདག་གི་སྨིན་མཚམས་མཛོད་སྤུར་བབས༔ བུམ་དབང་ཐོབ་ནས་ལུས་སྒྲིབ་དག༔ སྐུ་ཡི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་མགྲིན་པ་ནས༔ ཨཱཿདམར་འོད་ཟེར་དང་བཅས་པ༔ བདག་གི་ལྕེ་ཡི་དབང་པོར་བབས༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ གསུང་གི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་ཐུགས་ཀ་ནས༔ ཧཱུྃ་མཐིང་འོད་ཟེར་དང་བཅས་པ༔ བདག་གི་སྙིང་གི་དཀྱིལ་དུ་བབས༔ ཡེ་ཤེས་དབང་ཐོབ་ཡིད་སྒྲིབ་དག༔ ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་ལྟེ་བ་ནས༔ ཧྲཱིཿམ་འོད་ཟེར་ལྔར་བཅས་པ༔ བདག་གི་ལྟེ་བའི་དཀྱིལ་དུ་བབས༔ སྒོ་གསུམ་ཐ་དད་འཛིན་སྒྲིབ་དག༔ དབྱེར་མེད་ལྷན་སྐྱེས་དབང་བཞི་ཐོབ༔ བདག་བདེ་སེམས་ཅན་ཀུན་བདེར་གྱུར༔ ཚོགས་ཞིང་གི་མཎྜལ་སྣང་སྲིད་བླ་མ་ལ་འདུས༔ བླ་མ་རང་གི་སྤྱི་གཙུག་ཏུ་བྱོན༔ ཡབ་ཡུམ་སྦྱོར་བ་མཛད་པས་བྱང་སེམས་སུ་ཞུ་ནས༔ རང་གི་སྤྱི་མགྲིན་སྙིང་ག་ལྟེ་བ་རིམ་བཞིན་གང༔ དབང་བཞི་ཡོངས་སུ་རྫོགས་པ་ཐོབ༔ རང་ཡང་སྙིང་གའི་ཧཱུྃ་ལ་བསྡུ༔ ཧཱུྃ་ཆོས་དབྱིངས་སུ་དག་པར་གྱུར༔ ཅེས་དང་། དེ་ལས་ལྡངས་པ་ན་དགེ་བ་གཞན་དོན་དུ་བསྔོ། དེ་ལྟར་ཐུན་དྲུག་གམ་བཞི་ལ་སོགས་པར་འབད་པས་བྱིན་རླབས་ཀྱི་ཆུ་བོ་འབབ། སྒྲིབ་གཉིས་ཕྱགས་མས་འདེད། དངོས་གྲུབ་ཆར་དུ་འབབ། རྟོགས་པ་བཙན་ཐབས་སུ་འཆར། དགེ་སྦྱོར་སྲོལ་དུ་ཚུད་པར་གསུངས་སོ། །སྔོན་འགྲོ་དེ་དག་གི་དགོས་ཆེད་ཁྱད་པར་བ་བདུན་དུ་གསུངས་ཤིང་། དེའང་ཐོག་མར་མི་རྟག་པ་བསྒོམ་པ་ནས། རྗེས་བསྔོ་བའི་བར་དུ་ཐད་ཀའི་སྒོམ་པ་ལག་ལེན་མ་འདྲེས་ལ། ཆོས་ཉིད་ངང་དྭངས་ཀྱི་ལྟ་བས་ཟིན་པས་ཡང་ཏི་མིང་འདས་ཀྱི་ངང་དུ་ཡོངས་སུ་རྫོགས་པར་འགྱུར་བའི་དགེ་སྦྱོར་ལ་ལས་དང་པོ་པས་སྲོལ་དུ་ཚུད་པར་འབད་ཅིང་། ཁྲིད་རྫོགས་རྟོགས་པ་ཐོབ་པའི་རྣལ་འབྱོར་པས་ཀྱང་རིག་པའི་རྩལ་སྦྱོང་ངམ་ཆོས་ཉིད་གསལ་འདེབས་སུ་དྲང་དོན་གྱི་ཆོས་སྤྱོད་ལ་བརྩོན་པ་གལ་ཆེ་སྟེ། འཁོར་འདས་ལ་རེ་དོགས་མེད་པའི་གདིང་ཐོབ་ནས་བྱ་རྒྱུ་གཞན་དོན་ལས་མེད་པའི་གནད་ཡིན་ནོ། །དེས་ན་སྔོན་འགྲོ་འདི་རྣམས་ཀྱང་ལྟ་སྤྱོད་ཟུང་དུ་འབྲེལ་པས་ཐེག་པ་འོག་མ་དང་སྒྲ་མཐུན་ཀྱང་དོན་འཕགས་ལ། སེམས་ལུང་ལས། སྔོན་འགྲོ་རྫོགས་ནས་སེམས་ཀྱི་ལུང་འདི་ཉོན། །ཅེས་པས་ཡིད་ཆེས་པར་གྲུབ་པ་ཡིན་ནོ།། །།གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ནི། བླ་མའི་རྣལ་འབྱོར་གྱི་དོན་ཁྲིད་ལ་བརྟེན་ནས་རང་རྒྱུད་བྱིན་རླབས་ཀྱིས་འདུལ་བ་ཆུ་འཁྱགས་མེས་འཇུ་བ་ལྟ་བུའི་གདམས་པ་སྟོན་པ་སྟེ། ངོ་བོ་རང་རིག་བླ་མར་འཆར་བའི་ཐབས། ངེས་ཚིག་བླ་མའི་ཐུགས་ཆོས་སྐུ་རྣལ་མ་དང་རང་རིག་དབྱེར་མེད་དུ་འབྱོར་བར་བྱེད་པ། དབྱེ་བ་གསོལ་འདེབས་རྣལ་འབྱོར་སྒྲུབ་པ་གསུམ། དཔེ་བུ་ངུས་པས་མས་མི་བཟོད་པ་ལྟར་སྤྲུལ་སྐུ་ལ་གསོལ་བ་བཏབ་པས་བརྩེ་བའི་ཐུགས་རྗེས་བཟུང་། མེས་འཁྱགས་པ་བཞུ་བ་ལྟར་ལོངས་སྐུ་བསྒྲུབས་པས་ཉོན་མོངས་བག་ཆགས་བྱང་། ཆུ་ལ་ཆུ་འཕྲད་པ་ལྟར་ཆོས་སྐུའི་རྣལ་འབྱོར་གྱིས་རང་རིག་བླ་མ་དབྱེར་མེད་དུ་ཐིམ་པའོ། །ཉམས་སུ་ལེན་པའི་ཚུལ་ལ་བཞི། བླ་མ་སྤྲུལ་སྐུར་བསྙེན། ལོངས་སྐུར་སྒྲུབ། ཆོས་སྐུར་ལས་ལ་སྦྱར་བ། རྟགས་རྫོགས་ལས་ཀྱི་ཁ་བསྒྱུར་བའོ། །དང་པོ་ནི། རང་ཉིད་དཔའ་བོ་རྟ་མགྲིན་བདག་བྱིན་རླབས་ཀྱི་སྐབས་ཇི་བཞིན་དུ་གསལ་བར་བསྐྱེད་ལ། དེའི་དབུ་གཙུག་ཏུ་དར་ཆེན་འདབ་ཁྲི་དང་པདྨ་ཉི་ཟླ་བརྩེགས་པའི་གདན་ལ། དྲིན་ཅན་རྩ་བའི་བླ་མ་སྐུ་དར་ལ་བབས་པ་གཟི་བརྗིད་དང་ལྡན་པ་རབ་བྱུང་གི་ཆས་ཅན། དབུ་ལ་པདྨའི་མཉེན་ཞུ་དང་སྐུ་ལ་ཆོས་གོས་གསོལ་བ། རང་སྣང་རིག་མ་དང་མཉམ་པར་སྦྱོར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུར་བརྟེན་ནས་འཛིན་པ་ཞིག་ཏུ་གསལ་གདབ། དེའི་དབུ་གཙུག་ཡན་ཆད་ཐམས་ཅད་ལ་པདྨ་ཉི་ཟླའི་གདན་རིགས་འགྲེ་བའི་སྟེང་དུ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་དགེ་སློང་ཆས་ལྡན་དབུ་ལ་པཎ་ཞྭ་དམར་པོ་གསོལ་བ། སྐུ་གཟི་བརྗིད་ཆེ་ཞིང་སྤྱན་ཧུར་བག་ཏུ་གཟིགས་པ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤལ་རལ་པོད་ཀྱིས་མཚན་པ་བསྣམས་པ། དེའི་དབུ་གཙུག་ཏུ་སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་སྐུ་གཟུགས་ཆེ་ཞིང་བརྗིད་ཆགས་ལང་ཚོ་དར་ཡོལ། སྔགས་དཀར་དཀྱུས་མའི་ཆས། ཕྱག་ཆོས་འཆད་མཉམ་གཞག །དེའི་དབུ་གཙུག་ཏུ་སྤང་སྟོན་པདྨ་ཚེ་དབང་སྔགས་བཙུན་རབ་བྱུང་དཀྱུས་མའི་ཆས། ལང་ཚོ་དར་བབས་ཕྱག་མཉམ་གཞག་མཛད་པ། དེའི་དབུ་གཙུག་ཏུ་ལྕགས་ཟམ་བསྟན་འཛིན་བདུན་པ་ཡེ་ཤེས་ལྷུན་གྲུབ་རབ་བྱུང་ཆས་དང་བ་འདྲེན་པ། དབུ་པཎ་ཞྭ་སྣེ་རིང་། ཕྱག་གཡས་ཆོས་འཆད་གཡོན་མཉམ་གཞག་ཚེ་བུམ་བསྣམས་པ། དེའི་དབུ་གཙུག་ཏུ་སྤང་སྟོན་ཆེན་པོ་གསང་བདག་རྡོ་རྗེ་སྔགས་དཀར་དཀྱུས་མའི་ཆས། ཕྱག་མཉམ་གཞག །དེའི་དབུ་གཙུག་ཏུ་གྲུབ་ཆེན་པདྨ་རང་ཤར་ཧེ་རུ་ཀའི་ཆས་ཅན། ཕྱག་གཡས་རྡོ་རྗེ་པུས་སྟེང་སྡིགས་ཚུལ་དང་། གཡོན་མཉམ་གཞག་སྟེང་ཀ་པཱ་ལ་བསྣམས་པ། དེའི་དབུ་གཙུག་ཏུ་ཁ་མོ་བ་རིག་འཛིན་གྲགས་པ་དབང་ཕྱུག་སྔགས་དཀར་དཀྱུས་མའི་ཆས། ཕྱག་ཕྲེང་བ་འདྲེན་ཐབས་མཛད་པ། དེའི་དབུ་གཙུག་ཏུ་སྐྱི་སྟོན་འཇམ་དབྱངས་ལེགས་བཤད་རྒྱ་མཚོ་དགེ་སློང་ཆ་ལུགས་ཤིན་ཏུ་བསྒྲེས་ཉམས་ཅན་སྐུ་ལ་ཆོས་གོས་རྣམ་གསུམ་དང་། དབུ་ལ་གང་ཞུ་གསོལ་བ། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་གླེགས་བམ་གཟུང་བ། དེའི་དབུ་གཙུག་ཏུ་བློ་མཆོག་རིག་པའི་རྡོ་རྗེ་ཆོས་གོས་རྣམ་གསུམ་དང་ཟབ་བེར་གསོལ་བ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་གཡོན་ཚེ་བུམ་འཛིན་པ་བགྲེས་ཉམས་ཅན། དེའི་དབུ་གཙུག་ཏུ་རྒྱས་སྲས་ཀརྨ་དབང་འབྱོར་རབ་བྱུང་ཆས་ཟབ་བེར་གསོལ་ཞིང་པད་ཞྭ་ཅན་ཕྱག་གཉིས་ཚེ་བུམ་འཛིན་པ། དེའི་དབུ་གཙུག་ཏུ་རིག་འཛིན་ཀརྨ་གུ་རུ་རབ་བྱུང་ཆས་པད་ཞུ་ཟབ་བེར་གསོལ་ཞིང་ཕྱག་གཉིས་མཉམ་གཞག་སྟེང་ཚེ་བུམ་འཛིན་པ། དེའི་དབུ་གཙུག་ཏུ་སྤྲུལ་སྐུ་ཆོས་ཀྱི་དབང་པོ་རབ་བྱུང་ཆས་ཟབ་བེར་དང་པད་ཞུ་གསོལ་བ། ཐུགས་ཀར་མེ་ལོང་བཏགས་ཤིང་ཕྱག་མཉམ་གཞག་མཛད་པ། དེའི་དབུ་གཙུག་ཏུ་མཚུངས་མེད་དཔལ་འབྱོར་དབང་ཕྱུག་རབ་བྱུང་ཆས་ཟབ་བེར་པད་ཞུ་ཅན། ཕྱག་མཉམ་གཞག་གླེགས་བམ་བསྣམས་པ། དེའི་དབུ་གཙུག་ཏུ་གུ་རུ་ཆོས་སྐུ་འོད་ཟེར་ཤིན་ཏུ་བགྲེས་ཉམས་ཅན་རབ་བྱུང་ཆས་དབུ་ལ་པཎ་ཞྭ་དམར་པོ་སྣེ་རིང་ལེབ་བཞག་ཅན། ཕྱག་མཉམ་གཞག་སྟེང་ཚེ་བུམ་འཛིན་པ། དེའི་དབུ་གཙུག་ཏུ་སྲས་ཡོན་ཏན་བཟང་པོ་རབ་བྱུང་དར་བབས་པད་ཞུ་གསོལ་ཞིང་ཕྱག་མཉམ་གཞག་ཅན། དེའི་དབུ་གཙུག་ཏུ་སེ་སྡིངས་པ་སངས་རྒྱས་དཔལ་རབ་བྱུང་ཆས་པད་ཞུ་དང་ཕྱག་མཉམ་གཞག་ཅན། དེའི་དབུ་གཙུག་ཏུ་གཉན་སྟོན་ཡེ་ཤེས་རྡོ་རྗེ་རབ་བྱུང་དར་བབས་པད་ཞུ་གསོལ་བ། གཡས་ས་གནོན་གཡོན་མཉམ་གཞག་མཛད་པ། དེའི་དབུ་གཙུག་ཏུ་སངས་རྒྱས་དྭགས་སྟོན་ཐམས་ཅད་མཁྱེན་པ་རབ་བྱུང་དར་བབས་པད་ཞུ་གསོལ་ཞིང་། ཕྱག་མཉམ་གཞག་སྟེང་གླེགས་བམ་བསྣམས་པ། དེའི་དབུ་གཙུག་ཏུ་རྒྱལ་སྲས་མི་བསྐྱོད་རྡོ་རྗེ། དགེ་སློང་དབུ་ཆེ་སྤྱན་ཡངས་ཅུང་ཟད་བགྲེས་ཉམས་ཅན་དབུ་ཞྭ་མེད་ཅིང་ཆོས་གོས་སྐུ་ལ་གསོལ་བ། ཕྱག་གཉིས་མཉམ་གཞག་ཚེ་བུམ་བསྣམས་པ། དེའི་དབུ་གཙུག་ཏུ་སངས་རྒྱས་མྱང་སྟོན་དབོན་པོ་དགེ་བསྙེན་སྔགས་དཀར་ཆས། དབུ་ལ་འཇག་ཞུ་དང་ཕྱག་མཉམ་གཞག་སྟེང་ནོར་བུ་འཛིན་པ། དེའི་དབུ་གཙུག་ཏུ་གུ་རུ་ཆོས་ཀྱི་དབང་ཕྱུག་དགེ་བསྙེན་སྔགས་དཀར་ཆས་དབུ་སྐྲ་ཐོར་ཅོག་ཅན་ཐུགས་ཀར་མེ་ལོང་། ཕྱག་མཉམ་གཞག་སྟེང་གཏེར་སྒྲོམ་འཛིན་པ། དེའི་དབུ་གཙུག་ཏུ་ཨོ་རྒྱན་པདྨ་འབྱུང་གནས་ཟ་ཧོར་མ་སྤྱི་འགྲེ་ལྟར། དེའི་དབུ་གཙུག་ཏུ་རིག་འཛིན་ཤྲཱི་སིཾ་ཧ་རྒྱ་གར་པཎ་ཆེན་དབུ་ལ་པཎ་ཞྭ་ཕྱག་གཉིས་རྟེན་འབྲེལ་གྱི་ཕྱག་རྒྱ་མཛད་པ། དེའི་དབུ་གཙུག་ཏུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་པོ་ཐུབ་དབང་གི་ཆ་བྱད་དང་མཚུངས་པ་ཕྱག་ས་གནོན་མཉམ་གཞག །དེའི་དབུ་གཙུག་ཏུ་ལོངས་སྐུ་རྡོ་རྗེ་སེམས་དཔའ་སྤྱི་ལྟར་བསྐྱེད། དེའི་དབུ་གཙུག་ཏུ་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཀ་རྒྱན་མེད་གཅེར་བུ་ཕྱག་མཉམ་གཞག་གི་ཕྱག་རྒྱ་མཛད་པ། མཐའ་སྐོར་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་པ་ཐམས་ཅད་སྤྲིན་གཏིབས་པ་ལྟར་བཞུགས་པ། ཐམས་ཅད་ཀྱང་འཇའ་ཟེར་འོད་ལྔ་འཁྲུགས་པའི་ཀློང་ན་བདག་ལ་ཐུགས་རྗེས་གཅིག་ཏུ་དགོངས་ཤིང་དགྱེས་པའི་སྤྱན་སྟངས་གཅིག་ཏུ་གཟིགས་པ། བྱིན་རླབས་འོད་ཟེར་འབར་བས་བདག་གི་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་ཞིང་དངོས་གྲུབ་བདུད་རྩིའི་ཆར་རྒྱུན་འབེབ་པར་བསམ་ལ། ཐོག་མར་ཚོགས་གསག་ཡན་ལག་བཅུ་པ་སྔར་བཞིན་བྱ་བའི། སྤྱན་འདྲེན་སྐབས་བསྐྱེད་པ་དང་འདྲ་བའི་རྩ་བརྒྱུད་བླ་མ་འཁོར་བཅས་མདུན་གྱི་ནམ་མཁར་བྱོན། བཞུགས་གསོལ་སྐབས་བསྐྱེད་པ་རྣམས་ལ་ཐིམ་པར་མོས་པ་ནི་ཁྱད་པར་རོ། །དེ་ནས་མ་ཧཱ་གུ་རུའི་སྔགས་དང་སྦྱར་ནས་བླ་མའི་ཀློང་དུ་གསོལ་བ་འདེབས་ཤིང་བྱིན་རླབས་བསྐུལ་བའི་འདོད་གསོལ་བཅས། ཀུན་བཟང་རྩ་བའི་བླ་མའི་བར་དུ་གསོལ་འདེབས་རེ་རེ་ལ་སྔགས་གསུམ་གསུམ་སྤེལ་ཏེ་གསུང་རྒྱུན་གྱི་དབྱངས་དང་སྦྱར་བས་ལན་གྲངས་བརྒྱ་སྟོང་ཅི་ནུས་སུ་བསྐྱར། ངག་འདོན་ནི།་་་ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཆོས་སྐུ་ཀུན་ཏུ་བཟང་པོའི་ཀློང་དུ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཐུགས་རྒྱུད་བྱིན་རླབས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ལོངས་སྐུ་རྡོ་རྗེ་སེམས་དཔའི་ཀློང་དུ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཀློང་དུ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ རིག་འཛིན་ཤྲཱི་སིཾ་ཧའི་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོ་རྒྱན་པདྨ་འབྱུང་གནས་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ གུ་རུ་ཆོས་ཀྱི་དབང་ཕྱུག་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ སངས་རྒྱས་ཉང་སྟོན་དབོན་པོའི་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ རྒྱལ་སྲས་མི་བསྐྱོད་རྡོ་རྗེའི་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ དྭགས་སྟོན་ཐམས་ཅད་མཁྱེན་པའི་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ གཉན་སྟོན་རྡོ་རྗེ་ཡེ་ཤེས་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ སེ་སྡིངས་སངས་རྒྱས་ཡབ་སྲས་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ གུ་རུ་ཆོས་སྐུ་འོད་ཟེར་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ མཚུངས་མེད་དཔལ་འབྱོར་དབང་ཕྱུག་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ སྤྲུལ་སྐུ་ཆོས་ཀྱི་དབང་པོའི་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ རིག་འཛིན་ཀརྨ་གུ་རུའི་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ གར་དབང་ཀརྨ་དབང་འབྱོར་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ མཉམ་མེད་བློ་མཆོག་རྡོ་རྗེའི་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ འཇམ་དབྱངས་ལེགས་བཤད་རྒྱ་མཚོའི་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ རིག་འཛིན་གྲགས་པ་དབང་ཕྱུག་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ གྲུབ་ཆེན་པདྨ་རང་ཤར་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ སྤང་སྟོན་གསང་བདག་རྡོ་རྗེའི་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཀུན་བཟང་པདྨ་ཚེ་དབང་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀློང་དུ་གསོལྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཐུགས་རྒྱུད་བྱིན་རླབསྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ ཨོཾ་ཨཱཿཧཱུྃ་མ་ཧཱྎ དྲིན་ཅན་རྩ་བའི་བླ་མའི་ཀློང་དུ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཐུགས་རྒྱུད་བྱིན་རླབས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ འདིའི་སྐབས་སུ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་རྒྱུན་མི་གཅད་པ་ནི་དམ་ཚིག་གོ །གཉིས་པ་ལོངས་སྐུར་སྒྲུབ་པ་ནི། དེ་ལྟར་གསོལ་བ་བཏབ་པས་བླ་མ་རྣམས་ཐུགས་ཀྱིས་མ་བཟོད་པར་དགྱེས་པ་ཆེན་པོས་ཆོས་སྐུ་ལོངས་སྐུ་ལ། ལོངས་སྐུ་སྤྲུལ་སྐུ་ལ་ཐིམ། དེ་ལྟར་རིམ་པས་གོང་མ་འོག་མ་ལ་ཐིམ་ཞིང་། མཐར་རྩ་བའི་བླ་མ་ལ་མཐའ་སྐོར་གྱི་རྩ་བ་གསུམ་པོ་རྣམས་ཀྱང་འོད་དུ་འདུས། བླ་མ་ཡབ་ཡུམ་སྦྱོར་བ་མཛད་པས་རྡོ་རྗེ་འཆང་ཆེན་གསང་འདུས་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུར་གྱུར་ནས། རང་གི་སྤྱི་གཙུག་ནས་མར་བྱོན་སྙིང་དབུས་ཉི་ཟླ་པདྨའི་གདན་ལ་སྤྱན་ཧུ་རེ་རུས་པའི་རྒྱན་ཆ་ཁྲོ་ལེར་རང་རིག་དང་དབྱེར་མེད་དུ་བཞུགས་པར་སྒོམ་ལ། མིག་འབྱེད་འཛུམ་མེད་པར་བར་སྣང་ལ་ཧ་རེར་གཞག །ངག་འདོན་ནི།་་་གསོལ་བཏབ་ཀུན་ཀྱང་བདག་ལ་ཐུགས་རྗེས་དགོངས། །དགྱེས་པས་འོད་ཞུ་ཡས་རིམ་སྤྱི་བོ་ཡི། །བླ་མ་ལ་ཐིམ་ཡབ་ཡུམ་སྦྱོར་བ་མཛད། །རྡོ་རྗེ་འཆང་ཆེན་གསང་འདུས་ཡབ་ཡུམ་གྱི། །སྐུར་གྱུར་སྙིང་གི་དབུས་བྱོན་བྱིན་བརླབས་གྱུར། །རང་བཞིན་མེད་པའི་ཤེས་པས་སྣང་བ་ཟིལ་གྱིས་མནན་ཏེ། ཧཱུྃ་རིང་པོ་དང་ཐུང་ངུ་སྤེལ་མ་ལྔ་སྦྲེལ་ཏེ་བཟླ་བ་གོང་གི་གསོལ་འདེབས་ཀྱི་ཡུན་ཙམ་བྱ། དེའི་ཚེ་ཉམས་ཀྱི་དཔའ་བསྐྱེད་ཅིང་ལྟ་སྟངས་མི་ཡེངས་པ་དམ་ཚིག་ཡིན་ནོ། །གསུམ་པ་ཆོས་སྐུར་ལས་ལ་སྦྱར་བ་ནི། ཉམས་བསྐུལ་བའི་རྗེས་སུ་སྙིང་དབུས་ཀྱི་བླ་མ་ཡབ་ཡུམ་སྦྱོར་བ་མཛད་པའི་རྗེས་ཆགས་བདེ་བ་ལས་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་སྣང་སྲིད་ཐམས་ཅད་དམར་ལམ་མེར་ཁྱབ། སྣང་སྲིད་ཐམས་ཅད་བདེ་བའི་རང་བཞིན་དུ་འོད་དུ་ཞུ་ནས་བདག་ལ་སིབ་སིབ་ཐིམ། བདག་རྟ་མགྲིན་ཡབ་ཡུམ་ཡང་བདེ་བའི་རང་བཞིན་དུ་འོད་དུ་ཞུ་ནས་སྙིང་དབུས་ཀྱི་བླ་མ་ཡབ་ཡུམ་ལ་འདུས། དེ་གཉིས་ཀྱང་བདེ་བའི་རྣམ་པར་འོད་དུ་ཞུ་ནས་ཐུགས་ཀའི་ཧཱུྃ་ལ་འདུས། ཧཱུྃ་དེ་འོད་ཀྱི་ཐིག་ལེ་སྐྱ་རིལ་ལེ་བ་གཅིག་ལ་འདུས། ཐིག་ལེ་དེ་དཀྱིལ་ནས་མཐར་སྔོ་སངས་ཀྱིས་དྭངས་འགྲོ་བ་དང་མཉམ་དུ་ཕཊ་ཅེས་བརྗོད་ལ་རིག་སྟོང་སྐྱེ་མེད་ཀྱི་ངང་དུ་མཉམ་པར་གཞག །ངག་འདོན་ནི།་་་བླ་མ་ཡབ་ཡུམ་སྦྱོར་བའི་བདེ་བའི་འོད། །སྣང་སྲིད་ཀུན་ཁྱབ་འོད་ཞུ་རང་ལ་འདུས། །བདག་ཀྱང་བདེ་བའི་ངོ་བོར་འོད་ཞུ་ནས། །བླ་མ་ལ་འདུས་དེ་ཉིད་ཧཱུྃ་ཡིག་ལ། །དེ་ཡང་འོད་ཀྱི་ཐིག་ལེ་སྔོ་སྐྱར་འདུས། །དབུས་ནས་མཐར་ཡལ་སྐྱེ་མེད་དབྱིངས་སུ་དྭངས། །ཕཊ། སླར་རྣམ་རྟོག་འཕྲོས་ན་འཕྲོ་མཁན་གང་ཤར་ལ་ཕཊ་ཅེས་བརྗོད་ལ་ཐོལ་སྐྱེས་རྦད་ཆོད་དུ་བཏང་སྟེ། རྗེས་ཤེས་ཀྱི་སྣང་བ་གང་ཤར་ཆོས་ཉིད་ཀྱི་རོལ་པར་སྦྱང་བ་ནི་དམ་ཚིག་གོ །བསྙེན་པའི་ཚད་དད་པ་བརྟན་ཅིང་ཉམས་འབར་ཐ་མལ་གྱི་བློ་སྣ་འགྱུར། རྟགས་སེམས་ཟིན་ཅིང་གཞན་གྱིས་རང་བླ་མར་མཐོང་། སྒྲུབ་པའི་ཚད་ཤེས་པ་བུན་ལོང་དུ་འགྲོ་ཞིང་བག་དྲོ་བློ་བདེ་ཉམ་ང་མེད། རྟགས་གཞན་རྒྱུད་བྱིན་གྱིས་རློབ་ནུས། ལས་སྦྱོར་གྱི་ཚད་གང་སྣང་དངོས་མེད་ཟང་ཀ་ངང་དྭངས་སུ་གྲོལ། རྟགས་འབྱུང་བཞིས་ཆོས་སྟོན་ནུས་སོ། །བཞི་པ་རྟགས་རྫོགས་ལས་ཀྱི་ཁ་སྒྱུར་བ་ནི། སྐུ་གསུམ་དྲིལ་སྒྲུབ་ལ་རྟགས་རྫོགས་པའི་རྣལ་འབྱོར་པས་ལས་ཀྱི་ཁ་བསྒྱུར་བ་ནི། བླ་མ་རང་གི་དབང་དུ་འདུ་བར་འདོད་ན་སྤྲུལ་སྐུར་བསྙེན་པའི་སྐབས་བཞིན་འབད་པས་བསྒྲུབ། གཞན་སྣང་དབང་དུ་སྡུད་ན་ལོངས་སྐུ། རྟོགས་པ་འཆར་བར་འདོད་ན་ཆོས་སྐུ། རང་རིག་བླ་མར་རྟོགས་ནས་སྣང་བ་བླ་མར་འཆར་བར་འདོད་ན་སྐུ་གསུམ་དྲིལ་སྒྲུབ་ལ་གཙོར་བྱེད། དེའང་གསོལ་འདེབས་ཀྱི་སྙིང་པོ་བཟླ་ཞིང་བསྒྲུབས་པས་རབ་ཞག་སུམ་ཅུ་ཕྲག་གཅིག །འབྲིང་ཕྲག་གསུམ། ཐ་མས་དྲུག་གིས་འགྲུབ་སྟེ། རབ་སྐྱེ་མེད་ཀ་དག་རྟོགས། ཐ་མས་སྐྱེ་བ་གང་འདོད་འགྲུབ། བླ་མ་དང་འདུ་འབྲལ་མེད་པའོ། །གཞན་ཡང་ནད་གདོན་འཇིགས་བརྒྱད་ཞི་བར་འདོད་ན་སྙིང་གར་བླ་མ་དཀར་པོ་ལས་འོད་ཟེར་དཀར་པོ་སྤྲོས་པས་ཞི་བའི་ལས་མཛད་པར་བསམ་ལ་གསོལ་བ་གདབ། དེ་བཞིན་ཚེ་བསོད་ཡེ་ཤེས་རྒྱས་པར་འདོད་ན་ལྟེ་བར་བླ་མ་སེར་པོ། འདོད་རྒུ་དབང་དུ་བྱེད་ན་མགྲིན་པར་བླ་མ་དམར་པོ། དགྲ་བགེགས་གནོད་བྱེད་ཚར་གཅོད་ན་ལག་མཐིལ་དུ་བླ་མ་ལྗང་གུ་ལས་འོད་ཟེར་མེ་མཚོན་ཐོག་གི་ཆར་པ་སྤྲོ། དབྱིངས་སུ་འཕོ་བར་འདོད་ན་བླ་མ་སྤྱི་གཙུག་ཏུ་བསྒོམས་པའི་ཐུགས་ཀར་རིག་པ་རང་གི་མིག་ནས་འཕོ། གསལ་བའི་ཏིང་ངེ་འཛིན་སྐྱེ་བར་འདོད་ན་སྨིན་མཚམས་སུ་ཐིག་ལེ་དཀར་པོའི་ནང་དུ་བླ་མ་བསྒོམ། བདེ་བར་འདོད་ན་གསང་གནས་ཐིག་ལེ་དམར་པོའི་ནང་དང་། མི་རྟོག་པ་འདོད་ན་དབུ་མའི་ནང་དུ་ཐིག་ལེ་མཐིང་ག་ལ་བླ་མ་བསྒོམས་ནས་གསོལ་བ་གདབ་སྟེ། མདོར་ན་ཡིད་བཞིན་ནོར་བུ་ལྟར་གང་ལྟར་དགོས་པ་དེ་བཞིན་དུ་གསོལ་བ་གདབ་པས་འགྲུབ་པ་ཡིན་ནོ། །དེ་ལྟར་བསྒྲུབས་པའི་དགོས་ཆེད་ནི་བྱིན་རླབས་གཞན་ལ་མི་ལྟོས། རང་བྱིན་རང་ལ་རློབ། བདུད་བཞི་རང་སར་ཐུལ། རྟོགས་པ་རང་འབར་དུ་འཆར་བར་གསུངས་སོ། །དེའང་དབང་པོ་ཡང་རབ་ཀྱི་གང་ཟག་ཁ་ཅིག་ནི། ཐུན་མོང་གི་སྔོན་འགྲོའི་སྐབས་ནས་ཉམས་མྱོང་ཤར་བ་ཁོ་ན་ཡོད་ལ། གང་ཟག་རིམ་སྐྱེས་པ་འབྲིང་ཡན་ཆད་ནི། བླ་མའི་རྣལ་འབྱོར་གྱི་སྐབས་སུ་རིག་པའི་ཡེ་ཤེས་ཤར་བ་ཁོ་ན་ཤ་སྟག་ཡོད་པས་འདི་ཉིད་ཉམས་ལེན་གྱི་གཙོ་བོར་གཟུང་བ་གལ་ཆེའོ། །སྤྱི་སྐད་བླ་མ་ལ་ཕྱི་ལྟར་གསོལ་བ་འདེབས་པ་དང་སྒྲ་མཐུན་ཀྱང་འདིར་སྐུ་གསུམ་དྲིལ་སྒྲུབ་ཀྱིས་རང་རིག་བླ་མར་རྟོགས་ཐོབ་དུས་མཉམ་པས་ཁྱད་པར་འཕགས་ལ། མཉམ་སྦྱོར་རྒྱུད་ཆེན་ལས། རྩ་བའི་བླ་མ་འདྲེན་པའི་གཙོ། །སངས་རྒྱས་སེམས་ཅན་མཉམ་པར་སྦྱོར། །ཞེས་སོགས་ལུང་གིས་གྲུབ་པ་ཡིན་ནོ།། །།གསུམ་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། འཁོར་འདས་རུ་ཤན་འབྱེད་པའི་དོན་ཁྲིད་ཀྱིས་རང་བྱུང་ཡེ་ཤེས་འཆར་བར་བྱེད་པའི་ཐབས་མེ་ལོང་གཡའ་ཕྱི་བ་ལྟ་བུའི་གདམས་ངག་སྟོན་པ་སྟེ། ངོ་བོ་ནི་རང་བྱུང་གི་སེམས། ངེས་ཚིག་འཁོར་འདས་གཉིས་འཛིན་གྱི་བག་ཆགས་དྭངས་སྙིགས་འབྱེད་པ། མིང་གི་དབྱེ་བ་འཁོར་འདས་ཤན་འབྱེད། དྭངས་སྙིགས་འབྱེད་པ། ཐབས་ཁྱད་པར་ཅན་གྱིས་རང་ངོ་རྗེན་པར་སྟོན་པ་ཞེས་བྱ། དཔེ་མེ་ལོང་གི་གཡའ་ཕྱི་བའམ་གསེར་ལ་ནག་ཚུར་བཏབ་པ་ལྟར་བག་ཆགས་ཀྱི་དྲི་མ་ཐབས་ཀྱིས་བགྲུངས་ནས། ངོ་བོ་དྲི་མེད་བློས་མ་བྱས་པ་རང་བཞིན་གྱིས་རྟོགས་པའོ། །དེ་ལ་འཁོར་འདས་གཉིས་ཀའི་གཞི་ནི། ལྷུན་གྱིས་གྲུབ་པའི་རང་བྱུང་སྤྲོས་པ་དང་བྲལ་བའི་སྟོང་ཉིད། རང་རིག་པས་གསལ་བ། གང་དུའང་འཛིན་པ་མེད་པའི་དབྱེར་མེད་དུ་གནས་པ་ལ། རང་རྩལ་འགག་མེད་འོད་དུ་གསལ་བའི་ཆ་ལ་འཛིན་པ་མ་ཞུགས་པས་སྐུ་གསུམ་མྱང་འདས་སུ་གྲོལ། ཞེན་རྟོག་འཛིན་ཆགས་སྐྱེས་པས་འཁོར་བར་འཁྱམས་ཏེ་འཁྲུལ་གྲོལ་གཉིས་སུ་སྣང་བ་དེ་ཉིད་མཁའ་ལས་བྱུང་བའི་ན་བུན་ནམ་མཁའི་ངང་དུ་དྭངས་པ་ལྟར་དབྱིངས་ཀྱི་ངང་དུ་ཤན་འབྱེད་པའོ། །རུ་ཤན་ཇི་ལྟར་དབྱེ་ན། རྒྱུད་ལས། རྡོ་རྗེ་འཆང་དང་ནམ་མཁའི་དབྱིངས། །བསྒྲིམ་ཀློད་སོར་བཞག་ཆ་ཡང་སྙོམས། །བསླབ་བྱ་དུས་མཚམས་རུ་ཤན་དབྱེ། །ཞེས་གསུངས་པའི་རྡོ་རྗེས་ལུས་ཀྱི་འདུག་སྟངས། ཨས་ངག་གི་བརྗོད་པ། ནམ་མཁའི་དབྱིངས་ཀྱིས་སེམས་ཀྱི་གནད་སྟོན་པ་སྟེ། གདན་འབོལ་ཞིང་ཁྱོན་ཡངས་པའི་སྟེང་དུ་བླ་མ་ལ་གསོལ་བ་གདབ་པ་སྔོན་དུ་འགྲོ་བས། ཉྭ་བཞི་བསྒྲིམས་ལ་རྐང་གཉིས་མཐིལ་སྤྲད། རྐེད་པ་བསྲང་། ལག་གཉིས་མགོ་བོར་མ་རེག་པར་སོར་མོ་རྣམས་བསྡམས་ཤིང་གུང་མོ་བསྒྲེང་བའི་ཕྱག་རྒྱ་སྤྱི་གཙུག་ཏུ་བཅའ་བ་ནི་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱས་ལ། ངག་ནས་ྷྶ་ཞེས་ཨའི་སྒྲ་ལྷང་གི་ཡོད་པ་ལ་ཧའི་སྒྲ་དྲག་པ་ཞིག་བརྗོད་ཅིང་བར་རླུང་གཟུང་། མིག་གི་ལྟ་སྟངས་དང་རིག་པ་ལྷན་ཅིག་བར་སྣང་སྟོང་པའི་དབྱིངས་སུ་གཏད། གཞུང་ལས་ཉིན་མོ་དེ་ལྟར་དང་། མཚན་མོ་རིག་པ་སྙིང་དབུས་སྟོང་གསལ། ནངས་ནུབ་ནང་དང་གསང་བའི་དབྱིངས་ལ་གཏད་པར་གསུང་། གང་ལྟར་འདུག་སྟངས་བཅའ་བའི་ཚེ་སྒོ་གསུམ་རླུང་དང་བཅས་པ་ཆུན་གཅིག་ཏུ་བསྒྲིམ། མི་ནུས་པ་ན་རླུང་རོ་ཧཾ་ཞེས་དབྱུང་བ་དང་ལྷན་ཅིག་སོག་ཕོན་ཐག་པ་ཆད་པ་ལྟར་སྒོ་གསུམ་དུས་གཅིག་ལ་ལྷོད་པས། རིག་པ་དྭངས་སྙིགས་ཕྱེད་ནས་གཏད་མེད་རང་བྱུང་ས་ལེ་བའི་ཉམས་ཞིག་འཆར་བ་དེ་མ་བཅོས་སོར་བཞག་ཏུ་བསྐྱང་། ཉམས་དེའང་འཆར་བདོ་བ་ལ་ྷྶ་ཞེས་བཤིགས་ལ་འདུག་སྟངས་སོགས་གོང་བཞིན་བསྐྱར། ཆ་སྙོམས་པ་ནི་སྒོ་གསུམ་དུས་གཅིག་ཏུ་སྒྲིམ་ན་སྒྲིམ་པ་དང་། ལྷོད་ན་ཀློད་པ་དང་། སོར་བཞག་ན་གཏད་མེད་དུ་སྙོམས་པར་དགོས་སོ། །རུ་ཤན་ཕྱེད་རྟགས་མ་བྱུང་བར་དུ་ཕྱེ་དགོས་པས་ཐུན་བཞི་བཞིར་བཅད་ལ་ཁམས་ཀྱིས་ལྕོགས་ཚད་བྱ་བ་གཞན་བཏང་སྟེ་སྙོམ་ལས་སྐད་ཅིག་ཀྱང་མེད་པར་བྱ། རླུང་གནོན་ཚེ་ཁུ་བུར་ཆང་སོགས་ཅུང་ཟད་བརྟེན་ཅིང་སྨྲ་བ་གཅད། རླུང་ཤས་ཆེ་ན་རླུང་དྲག་ཏུ་མི་གཟུང་། བརྩོན་འགྲུས་དྲག་པོ་མ་བྱས་ན་རིག་པ་མི་འཆུན་པས་དྭངས་སྙིགས་མི་ཕྱེད་ཅིང་ཞུད་པར་འགྱུར་རོ། །ཕྱེད་པའི་རྟགས་རང་བྱུང་འཛིན་མེད་ཀྱི་ཉམས་ཧད་དེ་ས་ལེ་ཕྲི་ལེ་བ་འབྱུང་། མིག་འབྱེད་འཛུམ་མེད་པར་ཟུང་ཐུབ། བདེ་དྲོད་སྐྱེ་ཞིང་རླུང་རྩོལ་མེད་དུ་ཟིན། ཆུ་དྭངས་པ་ལ་གཟུགས་བརྙན་ཤར་བ་ལྟར་ངོ་བོའི་མཚན་ཉིད་རྗེན་པར་འཆར་རོ། །གལ་ཏེ་བརྩོན་འགྲུས་མི་དམན་ཀྱང་རྟགས་སྤྱི་མ་བྱུང་བའམ། ཁྱད་པར་ཆོས་ཉིད་ངང་དྭངས་ཀྱི་ཉམས་ངོས་མ་ཟིན་པར་སྣང་མེད་ཧད་པོར་འབྱམས་ན། ཉིན་པར་ཨ་དཀར་པོ་ཕྲ་ཞིང་གསལ་བ་ཞིག་མདུན་དུ་བྲིས་པའམ་དམིགས་པ་ལ་མིག་དང་རིག་པ་འཛིན་མེད་དུ་གཏད། མཚན་མོ་ཨ་དཀར་ཉུངས་འབྲུ་ཙམ་སྙིང་དབུས་སུ་བསྒོམས་པ་ལ་རིག་པ་གཏད་ཅིང་ལུས་ངག་གི་གནད་གོང་ལྟར་བྱས་པས་གསལ་ལ་འཛིན་མེད་སྣང་ལ་ངོས་གཟུང་བྲལ་བའི་རྟོགས་པ་སྐྱེ་བ་ན་དེ་ཉིད་སོར་བཞག་ཏུ་བསྐྱང་ངོ་། །ཐེག་པ་གཞན་དང་ཉམས་སྐྱེ་བའི་སྒྲ་མཐུན་ཀྱང་དེ་དག་ཐབས་དམན་སྡུག་བཙིར་གྱི་ཉམས་སྐྱོན་ཅན་ཡིན་ལ། འདིར་མྱུར་ཞིང་གེགས་མེད་ལ་སྐྱོན་བྲལ་ཆོས་ཉིད་ཀྱི་ཉམས་འཆར་བས་ཁྱད་པར་དུ་འཕགས་པའོ། །དགོས་ཆེད་ཐུན་མོང་དུ་ནད་གདོན་ཞི་ཞིང་ལས་སྒྲིབ་འདག །རྩ་རླུང་གི་གེགས་སེལ། བྱིང་རྒོད་དྲེད་འཐས་ལ་སོགས་པ་ལ་འདི་ཉིད་ཐུན་བདུན་བསྒོམས་པས་སྐྱོན་ལས་གྲོལ། ཁྱད་པར་བློ་བྲལ་རང་བྱུང་ཆོས་སྐུ་རྗེན་པར་མྱུར་དུ་འཆར་བར་བྱེད་དེ། ནམ་མཁའ་ཆེ་ལས། ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །ཅེས་གསུངས་པ་ལྟར་རོ།། ༈ །།རྩ་བའི་གཉིས་པ་དངོས་གཞི་ནི། སོར་བཞག་གི་དོན་ཁྲིད་ཀྱིས་རང་བྱུང་ཡེ་ཤེས་མི་ཉམས་ཤིང་མངོན་དུ་བྱེད་པའི་ཐབས་བར་སྣང་དག་པའི་དབྱིངས་ལྟ་བུའི་གདམས་པ་སྟོན་པ་སྟེ། སོར་བཞག་གི་ངོ་བོ་ཐོལ་སྐྱེས་ཀྱི་རིག་པ་སོ་མ། ངེས་ཚིག་མ་བཅོས་སོ་མར་འཇོག་པ། དབྱེ་བ་ངང་ལ་གནས་པའི་ཐབས་སོགས་བཞིར་བཤད་ཅིང་། དཔེ་བྲམ་ཟེའི་སྐུད་པ་འཁལ་བ་ལ་རིང་དྲགས་པ། ཐུང་དྲགས་པ། ལྷོད་དྲགས་པ། སྒྲིམ་དྲགས་པའི་སྐྱོན་བཞི་སྤངས་ན་སྐུད་པ་བཟོ་བཏུབ་པ་དང་མཚུངས་པའོ། །ཉམས་སུ་ལེན་ཚུལ་དངོས་ལ་དོན་བཞི། ལུས་ཀྱི་འདུག་ཚུལ། ངག་གི་གནས་ལུགས། སེམས་ཀྱི་གཞག་ཐབས། ཐུན་གྱི་ཚད་དོ། །དང་པོ་ནི། གནས་དབེན་ཞིང་བསིལ་དྲོད་སྙོམས་པར་རླུང་དང་ཉི་ཟེར་ལ་གདོང་མི་བསྟན་ཅིང་སྨྲ་བ་བཅད་ལ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། རྒལ་ཚིགས་དྲང་པོར་བསྲང་། ལག་གཉིས་སྲིན་ལག་མཐེ་བོས་མནན་པའི་མཉམ་གཞག་བྱ། མགྲིན་པ་ཡིད་ཙམ་རྒུ། ལྕེ་རྩེ་རྐན་ལ་སྦྱར། སོ་བར་མ་རེག་ཙམ་བྱ། མིག་སྣ་རྩེ་ནས་སོར་བཞིའི་བར་སྣང་ལ་གཏད་པའི་རྣམ་སྣང་གི་ཆོས་བདུན་བཅས་པས་རང་བྱུང་གི་རྟོགས་པ་བདུན་འཆར་བས་གནད་ཟབ་ཅིང་། རང་བྱུང་ལུགས་སུ་ཚུད་ནས་འདུག་སྟངས་ཅི་བདེས་ཆོག་གོ །གཉིས་པ་ངག་གི་གནས་ལུགས་ནི། རླུང་སྣ་བུག་གཉིས་ནས་ཆ་མཉམ་པར་དལ་བར་འགྱུར་གཞུག །གསུམ་པ་སེམས་ཀྱི་གཞག་ཐབས་ནི། གོང་སྨྲོས་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ལས་ཤར་བའི་རང་བྱུང་དྲི་མེད་ཀྱི་ངང་ངམ། རུ་ཤན་འབྱེད་པའི་རྗེས་ཤེས་རང་བྱུང་རིག་པ་ས་ལེ་བའི་ཉམས་མྱོང་གི་རྒྱུན་དྲངས་ལ། རྟོག་བྲལ་སོ་མ་ཡེངས་མེད་དྭངས་སངས་ཀྱི་ངང་དུ་རྩིས་གདབ་མེད་པར་སང་ངེར་གཞག །ཧ་ཅང་གནས་ཡུན་རིང་ན་ཕཊ་བརྗོད་ལ་གཅད། གནས་ཡུན་ཐུང་ན་དྲོད་མ་རྙེད་བར་དུ་འཛིན་མེད་ཀྱི་དྲན་པས་བསྐྱང་། ཧ་ཅང་གཉེན་པོའི་རྩོལ་བས་མི་སྒྲིམ་པར་ལྷུག་པར་གཞག །ཧ་ཅང་ཕྱལ་བར་མི་བཏང་བར་ཧྲིག་གེར་གཞག །རྗེས་ཐོབ་སྤྱོད་ལམ་ཀུན་ཏུའང་དེར་འཛིན་གྱི་ཞེན་པ་མེད་པར་རང་རིག་དྲི་མེད་རྗེན་པ་ཟང་ཐལ་དུ་བསྐྱང་བར་བྱའོ། །བཞི་པ་ཐུན་གྱི་ཚད་ནི། ལས་དང་པོ་པས་ཡུན་ཐུང་ལ་གྲངས་མང་བར་བསྒོམ་སྟེ། དེའང་སྒོ་གསུམ་གྱི་གནད་དང་ལྡན་པས་བསྒོམས་པའི་རྗེས་སུ་ཀློད་ཅིང་ངལ་གསོ་བ་ཐུན་བཞི་ལ་ཉི་ཤུ་རྩ་བརྒྱད་རེ་བྱ། དེ་གོམས་ནས་སྔ་དྲོ་བཅུ་གཉིས། ཕྱི་དྲོ་བཅུ་གཉིས། སྲོད་དང་ཐོ་རངས་ལ་བཅུ་རེ་བྱ་ཞིང་། གུང་གཉིས་ལ་ཀློད་དེ་ངོ་བོ་བསྐྱང་། དེ་ལ་གོམས་ནས་ཐུན་ཆ་རིམ་གྱིས་བསྲིང་སྟེ་གྲངས་ཇེ་ཐུང་ལ་གཏང་ཞིང་དྲན་ཤེས་ཀྱི་རྒྱུན་ཇེ་རིང་བྱ། བཟང་བདོ་ཙ་ན་ཀློད་ཅིང་བསྐྱང་། དེ་དག་གི་ཚེ་འདི་ཉིད་ཀྱི་སྔོན་འགྲོ་སྐྱབས་སེམས་སོགས་ཚར་རེ་ཕྱག་ལེན་དུ་མཛད་པ་མ་གཏོགས། དེ་ལས་གཞན་པའི་བཟང་ངན་ལུང་མ་བསྟན་གྱི་བྱ་བ་ཐམས་ཅད་སྤང་ཞིང་མ་ཎི་འདྲེན་པ་ཙམ་ཡང་མི་བྱ་བར། ནམ་གུང་ཁམས་གསོ་བའི་གཉིད་ཐུན་རེ་ལས་ཁོར་ཡུག་བསྒོམ་ཞིང་འདག་སྦྱར་སོགས་མཚམས་དམ་པར་གཅད་དོ། །དེ་ལྟར་བསྒོམས་པས་སྒོ་གསུམ་ལ་ཏིང་འཛིན་གྱི་ཉམས་སྣ་ཚོགས་འཆར་བ་རྣམས་འཛིན་མེད་རང་གྲོལ་དུ་བསྐྱང་། སྒོམ་ཡུན་ཧ་ཅང་རིང་དྲགས་པ། ཐུང་དྲགས་པ། གྲིམ་དྲགས་པ། ལྷོད་དྲགས་པ་བཞི་པོ་རེ་རེ་ལ་བྱིང་རྒོད་ལ་སོགས་པའི་གོལ་ས་བཞི་བཞི་བཅུ་དྲུག་འབྱུང་བས། རིང་སྐྱོན་བྱུང་ན་བསྟུང་། ཐུང་སྐྱོན་ལ་བསྲིང་། གྲིམས་ན་ལྷོད། ཀློད་ན་བསྒྲིམ་སྟེ་དྲན་རིག་གི་ངང་དུ་གཞག །སྤྱིར་བྱིང་རྒོད་ལ་སོགས་པའི་སྐྱོན་གང་བྱུང་ཡང་ངོས་ཚིར་གྱིས་བཟུང་ལ་འཛིན་མཁན་གྱི་ངོ་བོའི་ངང་དུ་ཆམ་གྱིས་བཞག་པས། ངོས་ཟིན་མ་ཐག་ངོས་གཟུང་མེད་པར་ཆོས་ཉིད་ཀྱི་ངང་དུ་དྭངས་པས་གོལ་ས་ཐམས་ཅད་དུས་གཅིག་ལ་ཆོད་པ་སྟེ། སྐྱོན་ངོས་ཟིན་ན་མཚངས་ཡུལ་ནས་ཐོན་པ་ཞེས་གོལ་ས་རང་ལྡོག་ཏུ་འགྲོ་བ་ཡིན་ནོ། །མདོར་ན་བདུད་གེགས་གོལ་ས་ཐམས་ཅད་ཀྱི་རྩ་བ་འཛིན་ཞེན་ཡོད་མེད་ལ་ཐུག་པས་བཟང་ངན་གང་ལའང་འཛིན་མེད་མ་བཅོས་སོ་མར་འཇོག་པ་ཉིད་གནད་དུ་ཟབ་པས་འདིར་སོར་བཞག་ཅེས་ཁྲིད་ཀྱི་དངོས་དོན་ཉིད་ཡིན་ནོ། །དྲན་པས་ངོས་འཛིན་པ་ནི་གོལ་སར་མི་འགྱུར་ཏེ། དྲན་པ་ཐབས་ཡིན་པས་ཆད་ལྟ་དང་། ངོ་བོ་སྟོང་པ་ཤེས་རབ་ཡིན་པས་རྟག་ལྟ་གཅོད་དེ་དྲན་སྟོང་ངོས་གཟུང་མེད་པ་ཉིད་ཆོས་ཉིད་ཀྱི་གནས་ལུགས་སོ། །མ་ཚོར་གཉེན་པོས་སྟོང་པ་བཙོན་འཛིན་མི་རྟོག་འཐོམ་པོར་གོལ་སྲིད་པས་རུ་ཤན་རྗེས་ཐོག་གི་ཆོས་ཉིད་ངང་དྭངས་ཀྱི་དྲན་པའི་རྒྱུན་བསྐྱང་། ཉམས་རྙེད་ནས་འཐས་པ་བསལ་ཏེ་ཡུལ་སྣང་གི་སྟེང་དུ་དྲན་པའི་མདངས་མ་ཤོར་བར་རྩལ་ཕྱོགས་མེད་དུ་སྦྱང་ངོ་། །ཐེག་པ་གཞན་གྱིས་རང་རང་ཞེ་འདོད་ཀྱི་ལྟ་བའི་གོ་བ་ལ་སོར་བཞག་ཏུ་འདོད་ཅིང་། འདིར་ལྟ་བ་ངོ་མ་སྤྲད་པའི་སྔོན་རོལ་ནས་སྒོམ་པ་ཆེད་འཛིན་གྱི་བློ་དང་བྲལ་བར་རང་བྱུང་རང་དྭངས་ཉིད་སོར་བཞག་པའི་ཐབས་སུ་བསྟན་པས་སྒྲ་མཐུན་ཀྱང་དོན་འཕགས་སོ། །སོར་བཞག་པའི་དགོས་ཆེད་བག་ཆགས་ཀྱི་རྒྱུན་ཆད། རང་བྱུང་རང་དྭངས་རྒྱུན་འབྱམས་ཀྱི་ཏིང་འཛིན་ཐོབ་ནས་ཆོས་སྐུའི་གདན་ས་ཟིན། སེམས་ཅན་དང་སངས་རྒྱས་མཉམ་སྦྱོར་དུ་གྲོལ་བར་འགྱུར་རོ། །ལུང་ལས། ཟིན་པས་རྩོལ་བའི་གནད་སྤངས་ཏེ། །ལྷན་གྱིས་གནས་པས་བཞག་པ་ཡིན། །ཞེས་སོགས་ཡིད་ཆེས་པའི་ལུང་མང་ངོ་། །སྐབས་འདིར་བླ་མ་གསང་བ་འདུས་པའི་དབང་ཆེན་བསྐུར་ཏེ་ངོ་སྤྲོད་ལ་འཇུག་གོ། །། ༈ གསུམ་པ་རྗེས་ཀྱི་ཁྲིད་ལ་གསུམ། ངོ་སྤྲད་པ། རྩལ་སྦྱོང་བ། མཐར་ཕྱིན་པར་བྱ་བའོ། །དང་པོ་ནི། ངོ་སྤྲོད་པའི་དོན་ཁྲིད་ཀྱིས་གཅིག་ཤེས་ཀུན་གྲོལ་དུ་གདིང་ཐོབ་པ་ཕྱི་རྐུན་དང་ནང་བྱན་འཛོམ་པས་ཡིད་བཞིན་གྱི་ནོར་བུ་ཐོབ་ནས་སྤྲོ་བ་སྐྱེད་པ་ལྟ་བུའི་གདམས་ངག་སྟོན་པ་སྟེ། ངོ་བོ་རྩ་བྲལ་བྱང་ཆུབ་ཀྱི་སེམས་ཡེ་སངས་རྒྱས་པའོ། །ངེས་ཚིག་སངས་རྒྱས་རང་རྒྱུད་ལ་གནས་པ་དེ་ཉིད་སྙན་བརྒྱུད་ཀྱི་ཚིག་གིས་ངོ་སྤྲད་པ། དབྱེ་བ་ལྟ་བའམ། བཏགས་གྲོལ་ལམ། ངོ་སྤྲད་པ་ཞེས་བྱ། དཔེ་ཨོ་རྒྱན་གྱི་རྒྱལ་པོ་འོད་ལྡན་གྱི་ནོར་བུ་རིན་པོ་ཆེ་ཕྱི་རྐུན་པས་བརྐུས་ཀྱང་མ་ཐོབ་པ་ལ། རྐུན་ཆེན་བློ་གྲོས་ཅན་གྱི་བུ་སྨྲ་མཁས་བྱ་བས་ནོར་བུ་གཉེར་བྱེད་པའི་ནང་བློན་དང་གྲོགས་པོ་བྱས་ནས་དེས་ནང་བྱན་པ་བྱས་ཏེ་ནོར་བུ་ཐོབ། བློན་པོ་དང་གཉིས་ཀས་ཡུལ་གཞན་གསར་པ་བཟུང་ཙ་ན། རྐུན་པོ་ཤི་ནས་ནང་བྱན་པ་ནོར་བུའི་བདག་པོར་གྱུར་ཏེ་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་པ་བཞིན། གཏོང་ཐུན་གྱིས་དོན་གྱི་སྤྱི་ཁོག་ཕུབ། སྔོན་འགྲོ་གསུམ་གྱིས་སྒྲོམ་དུ་གཞུག་པ་ནི་ནང་བྱན་པ་དང་མཚུངས་ལ། སྙན་བརྒྱུད་ཟབ་མོའི་ཕྱི་རྐུན་སྨྲ་མཁས་པས་དོན་ཡིད་བཞིན་ནོར་བུ་རང་དབང་དུ་ཐོབ་པའོ། །གདམས་ངག་དངོས་ལ་གསུམ། སྲིད་རྩའི་བདག་བརྟགས་ཏེ་ཡེ་ཤེས་རང་ངོ་སྤྲད་པ། དེ་ཉིད་རྒྱུད་ལ་སྦྱོར་བའི་ཐབས། འབྲས་བུ་རང་རྫོགས་སུ་ལ་བཟླ་བའོ། །དང་པོ་ལ་གཉིས། བདག་བརྟགས་སམ་མཁན་པོ་རྩད་གཅད་པ་དང་། དཔེ་རྟགས་དོན་གྱི་ངོ་སྤྲད་པའོ། །དང་པོ་ནི། སྣང་སྲིད་འཁོར་འདས་ཐམས་ཅད་ལ༔ སེམས་མ་གཏོགས་པའི་ཆོས་གཞན་མེད༔ ཅེས་གསུངས་པས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ངའམ་བདག་ཏུ་བརྟགས་པའི་སེམས་འདི་ཉིད་རྒྱུ་ཅི་ལས་བྱུང་། རྐྱེན་ཅིས་བྱས། ངའི་སེམས་ཞེས་མིང་འདོགས་མཁན་སུ། སེམས་དེ་ཉིད་གནས་པའི་ཡུལ། ལུས་ཀྱི་ཕྱི་ནང་མགོ་ཡན་ལག་དོན་སྙིང་ནང་ཁྲོལ་སོགས་གང་ལ་གནས། གནས་ན་ངོ་བོ་གཅིག་གམ་ཐ་དད་དུ་འདུག །དབྱིབས་ཟླུམ་པོའམ་གྲུ་གསུམ་ལ་སོགས་པ་ཅི་འདྲ་འདུག །ཁ་དོག་དཀར་སེར་དམར་སྔོ་སོགས་གང་ལྟར་འདུག །དང་པོ་གང་ནས་བྱུང་། མཐར་གང་དུ་འགྲོ། སྐྱེས་ན་སྐྱེ་བའི་ཡུལ་དང་། འགགས་ན་འགག་པའི་གནས་སོགས་ཞིབ་ཏུ་བརྟགས་ལ། འཚོལ་བྱའི་སེམས་ལ་ཕར་དཔྱད། འཚོལ་མཁན་གྱི་ཤེས་པ་ལ་ཚུར་བརྟགས། བཙལ་པའི་རྗེས་ཀྱི་སེམས་སམ་ཤེས་པ་དེ་ཅི་འདྲ་འདུག །དེ་བཞིན་དུ་རྣམ་ཤེས་ཚོགས་དྲུག་གི་ཡུལ། མིག་གི་ཡུལ་དུ་གཟུགས་མཛེས་མི་མཛེས། རྣ་བའི་སྒྲ། སྣའི་དྲི། ལྕེའི་རོ། ལུས་ཀྱི་རེག་བྱ། ཡིད་ཀྱི་ཡུལ་དུ་འགྱུ་དྲན་བྱེད་མཁན་སོགས་གང་འདྲ་འདུག་ལེགས་པར་མཐར་མ་ཕྱིན་གྱི་བར་དུ་འཚོལ། དེ་ལྟར་བཙལ་པས། སེམས་ལ་དང་པོ་བྱུང་ས་མེད་པས་ངོ་བོ་སྟོང་པ། བར་དུ་གནས་ས་མེད་པས་གཞི་ཅིའི་ངོ་བོར་ཡང་མ་གྲུབ་པ། ཐ་མ་འགྲོ་ས་མེད་པས་འདིའོ་ཞེས་བརྗོད་པར་མི་ནུས་ཤིང་བྱུང་གནས་འགྲོ་གསུམ་མམ། སྐྱེ་འགག་གནས་གསུམ་དང་བྲལ་པ་སྟེ། མདོར་ན་སེམས་ཁོ་རང་བཙལ་བས་མི་རྙེད་པས་སྟོང་པ། སྟོང་ངོ་སྙམ་ཙ་ན། རིག་རིག་ཁྱུག་ཁྱུག །ཝལ་ཝལ་ཙམ་ལས། ཁ་དོག་དང་དབྱིབས་སོགས་ཁ་ནས་བརྗོད་མི་བཏུབ་པ། སླར་ཡང་བཙལ་བས་འཚོལ་རྒྱུའི་སེམས་དང་འཚོལ་མཁན་གྱི་སེམས་སོགས་གང་ཡང་མེད་པར་ཐམས་ཅད་སྟོང་ཆམ་མེ་བ། སྟོང་བསམ་ཙ་ན་ཧྲིག་གེ་འགྱུ་བ་ཞིག་བྱུང་ཚེ་སེམས་ཀྱི་གནད་གསང་རིག་པ་ཡིན་པས་དེ་ཉིད་མཐར་མ་ཕྱིན་གྱི་བར་དུ་རྩད་གཅད། དེ་ལྟར་ན་བདག་གམ་སེམས་ལ་ངོས་གཟུང་རྡུལ་ཙམ་མེད་ཅིང་གཞི་མེད་རྩ་བ་དང་བྲལ་བས་ཡེ་གདོད་མ་འཁྲུལ་རྒྱུ་མེད་པས་འཁྲུལ་མ་མྱོང་བའི་ཤེས་པ་རང་བྱུང་དེ་ཉིད་རང་བྱུང་ཡེ་ཤེས་ཞེས་བྱ། སེམས་ཀྱི་ངོ་བོ་གཅིག་ཤེས་པས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནད་མཚངས་ཤེས་ཏེ་རྒྱ་མཚོ་ལ་དར་ཞིག་པ་བཞིན་མཉམ་པ་ཉིད་དུ་གྲོལ་བས་གཅིག་ཤེས་ཀུན་གྲོལ་ཞེས་བྱ། རྟག་ཆད་འགྲོ་འོང་སྐྱེ་འགག་ཡོད་མེད་ཡིན་མིན་ལ་སོགས་པ་གང་གི་ངོ་བོར་ཡང་མ་གྲུབ་པས་མཐའ་ཐམས་ཅད་ལས་གྲོལ་བའི་ཕྱིར་མཐའ་བྲལ་ཀློང་ཡངས་ཆེན་པོ་ཞེས་བྱ། ཉི་མའི་སྙིང་པོ་བསྐལ་པར་མུན་གླིང་དུ་བཅུག་པ་དང་གཟའ་སྐར་བྱེ་བས་བསྐོར་བ་ལ་འོད་ཟེར་འཕེལ་འགྲིབ་མེད་པ་ལྟར། རང་རིག་གཞི་མེད་རྩ་བྲལ་དུ་རྟོགས་པ་ལ་བསྐལ་པར་མི་དགེ་བ་སྤྱད་པ་དང་ཐོས་སྒོམ་ལ་འབད་པ་གཉིས་ཕན་གནོད་འཆིང་གྲོལ་མེད་པར་མཚུངས་པས་གཞི་མེད་ཡོངས་གྲོལ་ཞེས་བྱ་བ་ཡིན་ནོ། །གཉིས་པ་དཔེ་རྟགས་དོན་གྱི་ངོ་སྤྲད་པ་ནི། དེ་ལྟར་བདག་བརྟགས་རྩད་ཆོད་པ་དང་དཔེ་དང་རྟགས་ཀྱིས་མཚོན་ནས་དོན་ངོ་སྤྲད་པ་སྟེ། རྡོ་རྗེ་སེམས་དཔའི་མེ་ལོང་ནམ་མཁའ་དྭངས་པའི་ཉི་ཟེར་ལ་ཕྱར་བ་ནི་དཔེ༵། ལུས་གནད་བཅས་ཏེ་མིག་ནམ་མཁའ་དྭངས་པ་ལ་གཏད་པས་ཀ་དག་དང་ལྷུན་གྲུབ་ཀྱི་སྣང་བ་འཆར་བ་ནི་རྟགས༵། སྟོང་གསལ་ངང་དྭངས་མ་འདྲེས་ཡོངས་རྫོགས་ཟང་ཐལ་འགྱུ་བ་འཛིན་མེད་བརྗོད་མེད་རང་གྲོལ་ཞེས་པའི་ཚིག་གིས་མཚོན་པ་ནི་དོ༵ན་ངོ་སྤྲོད་པའོ། །དེའང་དཔེ་མན་ཤེལ་གྱི་ངོ་བོ་བརྟགས་ན་གང་དུའང་མ་གྲུབ་པར་སྟོང་པ་བཞིན་དུ་དོན་རང་སེམས་གཞི་མེད་རྩ་བྲལ་གདོད་ནས་ངོ་བོ་སྟོང་པ་དང་གཅིག །མན་ཤེལ་ཉིད་མ་བྱས་པར་རང་བྱུང་ལ་རང་འོད་གཏིང་ན་གསལ་བ་བཞིན་དུ། རིག་པ་མ་བྱས་པར་རང་བྱུང་ལ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གསལ་བ་དང་གཉིས། ཤེལ་ལ་དབྱིབས་ཁ་དོག་གི་རྣམ་པ་ཀུན་དང་ལྡན་ཀྱང་གཞན་ཆོས་ཀྱིས་མ་གོས་པར་ངང་དྭངས་པ་བཞིན་དུ། རང་རིག་ལ་འཁོར་འདས་ཆོས་ཀྱི་རྣམ་པ་ཀུན་དང་ལྡན་ཀྱང་སྐྱོན་ཡོན་གྱིས་མ་གོས་ལ་ངང་དྭངས་པ་དང་གསུམ། ཤེལ་འོད་ནང་གསལ་རྐྱེན་དང་འཕྲད་པས་འཇའ་ཟེར་ཕྱིར་གསལ་དུ་ཤར་བའི་ཚེ་སྔ་ཕྱིར་མ་འདྲེས་པ་ལྟར། ཆོས་སྐུའི་རང་རྩལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་མ་འདྲེས་པར་ཤར་བའམ། དངོས་སྣང་གདོས་བཅས་འཁོར་བའི་ཆོས་ལས་སྣང་མེད་མྱང་འདས་ཀྱི་ཆོས་རང་རིག་གཅིག་གི་ཀློང་དུ་སྔ་ཕྱིར་མ་འདྲེས་པར་གསལ་བ་དང་བཞི། འོད་ནང་གསལ་ཕྱིར་གསལ་ཐམས་ཅད་མེ་ལོང་གཅིག་གི་ངང་དུ་རྫོགས་པ་ལྟར་སྣང་རིག་སྟོང་གསུམ་པོའང་རང་རིག་གཅིག་པུའི་ཀློང་དུ་ཡོངས་སུ་རྫོགས་པ་དང་ལྔ། ཤེལ་འོད་ཕྱི་ནང་སྒྲིབ་མེད་ཟང་ཐལ་དུ་གསལ་བ་ལྟར་ཆོས་ཉིད་ངང་དྭངས་ཀྱི་རྩལ་འགྱུ་བ་རྗེས་མེད་ཕྱི་ནང་ངོས་གཟུང་མེད་པར་ཟང་ཐལ་བ་དང་དྲུག །ཤེལ་འོད་ཕྲམ་ཕྲམ་འཕྲོ་ཡང་རང་ཡལ་བ་ལྟར་འགྱུ་བ་མ་འགགས་པར་འཆར་ཡང་རང་བཞིན་གྱིས་སྟོང་པ་དང་བདུན། ཤེལ་ལ་ཡུལ་འཛིན་མེད་པས་ཡུལ་སྣང་དགག་བྱར་མེད་པ་བཞིན་རྟོག་བྲལ་ཆོས་ཉིད་ཀྱི་རིག་པ་རྗེན་པ་ལ་གང་སྣང་རང་བྱུང་ཡེ་ཤེས་ཡིན་པས་སྣང་ལ་དེར་འཛིན་མེད་པ་དང་བརྒྱད། མེ་ལོང་ཉིད་དྲན་བསམ་སྨྲ་བརྗོད་དང་བྲལ་ཡང་སྣང་བ་མ་འགགས་པ་ལྟར་ཆོས་ཉིད་རང་དྭངས་ཀྱི་ངོ་བོ་འདི་ཞེས་སྨྲ་བསམ་བརྗོད་དུ་མེད་ཀྱང་གཞི་མ་འགགས་པ་དང་དགུ། ཤེལ་གྱི་ངོ་བོ་ལ་སྣང་མི་སྣང་གི་ཁྱད་པར་མེད་པ་བཞིན་དུ་ཡུལ་དང་ཡུལ་ཅན་དུ་རིག་བྱ་རིག་བྱེད་མེད་ཅིང་ཡེ་ཤེས་ཉིད་ཀྱང་རང་སར་གྲོལ་བས་མཉམ་ཉིད་དུ་རང་རིག་ཅིང་བཅིངས་གྲོལ་ལས་འདས་པ་དང་བཅུ་ཡིས་བརྡ་དོན་མཚོན་པར་སྤྲད་པའོ། །གཉིས་པ་དེ་ཉིད་རྒྱུད་ལ་སྦྱོར་བའི་ཐབས་ལ་བཞི། དང་པོ་གོམས་འདྲིས་ཇི་ལྟར་བྱ་བ་ནི། དེ་ལྟར་བརྟགས་ནས་ངོ་སྤྲད་པའི་དོན་རང་བྱུང་གཞི་མེད་རྩ་བྲལ་རང་དྭངས་བརྗོད་མེད་ས་ལེ་བའི་ངང་ལ་ཡེངས་མེད་སྒོམ་མེད་དུ་མ་བཅོས་སོ་མར་ཙེན་གྱིས་གཞག །འཇིམ་པའི་མི་གཟུགས་ལྟར་སྒོ་གསུམ་གཏད་མེད་ལྷུག་པར་གཞག །ངང་དྭངས་འཛིན་མེད་ཀྱི་ཉམས་སྐྱེས་པ་དང་དེ་ལ་ཞེན་པའང་བཤིགས་ཏེ་ཆེར་ལྟ་ཆིག་གཞག་བྱས་ལ། བྱིང་རྨུགས་བྱུང་ན་ཕཊ་ཀྱིས་བསལ་ལོ། །གཉིས་པ་སྤྱོད་པས་གོལ་ས་གཅད་པ་ནི། ཏིང་འཛིན་དེའི་ངང་ལས་མཉམ་རྗེས་དང་། སྤྱོད་ལམ་ཅི་ལྟར་བྱེད་ཀྱང་རྟོག་པའི་རང་ངོ་ལ་བརྟག་ཅིང་སྤྱོད་པ་སྟེ། བྱིང་རྒོད་འགྲོ་འདུག་ཡེངས་འཁྲུལ་དགའ་སྡུག་རེ་དོགས་ཞེན་ཆགས་སྐྱོ་འགྱོད་རློམ་སེམས་སོགས་མདོར་ན་བཟང་ངན་གྱི་རྟོག་པ་གང་སྐྱེས་ཀྱང་། ད་ལྟར་གྱི་ཤེས་པ་ཁོ་རང་གིས་ཁོ་རང་ལ་བརྟགས་པས་རྩ་བྲལ་རང་བྱུང་གི་ཡེ་ཤེས་སུ་གྲོལ་ནས་སྣང་བ་རང་བཞིན་མེད་པར་ཆོས་སྐུར་འཆར་ཞིང་གོལ་ས་ཤུགས་ལ་ཆོད། རང་རིག་ཆོས་ཉིད་རྩོལ་བྲལ་དུ་རྟོགས། ཕྱིན་ཆད་སྒོ་གསུམ་གྱིས་ཆེད་དུ་བྱ་བའི་རྩོལ་བ་གང་ཡང་མེད་དེ་ཅི་བྱས་ཆོས་ཉིད་ཀྱི་ཡོ་ལང་ཡིན་ནོ། །གསུམ་པ་ཐུན་མཚམས་ཀྱི་རྟོག་པ་དགྲོལ་བ་ནི། སྔོན་འགྲོའི་སྐབས་སུ་བློ་དམན་རྩལ་སྦྱོང་གི་ཆེད་དུ་ཐུན་དང་ཐུན་མཚམས་བསྟན་ཀྱང་། དོན་རང་བྱུང་གི་ཡེ་ཤེས་ལ་ཐུན་སྒོམ་གྱིས་ཕན་གནོད་མེད་པ་ནི། ཉི་མ་ཤར་བ་ལ་སྒྲོན་མེ་བཏེགས་པ་དང་མ་བཏེག་པ་ཁྱད་པར་མེད་པ་བཞིན། ཆོས་ཉིད་ངང་དྭངས་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་དོན་རྟོགས་ནས། རང་བྱུང་ཡེ་ཤེས་རྒྱུན་ཆད་མེད་པས་རྒྱུན་གྱི་ཐུན་སྒོམ་ཆེན་པོ་བར་མེད་དུ་རྟོགས་པར་བྱའོ། །བཞི་པ་དོན་རྒྱུད་ལ་ཁེལ་བའི་རྟགས་ནི། སྤྱིར་རེ་དོགས་ཐེ་ཚོམ་ཞེན་འཛིན་གྱི་རྟོག་པ་ལས་གྲོལ་ཞིང་རང་དོན་གྱི་འཁྲི་བ་མེད་པར་གཞན་དོན་ཆོས་སྤྱོད་ལ་བརྩོན། བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད། སྙིང་རྗེ་ཤུགས་ལས་འབྱུང་། རྐྱེན་ངན་ལམ་དུ་སློང་། ཁྱད་པར་སྤྲོས་པ་ནང་དུ་ཆོད། ཚོགས་དྲུག་རང་སར་གྲོལ། མངོན་ཤེས་ཤུགས་ལ་འཆར། བསྒོམས་པ་དང་མ་བསྒོམ་པ་ཁྱད་པར་མེད། མདོར་ན་འཁྲུལ་པ་ཀ་དག་གི་ངང་དུ་ཟད་པའོ། །གསུམ་པ་འབྲས་བུ་རང་རྫོགས་སུ་ལ་བཟླ་བ་ནི། དེ་ལྟར་རྟོགས་པའི་ཚེ་བདག་གཞན་གཉིས་ཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་གནས་བྲལ་དབྱེར་མེད་རང་བྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་གཞི་མེད་ཡེ་རྫོགས་སུ་རང་བཞིན་གྱིས་གནས་པ་ལ། སྐུ་ལྔ་ཡེ་ཤེས་ལྔ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡེ་ནས་ཡིན་པའི་དོན་དེ་ཉིད་རྟོགས་ཤིང་མངོན་དུ་གྱུར་པས། འཁོར་འདས་ལམ་གསུམ་གྱི་སྣང་བ་སོ་མ་ཉམས་པར་ཆོས་ཉིད་ཟང་ཐལ་དུ་རྟོགས་པས་རང་གྲོལ་ཏེ་ཐག་གཅིག་ཐོག་ཏུ་ཆོད་པའོ། །དེའང་གོ་བདེ་བའི་སླད་ཐད་ཀའི་ངོ་སྤྲོད་དང་སྦྱར་ན། རང་གི་སེམས་ཁ་དོག་དང་དངོས་པོ་དང་གཞི་ཅིའི་ངོ་བོར་ཡང་མ་གྲུབ་པ་ཁོ་རང་ལ་གཅེར་གྱིས་བལྟས་པས་ངོ་བོ་སྟོང་ཞིང་བདག་མེད་དུ་ཤར་བ་དེ་ནི་ཆོས་ཀྱི་སྐུའོ། །སྟོང་པ་དེའི་རང་མདངས་ས་ལེ་ཧྲིག་གེ་བའམ་བདེ་གསལ་མི་རྟོག་པ་སོགས་རང་བཞིན་གྱི་གསལ་ཆ་མ་འགགས་པར་ཤར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལས་རྟོག་པའི་རང་རྩལ་སྣ་ཚོགས་སུ་ཤར་ཡང་ཆུ་དང་ཆུ་སྦུར་བཞིན་རང་ཤར་རང་གྲོལ་དུ་འགྱུར་བ་ནི་སྤྲུལ་པའི་སྐུའོ། །དེ་དག་ཐམས་ཅད་ཀྱང་རྣམ་པ་ཇི་ཙམ་ཤར་ཀྱང་ངོ་བོ་འགྱུར་བ་མེད་པ་དེ་ནི་རྡོ་རྗེ་ལྟ་བུའི་སྐུའོ། །དེ་ལྟར་རྣམ་གྲངས་སྐུ་བཞིར་ཕྱེ་ཡང་། ངོ་བོ་གཅིག་ཏུ་ལྷུན་གྱིས་གྲུབ། དེའི་རང་མདངས་སྐུ་གསུམ་དུ་ཤར། དབྱེར་མེད་གབ་སྦས་མེད་པར་བྱང་ཆུབ་པས་མངོན་པར་བྱང་ཆུབ་པའི་སྐུའོ། །དེ་བཞིན་དུ་ཡེ་ཤེས་ལྔའང་རང་རིག་ལས་གུད་ན་མེད་དོ། །དེ་ཉིད་ཕྱོགས་རིས་ཀྱི་སྤྲོས་པ་ལས་རང་གྲོལ་ཞིང་ཆོས་ཉིད་ངང་དྭངས་སུ་དབྱེར་མེད་པས་ཆོས་དབྱིངས་ཡེ་ཤེས། ཆོས་ཐམས་ཅད་རང་རིག་རང་གསལ་མི་རྟོག་པ་མེ་ལོང་ལྟ་བུ། གསལ་སྟོང་ངོ་བོ་དབྱེར་མེད་པས་མཉམ་པ་ཉིད། ཆོས་ཐམས་ཅད་མ་འདྲེས་པར་ཡོངས་སུ་རྫོགས་པས་སོར་རྟོག་ཡེ་ཤེས། བྱ་བྱེད་ཡེ་རྫོགས་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས་སུ་ལ་བཟླའོ། །རང་ངོ་སྤྲད་པའི་དགོས་ཆེད་ནི། ངོ་རང་ཐོག་ཏུ་འཕྲོད་པས་ལམ་གྱི་འབད་རྩོལ་ལས་གྲོལ། བྱ་བ་གྲུབ་ཟིན་དུ་རྟོགས་པས་སྐད་ཅིག་གིས་སངས་རྒྱས་ཀྱི་ས་ལ་མཉམ་པར་སྦྱོར། འཁོར་འདས་སོ་མ་ཉམས་པར་ཆོས་ཉིད་དུ་གྲོལ་བས་གདིང་གྲོལ་ཐོག་ཏུ་ཆོས་ཏེ་ཕྱིར་མི་ལྡོག་པའོ། །གཞན་དག་ཚིག་གི་གོ་ཡུལ་ལ་ངོ་སྤྲད་པས་ལྟ་སྒོམ་ཤི་ལོག་བྱེད་པ་མང་ཞིང་། འདིར་ཕྱི་རྐུན་ནང་བྱན་སྤྲད་པས་མཆོག་འཛིན་དང་གོ་ཤེས་དངོས་མེད་ཟང་ཀར་གྲོལ་བས་སྒྲ་མཐུན་ཀྱང་དོན་འཕགས་སོ། །མཉམ་སྦྱོར་གསང་རྒྱུད་ལས། ཡེ་ནས་མ་འདྲེས་ཡོངས་རྫོགས་དོན། །གཅིག་ཤེས་རིག་པས་མཉམ་སྦྱོར་གསང་། །དེ་ཡིན་སྒོམ་མེད་ཡེ་སངས་རྒྱས། །ཞེས་སོགས་ཡིད་ཆེས་པའི་ལུང་མདོ་རྒྱུད་ཀུན་ནས་མཐའ་ཡས་པ་འབྱུང་ངོ་།། །།གཉིས་པ་རྩལ་སྦྱོང་བ་ནི། རིག་པའི་རྩལ་སྦྱོང་དོན་ཁྲིད་ཀྱིས་བོགས་འབྱིན་པ་གྱད་ཕྲུག་རྩལ་སྦྱོང་བ་ལྟ་བུའི་གདམས་ངག་སྟོན་པ་སྟེ། ངོ་བོ་རང་བྱུང་གི་རིག་རྩལ་འགག་མེད། ངེས་ཚིག་སྐྱེ་མེད་ཀྱི་རིག་རྩལ་འགག་མེད་དུ་འཆར་བ་ཉིད་འཛིན་མེད་དུ་སྦྱོང་བ། དབྱེ་བ་རོལ་པ་དང་རྩལ་དང་རྒྱུ་འགྲུལ་ཁ་བསྒྱུར་ལ་སོགས་པ། དཔེ་གྱད་ཕྲུག་ལ་རྩལ་གྱི་རྒྱུ་ཡོད་ཀྱང་མ་སྦྱང་ན་སྣ་བསྒྱུར་མི་ཤེས་ལ། སྦྱངས་པས་འཕྲུལ་ཕྱོགས་མེད་དུ་འབྱོངས་ཏེ་དགྲ་ཐུལ་བ་བཞིན། རང་བྱུང་གི་སྟོབས་རྫོགས་ཀྱང་སྣ་ཚོགས་འཛིན་གྲོལ་རྩལ་མ་སྦྱང་ན་དྲན་རྟོག་ལམ་དུ་མི་བསླང་ལ། རྩལ་སྦྱངས་པས་གང་ཤར་ལམ་དུ་ལོངས་ཏེ་ལྟ་བ་ཡན་ཐུབ། སྒོམ་པ་ཡེངས་ཐུབ། སྤྱོད་པ་རྐྱེན་ཐུབ་ཏུ་འགྱུར་བའོ། །དེ་ལ་ཆོས་ཉིད་སྐྱེ་མེད་ཀྱི་རྩལ་རོལ་པ་འགག་མེད་དུ་འཆར་བ་ལ་རང་ངོ་མ་ཤེས་ཏེ་གཉིས་འཛིན་རྒྱུན་མཐུད་ནས་འཁོར་བར་ཉིང་མཚམས་སྦྱོར་བ་དེ་ཉིད། རང་བྱུང་རང་རྩལ་དུ་ཤེས་ནས་རང་གྲོལ་ཆོས་ཉིད་དུ་དབང་ཐོབ་པར་བྱེད་པའི་ཕྱིར། སྐབས་འདིར་ཟླུམ་པོ་བཞི་དབང་གིས་ཐོག་དྲངས་ཏེ་ཡང་ཏིའི་རིག་པའི་རྩལ་དབང་བསྡུས་པ་དང་། ཡང་ཏི་དང་སྤྱི་ཏི་ཐུན་མོང་བའི་རྩལ་དབང་རྒྱས་པར་བསྐུར་པས་འཁྲུལ་པའི་རྒྱུན་ཆད་ནས་རིག་རྩལ་ལ་རང་དབང་ཐོབ་པར་འགྱུར་རོ། །རྩལ་སྦྱོང་དངོས་ལ་བདུན། རྩ་བ་ལས་ལ་གཟུད་པ། རྨི་ལམ་བག་ཆགས་སྦྱོང་བ། ནད་གདོན་དྲུངས་ནས་འབྱིན་པ། བདུད་བཞི་གཞོམ་པ། དགྲ་གསུམ་གསད་པ། གཡང་ས་གཅད་པ། གང་འདོད་ཡིད་བཞིན་དུ་སྒྲུབ་པའོ། །དང་པོ་ནི། བླ་མའི་རྣལ་འབྱོར་རུ་ཤན་སོར་བཞག་གསུམ་གྱིས་རང་བྱུང་གི་ཤེས་པ་དྭངས་སྙིགས་ཕྱེད་ནས་རང་མལ་དུ་གནས་པ་དེ་ཉིད་རྩལ་ཕྱོགས་མེད་དུ་སྦྱོང་བ་སྟེ། ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་ཁ་སྦྱོར་བཅིང་། རིག་པ་ངར་བསྐྱེད་དེ་ཕྲ་བ་ཏིལ་འབྲུ་ཙམ་ལ་དྲིལ་ནས་རླུང་ཁུག་གསུམ་གྱི་བར་དུ་བསྒྲིམས་པའི་མཐར་ཕཊ་ཅེས་ཀློད་ལ་རྗེས་ཆོས་ཉིད་ངང་དྭངས་ཀྱི་ཤེས་པ་ས་ལེ་བསྐྱང་། དེ་ལྟར་ཡང་ཡང་བསྐྱར་ཏེ་སྦྱང་། ཕྲ་བ་ལས་སུ་རུང་བ་དང་། གནད་གཞན་རྣམས་གོང་ལྟར་ལ། རིག་པ་ནམ་མཁའི་མཐའ་མཉམ་དུ་རྒྱ་བསྐྱེད། རྒྱ་འབྱམས་ལས་སུ་རུང་ནས། རིམ་བཞིན་མཐོ་བ་སྲིད་རྩེ། དམའ་བ་གསེར་གྱི་ས་གཞི། མང་བ་རྡུལ་སྙེད། ཉུང་བ་གཅིག་པུ། དངོས་པོ་ཀུན་ལ་ཟང་ཐལ། མྱུར་བ་གློག་ལྟར་འཁྱུག་པ། བརྟན་པ་རི་ལྟར་མི་འགྱུར་བ་རྣམས་ལ་འབྱོངས་ནས། ལྷ་ཞི་ཁྲོ་སྤྲུལ་པ་དུ་མས་སྟོང་གསུམ་གང་བར་འགྲོ་དོན་མཛད་པ་དང་། རི་རབ་ལྟ་བུས་ཟིལ་གྱིས་གནོན་པ་ལ་སྦྱང་ཞིང་རྗེས་ཤེས་གོང་ལྟར་བསྐྱང་། སྐབས་སུ་སོར་བཞག་ལ་བསླབ་བོ། །གཉིས་པ་རྨི་ལམ་བག་ཆགས་སྦྱོང་བ་ནི། ལུས་ལྷའི་རྣམ་པ་རྨི་ལམ་ལྟ་བུར་ཤེས་ཤིང་དེར་མ་ཞེན་པས་སྤྱོད་ལམ་ཐམས་ཅད་དུ་ཐ་མལ་རང་རྒྱུད་པར་སྐད་ཅིག་ཀྱང་མི་གཞག །སྲོད་ཐུན་ལ་ལུས་ངག་གི་གནད་གོང་ལྟར་བཅས་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྨི་ལམ་རང་ཡིན་ངེས་སྙམ་པའི་འདུན་པ་དྲག་པོ་བྱས་ལ་ཕཊ་ཀྱིས་བཤིགས་ཏེ་རྗེས་ཤེས་བསྐྱང་བ་ཡང་ཡང་སྦྱང་། གཉིད་དུ་འགྲོ་ཁར་རྨི་ལམ་ངོ་ཤེས་པར་བྱ། ཉམས་སུ་བླང་བྱ་ལེན་བྱེད་ཐམས་ཅད་ཀྱང་བདེན་མེད་དུ་ཤེས་བཞིན་པས་སྦྱང་བར་བྱ་སྙམ་པའི་འདུན་པ་དྲག་པོ་བྱས་པས། རྨི་ལམ་དུ་ཆོས་ཉིད་ངང་དྭངས་གཏད་མེད་རང་བྱུང་དུ་འཆར། དེ་ལ་ཡེ་ཤེས་ཀྱི་སྟོབས་ཞན་ཀྱང་བར་དོའི་སྣང་བ་བདུན་འགྱུར་དུ་གསལ་བས་ཡེ་ཤེས་ཤར་ནས་འཚང་རྒྱའོ། །གསུམ་པ་ནད་གདོན་དྲུངས་ནས་འབྱིན་པ་ནི། ནད་གདོན་བྱུང་བའི་ཚེ། དང་པོ་གཞི་རྩད་གཅད་པ་ནི། ནད་གདོན་རྩ་བ་དུག་གསུམ། དེའི་རྩ་བ་ངར་འཛིན། དེའི་རྩ་བ་སེམས་ཉིད་གཞི་མེད་རྩ་བྲལ་ནམ་མཁའ་ལྟ་བུར་ཐག་བཅད། འོན་ཀྱང་ནམ་མཁའ་ལ་སྤྲིན་འབྱུང་བ་ལྟར་འཁྲུལ་རྟོག་གློ་བུར་དུ་ལྡངས་པ་གཉེན་པོ་རླུང་གིས་གཏོར་བ་ལྟར་རིག་པའི་རྩལ་སྦྱང་བར་བྱའོ་སྙམ་པས། ལུས་གནད་ཐུབ་ཚད་བཅའ། རླུང་རིག་རྩེ་གཅིག་ཏུ་དྲིལ་ལ། ཚད་ནད་དང་ཕོ་གདོན་རྣམས་ཨོལ་ཏོང་ནང་དུ་འོད་སྔོ་དམར་དུ་བ་ལྟ་བུར་བསྡུས། རླུང་རིག་སྦྲགས་ཏེ་ཧ་ཧ་ཞེས་ཡང་ཡང་དྲག་ཏུ་བརྗོད་ལ་སྟེང་རླུང་དང་ལྷན་ཅིག་སང་སང་ཕྱིར་སོང་བར་བསམ། ནད་དྲག་ན་ཕྱིས་མི་འཇུག་པའི་ཕྱིར། སྙིང་གར་ཨ་དཀར་པོ་འོད་འབར་བ་ཞིག་ཡུན་རིང་གསལ་གདབ་ལ་རླུང་རིག་གཅུན། ཐུན་གྱི་རྗེས་རྣམས་སུ་རང་བྱུང་ངང་དྭངས་སོར་བཞག་བསྐྱང་། སྔོན་རྗེས་གནད་སྤྱི་དེ་དང་འདྲ་བ་ལས། གྲང་ནད་དང་མོ་གདོན་རྣམས་ཕོ་སྨད་རྒྱུ་ཞབས་སུ་སེར་ཉོག་གེ་ནག་བུན་ནེ་བསྡུས་པར་བསམ། རླུང་སྨད་དུ་ཤིག་ཤིག་ཕྲུམ་ཕྲུམ་བྱས་ལ་འོག་རླུང་ཀློད་ཅིང་ལུས་སྤྲུགས་པས་འོག་སྒོ་ནས་སང་སང་སོང་བར་བསམ། མི་ལྡོག་པའི་ཕྱིར། ལྟེ་འོག་ཏུ་རཾ་ལས་མེ་འུ་རུ་རུ་འབར་བར་བསམ་ལ་རླུང་རིག་དེར་གཅུན། བད་ཀན་གྱི་ནད་དང་ས་བདག་ཀླུ་གདོན་ཐམས་ཅད་ཕོ་བའི་ནང་དུ་སྔོ་དམར་དཀར་སེར་དམར་ཁྲ་ཉོག་གེ་བར་བསྡུས་པར་བསམ་ལ་འཕྲུལ་འཁོར་ཕོ་བ་གཡས་གཡོན་དུ་བསྐོར། སྒྲེགས་པ་བཏོན་ལ་ནད་ཇ་ཆུ་ལྟར་བསྐོལ་ཞིང་གདོན་ལྡུམ་བུ་ལྟར་བཙོས་པ་རྣམས་འོག་སྒོ་ནས་མར་ཀྱུ་རུ་རུ་ཐོན་པར་བསམ། མི་ལྡོག་པའི་ཕྱིར། ཕོ་བར་ཧཱུྃ་སྔོན་དམར་འོད་ལྔར་འཁྱིལ་བར་བསམ་ལ་རླུང་རིག་དེར་གཅུན། རླུང་ནད་ཅན་ལ་སྣང་སྲིད་མར་ཁུར་བསམ་སྟེ་ཧུབ་ཧུབ་ཅེས་རྔུབས་པས་ལུས་གང་ནས་མེ་རེ་ལྟེམས་སེར་འདུག་པར་མོས་ལ་རླུང་ནང་དུ་མི་གཅུན། མདོར་ན་ནད་གདོན་ཐམས་ཅད་ལ་རིག་པ་ངར་དང་བཅས་པས་རླུང་གཟུང་ཞིང་ཟང་ཐལ་ཧར་འདོན་འཕྲུལ་ཚགས་བཤལ་སྐྱུགས་ཀྱི་དམིགས་པ་དང་། དངོས་སུའང་དཔྱད་ལ་སོགས་པའི་རྟེན་འབྲེལ་གང་དགོས་རིགས་པས་དཔག་ཅིང་། རྗེས་རང་བྱུང་རང་དྭངས་སོར་བཞག་གི་ངོ་བོ་བསྐྱངས་པས་དྲུངས་ནས་འབྱིན་ནོ། །བཞི་པ་བདུད་བཞི་གཞོམ་པ་ནི། བདུད་བཞི་ཀ་གཏད་མེད་དུ་སྐྱེ་བ་གཞིར་བྱས་ནས། རང་ལ་དགའ་བྲོད་གཞན་ལ་གཤེ་འདོད་སྙིང་རྗེ་མེད་ཅིང་བསོད་ནམས་འདུ་འཛི་ལ་དགའ་ན་ལྷའི་བུའི་བདུད་ཡིན་ཏེ། རླུང་རིག་སྦྲགས་ལ་ཕཊ་འདོན་ཅིང་རྟོག་ངན་གཅད། ཀུན་ཁྱབ་ཀྱི་སྙིང་རྗེ་བསྐྱེད། ན་ཚ་མོད་ཅིང་ཤེས་པ་བྱིང་རྨུགས་སུ་སོང་ན་ཕུང་པོའི་བདུད་དེ་རླུང་རིག་སྦྲགས་ཏེ་ནད་འདོན་ཟང་ཐལ་བྱ། དུག་ལྔ་དང་ཁྱད་པར་ང་རྒྱལ་སྐྱེ་ན་ཉོན་མོངས་བདུད་དེ་གང་སྐྱེས་ལ་རླུང་རིག་གཏད་ཅིང་རྩལ་སྦྱོང་། འཆི་བར་མོས་ཤིང་ལྕེབས་སྙིང་འདོད་ན་འཆི་བདག་གི་བདུད་དེ་སེམས་ཉིད་རང་བྱུང་སྐྱེ་འཆི་མེད་པའི་གདིང་བསྐྱེད། ཕཊ་ཀྱིས་རྟོག་པ་ནམ་མཁའི་དབྱིངས་སུ་བསྐྱེལ། རྗེས་བཞི་ཀ་ལ་སོར་བཞག་གི་ངོ་བོ་བསྐྱང་ངོ་། །ལྔ་པ་དགྲ་གསུམ་གསད་པ་ནི། ཕྱིའི་དགྲ་གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། ནང་གི་དགྲ་ཉོན་མོངས་དུག་ལྔ། གསང་བའི་དགྲ་སྡུག་བསྔལ་གྱི་རྩ་བ་དང་འཛིན་པ་སྟེ། ཐམས་ཅད་ལ་རླུང་རིག་གཅུན་ཏེ་ཕཊ་བརྗོད་ལ་ཐོག་བརྫིས་བྱས་པས་དགྲ་གསུམ་སྐྱེ་མེད་ཀྱི་ངང་དུ་སོད་དོ། །དྲུག་པ་གཡང་ས་གཅད་པ་ནི། ཐོག་མར་འགྲོ་བ་རིགས་དྲུག་གི་རྒྱུ་ཉོན་མོངས་པ་དྲུག །དེའི་རྩ་བ་ངར་འཛིན་སོགས་ཐག་བཅད་པ་ནས་རྩལ་སྦྱོང་བར་བྱ་སྙམ་པའི་བར་གོང་ལྟར་ལ། ལུས་གནད་བཅའ། རླུང་རིག་བསྒྲིལ་ལ། ངག་ཏུ་ཨ་ཞེས་བརྗོད་པ་དང་མཉམ་དུ་རང་སེམས་ཨའི་རྣམ་པར་ལྷའི་གནས་སུ་འཕང་། ལྷའི་དགའ་བདེ་དང་ལྟུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་བསྒོམ། ཕཊ་ཀྱིས་བཅད། རྗེས་རང་བྱུང་ངང་དྭངས་སུ་གཞག །དེས་ཀུན་ལ་འགྲེས་ཏེ། ནྲྀ་བརྗོད་ཅིང་མིའི་གནས་སུ་སྐྱིད་སྡུག་གི་འགྱུར་བ། སུ་ལྷ་མིན་འཐབ་རྩོད། ཏྲི་བྱོལ་སོང་གླེན་ལྐུགས། པྲེ་ཡི་དྭགས་བཀྲེས་སྐོམ། དུ་ཞེས་དམྱལ་བར་ཚ་གྲང་ཉམས་སུ་མྱོང་བར་བསྒོམས་ལ་ཕཊ་ཀྱིས་བཅད་ཅིང་ངང་ལ་གཞག །དེ་ལྟར་དྲུག་པོ་རྫོགས་པའི་རྗེས་སུ་རིགས་དྲུག་གི་གནས་རྒྱུ་དང་བཅས་པ་ཡི་གེ་དྲུག་ལ་འདུས། དེ་དྲུག་པོ་གྱེན་རྫོགས་སུ་ཨ་ལ་ཐིམ། ཨ་ནམ་མཁར་ཡལ་བར་བསམ་ལ་སོར་བཞག་བསྐྱངས་པས་རིགས་དྲུག་གི་གཡང་ས་ཆོད་དོ། །བདུན་པ་གང་འདོད་ཡིད་བཞིན་དུ་སྒྲུབ་པ་ནི། རང་རིག་རང་དབང་སྒྱུར་བའི་རྩལ་རྫོགས་པའི་ཚེ་རླུང་རིག་འགྱུ་བའི་ཁ་བསྒྱུར་ཙམ་གྱིས་ཕྲིན་ལས་ཐམས་ཅད་འགྲུབ་སྟེ། ཞི་བའི་ལས་ལ། རིག་པ་ཨོཾ་དཀར་འོད་ཀྱི་རྣམ་པ་ཅན་འཕངས་པ་ན་ནད་གདོན་སོགས་ཞི་བྱའི་ཡུལ་ལ་ཕོག་པས་འོད་དཀར་པོར་ལྷན་གྱིས་ཞུ་ནས་ཆོས་ཉིད་ཀྱི་ངང་དུ་ཞི། རྗེས་ཧ་ཞེས་ཀློད་ལ་ཆོས་ཉིད་ངང་དྭངས་སུ་འཛིན་མེད་ས་ལེར་བསྐྱང་། དེས་འགྲེས་ཏེ་རྒྱས་པ་ལ་སྭཱ་སེར་པོ། དབང་ལ་ཧྲཱིཿདམར་པོ། མངོན་སྤྱོད་ལ་ཧཱུྃ་ལྗང་ནག་འོད་ཟེར་རལ་གྲིའི་ཟེར་ལྡན། དགུག་པ་ལ་ཛཿདམར་པོ་ལྕགས་ཀྱུའི་ཟེར་ལྡན། བསྐྲད་པ་ལ་ཕཊ་ལྗང་གུ། བཅིང་པ་ལ་ཧཱུྃ་སེར་ནག་ཞགས་པའི་ཟེར་ལྡན། འགྲོལ་བ་ལ་ཧཱ་སྔོན་པོ་སྤུ་གྲིའི་ཟེར་ལྡན་གྱིས་འཆིངས་པ་བཅད་པ་སོགས་དང་། འཕོ་བ་ལ་རྩལ་སྦྱོང་ན། སྙིང་དབུས་རང་རིག་ཨ་དཀར་པོ་འོད་ཀྱི་རྣམ་པ་ཅན་དུ་གསལ། རླུང་བཟུང་ལ་སྙིང་ནས་མིག་ཏུ་རྩ་ཤེལ་གྱི་སྦུ་གུ་ཅན་ཟུག་པའི་ནང་བརྒྱུད་མིག་གཡོན་ནས་རྒྱང་གིས་བཏོན་ལ། ཆོས་སྐུར་འཕོ་ན་མཁའ་དབྱིངས། ལོངས་སྐུར་འཕོ་ན་ཡི་དམ་དང་། སྤྲུལ་སྐུ་བླ་མའི་ཐུགས་ཀར་ཐིམ་པར་བསམ་ལ། ཧ་ཕཊ་ཅེས་བརྗོད། གྲོང་འཇུག་ལ་རང་རིག་ཧཱུྃ་གི་རྣམ་པས་ཧ་ཞེས་སྣ་བུག་གཡས་ནས་འཕོས་ཏེ་གཞོན་ལུས་གཙང་མའི་རོ་ཡི་སྣ་བུག་གཡོན་ནས་སྙིང་གར་ཞུགས། གཞན་སྤར་ན། རིག་པ་ཨ་དཀར་རླུང་གི་ཤམ་བུ་ཅན་གྱིས་སྤོར་བྱ་དེའི་སྙིང་ག་ནས་བཏེག་སྟེ་འོག་མིན་ཆོས་ཉིད་དུ་བསྟིམ། གཞན་ཡང་ལས་གང་བསྒྲུབ་པར་འདོད་ཀྱང་རླུང་གཟུང་ཞིང་རིག་པ་འགྱུ་བའི་རྩལ་སྦྱོང་གིས་རྟོག་ཚོགས་ཆོས་ཉིད་ཀྱི་ཡོ་ལང་དུ་ལོངས་སྤྱད་པས་གང་འདོད་ཡིད་བཞིན་དུ་འགྲུབ་བོ། །དེ་ལྟར་རྩལ་སྦྱོང་བདུན་པོ་ཐམས་ཅད་དང་། གཞན་ཡང་བྱིང་རྒོད་རེ་དོགས་ཡིད་བྱེད་བདག་འཛིན་རྟོག་བློ་ཕྲ་རགས་གང་བྱུང་ཡང་ཐམས་ཅད་ཕཊ་དྲག་ལ་ཐུང་བ་འབའ་ཞིག་བརྗོད་ལ་གཅད་དེ། སྦས་འཕྱང་ལྔ་པ་ལས། རྩལ་སྦྱོང་ངོ་ཏི་ཕཊ་ཡིན། ཆོས་ཉིད་སྟོབས་རྫོགས་འདོད་རྒུར་བསྒྱུར་རོ། །ཞེས་གསུངས་པ་ལྟར་རོ། །རྫོགས་ཆེན་སྤྱི་ལ་རྩལ་དབང་མདོ་ཙམ་ཡོད་ཀྱང་རྩལ་སྦྱོང་དམན་པས་འཕྲལ་རྐྱེན་མི་ཐུབ། འདིས་འགྱུ་དྲན་ཐམས་ཅད་ཕྲིན་ལས་སུ་འགྱུར་བས་སྒྲ་མཐུན་ཀྱང་དོན་འཕགས་སོ། །དེ་ལྟར་རྩལ་སྦྱོང་བའི་དགོས་ཆེད་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། རྒྱུད་ལས། ལུས་ངག་རླུང་སེམས་གཅིག་ཏུ་དྲིལ། །ཡི་གེ་ཕཊ་ཀྱིས་ལྕག་བསྐུལ་ན། །རང་རིག་ཡེ་ཤེས་རྩལ་རྫོགས་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཡང་ལུང་ཀུན་འདུས་ལས། ཆོས་སྐུའི་རང་རྩལ་འཁོར་འདས་ལ། །འཛིན་མེད་རིག་པའི་རྩལ་སྦྱོང་ན། །འཁོར་ལོས་བསྒྱུར་ནས་དབྱིངས་མི་ཟད། །ཅེས་སོགས་མདོ་རྒྱུད་ཀྱི་བཀའ་ལུང་དུ་མས་གྲུབ་པ་ཡིན་ནོ།། །།གསུམ་པ་མཐར་ཕྱིན་པར་བྱ་བ་ནི། བརྒྱུད་འཛིན་ལ་གདམས་པ་གཏད་པའི་དོན་ཁྲིད་ཀྱིས་ཡིད་བཞིན་ནོར་བུ་འབྲལ་མེད་དུ་ལོངས་སྤྱོད་པ་ལྟ་བུའི་གདམས་པ་སྟོན་པ་སྟེ། གཏད་རྒྱའི་ངོ་བོ་རབ་ཏུ་དཀོན་པ་སངས་རྒྱས་མཉམ་སྦྱོར་གྱི་གནད་ཟབ་མོ། ངེས་ཚིག་ཁྲིད་མཐར་ཕྱིན་པའི་སློབ་བུ་ལ་གདམས་པ་སྙིང་གི་དཀྱིལ་དུ་གཏད་པ། དབྱེ་བ་མང་ཡང་ཐུན་མོང་ཁྱད་པར་བླ་ན་མེད་པའི་གདམས་པ་གསུམ་ལས་འདིར་མཐར་ཐུག་བླ་ན་མེད་པ། དཔེ་གསེར་གྱི་བུམ་པར་བདུད་རྩི་བླུགས་ནས་གཅེས་པར་འཆང་བ་ལྟ་བུ་ཐུགས་ནས་ཐུགས་སུ་གབ་ཅིང་འཆང་བའོ། །གདམས་གཏད་དངོས་ལ་གསུམ། རིག་པའི་རྩལ་དང་སྦྱར་ཏེ་སྒོམ་མེད་དོན་གྱི་གཟེར་ཆིག་ཚུགས་སུ་གདབ་པ་དང་། ཞལ་གདམས་ཁྱད་པར་ཐོར་བུ་གནད་ཀྱི་ཏི་ཀས་དོན་གྱིས་འཕྲང་གཅད་པ་དང་། དོན་ཁྲིད་འདིའི་རྣམ་ཐར་བརྗོད་ནས་སྣོད་ལྡན་ལ་གཏད་པའོ། །དང་པོ་ནི། དོན་ཁྲིད་རྫོགས་པའི་གང་ཟག་རབ་ཀྱིས་དུས་གསུམ་སྤྱོད་ལམ་རྣམ་བཞིར་གཅིག་ཤེས་རིག་པའི་གཟེར་ཆེན་འཕོ་འགྱུར་མེད་པ་ཐེབས་ཏེ། སྒོམ་མེད་དོན་དང་འདུ་འབྲལ་མེད་པའི་རིག་རྩལ་རང་ཤར་ཀུན་གྲོལ་བསྐྱང་ངོ་། །གང་ཟག་འབྲིང་གིས་ཆོས་ཉིད་ངང་དྭངས་མིང་མེད་དྲན་པའི་སོ་མ་ཉམས་པར་ཆོས་ཉིད་གཉུག་མའི་དྲན་པས་སྒོམ་མེད་དོན་གཟེར་ཆིག་ཚུགས་སུ་བསྐྱང་ངོ་། །གང་ཟག་རིག་རྩལ་ཐ་མ་ལ་ཚིག་རྫོགས་གནད་ཀྱི་ཚུལ་བརྗོད་པ་སྟེ། དེའང་ཆོས་སྒོ་མཐའ་ཡས་ཐེག་པ་དགུའི་མདོ་སྤྱིར་བསྟན་ཡང་། གཏན་ལ་དབབ་བྱ་བྱང་ཆུབ་ཀྱི་སེམས་ཆོས་ཉིད་ངང་དྭངས་མ་འདྲེས་ཡོངས་རྫོགས་མུ་མཐའ་མཉམ་གྲོལ་དུ་གཏན་ལ་འབེབ་པར་འདོད་དོན་གཅིག་སེམས་ཀྱི་མཚན་ཉིད་གཏན་ལ་ཕེབ་ངེས་པ་ནི། ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་དོན་གྱི་པྲ་ཁྲིད་ཁོ་ན་འབྲས་བུ་རང་གནས་ཀྱི་དོན་མཐར་ཐུག་ཡིན་ལ། དེ་ལ་ཁྲིད་རིམ་བརྒྱད་དུ་སྟོན་ཀྱང་ངོ་བོ་ཆོས་ཉིད་མིང་མེད་ཀ་དག་གཅིག་ཤེས་སུ་གཏན་ལ་འབེབ་པའི་གནད་གཅིག་ཁོ་ནར་རྫོགས་པ་ཡིན་ཅིང་། དེའི་གནད་ཁྲོལ་བས་ངོ་བོ་མཐོང་གྲོལ། རང་རྩལ་བཏགས་གྲོལ། སྒོམ་མེད་དོན་གྱི་གཟེར་ཐེབས་པས་བློས་བྱས་ཡིད་བྱེད་ཀྱི་གོལ་ས་ཤུགས་ལ་ཆོད་ནས་བསྒོམས་རུང་མ་བསྒོམ་རུང་ཆོས་ཉིད་ངང་དྭངས་མ་འདྲེས་ཡོངས་རྫོགས་ཀྱི་ལོངས་སྤྱོད་བསྐྱང་ངོ་། །གཉིས་པ་ཞལ་གདམས་ཁྱད་པར་ཐོར་བུ་གནད་ཀྱི་ཏི་ཀས་དོན་གྱི་འཕྲང་གཅད་པ་ལ་བཞི། མི་གོལ་བའི་གནད་བདུན། ཡང་དག་གི་རྣལ་འབྱོར་བདུན། བློ་བྲལ་གྱི་འཇོག་ཉེར་གཅིག །ཡང་གདམས་གནད་གཅོད་ཀྱི་གནད་ལེའུ་བཅུ་གཅིག་གོ །དང་པོ་ནི། རྡོ་རྗེའི་གསུང་འདི་ལ་གསན་ཅིང་གདམས་པའི་དོན་སྙིང་གི་དཀྱིལ་དུ་འཆང་བར་ཞུ། རྗེས་འཇུག་རིགས་ཀྱི་བུ་ཉོན་ཅིག །སངས་རྒྱས་སེམས་ཅན་དུ་མི་གཏང་། ཡེ་ཤེས་སེམས་སུ་མི་གཏང་། ཆོས་སྐུ་རྣམ་རྟོག་ཏུ་མི་གཏང་། ཆོས་ཉིད་མཚན་མར་མི་གཏང་། སྒོམ་མེད་ཐ་མལ་དུ་མི་གཏང་། ཆོས་དབྱིངས་མུ་མཐར་མི་གཏང་། ངང་དྭངས་བདེ་ཆགས་སུ་མི་གཏང་ངོ་། །གཉིས་པ་ཡང་དག་གི་རྣལ་འབྱོར་བདུན་ནི། རིགས་ཀྱི་བུ་ཆོས་སྐུ་ཇི་བཞིན་པར་ངང་དྭངས་དེ་བཞིན་འཇོག་ན་རྣལ་འབྱོར། རང་བྱུང་རང་གསལ་དོན་ལ་མ་བསམ་འཇོག་ན་རྣལ་འབྱོར། རིག་པའི་སོ་ལ་རྒྱུན་དུ་གནས་ན་རྣལ་འབྱོར། བྱར་མེད་ངང་དུ་རྩོལ་མེད་གནས་ན་རྣལ་འབྱོར། རྣམ་རྟོག་རང་བྱུང་རང་ཞིར་འཇོག་ན་རྣལ་འབྱོར། སྣང་ཚད་སེམས་རྟོག་སྒྱུ་མར་ཤེས་ན་རྣལ་འབྱོར། མ་བཅོས་སྒོམ་མེད་ཡེངས་མེད་ཤེས་ན་རྣལ་འབྱོར་ཡིན་ནོ། །གསུམ་པ་བློ་བྲལ་གྱི་འཇོག་ཉེར་གཅིག་ནི། རིགས་ཀྱི་བུ་གསོན་ཅིག །ད་ལྟར་གྱི་དྲན་རྟོག་སོ་མ་ཉམས་པ་འདི་ཁོ་ན་གཞི་མེད་ངང་དྭངས་ཆོས་ཀྱི་སྐུ་སྟེ། བསམ་དུ་མེད་པའི་ཆོས་ཉིད་དབྱིངས་ཆེན་ལ། །སྒོམ་ཡང་མི་བསྒོམ་ཕྱམ་མེར་གཞག །བསྒོམས་ཀྱང་འགལ་མེད་ཕྲི་ལེ་གཞག །ཡེངས་ཀྱང་མ་ཡེངས་ཙེན་ནེ་གཞག །ཡེངས་ཀྱང་འགལ་མེད་ཕྱ་ལེ་གཞག །ལྟ་ཡང་མ་ལྟ་ཅོག་གེ་གཞག །བལྟས་ཀྱང་འགལ་མེད་ཅེ་རེ་གཞག །འཕྲོ་ཡང་མ་འཕྲོ་ཧྲིག་གེ་གཞག །འཕྲོས་ཀྱང་འགལ་མེད་གང་དགར་ཐོངས། །བསྡུ་ཡང་མ་བསྡུ་ཝལ་ལེར་གཞག །བསྡུས་ཀྱང་འགལ་མེད་ཏིང་ངེར་གཞག །སྒྲིམ་ཡང་མ་སྒྲིམས་ཁྲོལ་ལེར་གཞག །བསྒྲིམས་ཀྱང་འགལ་མེད་ཏུ་རེ་གཞག །འཆོས་ཀྱང་མ་འཆོས་ས་ལེ་གཞག །འཆོས་ཀྱང་འགལ་མེད་སིང་ངེ་གཞག །སྒྲུབ་ཀྱང་མ་སྒྲུབས་རྩོལ་དང་ཕྲོལ། །བསྒྲུབས་ཀྱང་འགལ་མེད་ལྷུན་གྱིས་ཞོག །འགག་ཀྱང་མ་འགག་རང་བྱུང་ཞོག །འགགས་ཀྱང་འགལ་མེད་སྐྱེ་མེད་ཞོག །ཞུམ་ཡང་མ་ཞུམ་ཧུ་རེ་གཞག །ཞུམ་ཡང་འགལ་མེད་ལྷན་ནེ་ཞོག །རྩོལ་ཡང་མ་རྩོལ་འབོལ་ལེ་ཞོག །རྩོལ་ཡང་འགལ་མེད་ཤུགས་འབྱུང་ཞོག །བཞག་ཀྱང་མ་གཞག་གཉིས་མེད་སློད། །བཞག་ཀྱང་འགལ་མེད་ལྷུག་པར་ཞོག །དེ་ལྟར་ཉམས་སུ་བླངས་ན་ཐབས་ཀྱི་དྲི་མ་འདག །གཉེན་པོའི་བྱ་ར་འགྱེལ། ཐུན་མཚམས་ཀྱི་རྟོག་པ་གྲོལ། ཆོས་ཉིད་ཀྱི་སོ་འདྲོངས་ནས་ལྟ་བས་ཡན་ཐུབ། སྒོམ་པས་ཡེངས་ཐུབ། སྤྱོད་པས་རྐྱེན་ཐུབ། འབྲས་བུ་ཀ་དག་དབྱིངས་གྲོལ་དུ་འགྱུར་བའི་གནད་ཡིན་ནོ། །བཞི་པ་ཡང་གདམས་གནད་གཅོད་ཀྱི་གནད་ལེའུ་བཅུ་གཅིག་ལ་གཉིས། དངོས་ལེའུ་བཅུ་གཅིག་གིས་ཆོས་ཉིད་ཟད་སར་སྐྱེལ་བ་དང་། ཞར་བྱུང་ཁྱད་པར་གྱི་གདམས་ངག་བརྒྱད་བརྗོད་པའོ། །དང་པོ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཆོས་རྣམས་ཀུན་གྱི་གཞི་རྩ་སྟེ། །ང་བདག་ངོས་བཟུང་རྗེས་བཅད་མཉམ་པར་སྦྱོར། །ད་ལྟ་ཉིད་དུ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཁོར་བར་འཆིང་བའི་ཞགས་པ་སྟེ། །ཆགས་པ་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་གཅིག་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཁྲུལ་གྲོལ་སྐྱོན་གྱི་ཕྱི་མོ་སྟེ། །འཛིན་པ་ངོས་བཟུང་ལ་བཟླ་ན། །སྐད་ཅིག་གཅིག་ལ་སངས་རྒྱས་ངེས། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཆོས་རྣམས་ཀུན་སྤྱོད་བྱེད་པ་པོ། །བློ་ཡིད་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་གཅིག་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལྟ་སྒོམ་ཉམས་ལེན་ཀུན་གྱི་གནད། །ཡེངས་དང་མ་ཡེངས་གཉིས་མེད་པས། །ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་གཅིག་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཆོས་རྣམས་ཀུན་ལ་རྟོག་པ་པོ། །རྟོག་པ་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་ཉིད་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཁོར་འདས་གཉིས་ཀྱི་ཉིང་མཚམས་སྦྱོར། །དྲན་པ་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་ཉིད་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཆར་ལུགས་རྩལ་གྱི་དང་པོ་སྟེ། །འགྱུ་བ་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་ཉིད་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྱིར་མི་ལྡོག་ངེས་གདེང་མཐར་ཐུག །ངོས་བཟུང་རྗེས་བཅད་མཉམ་པར་སྦྱར། །སྐད་ཅིག་འདི་རིག་ཕྱིར་མི་ལྡོག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །དུས་གནད་གཏེམས་པ་གལ་ཆེ་བས། །དུས་མཉམ་ངོས་བཟུང་རྗེས་བཅད་མཉམ་པར་སྦྱར། །སྐད་ཅིག་སངས་རྒྱས་ངེས་གདེང་ཐོབ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཆོས་ཀུན་རྩ་བ་སྤྲོས་པའི་གཞི། །བདག་ལྟ་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །ད་ལྟ་སངས་རྒྱས་མཉམ་པར་སྦྱོར། །ཅེས་གསུངས་པའི་དོན་ཐུགས་ལ་གཅགས་པར་འཚལ། གཉིས་པ་ཞར་བྱུང་ཁྱད་པར་གྱི་གདམས་ངག་བརྒྱད་བརྗོད་པ་ནི། ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི། །དོན་ལ་རྒྱུད་བསྐུལ་རབ་འཇུག་ཕྱིར། །སྣང་སྲིད་བདེན་མེད་སྒྱུ་མའི་ཆོས། །ངོས་བཟུང་རྗེས་བཅད་མཉམ་པར་སྦྱར། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རྐྱེན་ཕྲན་གང་ཤར་ལམ་དུ་ལོངས། །སྐྱེས་གྲོལ་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་ཉིད་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཆོས་རྣམས་བྱར་མེད་དོན་གྱི་མཐའ། །ཐག་ཆོད་ངོས་འཛིན་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་གཅིག་ལ་སངས་རྒྱས་ངེས། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཐེག་པའི་ངོ་བོ་ཤེས་རབ་སྙིང་རྗེ་ཡིན། །ཤེས་སྙིང་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་ཉིད་ལ་མངོན་འཚང་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རྣམ་པ་ཀུན་ལྡན་རྣམ་པ་དེ། །འདི་མ་རྟོགས་ན་ཀུན་འཆིངས་པས། །མཐའ་བརྒྱད་ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྐྱེ་མེད་རྩལ་ལ་བདག་འཛིན་འཁོར། །རྩལ་གྱིས་འཁོར་བར་ཡང་འཇུག་ལ། །རིག་པའི་རྩལ་གྱིས་འགྲོ་བ་གྲོལ། །རྩལ་གྱིས་སྐུ་གཉིས་དོན་ཡང་བྱེད། །རྩལ་གྱི་ངོས་བཟུང་རྗེས་བཅད་མཉམ་པར་སྦྱོར། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི། །མན་ངག་ཆོས་ཀུན་འགྲིལ་བའི་མདོ། །གཅིག་ཤེས་ཀུན་གྲོལ་མཁྱེན་པ་ཡིས། །ཆོས་རྣམས་སྣང་རིག་སྟོང་གསུམ་དུ། །ངོས་བཟུང་རྗེས་བཅད་མཉམ་པར་སྦྱོར། །སྐད་ཅིག་ཉིད་ལ་མངོན་སངས་རྒྱ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །མཉམ་སྦྱོར་གསང་ཏིག་བཏགས་གྲོལ་དོན། །ངོས་བཟུང་རྗེས་བཅད་མཉམ་པར་གྲོལ། །སྐད་ཅིག་ཉིད་ལ་འཚང་རྒྱ་ངེས། །ཞེས་གསུངས་པའི་གནད་ཀྱི་དོན་རྒྱས་པ་རྩ་བ་མཆན་ཊཱིཀ་སྦྱར་བའི་སྟེང་ནས་གོ་དོན་ལོངས་པས་ཉམས་ལེན་རྒྱུད་ལ་སྦྱོར་བ་མཛད་འཚལ་ལོ། །གསུམ་པ་དོན་ཁྲིད་འདིའི་རྣམ་ཐར་བརྗོད་ནས་སྣོད་ལྡན་ལ་གཏད་པ་ལ་གསུམ། གདིང་ཚད་ལྔ་དང་ལྡན་པས་ཕྱིར་མི་ལྡོག་པར་ངེས་ཤེས་སྐྱེད་པ། དོན་ཁྲིད་རྒྱུད་ལ་གདབ་ཐབས་ཀྱི་མདོ་བརྒྱད་བསྟན་པ། གདམས་པ་སྣོད་ལྡན་ལ་གཏད་ཅིང་སྣོད་མིན་ལ་རྒྱས་གདབ་པའོ། །དང་པོ་ལ། བཀའ་བབས་ལོ་རྒྱུས་ཀྱིས་ངེས་ཤེས་སྐྱེད་པ་ནི་གཏོང་ཐུན་གྱིས་བསྟན་པ་ལྟར་རོ། །གཅིག་ཤེས་ཀུན་གྲོལ་ལ་དཔེས་མཚོན་ཏེ་ངེས་ཤེས་སྐྱེད་པ་ནི། དུག་སྡོང་རྩ་བ་གཅིག་ཆོད་པས་ཡལ་ག་ལོ་འབྲས་རང་ལོག་པའམ། སྐོར་ལྡེ་གཅིག་ཤེས་པས་སྒོ་ལྕགས་ཀུན་གྱི་རྒྱ་འགྲོལ་བ་ལྟ་བུའོ། །རིག་པས་འཐད་པས་ངེས་ཤེས་སྐྱེད་པ་ནི། སྤྱིར་ཆོས་ཉིད་ཀྱི་རིགས་པས་དབུ་ཞབས་ཀུན་ཏུ་ཁྱབ་ཅིང་འཐད་པས་དེ་ཡིན་ལ། བྱེ་བྲག་ཏུ་ངར་འཛིན་གྱིས་འཁོར་བར་འཆིང་བར་རིགས་ན་དེའི་མཚན་ཉིད་ཤེས་པས་འབད་མེད་དུ་གྲོལ་བའང་རིགས་ཏེ་མུན་པས་སྒྲིབ་པར་རིགས་ན་ཉི་མས་གསལ་བར་རིགས་པ་བཞིན་ནོ། །མན་ངག་གནད་ཀྱིས་ངེས་ཤེས་བསྐྱེད་པ་ནི་དོན་ཁྲིད་གཞུང་བཞིན་ཉམས་སུ་བླངས་པས་ཉམས་རྟོགས་ཀྱི་ངེས་པ་ཤར་བའོ། །བདེ་གཤེགས་བཀའ་ལུང་འདུས་པས་ངེས་ཤེས་བསྐྱེད་པ་ནི། ཡང་ཏི་རྩ་རྒྱུད་ལས། བྱིན་གྱི་རླབས་ཀྱིས་བདག་ཉིད་ལ། །བརྟགས་པས་གཅིག་ཤེས་ཆོས་ཀུན་གྲོལ། །ཅེས་སོགས་གསུངས་པ་ལྟར་རོ། །གཉིས་པ་དོན་ཁྲིད་རྒྱུད་ལ་གདབ་ཐབས་ཀྱི་མདོ་བརྒྱད་བསྟན་པ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སངས་རྒྱས་མཉམ་སྦྱོར་དོན་གྱི་ཁྲིད། །རྒྱུད་ལ་གདབ་ཐབས་མདོ་བརྒྱད་དེ། །དབང་པོ་ཐ་མ་འབྲིང་དང་རབ། །འཆི་ཁ་ལོང་ཅན་རིགས་དམན་རྣམས། །གོ་སྐྱེད་འཕྲོ་གཅད་མཉམ་པར་སྦྱོར། །ཅེས་པས། དང་པོ་གང་ཟག་དབང་པོ་རིགས་ལྡན་ཐ་མལ་པ་རྣམས་ལ། ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་ཏི་ཀ་པྲ་ཁྲིད་གཞུང་བཞིན་ངེས་གདེང་རྙེད་པར་གདབ་བོ། །གཉིས་པ་གང་ཟག་དབང་པོ་འབྲིང་པོར་གྱུར་པ་ལ། བླ་མའི་རྣལ་འབྱོར་གྱིས་རང་རྒྱུད་གདུལ། འཁོར་འདས་རུ་ཤན་འབྱེད་ཐབས་ཀྱིས་ཆོས་ཉིད་ངང་དྭངས་ཀྱི་ཉམས་བསྟན་པར་བྱ། རྗེས་བཏགས་གྲོལ་གནད་ཀྱི་ངོ་སྤྲོད་ཀྱིས་ཤེས་བྱ་གཅིག་ཤེས་ཀུན་གྲོལ་དུ་ལ་བཟླའོ། །གསུམ་པ་གང་ཟག་དབང་པོ་རབ་ལ་གཏོང་ཐུན་ཁོ་ནས་ཀྱང་གྲོལ་ལ། བཏགས་གྲོལ་ངོ་སྤྲོད་ཀྱི་དོན་ཁྲིད་གཅིག་པོས་གདེང་ཐོབ་པར་གདབ་བོ། །བཞི་པ་གང་ཟག་འཆི་ཁ་དུས་ཐུག་པ་ལ་འདའ་ཁ་འཆི་བྲོད་གསང་ལམ་གྱི་གདམས་པ་གདབ་པ་ནི། ཨེ་མ་ཧོཿ སྐལ་ལྡན་བུ་ཁྱོད་དང་བདག་ཕྲད། འདའ་ཁ་སངས་རྒྱས་མཉམ་སྦྱོར་འདི་ཐོས་ཀྱི་རྟིང་ལ་འཁོར་བར་འཁྱམས་དོན་མེད་དོ། །འཚེངས་པ་ཡིན་པས་བློ་སློད་ལ་ཉོལ་ཅིག་ཅེས་དབུགས་ཕྱུངས་ལ། དེའི་སྙིང་སྟོང་པར་གནས་པའི་ནང་དུ་ཨ་དཀར་པོའམ་ཐིག་ལེ་ནས་འབྲུ་ཙམ་གསལ། སྙིང་རྩ་སྟོང་པ་སོག་སྦུབ་ཙམ་སྙིང་རྩེ་ནས་ཡར་སོང་ཀླད་སྦུབས་ནས་ཁ་དབྲག་ཏུ་གྱེས་ཏེ་མིག་གཉིས་ལ་ཟུག་སྟེ་དང་ངེ་ཡོད་པ་ནས་བརྒྱུད། མིག་གཡོན་དང་རྡོ་རྗེ་སེམས་དཔའི་གསང་ལམ་ནས་ཐོན། བར་སྣང་དུ་ཡལ་ཏེ་སྐྱེ་མེད་ཀ་དག་གི་ངང་དུ་ཐིམ་པར་བསམ་ལ་འཛིན་མེད་དུ་གནས་པ་ནི་ཆོས་སྐུའི་མཉམ་སྦྱོར། ཡི་དམ་གྱི་ཐུགས་ཀར་བསྟིམ་ན་ལོངས་སྐུ། བླ་མར་བསྟིམ་ན་སྤྲུལ་སྐུའི་མཉམ་སྦྱོར་ཏེ་ཡང་ནས་ཡང་དུ་གསལ་གདབ་བོ། ཁྱད་པར་རྡོ་རྗེ་སེམས་དཔའི་དཔྱང་ཐག་ཅེས་བྱ་བ་བེམ་རིག་བྲལ་ཁར་མདུན་གྱི་བར་སྣང་ལ་འོད་ལྔའམ་སེར་པོ་སྐས་སམ་དཔྱང་ཐག་ལྟ་བུ་ནར་གྱིས་འཆར་བ་ལ་རིག་པ་གཏད་པ་ཙམ་གྱིས་དེ་ཉིད་དུ་གྲོལ་བར་འགྱུར་རོ། །ལྔ་པ་ལོ༷ང་ཡོད་ལེ་ལོ་ཅ༷ན་གྱི་གང་ཟག་ལ། བར་དོ་སངས་རྒྱས་མཉམ་སྦྱོར་དོན་ཁྲིད་དུ་གདབ་པ་ལ་གསུམ། རང་བཞིན་བར་དོར་སངས་རྒྱས་རང་ཆས་སུ་གནས་པར་ངོ་སྤྲོད་པ་ནི། གོང་དུ་ངོ་སྤྲོད་ཀྱི་སྐབས་སུ་བཤད་པ་ལྟར་རོ། །དེའི་དོན་རྒྱུད་ལ་སྐྱེས་ནས་འཆི་ཁའི་བར་དོར་ཉམས་སུ་བླང་ཚུལ་ནི་འཇིམ་པའི་མི་མོ་ལ་བརྟེན་ནས་དཔེ་དོན་སྦྲེལ་བའམ། ཡང་ན་རྣམ་སྣང་ཆོས་བདུན་བཅས་ལ་རིག་པ་གསལ་ལ་མི་རྟོག་དྭངས་ངང་དུ་བཞག་སྟེ་ནམ་མཁའ་སུམ་སྤྲུགས་གནད་རང་རིག་སྙིང་ནས་རྩ། རྩ་ནས་མིག་འབྲས་བར་སྣང་ངང་དྭངས་ལ་འཛིན་བྲལ་དུ་ཧྲིག་གེ་ཆོས་ཉིད་ཀྱི་དྲན་པས་བསྐྱངས་པའམ་གོམས་སྟོབས་ཆེ་ཆུང་གི་ཤུགས་དང་མཐུན་པར་བར་དོ་གསུམ་ལ་སྐུ་གསུམ་དུ་འཚང་རྒྱའོ། །དྲུག་པ་རིགས་དམན་རིགས་ཆད་ཀྱི་འགྲོ་བ་གདུལ་བྱར་གྱུར་པ་རྣམས་ལ་རང་བྱུང་རིག་པའི་ཏནྟྲ་མཐིང་ཤོག་ལ་གསེར་གྱིས་བྲིས་ཏེ་རབ་གནས་དབང་བསྐུར་བཅས་བཏགས་པས་གྲོལ་བ་མཐར་ཕྱིན་པའི་རྟགས་མཐུན་སྣང་དུ་འབྱུང་ངོ་། །བདུན་པ་གོ་བ་སྐྱེད་པ་ནི། དབང་པོ་རབ་འབྲིང་ཐམས་ཅད་ལ་གཏོང་ཐུན་གནད་དུ་ཐེམས་པར་བཤད་པའོ། །བརྒྱད་པ་འཕྲོ་གཅད་པ་ནི། གདམས་གཏད་ཀྱི་མན་ངག་རྣམས་ཀྱིས་དབང་པོ་དང་མཐུན་པར་ཉམས་ཀྱི་འཕྲོ་ཏིག་སོ་སོར་གཅད་པར་བྱ་བའོ། །གསུམ་པ་གདམས་པ་གཏད་པའི་སྣོད་ནི། འཁོར་བ་ལ་བློ་ལོག་སྟེ་བླ་མ་སངས་རྒྱས་སུ་མཐོང་ནས་ལུས་སྲོག་ལ་བབས་ཀྱང་བཀའ་བསྩལ་མི་གཅོག་པ་དང་གཅིག །དོན་གྱི་ཤེས་རབ་བློ་ལྡན་འདྲེན་པའི་ཐབས་ལ་མཁས་པ་དང་གཉིས། བརྩོན་འགྲུས་ཕྱི་གཤོལ་མེད་པར་དོན་ཁྲིད་ཉམས་ལེན་མཐར་ཕྱིན་དུ་སྐྱོང་ནུས་པ་དང་གསུམ། བླ་མ་དང་ཆོས་འདིའི་ཕྱོགས་སུ་རྒྱལ་སྲིད་གཉེན་འདུན་བུ་སྨད་ཟས་ནོར་ལོངས་སྤྱོད་ཡོ་བྱད་དངོས་པོ་དག་པ་ཐམས་ཅད་གཏོང་ནུས་པ་དང་བཞི། རྒྱུ་འབྲས་ཁྱད་དུ་མི་གསོད་པའི་སྙིང་རྗེ་དང་ལྡན་བཞིན་དུ་བླ་མའི་སྐུ་དགྲ་སྒྲོལ་ནུས་པ་སྟེ། ལྔ་ལྡན་གྱིས་བརྒྱུད་པ་ངེས་པར་འཛིན་པ་ལ་སྙན་བརྒྱུད་དུ་གཏད་པར་གསུངས་ཤིང་། དེའི་ཞལ་གྱི་གདམས་པའང་རྡོ་རྗེའི་གསུང་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཐེག་པ་ཀུན་གྱི་ཡང་ཏི་འདིས། །སེམས་ཅན་སངས་རྒྱས་མཉམ་སྦྱོར་བའི། །དོན་གྱི་པྲ་ཁྲིད་ཁྱོད་ལ་གཏད། །སྣོད་དང་ལྡན་པའི་བུ་བྱུང་ཡང་། །དཔེ་རྒྱུད་སྡོམས་ལ་སྙན་བརྒྱུད་ཐོབས། །དཔེ་རྒྱུད་དོན་གྱི་བྱིན་རླབས་འགྱངས། །སངས་རྒྱས་མཉམ་སྦྱོར་གཅུགས་སུ་འགྱུར། །བརྒྱུད་པ་གཅིག་ལ་གཏད་སྲིད་ཀྱང་། །ལོ་ཟླའི་བར་དུ་སྣ་རེ་བསྟན། །དཀར་ཆག་མཐིང་ལ་གསེར་གྱིས་བྲིས། །གླེགས་བམ་མཐོ་ཚད་སྤར་ཁབ་གཞུག །དར་སྣ་ཆུ་དར་རང་ནས་དྲིལ། །བྲག་ལ་སྦ་ཞིང་སྐབས་སུ་བལྟ། །དེའི་ཚེ་དམ་ཅན་ཚོགས་འདུ་ཞིང་། །རིག་འཛིན་རྣམས་ཀྱང་བྱ་ར་བྱེད། །ཚོགས་ཀྱི་འཁོར་ལོས་རྟག་ཏུ་མཆོད། །ཤི་ཐེབས་རེ་ལ་གསང་སྒོ་གཏད། །ཅེས་གདམས་པར་མཛད་པ་བཞིན་ངེས་པ་དང་། སྣོད་མིན་ལ་གསང་རྒྱས་གདབ་པའང་། བླ་མ་མཆོག་ཏུ་མི་འཛིན་བཀའ་བསྩལ་གཅོག །དོན་རྨོངས་ཚིག་སྲེད་སྙིང་རྗེ་ཆུང་། །མན་ངག་རིགས་ཆོས་དང་སྲེ་རྩོད། །ཆོས་ཕྱོགས་སྲོག་འཁོར་སོགས་མི་གཏོང་། །སྐུ་དགྲ་མི་འདུལ་ཉམས་པ་བསྟེན། །སྤྲེལ་ལག་སྒྲོན་བཞིན་ཡི་གེ་བཤད། །མ་རྟོགས་རྒྱུ་འབྲས་ཆོས་ཁྱད་གསོད། །བདུན་ལྡན་གང་ཟག་ལ་མི་སྤེལ། །སྤེལ་ན་མཁའ་འགྲོའི་བཀའ་ཆད་འོང་། །གཏེར་སྲུང་ཚོགས་ཀྱིས་སྙིང་ཁྲག་འཐུང་། །འཆི་ན་གཉིས་ཀ་ལག་སྦྲེལ་ལྟུང་། །དེས་ན་ཡང་ཏི་མཉམ་སྦྱོར་སྐོར། །བླ་མས་གདམས་གཏད་བཞིན་དུ་བཙའ། །སྣོད་མིན་དག་ལ་ཟུར་མི་སྨྲ། །གཏད་རྒྱ་གཏེར་རྒྱ་གསང་བའི་རྒྱས། །བཏབ་བོ་རྒྱ་བདུན་རྒྱ་བཏབ་བོ། །ཐེག་པའི་རྩེ་རྒྱལ་ཡང་ཏི་རྒྱ། །ཨོ་རྒྱན་ཐུགས་བཅུད་རབ་ཏུ་ཟབ་རྒྱ། གཅིག་ཤེས་ཀུན་གྲོལ་གཅེས་རྒྱ། དྷཱ་ཀིས་དབང་བྱེད་གཉན་རྒྱ། བཀའ་སྲུང་རྩལ་ཆེན་མཐུ་རྒྱ། སྙིང་གི་དཀྱིལ་དུ་གབ་རྒྱ། གཏེར་ནས་གཏེར་དུ་གཏད་རྒྱ། མནྟྲ་གུ་ཡ། ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་གདམས་གཏད་རིན་ཆེན་སྤུངས་པ་ཞེས་བྱ་སྟེ། བདུད་རྩིའི་ཆར་དང་ཡང་མཚུངས་པ་ཐིགས་པ་རེ་རེ་ན་བ་འཆི་གསོས་ཀྱི་སྨན་དུ་འགྱུར་བ་ལྟར། གདམས་གཏད་ལེའུ་རེ་རེས་འཚང་རྒྱ་བར་གདམས་ཤིང་གཏད་པ་ཡིན་ནོ། །གདམས་གཏད་ཀྱི་དོན་བླ་མའི་ཞལ་ལུང་གིས་མདོར་དྲིལ་བ་སྟེ། རྒྱས་པར་ན་གདམས་གཏད་ཀྱི་གཞུང་ཡོངས་རྫོགས་ལུང་གི་ཚུལ་དུ་བཀླགས་ཤིང་། གཏང་རག་གསེར་གྱི་མཎྜལ་འབུལ་བ་དང་། དམ་ཚིག་གི་རྒྱས་གདབ་སོགས་བྱའོ། །གདམས་པ་གཏད་པའི་དགོས་ཆེད་ནི་ཁྲིད་རྣམས་ཀྱི་རྒྱབ་སྐྱོར་འཕྲོ་གཅོད་གོལ་སྒྲིབ་སེལ་ཞིང་། ལེའུ་རེ་རེས་ཀྱང་གཅིག་ཤེས་ཀུན་གྲོལ་དུ་འགྱུར་རོ། །གདམས་པ་གཞན་ཟབ་ལ་གནད་ཆེ་བ་གཏད་ཅིང་ཕྱིན་ཆད་གཅིག་ཤེས་ཀུན་གྲོལ་དུ་མི་རྟོགས་པས་འདིའི་ལེའུ་རེ་རེས་ཀྱང་སངས་རྒྱས་དང་མཉམ་པར་སྦྱོར་བས་སྒྲ་མཐུན་ཀྱང་དོན་འཕགས་སོ། །རྒྱུད་ལས། མ་འདྲེས་ཡོངས་རྫོགས་ཡང་ཏི་འོ། །ཞེས་སོགས་མདོ་རྒྱུད་ཐམས་ཅད་ཀྱི་ཚིག་དོན་མ་ལུས་པ་འདིའི་དོན་སྟོན་བྱེད་ཤ་སྟག་ཏུ་འོང་བས་བཀའ་ལུང་ཐམས་ཅད་ཀྱི་སྙིང་པོར་གྲུབ་པའོ། །དེ་ལྟར་ཁྲིད་ཆེན་བརྒྱད་ལས་སྐྱབས་སེམས། ཚོགས་གསག །རྡོར་སེམས། རང་བྱིན་རླབས་དང་བླ་མའི་རྣལ་འབྱོར་སྦྲེལ་བ་བཅས་ཉིན་བཞི། རུ་ཤན་ཕྱེ་བ་ཉིན་གཅིག །སོར་བཞག་ཉིན་གཅིག །ངོ་སྤྲོད་ནས་གདམས་གཏད་ཀྱི་བར་ཉིན་གཅིག་སྟེ་ཉིན་བདུན་ལ་རྫོགས་པར་མཛད། སོར་བཞག་དོན་ཁྲིད་འདི་ཤིན་ཏུ་གལ་ཆེ་བས་ཁྲིད་གསར་པ་ཡིན་ན་ཉམས་མ་སྐྱེས་བར་དམིགས་པ་མི་སྤོ། ཉམས་སྐྱེས་པ་ན་ངོ་སྤྲོད་གདབ། དཔེ་རྒྱུད་ཀྱི་གོ་རིམ་ས་བཅད་དྲུག་པ་རྩལ་སྦྱོང་། བདུན་པ་ངོ་སྤྲོད་དུ་མཛད་ཀྱང་། སྙན་བརྒྱུད་ཁྲིད་དུ་གདབ་པའི་སྐབས་གོ་རིམ་འདི་ཁོ་ན་བཞིན་ཡིན་གསུང་། དེའང་ཁྲིད་ཆེན་དང་པོས་ངེས་ཤེས་བསྐྱེད། གཉིས་པས་རྒྱུད་སྦྱང་། གསུམ་པས་རྒྱུད་སྨིན། བཞི་པས་གྲོལ་བར་བྱ་བ་ལ་འཁོར་བ་སེམས་དང་མྱང་འདས་རིག་པ་ཤན་ཕྱེ། ལྔ་པ་ཤན་ཕྱེད་ནས་རིག་པའི་ངང་དུ་རང་སོར་བཞག །དྲུག་པས་རིག་པ་ངོས་ཟིན་ཅིང་ཅུང་ཟད་བརྟན་པ་ཐོབ་པ་ན་ངོ་སྤྲད། བདུན་པས་ངོ་འཕྲོད་ནས་བོགས་འབྱིན་པའི་ཕྱིར་རྩལ་སྦྱང་། བརྒྱད་པས་རྩལ་འབྱོངས་པའི་རྣལ་འབྱོར་པས་རང་གཞན་གྱི་དོན་མཐར་དབྱུང་བར་གདམས་ཤིང་གཏད་པ་ཡིན་པའི་ཕྱིར། གདམས་གཏད་འདི་སྔ་ཐོགས་ཁྲིད་རྫོགས་རྗེས་ལོ་ཤས་ལ་ཉམས་ལེན་ལ་བརྩོན་ནས་འགྲོ་དོན་ནུས་པ་ན་འདི་ཁོ་ན་གསུངས་པ་ཡིན་འདུག །དེང་སང་རྩལ་སྦྱོང་གི་རྗེས་སུ་རྩལ་དབང་བསྐུར་ནས། དམ་ཚིག་ཁས་བླང་གོང་དུ་གདམས་གཏད་ཆེན་མོ་ལུང་མཛད་སྲོལ་ཡོད། འོན་ཀྱང་རྩལ་དབང་རྩལ་སྦྱོང་གི་སྔོན་དུ་བསྐུར། གདམས་གཏད་ཀྱི་ས་བཅད་སྐབས་འདི་ཁོ་ནར་བཤད་ཀྱང་རུང་། བསྡུ་ན་ཚིགས་བཅད་རྣམས་ཁོ་ན་བརྗོད་པའམ། དཔེ་མ་འབྱོར་ན་དོན་གྱི་སྙིང་པོ་འདི་ཡིན་ཞེས་འཆད་པས་ཀྱང་རུང་ཞེས་བཀས་གནང་བ་ལྟར། དཔེ་རྒྱུན་འབྱོར་སླ་ཞིང་ཡི་གེ་ཉུང་བ་དང་དོན་གྱི་གནད་འདུས་པ་ལ་བསམས་ནས་འདིར་ཡང་ཕྱི་མའི་དོན་ལྟར་བཀོད་པའོ། །གདམས་པ་འདི་ནི་རྫོགས་པ་ཆེན་པོའི་བཀའ་སྲོལ་ཀུན་ལས་ཁྱད་པར་དུ་འཕགས་ཏེ། ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། བཀླགས་པས་གོ་ཞིང་ངོ་སྤྲོད་རྟོགས་པ་ཐོབ། །བསམ་ཞིང་བསྒོམ་མི་དགོས་ཏེ་ཅིག་ཅར་གྲོལ། །དོན་གཅིག་བརྟགས་པས་རེ་དོགས་སྤྲོས་ཚོགས་ཆོད། །གཅིག་ཤེས་ཀུན་གྲོལ་འཕྲུལ་གྱི་སྐོར་ལྡེ་འདྲ། །སྐད་ཅིག་ལས་ཀྱི་མུན་སེལ་ཉི་མ་འདྲ། །ཀུན་སྣང་ངོ་བོ་འགྱུར་མེད་ནམ་མཁའ་འདྲ། །གཅིག་ཐོབ་ཀུན་འབྱུང་ཡིད་བཞིན་གཏེར་འཆང་འདྲ། །ཞེས་སོགས་བཀའ་ནན་རྒྱས་པས་གཙིགས་སུ་གདམས་པར་མཛད་དོ།། །།བོད་ན་ཁྱད་འཕགས་གཏེར་ཁ་བཅོ་བརྒྱད་ཀྱི། །གདམས་པའི་ཡང་བཅུད་གཅིག་ཤེས་ཀུན་གྲོལ་གྱི། ཁྲིད་ཆེན་བརྒྱད་པོ་བླ་མའི་ཞལ་ལུང་དང་། །རྩ་བའི་གདམས་ངག་མ་བུ་ལེགས་པར་བསྡེབས། །མཐོང་ཐོས་འབྲེལ་བའི་བདག་གཞན་སེམས་ཅན་ཀུན། །རྩོལ་མེད་སངས་རྒྱས་ས་ལ་མཉམ་སྦྱོར་ཏེ། །སྐུ་དང་ཡེ་ཤེས་མ་འདྲེས་ཡོངས་སུ་རྫོགས།། ཆོས་ཉིད་ཀློང་དུ་ཟང་ཐལ་རྒྱས་ཐེབ་ཤོག །ཅེས་པ་འདི་ནི་རིགས་ཀུན་ཁྱབ་བདག་གདོད་མའི་མགོན་པོ་ཀུན་མཁྱེན་༧རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞལ་སྔ་ནས། ཟབ་ཆོས་འདི་ཉིད་ཀྱི་སྨིན་གྲོལ་བཀའ་དྲིན་རྒྱ་མཚོའི་སྙིང་པོར་བསྩལ་པའི་ཚེ་བཀའ་ཡིས་རྗེས་སུ་གནང་པ་ལྟར། ཀུན་བཟང་བཀའ་བརྒྱུད་ལ་མོས་པ་ལམ་དུ་བྱེད་པའི་རྩིས་མེད་ཀྱི་རྣལ་འབྱོར་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ། ས་བཅད་དང་ཕྱག་བཞེས་སོགས་རྗེ་ཉིད་ཀྱི་ཞལ་ལུང་གཞིར་བཞག་རྩ་བའི་གཞུང་དོན་ཉུང་གསལ་དཀྱུས་གཅིག་ཏུ་བསྡེབས་པ་དགེ་ལེགས་འཕེལ།། །།


[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).