Terdzo-AI-005-3

From Rinchen Terdzö
Revision as of 09:14, 20 October 2017 by Mort (talk | contribs)
This page is under construction. Check back later for updated content.

སློབ་དཔོན་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས༔ ཆོས་འདི་ཉམས་སུ་ལེན་པའི་སྙིང་གཏམ་གྱི་ཆོས་ཡིན་པས༔ ཐུགས་སུ་ལེན་པར་མཛོད་ལེགས་སྷོ༔

slob dpon chen po sprul sku pad+ma 'byung gnas kyi bka' 'bum bzhugs pa'i dbu'i phyogs:_chos 'di nyams su len pa'i snying gtam gyi chos yin pas:_thugs su len par mdzod legs s+ho:
Alternate Title: བླ་མ་དམར་ཁྲིད་ཀྱི་ཞལ་གདམས་ཞུས་ལན་སྐོར་ (bla ma dmar khrid kyi zhal gdams zhus lan skor)

by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  བླ་མ་དམར་ཁྲིད་ཀྱི་ཞལ་གདམས་ཞུས་ལན་སྐོར་ (Bla ma dmar khrid kyi zhal gdams zhus lan skor)
Volume 60 (ཨི) / Pages 355-454 / Folios 1a1 to 50b6

[edit]

འབྱོར་ལམ་པའི་དུས་ན་སེམས་ཉིད་ཀྱི་ངོ་བོ་ལ་རིམ་དུ་བསྒོམས་པས༔ རྣལ་འབྱོར་པ་ལུས་ཀྱི་རྒྱ་དང་བྲལ་བའི་དུས་སུ་སྐུ་ལྔ་ཡེ་ཤེས་ལྔ་པོ་དེ་ལ་ཐོབ་ཏུ་མེད་པའི་ཚུལ་གྱིས་ཐོབ༔ སྣང་དུ་མེད་པའི་ཚུལ་གྱིས་སྣང་བ་ཡིན་ནོ་གསུངས༔ སངས་རྒྱས་དེ་ལྟ་བུ་དེས་སེམས་ཅན་གྱི་དོན་བྱེད་ཚུལ་ནི༔ ཉི་མའི་སྙིང་པོ་གཅིག་ལས་མ་གཡོས་པར་རྒྱ་མཚོ་ཐ་དད་ཀྱི་ནང་དུ་གཟུགས་བརྙན་འཆར་བ་ལྟར༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་པར༔ ལོངས་སྐུ་དང་སྤྲུལ་སྐུས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ལ༔ གདུལ་བྱ་ཇི་ལྟར་མོས་པ་བཞིན་དུ་སྤྲུལ་ནས་རྟོག་མེད་ཀྱིས་འགྲོ་བའི་དོན་བྱེད་དོ༔ དེ་ཡང་དཔེར་ན་ཉི་མའི་འོད་ཟེར་ལ་འགྲོ་བའི་དོན་བྱས་སོ་བྱེད་དོ་སྙམ་པའི་རྟོག་པ་མེད་དོ༔ དེ་བཞིན་དུ་སྐུ་གཉིས་ཀྱང་འགྲོ་བའི་དོན་བྱེད་པའི་རྟོག་པ་དང་བྲལ་ཏེ་སྨོན་ལམ་གྱི་ཤུགས་ཀྱིས་འགྲོ་དོན་འབྱུང་བ་ཡིན་ནོ་གསུངས༔ ༔སློབ་དཔོན་གྱིས་གསུང་པ༔ མཚོ་རྒྱལ་བོད་ཀྱི་སྔགས་པ་ལ་ཚིག་གི་སྨྲང་ལས་དོན་གྱི་སྒོམ་པ་མེད༔ གསང་སྔགས་བོན་གྱེར་བྱེད༔ དམ་རྫས་ལ་ཐོ་ཅོའི་སྤྱོད་པ་བྱེད༔ དབེན་པ་གྲོང་ཁྱེར་གྱི་དཀྱིལ་དུ་འཆའ༔ སྦྱོར་བ་བྱེད་ཅེས་འདོད་ཆགས་རང་དགའ་མར་སྤྱོད༔ སྒྲོལ་བ་བྱེད་ཅེས་ཟེར་ནས་ཞེ་སྡང་རང་གར་སྤྱོད༔ དགེ་སྡིག་འཆོལ་བར་སྤྱོད༔ མན་ངག་ལ་ཡང་ཟོང་བྱེད༔ སློབ་དཔོན་གྱིས་སློབ་མ་ཚོལ༔ གསང་སྔགས་ལ་རས་ཆོད་བྱེད༔ དེ་ལྟའི་དུས་ཀྱི་ཐ་མ་ལ༔ གསང་སྔགས་ཚིག་གིས་བསྒྲིབས་ནས་དོན་མ་གོ་བས་བྱིན་རླབས་འགྲིབ༔ གྲུབ་པ་ཐོབ་པ་ཉུང༔ གསང་སྔགས་ནུབ་ཏུ་ཉེ་བའི་དུས་ཤིག་འོང་བས༔ དེའི་དུས་སུ་སྐལ་ལྡན་ལས་འཕྲོ་ཅན་གྱི་དོན་དུ༔ སྙན་བརྒྱུད་ཡི་གེར་ཐོབས་ལ་གཏེར་དུ་སྦོས་ཤིག་གསུངས་སོ༔ ཇོ་མོས་དེ་ཉིད་དུ་ཡི་གེར་བཏབ་སྟེ་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་ནས་ཀྱང༔ བློ་གྲོས་སྒྲིབ་པ་བྱང་ནས་རིག་འཛིན་ས་ཐོབ་ཤོག༔ གསང་སྔགས་ཀྱི་བློ་སྦྱོང་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ༔ སྤྲེའུ་ལོ་སྟོན་ཟླ་ཐ་ཆུང་གི་ཉི་ཤུ་གཉིས་ཀྱི་ཉིན་མོར་ཡེར་པའི་མཐོ་ལྡིང་ཕུག་ཏུ་ཡི་གེར་བཏབ་བོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ ན་མོ་གུ་རུ༔ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ དགོངས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་དང་དབྱེར་མེད་པ༔ ལྟ་དགོངས་ཀྱིས་ཆོས་ཐམས་ཅད་ཐུགས་ལ་མངའ་བ༔ ཡང་དག་པའི་དོན་ལ་རྟག་ཏུ་གཡོ་འགུལ་མེད་པར་གནས་པ་དེ་ལ་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས༔ ལྟ་བ་ཡས་འབུབས་ཀྱི་དགོངས་པ་ལ་ཟླ་བ་ཐམས་ཅད་ཀྱི་གནད་ཐམས་ཅད་ཞུས་པའོ༔ སློབ་དཔོན་པདྨ་ལ་ཇོ་མོ་མཁར་ཆེན་གྱིས་ཞུས་པ༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་པོ་གང་ནས་བྱུང༔ སློབ་དཔོན་གྱི་ཞལ་ནས༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་གི་བག་ཆགས་བརྟས་པ་ལས་བྱུང༔ མིང་ལ་གསུམ་སྟེ༔ ཡིད་ཀྱི་མིང་དང༔ སེམས་ཀྱི་མིང་དང༔ མིང་གི་མིང་དང་གསུམ་མོ༔ དེ་ལ་ཡིད་ཀྱི་མིང་ལས་རྣམ་རྟོག་འགྱུས༔ སེམས་ཀྱི་མིང་གིས་བག་ཆགས་བསགས༔ མིང་གི་མིང་གིས་སྣ་ཚོགས་ཤར༔ དེས་ན་མིང་འདོགས་ཆོད་ན་བདེ་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ མིང་འདོགས་ཇི་ལྟར་བགྱིས་ན་བྲལ་བར་འགྱུར༔ སློབ་དཔོན་གྱིས་གསུང་པ༔ ཡིད་ཀྱི་མིང་འདོགས་དྲན་རྟོག་དང་བྲལ་ན༔ སེམས་ཀྱི་མིང་འདོགས་བཟང་ངན་དང་བྲལ༔ དེ་དང་བྲལ་ན་མིང་གི་མིང་འདོགས་བཏགས་པ་དང་བྲལ༔ སྣ་ཚོགས་བག་ཆགས་ཀྱི་རྨི་ལམ་དང་བྲལ་བས་མིང་འདོགས་དང་བྲལ༔ དེ་དང་བྲལ་བས་བར་དོའི་མིང་འདོགས་དང་བྲལ༔ དེ་དང་བྲལ་བས་སྐྱེ་ཤིའི་མིང་འདོགས་དང་བྲལ༔ དེ་དང་བྲལ་བས་འཁོར་བའི་སྐྱེ་རྒྱུན་གཅོད༔ ཆོས་ཐམས་ཅད་བཏགས་པས་བཏགས་པ་མིང༔ མིང་མི་བདེན་པ་མིང་འདོགས་དང་བྲལ་ན་བདེ་གསུངས༔ ཇོ་མོས་ཞུས་པ༔ མིང་འདོགས་གྲོལ་བར་བྱེད་པའི་ཐབས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ འཁོར་འདས་ཀྱི་ཆོས་ཇི་ལྟར་སྣང་བ་དང༔ བཏགས་པ་དང༔ དགའ་མི་དགའ་དང༔ བདེ་སྡུག་དང༔ ང་དང་བདག་དང་གཞན་ལ་སོགས་པའི་འཛིན་པ་ཀུན༔ མིང་ཡང་མི་འགྱུར་མིང་མི་གདགས༔ གང་ཡང་རང་སར་བཞག་པས་རང་གྲོལ་དུ་འགྲོ་བ་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སངས་རྒྱས་དང་སེམས་ཅན་གཉིས་ཀ་མེད་པའི་སོ་མཚམས་ན་ཇི་ལྟར་གནས༔ སློབ་དཔོན་གྱིས་གསུང་པ༔ སངས་རྒྱས་དང་སེམས་ཅན་གཉིས་མེད་པའི་དུས་ན༔ རིག་མ་རིག་མེད་པར་གནས༔ རྟོགས་མ་རྟོགས་མེད་པར་གནས༔ ཡིན་མིན་བཟང་ངན་མེད་པར་གནས༔ མིང་འདོགས་ཐམས་ཅད་དང་བྲལ་བར་གནས་པ་ཡིན་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ སེམས་ཅན་མིང་དུ་བཏགས་པ་འདི་ཇི་ལྟར་འཁྲུལ༔ སློབ་དཔོན་གྱི་ཞལ་ནས༔ མིང་འདོགས་མེད་ལ་ང་བདག་བྱུང་བས་བདག་འཛིན་གྱི་བག་ཆགས་བརྟས་པས༔ ཕ་མ་བུ་ནོར་དགྲ་དང་གཉེན་ཡུལ་ཞིང་ལ་སོགས་པའི་མིང་དུ་བཟུང༔ བདག་འཛིན་མིང་གིས་འགྲོ་བ་རིགས་དྲུག་ཏུ་འཁྲུལ་པའོ་གསུངས༔ ཇོ་མོས་ཞུས་པ༔ ཇི་ལྟར་བགྱིས་ན་སངས་རྒྱ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བྱས་པའི་ཆོས་ཀྱིས་སངས་མི་རྒྱ༔ མ་བྱས་པའི་ཆོས་ཤིག་དགོས༔ མཚོན་པའི་ཆོས་ཀྱིས་སངས་མི་རྒྱ༔ མི་མཚོན་པའི་ཆོས་ཤིག་དགོས༔ བཤད་པའི་ཆོས་ཀྱིས་སངས་མི་རྒྱ༔ མ་བཤད་པའི་ཆོས་ཤིག་དགོས༔ བསྒྲུབས་པའི་ཆོས་ཀྱིས་སངས་མི་རྒྱ༔ མ་བསྒྲུབ་པའི་ཆོས་ཤིག་དགོས༔ གང་ཡང་མ་བྱེད༔ གང་དུ་ཡང་མ་འགྲོ༔ རྟོག་མེད༔ སྤྲོས་མེད༔ བསྡུར་མེད༔ གཏད་མེད༔ རྟེན་མེད༔ དམིགས་མེད༔ འཛིན་མེད༔ གང་ཅི་ཡང་མེད་པར་གཞག་གོ༔ སངས་རྒྱས་ཞེས་མིང་དུ་མ་བཏགས༔ ཆོས་སྐུ་སྨྲ་བསམ་བརྗོད་དང་བྲལ་བ་ཡིན་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ དེ་ལྟར་ཆོས་བྱར་མེད་པ་ཞིག་ལགས་སམ༔ སློབ་དཔོན་གྱི་ཞལ་ནས༔ ཡིན་ཅི་ཡང་མ་ཡིན་ཏེ༔ སྣང་བ་ཅིར་ཡང་སྣང༔ དངོས་པོ་ཅི་ཡང་མེད་དེ་སྣ་ཚོགས་ཀུན་གྱི་གཞི་བྱས༔ མཚོན་དུ་རྡུལ་ཙམ་མེད་དེ་མཚོན་པ་སྣ་ཚོགས་ཀྱི་རྩལ་བྱས༔ ཆགས་ཞེན་གནས་པ་མེད་དེ་ཀུན་གྱི་རྟེན་བྱས༔ སྐྱེ་ཤི་ཀུན་དང་བྲལ་ཏེ་ན་རྒ་འཆི་བའི་གཞི་མ་བྱས༔ མ་བཅོས་མ་བསྒྱུར་ཡེ་གདལ་ཡེ་གནས་སྤྲོས་བྲལ་གྱི་ངང་ལ་ཞོག༔ འཁོར་འདས་རང་སར་གྲོལ༔ གསང་བའི་དགྲ་བོ་ང་བདག་གནས་སུ་ཞི་ནས་ལྟས་ངན་གཡང་དུ་ཁུག་པ་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སེམས་ལ་སྐྱོན་གྱི་དངོས་གཞི་ཡོད་དམ་མེད༔ སློབ་དཔོན་གྱི་ཞལ་ནས༔ མ་རྟོགས་སྐྱོན་གྱི་དངོས་གཞི་ཡིན༔ སེམས་ཉིད་ངོ་བོ་སྟོང་པར་རྟོགས༔ སྟོང་པ་ཆོས་སྐུ་ཆེན་པོ་ལ༔ སྐྱོན་གྱི་དྲི་མ་མི་གནས་པས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༔ སེམས་ཉིད་རྟོགས་པས་སངས་རྒྱས་པས༔ སྐྱོན་གྱི་དངོས་གཞི་མེད་པར་ཐག་གཅད་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡུལ་སེམས་གཉིས་སུ་ཡོད་དམ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཡུལ་དུ་སྣང་བ་སེམས་ཀྱི་སྣང་བ་ཡིན༔ སྣ་ཚོགས་སྣང་བ་སེམས་ཀྱི་རྩལ་ཡིན་པས༔ ངོ་བོ་སྟོང་སྟེ་ཡུལ་སྣང་སྤང་དུ་མེད་དེ་གྲོལ༔ ཡུལ་སེམས་གཉིས་སུ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སངས་རྒྱས་གཞན་ནས་བསྒྲུབ་ཏུ་བདོག་གམ་མི་བདོག་ཅེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དུས་གསུམ་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང༔ རང་སེམས་སྐྱེ་བ་མེད་པར་རྟོགས་པ་སྟེ༔ སྐྱེ་མེད་ངང་ལས་རོལ་པར་སྐུ་གསུམ་ཤར༔ ལོགས་ནས་བསྒྲུབ་ཏུ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འཕོ་འགྱུར་ལ་ཉམ་མི་ང་བའི་གདེང་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཕོ་འགྱུར་འཇིག་རྟེན་པས་བརྟགས་ན༔ རང་རིག་པའི་སྟོབས་ཀྱི་རྩལ་རྫོགས་པས་མཉམ་པ་ཆེན་པོ་མི་འགྱུར་བའི་ངང་ལ་རྟག་ཏུ་གནས་པས་འཕོ་འགྱུར་གཞི་ནས་བྲལ་བར་ཐག་གཅད་དོ་གསུངས་སོ༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ འཆི་བ་ལ་མི་འཇིགས་པའི་གནས་གང་དུ་བཅའ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཉིད་སྐྱེ་བ་མེད་པར་རྫོགས་པའི་དུས་ན༔ ལུས་འཕོ་བ་ལྟར་སྣང་ཡང༔ སེམས་ཉིད་སྟོང་གསལ་ཆོས་ཀྱི་སྐུ་ལས་འགྱུར་བ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རིགས་དྲུག་གཡང་ས་གང་ལགས་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རིགས་དྲུག་སྡུག་བསྔལ་སྣ་ཚོགས་སུ་སྣང༔ གཞན་གྱིས་བྱས་པ་མ་ཡིན་དེ་རང་ལས་བྱུང་བ་ཡིན་ཏེ༔ རང་གིས་རང་ངོ་མ་ཤེས་པས་རང་ལ་རང་སེམས་ཀྱིས་གནོད་པར་བྱེད༔ རང་སེམས་སྟོང་པ་ཆེན་པོ་ལ་སྡུག་བསྔལ་གཞི་རྩ་དང་བྲལ་བར་ཐག་གཅད་དོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སེམས་ཉིད་འདི་ལ་ལས་དང་བག་ཆགས་ཀྱིས་གོས་སམ་མ་གོས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ལས་དང་བག་ཆགས༔ བཟང་རྟོག་དང་ངན་རྟོག༔ བསྒོམ་བྱ་དང་སྒོམ་བྱེད་ལ་སོགས་པ་དགེ་བ་ཐམས་ཅད་ཀྱང་སེམས་ཡིན༔ ངན་རྟོག་མི་དགེ་བ་བྱེད་མཁན་ཐམས་ཅད་ཀྱང་སེམས་ཡིན༔ སེམས་སྐྱེ་མེད་སྟོང་པ་དངོས་མེད་ཟང་ཀ་ལ༔ ལས་དགེ་སྡིག་གང་གིས་ཀྱང་གོས་པ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྟུང་གནས་ཀྱི་གཡང་ས་རྟོག་གམ་མི་རྟོག་ཅེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ལྟུང་བའི་དངོས་གཞི་རང་གི་རྣམ་རྟོག་ཡིན༔ ལྟུང་བའི་ས་ནི་རང་གི་གཡང་ས་སྟེ༔ ལྟུང་གིས་དོགས་པ་སེམས་ཀྱི་རྣམ་རྟོག་ཡིན༔ འཁོར་བ་སེམས་ཀྱི་སྣང་བ་འཁྲུལ་པ་སྟེ༔ རང་སེམས་ཆོས་སྐུ་ཆེན་པོར་རྟོགས་པའི་ཚེ༔ རིགས་དྲུག་ཉིད་ཀྱང་སངས་རྒྱས་ཞིང་ཁམས་སུ་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྟ་བ་ལ་ཕྱོགས་ལྷུང་བདོག་གམ་མི་བདོག་ཅེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བཀོལ་བ་མེད་པའི་ལྟ་བ་ལ་ཕྱོགས་མེད་ནམ་མཁའ་ལྟ་བུ་ཡིན༔ ཐམས་ཅད་སེམས་ཡིན་སེམས་ཉིད་སྟོང༔ ཕྱོགས་རིས་མེད་པ་ནམ་མཁའ་ལྟ་བུར་ཐག་གཅད་དོ་གསུངས་སོ༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྒོམ་པ་ལ་གསལ་འགྲིབ་བདོག་གམ་མི་བདོག་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཉིད་ངོ་བོ་སྟོང་པ་ལ༔ ཆོས་ཉིད་འགྱུར་བ་མེད་པར་གཞག༔ གཉིས་མེད་མ་འགགས་གསལ་བ་དེ༔ ཉི་མའི་སྙིང་པོ་ལྟ་བུར་གསལ༔ འགྲིབ་ཀྱང་གཞི་དང་མ་བྲལ་བར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྤྱོད་པ་ལ་བླང་དོར་བདོག་གམ་མི་བདོག་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བླང་དོར་མེད་པའི་སྤྱོད་པ་ནི༔ ཤེལ་གོང་དྲི་མ་མེད་པ་དེ༔ དར་སྣའི་གདན་ལ་བཞག་དང་མཚུངས༔ ཅི་བྱེད་སེམས་ཉིད་སྟོང་གསལ་ཡིན༔ སྐྱོན་ཡོན་གང་ཡང་གཞི་མ་གྲུབ༔ ཅིར་སྣང་རང་བྱུང་རང་གྲོལ་དུ་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འབྲས་བུ་ལོགས་ནས་བསྒྲུབ་ཏུ་མཆིས་སམ་མ་མཆིས༔ ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་ལ་གནས་པས་སྒྲུབ་ཏུ་མེད༔ དཔེར་ན་ནོར་བུ་རིན་ཆེན་ལྟར༔ དགོས་འདོད་ཐམས་ཅད་རང་ལས་འབྱུང༔ སངས་རྒྱས་ཆེ་བའི་ཡོན་ཏན་རྣམས༔ ཐམས་ཅད་རང་སེམས་རྟོགས་ལས་བྱུང༔ རང་སེམས་ཆོས་སྐུར་ཡེ་ནས་ལྷུན་གྱིས་གྲུབ་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཕྱི་སྣང་བ་ལ་སྐྱོན་དུ་འཚལ་ལམ་མི་འཚལ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྣང་བ་ལ་སྐྱོན་དུ་མི་བལྟ་སྟེ༔ རང་སྣང་བ་ལ་རང་བཞིན་མེད༔ དཔེར་ན་མེ་ལོང་གཟུགས་བརྙན་བཞིན༔ སྣང་ལ་རང་བཞིན་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ནང་རྟོག་པ་ལ་སྐྱོན་དུ་བལྟ་འཚལ་ལམ་མི་འཚལ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རྟོག་པ་ལ་སྐྱོན་དུ་མི་བལྟ་སྟེ༔ དཔེར་ན་རྒྱ་མཚོའི་རླབས་དང་འདྲ༔ རང་སེམས་སྟོང་ཉིད་གཡོ་མེད་པས༔ རྟོག་པ་ཅི་སྐྱེས་ཆོས་ཉིད་ཀྱི་རོལ་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་ལྟོས་པ་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བྱས་ཆོས་ཐམས་ཅད་བློ་ཡིན་པས༔ འདུས་བྱས་ཆོས་རྣམས་ཐམས་ཅད་འཇིག༔ ཆོས་ཉིད་ཡེ་ནས་ལྷུན་གྱིས་གྲུབ༔ འདུས་བྱས་ཀྱི་དགེ་བ་ལ་འབད་རྩོལ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡེ་ཤེས་ལ་ཤར་ནུབ་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རིག་པ་ཡེ་ཤེས་རང་ལ་ཤར༔ དེ་ཡང་ཡེ་ནས་རང་གསལ་ཏེ༔ ངོ་བོ་རང་གསལ་ཕྱི་ནང་མེད༔ ཡེ་ཤེས་རང་གསལ་བ་ལྷུན་གྲུབ་ཆེན་པོར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྒྱུ་འབྲས་གཉིས་སུ་དབྱེར་མཆིས་སམ་མ་མཆིས་ཞུས་པ༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ཅན༔ ཡེ་ནས་སངས་རྒྱས་རྒྱུ་འབྲས་དབྱེ་བ་མེད༔ ད་གདོད་བཙལ་ཞིང་སྒྲུབ་ཏུ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆགས་སྡང་སྤང་དུ་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དུག་ལྔ་སྤང་ཞིང་ཡེ་ཤེས་སྒྲུབ་ཏུ་མེད༔ དགྲ་ལ་སྡང་དང་གཉེན་ལ་ཆགས་སུ་མེད༔ ཐམས་ཅད་ཀྱི་བྱེད་པ་པོ་སེམས་ཉིད་སྟོང་པ་ཡིན་པས༔ དུག་ལྔ་རང་གྲོལ་དུ་ཐག་གཅད་དོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འཁོར་འདས་ལ་བཟང་ངན་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཁོར་བའི་རང་བཞིན་འདུས་བྱས་ཡིན༔ འདུས་བྱས་མི་བདེན་འཇིག་པ་སྟེ༔ ཞི་བའི་རང་བཞིན་སྟོང་པ་ཡིན༔ སྟོང་ཉིད་ཀྱི་ཀློང་དུ་བཟང་ངན་ཡེ་ནས་མ་གྲུབ་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྐུ་གསུམ་རང་ལ་ཇི་ལྟར་གནས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ༔ གསལ་བ་ལོངས་སྐུ༔ འགག་མེད་སྤྲུལ་སྐུ༔ དུག་གསུམ་གཏན་ནས་དག་པས་སྐུ་གསུམ་ཡེ་ནས་རང་ལ་འཆར་བར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆོས་ཉིད་ཀྱི་དོན་ཉམས་སུ་བླང་དུ་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཉིད་སྟོང་པའི་དོན་རྟོགས་ན༔ སངས་རྒྱས་ས་ལ་འགྲོ་རྒྱུ་མེད༔ དཀོན་མཆོག་གསུམ་ལ་སྐྱབས་མི་འཚལ༔ རྩོལ་སྒྲུབ་ཀྱིས་ཆོས་ལ་བྱ་རྒྱུ་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འཁོར་བར་ལྟུང་བ་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཉིད་སྟོང་པའི་རང་བཞིན་ལ༔ འཁོར་བ་གཞི་ནས་གྲུབ་པ་མེད༔ འཁོར་བའི་རྩ་བ་ཀ་ནས་དག༔ ལྟུང་མེད་འཁྲུལ་པ་དང་བྲལ་བའི་ཡེ་ཤེས་སུ་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆོས་ལ་བྱེད་པ་པོ་མཆིས་སམ་མ་མཆིས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་རིག་ངོ་བོ་ཡེ་ནས་སྟོང་པ་ལ༔ ཆོས་དང་གང་ཟག་མི་དམིགས་པས༔ དགེ་བཅུ་སྤྱོད་བྱེད་ཡེ་ནས་སྟོང༔ ཆོས་ལ་བྱེད་མཁན་མེད་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གདམས་ངག་ལ་རག་ལུས་སམ་མ་ལུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་ཉིད་སངས་རྒྱས་དགོངས་པ་ངེས༔ བཙལ་མེད་ཡེ་ནས་རང་ལ་གནས༔ རིག་པ་སྤྲོས་མེད་ཆོས་སྐུར་གནས༔ གཞན་གྱིས་བསྟན་དུ་མེད་པས་གདམས་ངག་མི་དགོས་པར་ཐག་གཅད་དོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྟོགས་ལྡན་གྱི་རྣལ་འབྱོར་པ་དེ་ལུས་ལེན་ནམ་མི་ལེན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཉིད་ནམ་མཁའ་ལྟ་བུ་ལ༔ ལས་ཀྱིས་འཕེན་པ་མ་གྲུབ་པས༔ རིགས་དྲུག་མངལ་ཁ་སྟོང་པར་བཞག༔ ལས་དང་བག་ཆགས་གསོག་པ་སྟོང༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས༔ སེམས་ཉིད་ཐིག་ལེ་ཉག་གཅིག་ལ༔ འཕོ་འགྱུར་ཀ་ནས་དག་སྟེ་སྟོང༔ སྐྱེ་ཤི་གཉིས་པོ་རྩད་བཅད་དེ༔ ཀུན་གཞི་རྩ་བྲལ་དོན་རྟོགས་པས༔ སྐྱེ་རྒ་ན་འཆིའི་ཆུ་བོ་སྐམ༔ ལས་ཀྱི་རྣམ་སྨིན་རང་སར་དག༔ རྒྱུ་དྲུག་གནས་ནས་ཟློག་སྟེ་སྟོང༔ འཁོར་བ་མ་སྤང་རང་སར་གྲོལ༔ མྱ་ངན་འདས་པ་མ་བསྒྲུབ་ཐོབ༔ འཁོར་འདས་གཉིས་མེད་ཆོས་སྐུར་འདྲེས༔ རྣམ་སྨིན་ལུས་བླང་དོན་མི་གདའ་གསུངས་སོ༔ ༔སློབ་དཔོན་གྱི་ཞལ་ནས༔ མཚོ་རྒྱལ་ངའི་གདམས་པ་འདི་དུས་གསུམ་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ་ཡིན་ཏེ༔ འདིའི་ངང་ལ་སངས་རྒྱས༔ ཁམས་གསུམ་གྱི་སེམས་ཅན་གྱི་གྲོལ་ཤུལ་ཡིན་ཏེ༔ འདིའི་ངང་ལས་གྲོལ༔ པདྨ་བདག་གི་དགོངས་པ་ཡིན་པས༔ མཚོ་རྒྱལ་ཐུགས་ལ་ཆོངས༔ སྐལ་མེད་རྣམས་ཀྱི་སྐྲག་ཡུལ་ཏེ༔ སྐུར་པ་བཏབ་པས་དམྱལ་བར་ལྟུང༔ སྐལ་ལྡན་རྣམས་ཀྱི་མེ་ལོང་ཡིན༔ བསྟན་པ་ཙམ་གྱིས་གྲོལ༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས་ལ་རྒྱ་ཡིས་ཐོབས༔ སྐལ་ལྡན་ལས་འཕྲོ་ཅན་ལ་གཏེར་སྒོ་ཕྱེས་ལ་གཏོད་ཅེས་གདམས་སོ༔ ལྟ་བ་ཡས་འབུབས་ཐག་ཆོད་ཀྱི་སྐོར༔ སློབ་དཔོན་པདྨས་གདམས་པའི་བཅུད་ཕྱུང་ནས་ཇོ་མོ་ལ་གཏད་པ༔ ཡོས་བུའི་ལོ་སྟོན་ཟླ་འབྲིང་པོའི་ཚེས་བཅོ་བརྒྱད་ལ་མཆིམས་ཕུའི་ཡང་དབེན་དུ་ཡི་གེར་བཀོད་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ ན་མོ་གུ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ མུ་ཏིག་ཤེལ་གྱི་སྤ་མ་གོང་གི་དབེན་གནས་སུ༔ ཇོ་མོ་མཁར་ཆེན་བཟས་གདམས་པ་ཞུས་པའི་ཚེ༔ ཉམས་ལེན་དྲི་མེད་ཤེལ་ཕྲེང་འདི་གསུངས་སོ༔ སློབ་དཔོན་པདྨའི་ཞལ་ནས༔ སྙིང་ནས་ཆོས་བྱེད་པ་ལ་བརྒྱུད་པའི་བཀའ་བབས་མ་ཆད་པ་ཞིག་དགོས་གསུངས༔ ཇོ་མོས་དེ་གང་ལ་ཟེར་བ་ལགས་ཞུས་པས༔ སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་བཀའ་བབས་མ་ཆད་པའི་བརྒྱུད་པ་ཞིག་དགོས་གསུངས་ཏེ༔ དེ་སློབ་དཔོན་པདྨའི་བརྒྱུད་པ་འདི་ཡིན་པར་འདུག༔ ཆོས་སྐུ་ཀུན་ཏུ་བཟང་པོས་ལོངས་སྐུ་སྣང་བ་མཐའ་ཡས་ལ་བརྒྱུད༔ དེས་སྤྲུལ་སྐུ་པདྨ་འབྱུང་གནས་ལ་རིག་པ་ཐབས་ཀྱིས་བརྒྱུད༔ སྤྲུལ་སྐུས་དངོས་སུ་བྱོན་པའི་གསུང་ཁོ་མོ་བུད་མེད་ཀྱིས་ཐོབ་པ་ཡིན༔ བརྒྱུད་པའི་བཀའ་བབས་དང་ལྡན་པ་ཡིན་ནོ༔ སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ སྣོད་མེད་སྐལ་པ་དང་མི་ལྡན་པ་ལ་གདམས་པ་མི་སྦྱིན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བླ་མ་ལ་མི་གུས་ཤིང་ཆོས་ཐབས་ཀྱིས་འདོར༔ ཐོབ་ནས་ཁུངས་གཞན་ལ་འབྱིན༔ གདམས་ངག་མཆུའི་ཟོང་དུ་བྱེད༔ བརྒྱུད་པའི་བཀའ་མི་འཛིན༔ སྒྲུབ་པ་མི་བྱེད་པ་ལ་ཆོས་བྱིན་པས་གདམས་པའི་སྣོད་དུ་མི་རུང༔ མ་གོ་ཞིང་ངེས་ཤེས་མེད་པས་ཆོས་མི་ཐུབ༔ སྣོད་ངན་ལ་གདམས་པ་བྱིན་པས་ཡི་གེའི་རིས་དང་དཔེ་ཆར་སོང་ནས་ཆོས་འཆལ་བ་ལ་དགོས་པ་མི་གདའ་གསུངས༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ སྒྲོ་སྐུར་ཅན་གྱི་གང་ཟག་ལ་ཆོས་མི་བསྟན་གསུངས༔ ཇོ་མོས་སྐྱོན་ཅི་བདོག་ཞུས་པས༔ གདམས་པའི་གནད་མེད༔ བརྒྱུད་པའི་བཀའ་བབས་མེད་པས་སེམས་དང་ཆོས་སུ་མ་འདྲེས༔ རྟོག་གེའི་རྗེས་གཅོད་ལ་མཁས་པའི་མི་ལ་ཆོས་བསྟན་པས་ཆོས་ལ་སྐུར་པ་འདེབས༔ ཆོས་ཉིད་ལ་སྐུར་པ་བཏབ་པས་ཁོས་སྡིག་གསོག༔ རང་དེ་ལ་མ་དགའ་ནས་ཉམས་པས་ཆོས་ལ་བརྟེན་ནས་གཉིས་ཀའི་སྡིག་གསོག་པ་ལ་དགོས་པ་མི་གདའ་ཡི་གསུངས༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ གདམས་ངག་མཆུ་ཟོང་བྱེད་པའི་འཁོར་མི་བསྟེན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ འཇིག་རྟེན་འདིའི་ཁེ་གྲགས་ལ་དགའ་བའི་མི་ཉན་ལོ་ཤེས་ལོ་ནས༔ སྒྲུབ་པ་གཙོར་མི་བྱེད་པར་ཆོས་འཚོང་བའི་ཚོང་དཔོན༔ ཟས་ནོར་བསྙེན་བཀུར་བག་ཙམ་ཐོབ་ན་ཆོས་ལ་བླ་མའི་བཀའ་རྒྱ་ཡོད་ཀྱང་མི་ཐུབ་པ་དེ་ལྟ་བུ་ལ་མན་ངག་མི་སྦྱིན༔ ཆོས་བཀའ་འཆལ་བར་འགྱུར་བ་ཡིན༔ འཆི་མེད་ཀྱི་བདུད་རྩི་རང་གིས་མི་ཟ་བར་གཞན་ལ་བྱིན་པ་ལ་དགོས་པ་མི་གདའ་གསུངས༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ སྔོན་སྦྱངས་ལས་འཕྲོ་ཅན་གྱི་གང་ཟག་ལ་མན་ངག་གི་བཅུད་བཏོན་ལ་སྦྱིན༔ ཇོ་མོས་དེ་གང་ལགས་ཞུས་པ༔ བླ་མ་སངས་རྒྱས་སུ་མཐོང་བས་མོས་པ་ཆེ་བ༔ གདམས་ངག་ལ་བདུད་རྩིར་མཐོང་བས་ངེས་ཤེས་སྐྱེས་པ༔ བློ་ཐེ་ཚོམ་དང་བྲལ་བས་བཀའ་ལུང་ལ་ནོར་བུ་རིན་པོ་ཆེར་མཐོང་བ༔ འཁོར་བའི་སྡུག་བསྔལ་དུག་ལྟར་མཐོང་བས་སྒྲུབ་པ་ལ་རྩོལ་བ༔ ཚེ་འདིའི་བྱ་བ་ལ་དོན་མེད་དུ་མཐོང་བས་དཀའ་ཐུབ་ལ་སྡུག་སྲན་ཆེ་བ༔ དེ་ལྟ་བུ་ལ་གདམས་པ་བྱིན་ན་རང་གཞན་གཉིས་ཀའི་དོན་དུ་འགྱུར་བ་ཡིན༔ སེང་གེའི་འོ་མ་སྣོད་ངན་གྱིས་མི་ཐུབ་པས་གསེར་གྱི་བུམ་པར་བླུགས་ན་ངོ་མཚར་ཆེ་བ་ཡིན་གསུངས༔ <!TCC Tibetan character 4,37 undefined in unicode!> ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ དཀའ་ཐུབ་ཀྱི་སྲང་དུ་མ་བཅུག་ན་ཉམས་ལེན་རྒྱུད་ལ་མི་ཁེལ་བས་དཀའ་ཐུབ་བྱ་བ་གལ་ཆེ་གསུངས༔ ཇོ་མོས་དཀའ་ཐུབ་ཀྱི་སྲང་དུ་ཇི་ལྟར་འཛུད་ཞུས་པས༔ དང་པོ་ཆོས་ཉམས་སུ་ལེན་པ་ལ་དཀའ་ཐུབ་དང་མ་བསྲེས་པར་སྙོམ་ལས་ལེ་ལོ་ཙམ་གྱིས་མི་འོང་བས༔ དུས་ཚོད་ཟླ་བ་བཟང་པོ་ནམ་ཟླ་དབྱར་སྟོན༔ ཚེས་གྲངས་བཟང་པོ་བརྒྱད་དམ་ཉ༔ གནས་དུར་ཁྲོད་དམ་གངས་རིའམ་གྲུབ་ཐོབ་ཀྱི་གནས་སམ་དབེན་པར་སོང་ལ༔ གནས་དེར་མ་དྷལ་བཤམ༔ མཆོད་པ་བཤམ༔ རྟེན་དགྲམ༔ གནས་དེའི་ས་བདག་ཀླུ་ལ་སོགས་པ་ལ་གཏོར་མ་བཏང་ལ་བར་ཆད་མ་བྱེད་པར་བཀའ་བསྒོ༔ ནངས་ནུབ་ཆོས་སྤྱོད་ལས་དུབ་པ་སྤང་སྟེ༔ བླ་མ་དང་དཀོན་མཆོག་ལ་མཆོད་པ་འབུལ༔ གསོལ་བ་གདབ༔ ཡི་དམ་དང་ཆོས་སྐྱོང་ལ་གཏོར་མ་རྒྱུན་པར་གཏོང༔ གཏོར་མ་གཏོང་བའི་ཚེ་ཁ་ཕྱིར་མི་འཕོ་ནང་དུ་བསྟན་ལ་གཏད༔ ཉིན་མོ་སྣང་བ་ཉིད་ལམ་དུ་བསླང་སྟེ་སྣང་ལ་བཟོ་མི་བྱ་བར་རང་སོར་གཞག༔ རང་གྲོལ་དུ་གཞག༔ འཛིན་པ་མེད་པར་གཞག༔ བུན་ནེ་ཝ་ལེ་གཞག༔ ནུབ་མོ་རིག་པ་ལམ་དུ་ཁྱེར་ཏེ༔ སྲོད་ལ་སེམས་སྟོད་ལ་བྱིང་རྨུགས་སུ་མི་གཏང་བར་སིང་ངེ་གཞག༔ ནམ་ཕྱེད་གཉིད་དང་ཆོས་ཉིད་བསྲེས་ལ་དྲན་མེད་ཀྱི་ངང་ལ་ཉལ༔ རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་དུ་འདུན་པ་དྲགས་པོ་གཏང༔ དེས་རྨི་ལམ་དུ་ཡང་ཆོས་ཉིད་དྲན་པ་དང་བདེ་སྡུག་ལས་གྲོལ་བར་འགྱུར་རོ༔ ཐོ་རངས་ཆོས་ཉིད་ལམ་དུ་ཁྱེར་ཏེ༔ གཉིད་སངས་ནས་ཁམས་བདེ་བའི་དུས་དེར༔ ཆོས་ཉིད་གསལ་ལ་འཛིན་པ་མེད་པར་རང་བྱུང་ལ་མ་དྲེད་པར་གསལ་བཏབ་ལ་བསྒོམ༔ ངན་དྲེད་དང་སྙོམ་ལས་ཀྱི་ཁར་མི་གཏང་བར་དཀའ་ཐུབ་ཚད་བསྲིང་ཞིང་བསྒོམ་མོ༔ སྒྲུབ་པ་མ་ཐོན་བར་དུ་གཞན་གྱི་གོས་མི་གོན༔ ཟས་ངན་པ་དང་ཉམས་གྲིབ་ཅན་གྱི་ཟས་མི་ཟ༔ གདན་མི་སྤོ༔ གཞན་གྱི་སྲུང་སྐྱོབ་མི་བྱ༔ ལུས་གོས་དང་དྲི་མ་དང་མགོ་དང་སྐྲ་མི་བཀྲུ༔ སྐྲ་དང་སེན་མོ་མི་བྲེག༔ གཞན་ལ་ཆོས་མི་བཤད༔ དམ་བཅའ་ཡང་དུས་གཅིག་མི་བྱ་བར་བསྲིང་ཞིང་བྱ༔ སྒྲུབ་པ་མ་ཐོན་བར་དུ་གཞན་དོན་སྤང༔ རང་དོན་དུ་དགེ་སྦྱོར་འཕེལ་བར་སྒྲུབ༔ དཀའ་ཐུབ་ཐོན་ནས་གཏང་རག་གི་མཆོད་པ་ཡང་རིམ་པས་གཏང༔ མཚམས་ཀློད་ནས་ཞག་ཁ་ཡར་དུ་མཚམས་རྗེས་སྲུང་ཞིང༔ གྲོང་ཡུལ་དང་ཐག་རིང་དུ་མི་འགྲོའོ༔ སྤྱིར་བདེ་བར་འདོད་ན་རང་ལ་དཀའ་ཐུབ་ལ་སོགས་པ་སྡུག་བསྔལ་གྱིས་ཐོག་དྲངས་ན༔ ཆོས་ཉམས་ལེན་སྲང་དུ་ཚུད་ནས་བདེ་བ་ཡུན་རིང་བ་འོང་བ་ཡིན༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ དམ་བཅའ་ཕྱིར་བསྲིང་མ་ཤེས་ན་བར་ཆད་ཀྱི་བདུད་ཀྱིས་ཁྱེར་བ་ཡིན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ གདམས་པ་མ་ཉམས་པ་དེ་དཀའ་ཐུབ་དམ་བཅས་ཉམས་སུ་ལེན་པའི་དུས་སུ༔ གཞན་གྱི་བསྙེན་བཀུར་དང་ཕྱག་དང་མཆོད་པ་དང་སྲུང་སྐྱོབ་ལ་སོགས་པས་གཞན་གྱི་ངོ་སྲུང་དང་ཟས་སྐོམ་གྱི་འཁྲི་བ་ལ་གཉེན་པོ་དྲག་པོས་དེ་དག་སྤོངས༔ དམ་བཅའ་ཡང་དང་པོ་ཞག་བདུན་དགུ་ཟླ་ཕྱེད་དེ་ནས་ཟླ་བ་དང་ལོར་རིམ་པར་བསྲིང་ཤེས་པ་སྟེ༔ རབ་ཀྱིས་ལོ་བཅུ་གསུམ༔ འབྲིང་གིས་ལོ་དྲུག༔ ཐ་མས་ཀྱང་ཟླ་བ་དྲུག༔ དེ་ཡང་མ་གྲུབ་ན་དབྱར་རྒུན་རེ་ཙམ་ལེ་ལོ་དང་སྙོམ་ལས་མེད་པར༔ དེ་ལ་དཀའ་ཐུབ་ཀྱི་རྡེའུ་བཙུགས་ན་དོན་ཅན་དུ་འགྲོ་བ་ཡིན༔ ལར་མི་འགྲུབ་པའི་དམ་བཅའ་འདི་ཉམས་པའི་རྒྱུ་ཆེན་པོ་ཡིན་པས་མི་འགྲུབ་པའི་དམ་བཅའ་མི་བྱ་གསུངས༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ གདམས་པ་མ་ཉམས་པ་དེ་རྒྱུད་ལ་ཉམས་སུ་ལེན་ཙ་ན་ངག་གི་སྨྲ་གཅད་འདི་གལ་ཆེ་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ གཡེང་བའི་ནང་ན་ཆེ་བ་སྨྲ་བ་མང་བ་ཡིན་པས་ལོང་གཏམ་གྱིས་དགེ་སྦྱོར་གྱི་བར་ཆད་དུ་འགྲོ་བ་ཡིན༔ སྨྲ་གཅད་ནུས་ན་མཚམས་ཀྱི་ནང་ནས་མཆོག་ཡིན་ཏེ༔ ལུས་ཚོང་འདུས་ན་འདུག་ཀྱང་མི་ལྟོ༔ དཀའ་ཐུབ་ཇི་ཙམ་བྱེད་པ་སྨྲ་གཅད་བྱེད་ནུས་ན་ལེགས༔ དེ་མ་འགྲུབ་ཀྱང་དགེ་སྦྱོར་མ་ཐོན་བར་དུ་སྨྲ་བ་གཅད་དགོས༔ ངག་ལ་ནུས་པ་འབྱུང་ཞིང་མྱུར་དུ་འགྲུབ་པ་ཡིན༔ ལར་ཆོས་སྤྱོད་མ་ཡིན་པའི་སྨྲ་བ་མང་པོ་ལ་དོན་མེད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཡི་དམ་ལྷ་སྒོམ་པ་ལ་སྐུ་གསུང་ཐུགས་མཉམ་བཞག་གི་དགོངས་པ་གལ་ཆེ་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ལུས་ལྷའི་རྣམ་པར་སྣང་ལ་རང་བཞིན་མེད་པར་གསལ་བ་དེ་སྐུ་མཉམ་པར་བཞག་པ་ཡིན༔ ངག་ལྷ་དེའི་སྔགས་གསལ་ལ་དག་པ་གྲགས་སྟོང་དུ་ཟློས་པ་དེ་གསུང་མཉམ་པར་བཞག་པ་ཡིན༔ ཡིད་རྣམ་པར་རྟོག་པ་དང་བྲལ་བ་གསལ་སྟོང་དབྱེར་མེད་པ་དེ་ཐུགས་མཉམ་པར་བཞག་པ་ཡིན༔ སྐུ་གསུང་ཐུགས་མཉམ་བཞག་ལས་མི་འདའ་བ་དེ་ཕྱག་རྒྱ་ཆེན་པོ་བྱ་བ་ཡིན༔ ཨཱོྃ་སྐུ་ཨཱཿགསུང་ཧཱུྃ་ཐུགས་འབྲུ་གསུམ་པོ་འདི་རྒྱུན་དུ་བཟླས་ན་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་ལྡན་པ་ཡིན༔ ལར་སྐུ་གསུང་ཐུགས་ཡ་བྲལ་ན་གསང་སྔགས་ལམ་ལོག་པ་དེ་ཀ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བཟླས་པའི་གྲངས་ཀྱི་ཐུན་ཚད་གཟུང་བ་འདི་གལ་ཆེ་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བཟླས་པ་བྱེད་པ་ལ་དུས་གསུམ་མམ་བཞིར་ཞག་རེ་ལ་ཐུན་གཅིག་བྱས་ལ༔ རབ་སྟོང༔ འབྲིང་ལྔ་བརྒྱ༔ ཐ་མ་ཡང་བརྒྱ་རྩ་བརྒྱད་དམ་བཅའ་བྱས་ལ༔ དེ་མ་ཐོན་བར་དུ་ངག་བཅད་དེ་མི་ཚིག་གིས་བར་མ་ཆད་པར་བྱ༔ དེས་བར་ཆད་མི་འབྱུང༔ བཟླས་པ་ལ་ནན་ཏན་བྱེད་པ་འདི་ངའི་གདམས་ངག་ཡིན༔ སྒྲིབ་པ་འབྱང༔ ཚོགས་སོག༔ བར་ཆད་སེལ༔ དངོས་གྲུབ་འབྱུང༔ བཟླས་པའི་ནང་ནས་ཀྱང་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་འབྲུ་གསུམ་པོ་འདིར་མ་འདུས་པ་མེད་པས་འདི་ཟློས་ཤིག༔ ལར་ཐིགས་པ་བསགས་ན་རྒྱ་མཚོ་ཙམ་འོང་བ་ཡིན༔ མཆུ་མི་སྡོམ་པར་སྔགས་འབྲུ་རེ་རེ་ལའང་སློབ་པ་གལ་ཆེ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐབས་ཤེས་རབ་ཟུང་དུ་མ་འབྲེལ་ན་གསང་སྔགས་ལམ་ལོག་པར་འགྲོ་བ་ཡིན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཐབས་ཞེས་བྱ་བ་བསྐྱེད་རྫོགས་གང་སྒོམ་ཡང་དེ་ཉིད་ཀྱི་དོན་མ་ནོར་བ་དེ་ཡིན༔ ཤེས་རབ་བྱ་བ་ལྟ་བ་ཆོས་ཉིད་སྟོང་པ་འོད་གསལ་རང་བྱུང་གི་དོན་མ་རྟོགས་ན་ཤེས་རབ་ཀྱི་ལམ་དུ་མི་འགྲོ་ལ༔ ཐབས་དང་བྲལ་བའི་ཤེས་རབ་ལ་ཉམས་མྱོང་མི་སྐྱེ༔ ཤེས་རབ་དང་བྲལ་བའི་ཐབས་རྐྱང་གིས་ཆོས་ཉིད་ལག་ཏུ་མི་ལོན༔ དེས་ན་ཡ་མ་བྲལ་བར་ཟུང་དུ་འབྲེལ་དགོས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཉམ་གཞག་རྗེས་ཐོབ་གཉིས་མེད་དུ་མ་ཤེས་ན་སྟོང་པའི་གནས་མི་ཐོབ་གསུངས༔ ཇོ་མོས་གང་ལགས་ཞུས་པས༔ མཉམ་གཞག་ལ་ཆོས་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་གསལ་ལ་རྟོག་པ་མེད་པ་དེ་ལ་བཞག་ལ༔ རྗེས་ལ་གང་ལ་ཡང་རང་བཞིན་མེད་པར་སྟོང་པར་རྟོགས༔ སྟོང་པ་ཉམས་སུ་མྱོང་བ་ལ་ཞེན་པ་དང་ཆགས་པ་མེད་པར་མཉམ་བཞག་དང་རྗེས་ཐོབ་མེད་པར༔ དམིགས་པ་དང་མཚན་མ་མེད་པར་རང་ཞིག་ཏུ་འགྲོའོ༔ ལར་མཉམ་གཞག་དང་རྗེས་ཐོབ་ལ་གསལ་མི་གསལ་མེད་པ་བྱད་དང་མེ་ལོང་བལྟས་པ་ལྟ་བུ་ཞིག་དགོས་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བྱིང་རྒོད་རང་སར་དག་པར་མ་ཤེས་ན་བསྒོམས་ཀྱང་སྐྱོན་གྱི་མཐར་འཆོར་བ་ཡིན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཆོས་ཉིད་རང་གསལ་ལ་བཞག་པའི་ཚེ༔ བྱིང་རྒོད་ལ་སོགས་པ་བྱུང་བའི་དུས་སུ་དེ་ཉིད་ལ་བལྟས་པས་བྱིང་བ་ཉིད་ཀྱང་ཆོས་ཉིད་སྟོང་པར་འདུག༔ བྱིང་རྒོད་ལ་མངོན་ཞེན་མེད་པར་དག་ནས་བྱིང་རྒོད་ཀྱི་མཐར་མི་འཆོར་བར་རང་གྲོལ་དུ་འགྲོ༔ བྱིང་རྒོད་རང་སར་དག་པར་ཤེས་ན་སྒོམ་བྱུང་བ་ཡིན་གསུངས༔ ལར་སྒོམ་ཐམས་ཅད་བྱིང་རྒོད་བཅོས་པས་བློ་སྒོམ་དུ་སོང་བ་ཡིན༔ བྱིང་རྒོད་རྩ་བ་སྟོང་པར་རྟོགས་པ་གལ་ཆེ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྤྱོད་ལམ་དང་བསྲེ་མ་ཤེས་ན་བསམ་གཏན་གྱིས་འཆིང་བ་ཡིན་གསུངས༔ ཇོ་མོས་དེ་ཇི་ལྟར་འཆིང་ཞུས་པས༔ ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ་མཉམ་པར་བཞག་ནས་རྒྱུད་ལ་མྱོང་བ་དེ་འགྲོ་འཆག་ཉལ་དང་འདུག་ལྡང་དུ་ཉམས་སུ་ལེན་པའོ༔ རང་སྤྱོད་ལམ་ཅི་བྱེད་ཀྱང་ཆོས་སྤྱོད་དང་མ་བྲལ་བས༔ རྒྱུ་ཆོས་ཉིད་ཀྱི་ངང་ལ་གནས་ཏེ་བསམ་གཏན་ཐུན་དུ་སྒོམ་པ་དང་མ་བྲལ་བར་འགྱུར་རོ༔ ལར་སྒོམ་གནད་དུ་མ་ཐེབས་པར་ལུས་སེམས་བཙོན་དུ་འཛིན་པའི་སྒོམ་ཆེན་དེ་འཆིང་བའི་ཞགས་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཆོད་བཤགས་ཀྱི་བྱ་བ་བཞག་ནས་ལས་ཀྱི་སྒྲིབ་པ་མི་འདག་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ གདམས་པ་ཉམས་སུ་ལེན་པའི་དུས་སུ༔ ཆོས་སྤྱོད་ལམ་དུ་བྱེད་པ་ཞེས་བྱ་སྟེ༔ སྒོམ་པ་དང༔ མཆོད་པ་དང༔ བསྐོར་བ་དང༔ སཱཙྪ་དང༔ གཏོར་མ་དང༔ ཀློག་འདོན་དང༔ གཞན་ཆོས་སྤྱོད་ཐམས་ཅད་ཟག་མེད་ཀྱི་ལམ་དུ་བཅུག་ནས་བྱ་བ་དང་བྱེད་པ་རྒྱུན་མི་གཅད་དོ༔ ཞེན་པ་དང་ངལ་དུབ་ལ་སོགས་པའི་སྒོ་ནས་གཙོར་ཡང་མི་སྒྲུབ༔ ལར་དམིགས་པ་མེད་པས་མ་ཟིན་ན༔ ཅི་བྱས་ཐམས་ཅད་འཁོར་བའི་བདེ་འབྲས་སྐྱེད་པ་ལས་བྱང་ཆུབ་ཀྱི་ལམ་དུ་མི་འགྱུར༔ དོན་མེད་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཉམས་སུ་བླངས་པ་ལས་དྲོད་རྟགས་ཀྱི་རྩལ་མ་ཕྱིན་ན༔ གདམས་པ་དོན་ཐོག་ཏུ་མ་ཕེབས་པ་ཡིན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ནང་རྟགས་བདེ་གསལ་མི་རྟོག་པ་ཁོང་ནས་རང་ཤར་བ༔ ཉོན་མོངས་འཛིན་པའི་མངོན་ཞེན་དང་བྲལ་བ་རྟོགས་པ་རང་གྲོལ་དུ་སོང་བ་ཡིན༔ བྱིན་རླབས་རང་རྡོལ་ཤུགས་འབྱུང་ལུས་ངག་ལ་འབྱུང༔ ཉོན་མོངས་པ་དང་རྐྱེན་ངན་ཐོག་རྫིས་སུ་གཅོད་ནུས་པ༔ ནད་གདོན་བདུད་ཀྱིས་བསླུར་མི་བཏུབ་ན༔ བར་གྱི་རྟགས་ཆོས་ཀྱི་བྱིན་རླབས་རྙེད་པ་ཡིན༔ འཇིག་རྟེན་ཆོས་བརྒྱད་དང་བྲལ་ནས་བདག་འཛིན་གྲོལ་ན་ཕྱི་རྟགས་ཡིན༔ ལར་ཆོས་བདག་པོ་ངན་ན་ངེས་ཤེས་མི་སྐྱེ་བ་ཡིན་པས༔ བླ་མ་གྲུབ་ཐོབ་བརྒྱུད་པ་བར་མ་ཆད་པ་ལ་གཏུགས་འཚལ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ གདམས་པ་ཟབ་མོ་ལ་པོ་ཏི་མེད་གསུངས༔ ཇོ་མོས་དེ་ཇི་ལྟར་ལགས་ཞུས་པས༔ གདམས་པ་མ་ཚོར་བ་དེ་ཚིག་གཅིག་ལ་ཡང་བླ་མ་ཁྱད་པར་ཅན་གཅིག་གིས༔ སློབ་མ་སྐལ་ལྡན་གཅིག་ལ་བཏབ་ནས་ལག་ཏུ་བླངས་པས་ངེས་ཤེས་སྐྱེ་བ་ཡིན་གསུངས༔ ༔མཚོ་རྒྱལ་རང་སེམས་སྐྱེ་མེད་སྟོང་གསལ་ཀུན་ལ་ཁྱབ་པ་ཡིན་གྱིས་རྒྱུན་དུ་ཉམས་ལེན་གྱིས༔ ལར་ཆོས་ཀྱི་བདག་པོ་བཟང་ན་མན་ངག་གར་ཐོད་ཐོད་ན་ཡོད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཅི་བྱེད་སེམས་ཅན་གྱི་དོན་དུ་མ་སོང་ན་ཉན་ཐོས་འགོག་པར་འགྲོ་གསུངས༔ ཇོ་མོས་དེ་ཇི་ལྟར་འགྲོ་ཞུས་པས༔ གདམས་པ་ཉམས་སུ་ལེན་པའི་དུས་སུ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་དགོངས་པ་ཉམས་སུ་ལེན་པ་ཡིན༔ ཐེག་པ་ཐུན་མོང་མ་ཡིན་པས་གཞན་དོན་སྒྲུབ་པ་ཡིན༔ རང་གཅིག་པུ་ཞི་བདེ་འདོད་པ་དེ་ཐེག་པ་ཆུང་ངུ་བ་ཡིན༔ ལར་རང་གཅིག་པུ་བདེ་བར་འདོད་པ་ལ་སྐྱིད་མི་འོང་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ དམིགས་པ་མེད་པའི་སྙིང་རྗེས་མ་ཟིན་ན༔ བྱས་པའི་དགེ་བའི་རྩ་བ་ཐམས་ཅད་ཆུད་འཛའ་བ་ཡིན་གསུངས༔ ཇོ་མོས་དེ་ཇི་ལྟར་ལགས་ཞུས་པས༔ དམིགས་པ་དང་བཅས་པའི་དགེ་བའི་རྩ་བ་ནི་འཕེལ་དུ་མི་བཏུབ་ཅིང་འཛད་པ་ཡིན༔ དམིགས་པ་མེད་པའི་བསྔོ་བས་ཟིན་ན༔ དགེ་བའི་རྩ་བ་མི་འཛད་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུའི་གཙོ་བོ་ཡིན༔ དམིགས་མེད་དེ་གང་ཡིན་ཞེ་ན༔ བདག་མི་དམིགས༔ གཞན་མི་དམིགས༔ དགེ་བའི་རྩ་བ་མི་དམིགས༔ སྟོང་ཕྱམ་གྱིས་གཏང་འཚལ༔ ལར་དྲེགས་པ་དང་བཅས་པའི་དགེ་བ་དེ༔ བསྔོ་བ་ལོག་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐབས་ལ་མཁས་པའི་དགེ་བའི་རྩ་བ་གཅིག་གིས་གཞན་ཟིལ་གྱིས་གནོན་པ་ཡིན་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ གདམས་པ་ཐམས་ཅད་ལ་མཁས་པ་དང་བཅས་པས་ལག་ཏུ་ཐོབ་ན༔ ཡང་དག་པའི་དོན་དེ་ལ་སྦྱངས་ཤིང༔ དམིགས་མེད་བསྔོ་བས་རྒྱས་བཏབ་པས༔ དངོས་པོའི་དམིགས་སྤྱོད་ཟིལ་གྱིས་མནན་ཏེ༔ ཆོས་གང་ལས་ཀྱང་དགེ་བའི་རྩ་བ་འཕེལ་བ་ཡིན༔ ལར་དགེ་བའི་རྩ་བ་དོན་དུ་འཕེལ་བ་ལ་དམིགས་མེད་རྗེས་མེད་དགོས་གསུངས༔ ༔སློབ་དཔོན་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ མཐུན་པ་གསུམ་ལྡན་གྱི་གྲོགས་དང་འགྲོགས་ན་བར་ཆད་བདུད་ཀྱིས་མི་ཚུགས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ མཐུན་པའི་བླ་མ་ཚད་ལྡན་དེ་ལ་གསོལ་བ་འདེབས་པའི་དོན་དུ་སྤྱི་བོར་བསྒོམ༔ མཐུན་པའི་གྲོགས་དམ་ཚིག་གཅིག་པའི་ཆོས་བྱེད་པ་དང་འགྲོགས༔ མཐུན་པའི་གདམས་པ་བླ་མ་སྒྲུབ་པ་པོས་ཉམས་ལེན་གྱིས་ལག་ཏུ་བླང་བའི་ཁྲིད་ལ་བརྟེན་ནས་ཉམས་སུ་བླང༔ དེ་གསུམ་དང་མ་བྲལ་ན་བར་ཆོད་ཀྱིས་མི་ཚུགས་པ་ཡིན༔ ལར་རང་སེམས་དཔང་དུ་བཙུགས་ན་ཇི་ལྟར་སོང་ཡང་ལེགས་པར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཉམས་སུ་ལེན་པ་ལ་གཞི་ནས་བཅས་ལེགས་པ་ཞིག་དགོས་པ་ཡིན༔ ཇོ་མོས་དེ་ཇི་ལྟར་བགྱི་ཞུས་པས༔ དང་པོ་རང་ཚོགས་བསགས་པ་ཞིག་མེད་ན་བླ་མ་གདམས་པ་ཅན་དང་མི་འཕྲད༔ སྔོན་སྦྱངས་ཀྱི་ལས་འཕྲོ་མེད་ན་ཆོས་མི་གོ༔ དད་གུས་ཁྱད་པར་ཅན་མེད་ན་བླ་མའི་ཡོན་ཏན་མི་གོ༔ སྡོམ་ཁྲིམས་དང་དམ་ཚིག་མེད་ན་ཆོས་ཀྱི་རྩ་བ་ཉམས༔ གདམས་ངག་གི་ཁྲིད་ཀྱིས་མ་ཁྲིད་ན་སྒོམ་མི་ཤེས༔ བརྩོན་འགྲུས་དང་འབད་པ་མེད་ན་དགེ་སྦྱོར་བསྲང་ལ་མི་ཚུད༔ འཁོར་བ་ལས་ཡིད་མ་བྱུང་ན་ཆོས་མཐར་མི་ཕྱིན༔ དེ་དག་ཐམས་ཅད་འཛོམ་ན་ཆོས་འོང་སྟེ༔ སྤང་བྱ་སྤངས་ན་བསྒྲུབ་བྱ་འགྲུབ་པར་འགྱུར་རོ༔ ལར་ཆོས་འདི་རྟེན་འབྲེལ་མང་པོ་འཛོམ་དགོས་པས་ཆོས་ཡང་དག་པར་གཞུང་བཞིན་འགྲུབ་པ་དེ་ཉུང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཤེས་པས་མི་ཕན་ཉམས་སུ་ལེན་དགོས་གསུངས༔ ཇོ་མོས་ཉམས་སུ་ལེན་ན་ཇི་ལྟར་བགྱི་ཞུས་པས༔ ལྟ་བའི་གོ་རྒྱ་ཕྱེད་པས་ཆོས་ལ་ཕྱོགས་རིས་མི་བྱ༔ སྒོམ་པའི་བཙན་ས་ཟིན་པས་ཆོས་རྣམས་ཀྱི་དོན་སེམས་སུ་བསྡུ༔ སྤྱོད་པའི་འཇུག་སྒོ་ཕྱེད་པས་ལྟ་སྤྱོད་གང་ཡང་མ་འགལ་བར་བྱ༔ འབྲས་བུའི་གདེང་དང་ལྡན་པས་འཁོར་འདས་ཆོས་ཉིད་དུ་མཉམ༔ དམ་ཚིག་གི་བསྲུང་མཚམས་ཤེས་པས་སྡོམ་པ་གསུམ་ལྡན་དུ་བསྲུང༔ དེ་ལྟར་ཉམས་སུ་བླངས་ན་ཆོས་ལ་འཆུགས་མེད༔ ལར་ཆོས་ཁ་ཆོས་སུ་སོང་ནས་རྒྱུད་ལ་མ་འབྱར༔ ཉམས་ལེན་མེད་པ་ཁོ་ན་མང་བར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ དུས་ཕྱི་མའི་ཆོས་པར་ཁས་ལེན་པ་ཤས་གཅིག༔ རང་གིས་མ་ཁྲོལ་བར་གཞན་ལ་བཤད་འདོད༔ རང་གིས་མ་བསྒོམ་པར་གཞན་ལ་སྒོམ་འདེབས༔ རང་མ་གྲོལ་བར་གཞན་ལ་གྲོལ་རྫུ་འདེབས༔ རང་འདོད་པ་དང་མ་བྲལ་བར་གཞན་ལ་སྤོང་ཐག་གྱིས་ཤིག་ཟེར༔ ཆོས་ཀྱི་ཕག་ནས་གཡོ་སྒྱུ་དང༔ ཁྲམ་དང༔ མགོ་སྐོར་དང༔ སླུ་བྲིད་བྱེད་པ་མང་དུ་འབྱུང་བས༔ ཆོས་ཚུལ་བཞིན་བྱེད་ན་ཐོས་བསམ་གྱིས་སྒྲོ་འདོགས་ཆོད༔ ཉམས་ལེན་གྱིས་རྒྱུད་ལ་ཁོལ༔ ཚད་ལྡན་གྱི་བླ་མ་བསྟེན༔ བརྩོན་པ་དང་འབད་པས་སྒྲུབས༔ དམ་ཚིག་དང་སྡོམ་ཁྲིམས་སྲུངས༔ དགེ་སྦྱོར་ཕྱི་དུས་སུ་མ་གཞག་པར་འཕྲལ་དག་གྱིས༔ ལར་ཆོས་བྱེད་པ་ལ་འཆི་བ་མ་དྲན་ན་མི་འོང་གསུངས༔ ཉམས་ལེན་ཤེལ་ཕྲེང་དྲི་མེད་ཅེས་བྱ་བ༔ སྤྲུལ་སྐུའི་སློབ་དཔོན་པདྨ་འབྱུང་གནས་ལ༔ མཁར་ཆེན་མཚོ་རྒྱལ་བདག་གི་མོས་པ་ཡིས༔ ལུས་ངག་ཡིད་གསུམ་གུས་པས་གསོལ་བཏབ་པས༔ ཐུགས་ཀྱི་བཅུད་ཐིག་བདུད་རྩི་གསལ་བ་འདི༔ ཕྱི་རབས་དོན་དུ་དཀར་ཆག་ཡི་གེར་བཏབ༔ སྤེལ་བའི་གནས་མེད་རིན་ཆེན་གཏེར་དུ་སྦེད༔ སྐལ་ལྡན་གཅིག་དང་འཕྲད་ནས་ཉམས་སུ་ལོངས༔ ཉམས་ལེན་དྲི་མེད་ཤེལ་ཕྲེང་དྲི་མ་མེད་པའི་སྐོར༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ ྈ ན་མོ་གུ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ སྐུ་མངལ་ལས་མ་སྐྱེས་ཏེ་པདྨ་ལས་འཁྲུངས་པ༔ འཆི་འཕོའི་འཇིགས་པ་དང་བྲལ་བ་སྐྱེ་ཤིའི་རྒྱུན་བཅད་པ༔ དགོངས་པ་དཔལ་ཀུན་ཏུ་བཟང་པོ་དང་མཉམ་པ་དེ་ལ༔ ཇོ་མོ་མཁར་ཆེན་བཟས་ཕྱག་ཕྱིར་འབྲངས་ནས་ཞབས་ཏོག་བྱས་ཏེ༔ མུ་ཏིག་ཤེལ་གྱི་སྤ་མ་གོང་ན་བཞུགས་པའི་དུས་སུ༔ སློབ་དཔོན་ལ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ སེམས་ཅན་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་ལས་མི་ཐར་བ་འདི་བར་མ་དོ་མ་ཆོད་པས་ལན་གདའ་བ༔ བར་དོ་ལ་རྣམ་པ་དུ་ཡོད་ཞུས་པས༔ སློབ་དཔོན་གྱིས་གདམས་པ༔ མཚོ་རྒྱལ་ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་བར་དོ་མ་ཆོད་པས་སྐྱེ་བ་བླངས་ཤིང་ཁམས་གསུམ་དུ་འཁོར་བ་ཡིན་གསུངས༔ དེ་ལ་བར་དོ་ལ་རྣམ་པ་ལྔ་ཡིན་ཏེ༔ རང་བཞིན་གནས་པའི་བར་མ་དོ་ཐིག་ལེ་ངོ་སྤྲོད་པ་ནི་དྭ་ཕྲུག་མ་དང་འཕྲད་པ་ལྟ་བུ༔ ཏིང་ངེ་འཛིན་གྱི་བར་མ་དོ་ཤེས་པ་མི་གསལ་བ་གསལ་གདབ་པ་ནི་སྒེག་མོ་མེ་ལོང་བལྟ་བ་ལྟ་བུ༔ རྨི་ལམ་གྱི་བར་དོར་བག་ཆགས་ཀྱིས་མཚམས་སྦྱར་བ་ནི་ཆུ་བོའི་གཞུང་ལྟ་བུ༔ སྐྱེ་ཤིའི་བར་དོ་ལ་ཉམས་ཀྱི་འཕྲོ་འཐུད་པ་ནི་ཡུར་བ་རྐང་ཆག་གི་ཝ་བཙུགས་པ་ལྟ་བུ༔ སྲིད་པའི་བར་མ་དོར་ལས་ཀྱི་འཕྲོ་འཐུད་པ་ནི་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུ༔ བར་དོ་ལྔ་པོ་འདི་རྩད་མ་ཆོད་ན་འཁོར་བ་རྩད་ཆོད་དུས་མི་འོང་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དང་པོར་རང་བཞིན་གནས་པའི་བར་དོར་ཐིག་ལེ་ངོ་སྤྲོད་པ་དྭ་ཕྲུག་མ་དང་ཕྲད་པ་ལྟ་བུ་དེ་ཅིས་གཏན་ལ་འབེབ་ཅེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་བཞིན་གནས་པའི་བར་དོར་ཐིག་ལེ་ངོ་སྤྲད་པ་ནི༔ དཔེར་ན་དྭ་ཕྲུག་འཁྱམས་པ་མ་དང་འཕྲད་ན་མ་ཡིན་པ་ལ་མ་ཡིན་པར་ངོ་ཤེས་པ་དང་འདྲ་བར་རང་ཉིད་ཆོས་སྐུར་ངོ་སྤྲད་གསུངས༔ དེ་གཏན་ལ་དབབ་པ་ལ་ཐབས་རྣམ་པ་གསུམ་སྟེ༔ ངོ་བོ་སྟོང་པ་འགྱུར་མེད་ཀྱིས་གནས་ལུགས་ཆོས་སྐུ་གཏན་ལ་དབབ་པ་དང་གཅིག༔ རང་སྣང་རིས་མེད་ཀྱིས་སྣང་ལུགས་ཡེ་ཤེས་གཏན་ལ་དབབ་པ་དང་གཉིས༔ བྱར་མེད་བདེ་ཆེན་གྱིས་གཉིས་མེད་ཡེ་ཤེས་གཏན་ལ་དབབ་པ་དང་གསུམ་ཡིན་གསུངས༔ དང་པོ་ལ་ཆོས་བདུན་ཏེ༔ དང་པོ་རྒྱུས་མ་སྐྱེད༔ བར་དུ་རྐྱེན་གྱིས་མི་འཇིག༔ རང་བྱུང་ཡིན༔ གཞན་གྱིས་མ་བྱས༔ དངོས་པོ་མེད༔ དུས་གློ་བུར་དུ་མ་བྱུང༔ རྟག་ཆད་ལས་གྲོལ་བ་ཞིག་ཡིན་ནོ་གསུངས༔ གཉིས་པ་སྣང་ལུགས་ཡེ་ཤེས་ལ་གཉིས༔ ཕྱི་འཁྲུལ་པའི་སྣང་བ་དང༔ ནང་ཡེ་ཤེས་ཀྱི་སྣང་བའོ༔ ཕྱི་འཁྲུལ་པའི་སྣང་བ་དེ་ཇི་ལྟར་བྱུང་ན༔ རང་རིག་པ་བྱང་ཆུབ་ཀྱི་སེམས་འདི་གནས་ལུགས་མ་བཅོས་པ་ནམ་མཁའ་ལྟ་བུ་ལས༔ རྐྱེན་མ་རིག་པ་སྤྲིན་ལྟ་བུའི་སྲེད་ལེན་བྱུང༔ དེ་བྱུང་བས་མངལ་དུ་ཞུགས༔ དེས་ཕུང་པོ་བླངས༔ དེ་བླངས་པས་འབྱུང་བ་ལྔ་ཤར༔ དེ་ལས་དུག་ལྔར་བྱུང༔ དུག་ལྔ་ལས་ནད་ལྔ་བྱུང༔ དེས་རྐྱེན་བྱས་ནས་འཆི་བར་འགྱུར་རོ༔ ཤི་བས་འགྲོ་བ་རིགས་དྲུག་ཏུ་འཁོར་བ་ཡིན་ནོ་གསུངས༔ ནང་ཡེ་ཤེས་ཀྱི་སྣང་བ་ཇི་ལྟར་ཤར་ན་རང་གྲོལ༔ འཛིན་མེད༔ དངོས་མེད་ཞེན་མེད་དུ་སྣང་བས༔ མ་རིག་པ་རིག་པར་ཤར༔ དུག་ལྔ་ཡེ་ཤེས་ལྔར་སྣང༔ འབྱུང་བ་ལྔ་ཆ་སྙོམས༔ ཡུལ་ལྔ་སྒྲོ་འདོགས་ཆོད་པས༔ བར་དོ་ལྔ་ལ་ཞེན་པ་ལྡོག༔ ན་ཚ་སྡུག་བསྔལ་ཞི་བར་ཤེས༔ གདོན་ལྔ་གྲོགས་སུ་འགྲོ༔ དམྱལ་བའི་སྒོ་ཁེགས༔ འགྲོ་དྲུག་གི་གཡང་ས་ཆོད་པ་དུས་དེར་འོང་གསུངས༔ གསུམ་པ་བྱར་མེད་བདེ་ཆེན་གྱིས་གཉིས་མེད་ཡེ་ཤེས་གཏན་ལ་དབབ་པ་ནི༔ སངས་རྒྱས་དང་སེམས་ཅན་གཉིས༔ འཁོར་བ་དང་མྱ་ངན་ལས་འདས་པ་གཉིས༔ སྣང་བ་དང་སྟོང་པ་གཉིས༔ དེ་རྣམས་ཐ་དད་དུ་སོང་ངམ་སྙམ་པ་ལ༔ སངས་རྒྱས་དང་སེམས་ཅན་གཉིས་དུས་ལ་སྔ་ཕྱི་གཉིས་སུ་མེད༔ འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ངོ་བོ་ལ་བཟང་ངན་གཉིས་སུ་མེད༔ སྣང་བ་དང་སྟོང་པ་གཉིས་འདུག་པ་ལ་ཐ་དད་མེད་པས་གཉིས་སུ་མེད་དོ༔ དེའི་ཕྱིར་བྱར་མེད་བདེ་ཆེན་ཡིན་ནོ་གསུངས༔ དེ་ལ་ཞེན་པ་གྲོལ་བཞིའི་གདམས་ངག་གིས་གནད་ནས་བཀྲོལ་བ་ནི༔ རང་སྣང་རིས་མེད་ཀྱིས་སྟོང་མཐར་སྐུར་འདེབས་ཀྱི་ཞེན་པ་གྲོལ༔ ངོ་སྟོང་འགྱུར་མེད་ཀྱིས་རྟག་ལྟ་ཐེར་ཟུག་གི་ཞེན་པ་གྲོལ༔ དབྱེར་མེད་ཟུང་འཇུག་གིས་བདེན་རྫུན་རེས་འཇོག་གི་ཞེན་པ་གྲོལ༔ གཞི་ཕྱོགས་མེད་ཀྱིས་ཕྱོགས་གཅིག་མྱུར་ལྟུང་གི་ཞེན་པ་དགྲོལ་བ་དག་གཅེས་སོ་གསུངས༔ ངོ་སྤྲོད་དྲུག་གིས་ལག་ཏུ་བླང་བའི་མན་ངག་ལ༔ སྣང་བ་སེམས་སུ་ངོ་སྤྲད༔ སེམས་སྟོང་པར་ངོ་སྤྲད༔ སྣང་བ་དང་སྟོང་པ་གཉིས་སུ་མེད་པར་ངོ་སྤྲད༔ གཉིས་སུ་མེད་པ་བདེ་བ་ཆེན་པོར་ངོ་སྤྲད༔ བདེ་བ་ཆེན་པོ་མི་རྟོག་པར་ངོ་སྤྲད༔ མི་རྟོག་པ་ཆོས་ཀྱི་སྐུར་ངོ་སྤྲད་གསུངས༔ རྒྱས་གདབ་པ་དྲུག་གིས་ཆོས་ཉིད་མ་དང་འཕྲད་པའི་མན་ངག་ལ༔ སྣང་བ་ལ་སྟོང་པས་རྒྱས་གདབ༔ སྟོང་པ་ལ་སྣང་བས་རྒྱས་གདབ༔ དེ་གཉིས་སྣང་སྟོང་གཉིས་སུ་མེད་པར་རྒྱས་གདབ༔ གཉིས་སུ་མེད་པ་ལ་བདེ་བ་ཆེན་པོས་རྒྱས་གདབ༔ བདེ་བ་ཆེན་པོ་ལ་མི་རྟོག་པས་རྒྱས་གདབ༔ མི་རྟོག་པ་ལ་ཆོས་ཉིད་འགྱུར་བ་མེད་པས་རྒྱས་གདབ་གསུངས༔ ཐག་གཅད་ལྔའི་མན་ངག་གིས་ལ་ཟླ་བ་ནི༔ ཆོས་སྐུ་ཡེ་ནས་རང་ལ་གནས་པས་བཙལ་ཞིང་སྒྲུབ་ཏུ་མེད་པར་ཐག་གཅད༔ བདེ་སྡུག་ཆོས་སྐུར་གནས་པས་བླང་ཞིང་དོར་དུ་མེད་པར་ཐག་གཅད༔ ཆོས་སྐུ་ལ་སྐྱེ་འགག་མེད་པས་རྒྱུ་དང་འབྲས་བུ་དང་བྲལ་བར་ཐག་གཅད༔ ཡིན་མིན་གྱི་གཟའ་གཏད་མེད་པས་སྒྲོ་སྐུར་ཡུལ་མ་ཡིན་པར་ཐག་གཅད༔ མ་བྱས་རྒྱུན་དུ་གནས་པས་རྣམ་རྟོག་གིས་སྦྱར་བ་མ་ཡིན་པར་ཐག་གཅད་དོ་གསུངས༔ དེ་ལ་ལྟ་བ་རྟོགས་པའི་ཡོན་ཏན་ནི༔ ཡེ་ཤེས་རང་ས་ཟིན༔ ཆོས་ཉིད་མ་དང་འཕྲད༔ མཚན་མ་རང་སར་གྲོལ༔ བྱ་བ་ངོ་ཤེས་པའི་བདེ་བ་ཁོང་དུ་ཆུད་པས༔ ཤེས་བྱ་རང་ཆོད་དུ་སོང་བ༔ ལྟ་བ་མཐའ་སངས་པའོ༔ ཡེ་ཤེས་རང་ས་ཟིན་ཏེ་ཆོས་ཇི་ཙམ་ཉན་ཡང་སྣང་སྟོང་ལས་བོགས་དབྱུང་རྒྱུ་མེད་པར་ཤེས༔ རང་དུ་ཤེས་རང་དུ་གོ༔ རང་ཉིད་ཀྱི་སྤྱོད་ཡུལ་ལས་མ་འདས་པར་ཤེས་སོ༔ ཡིན་པ་ལ་ཡིན་པར་ངོ་ཤེས་པས་ཆོས་ཉིད་མ་དང་འཕྲད་པའོ༔ མིག་གི་ཡུལ་གཟུགས་སུ་སྣང་བ་ལ༔ སྣང་ཡང་ཞེན་མེད་དུ་ཤར་ཙམ་ན་མཚན་མ་རང་སར་གྲོལ་བའོ༔ དེ་ལྟར་ཤར་ཙམ་ན་ཡེ་ཤེས་རང་ལ་རྙེད༔ ཆོས་ཉིད་རང་ལ་རྙེད༔ བདེ་བ་རང་ལས་རྙེད༔ བྱད་ངོ་ཤེས་པའི་བདེ་བ་ཁོང་དུ་ཆུད་པའོ༔ དེ་ནི་གདེང་ཆེན་ལྟ་བའི་མན་ངག་སྟེ༔ རྒྱལ་བ་གདུང་མི་འགྱུར་བའི་ལྟ་བ་ཞེས་ཀྱང་བྱ༔ འདྲེ་རྐུན་ངོས་བཟུང་བ་འཁྲུལ་གཞི་ཞེས་ཀྱང་བྱ༔ འཁོར་བ་ཐོག་མཐའ་གཅོད་པའི་མན་ངག་ཅེས་ཀྱང་བྱ༔ བློ་ཆོས་ཉིད་དུ་ངོ་སྤྲོད་པའི་མན་ངག་ཅེས་ཀྱང་བྱ༔ དེ་རྣམས་ནི་ལྟ་བའི་མན་ངག་སྟེ༔ དཔེར་ན་མ་གཅིག་ལ་བུ་གཅིག་ཡོད་པ་ལ༔ བུའི་ཕ་ཤི་ནས་ཁྱོ་གཞན་གཅིག་ལ་སོང་བས༔ བུ་དེ་འཁྱམས་ནས་དེ་ཕྱིས་མ་དང་འཕྲད་པ་ལ་མས་བུར་ངོ་ཤེས༔ བུས་ཀྱང་མར་ངོ་ཤེས༔ དེ་བཞིན་དུ་ཆོས་ཉིད་ཀྱི་དོན་རྟོགས་པའི་དུས་ན་སངས་རྒྱས་དང་སེམས་ཅན་གཉིས༔ འཁོར་བ་དང་མྱ་ངན་ལས་འདས་པ་གཉིས༔ སྣང་བ་དང་སྟོང་པ་གཉིས༔ ཡེ་ནས་ཐ་དད་མེད་པར་ཆོས་ཉིད་ཐིག་ལེ་ཉག་གཅིག་ཡིན་པར་ངོ་ཤེས་ཏེ་ཐེ་ཚོམ་མེད་པར་ཐག་བཅད་པ་ནི༔ རང་བཞིན་གནས་པའི་བར་མ་དོར་ཐིག་ལེ་ངོ་སྤྲད་པའི་གདམས་ངག་དང༔ དྭ་ཕྲུག་མ་དང་འཕྲད་པའི་གདམས་ངག་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཏིང་ངེ་འཛིན་གྱི་བར་མ་དོ་ཤེས་པ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུ་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཤེས་པ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་བལྟ་བ་ལྟ་བུ་ནི་སྒོམ་པའི་མན་ངག་ཡིན་ཏེ༔ དཔེར་ན་སྒེག་མོ་དེ་མེ་ལོང་དུས་གསུམ་དུ་བལྟ་བ་ལྟར༔ རྣལ་འབྱོར་པས་ཀྱང་དུས་གསུམ་དུ་སེམས་ལ་བལྟ་ཞིང་བསྒོམ་དགོས་ཏེ༔ དེ་ལ་ལུས་ཀྱི་འདུག་ཐབས་དང་སེམས་ཀྱི་གཞག་ཐབས་གཉིས་ལས༔ དང་པོ་ཐུན་སྒོམ་བྱེད་པའི་དུས་སུ་ལུས་དྲང་པོར་བསྲང༔ མཉམ་པའི་སྐྱིལ་ཀྲུང་བཅའ༔ མཇིང་པ་བག་ཙམ་དགུག༔ མིག་སྣ་རྩེར་དབབ༔ ལྕེ་རྐན་ལ་སྦྱར༔ ལག་པ་པུས་མོ་ལ་དགབ༔ སྤྱོད་ལམ་གྱི་དུས་སུ་འགྲོ་འཆག་ཉལ་འདུག་སྡོད་དང་སྦྱར༔ གཉིས་པ་སེམས་ཀྱི་གཞག་ཐབས་ནི༔ གཞག་རྒྱུ་མེད་པའི་བཞག་པ་ཆེན་པོ་སྟེ༔ ལྟ་བ་རྟོགས་པའི་ངང་ལ་དབང་པོ་རང་ཡན་དུ་གཞག༔ ལུས་སེམས་བཅོས་མེད་གསལ་ལ་ཞེན་པ་མེད་པར་གཞག༔ ཆོས་སྐུ་གསལ་ལ་ཆོས་སྐུར་འཛིན་པ་མེད་པར་གཞག༔ ཕྱིན་ཅི་མ་ལོག་པར་བསྒོམ༔ ཡུན་རིང་དུ་བསྒོམ༔ བར་མ་ཆད་པར་བསྒོམ༔ གུས་པ་སྐྱེད་ལ་བསྒོམ༔ ཕྱིན་ཅི་མ་ལོག་པ་ནི་ལྟ་བ་རྟོགས་པ་དེའི་ངང་ལ༔ དེར་གསལ་གྱི་སྒོམ་པ་ལ་དེར་འཛིན་གྱི་བློ་མ་སྐྱེས་ན་མི་གཡོ་མཉམ་པ་ཉིད་ཀྱི་དགོངས་པ་སྟེ༔ དེར་གསལ་བ་ནི་བདེ་བར་གསལ༔ ཡེ་ཤེས་སུ་གསལ༔ རྟོག་མེད་ཀྱི་རིག་པར་གསལ༔ ཡེ་ཤེས་ཀྱི་རོལ་པར་གསལ་ཏེ༔ བདེ་བར་འཛིན་པ་མེད༔ ཡེ་ཤེས་སུ་འཛིན་པ་མེད༔ རྟོག་མེད་ཀྱི་རིག་པར་འཛིན་པ་མེད༔ ཡེ་ཤེས་ཀྱི་རོལ་པར་ཡང་འཛིན་པ་མེད༔ དེ་འཛིན་མེད་ཀྱི་རིག་པ་ཞེན་མེད་དུ་རང་ཤར་བའོ༔ དེ་ལྟར་སྒོམ་པ་ལ་དགྲ་ནི༔ བྱིང་རྒོད་གཉིས༔ རྟག་ཆད་གཉིས་ཏེ་བཞི་འོ༔ བྱིང་བ་བྱུང་ན་བྱིང་བ་རང་གང་ཡང་ཡིད་ལ་མི་བྱེད་པ་ནི༔ བྱིང་རྨུགས་ཆོས་སྐུར་གདམས་ངག་ཅེས་བྱའོ༔ དེ་མ་བྱུང་ན་ཤེས་པ་གཟེངས་སྟོད་ལ་བསྒོམ༔ རྒོད་པ་ནི་རྒོད་ཀྱིས་དོགས་པ་དང༔ རྒོད་པ་ཉིད་དེ་ཚུར་དགུག་སྙམ་པ་དང༔ མི་རྒོད་པར་འདུག་སྙམ་པ་ལ་སོགས་པ་སྟེ༔ རྒོད་པ་རང་གི་སེམས་ཉིད་དུ་ཤེས་ན་རྒོད་པ་ཆོས་ཉིད་དུ་རྒྱས་ཐེབས་པ་ཞེས་བྱའོ༔ རྒོད་རྒྱུ་དང༔ དགག་རྒྱུ་དང༔ གཞག་རྒྱུ་དང༔ སྦྱང་རྒྱུ་མ་མཐོང་བས༔ དེ་ཉིད་རང་དུ་ཤེས་པ་ལ་རྣམ་རྟོག་ཆོས་ཉིད་དུ་སློངས་པ་ཞེས་བྱའོ༔ དེ་ནི་རྟོག་པ་བཅོམ་ཐབས་སོ༔ དེ་ལྟར་མ་ཤེས་ན་འཐོར་བ་བསྡུ་བའི་མན་ངག་ཅེས་བྱ་སྟེ༔ སེམས་ཉིད་ངོ་བོ་མ་བཅོས་པ་དེའི་ངང་དུ་བཞག་ཅིང་བསྒོམ༔ ཡང་སྒོམ་པ་ལ་ཤོར་ས་བཞི་འབྱུང་སྟེ༔ འདུ་ཤེས་ཕྱལ་པར་ཤོར་བ་ཞེས་བྱ་སྟེ་དྲན་པ་མེད་པར་སེམས་ཤོར་བའོ༔ ཞི་གནས་འཐོམ་དུ་ཤོར་བ་སྟེ་ཤེས་པ་ལྟེངས་ནས་ཆོས་ཉིད་ཀྱི་དོན་མ་གསལ་བའོ༔ ཤེས་པ་རིག་ཚོར་ཤོར་བ་ཞེས་བྱ་བ་མི་འཕྲོ་བར་འཛིན་འདོད་པའོ༔ འདུ་ཤེས་ཉིད་ཕུར་ཤོར་བ་ཞེས་བྱ་བ་ཤེས་ནས་ནང་དུ་བཀུག་ནས་སྡོད་པ་སྟེ༔ དེ་དག་ནི་ཤོར་ས་བཞི་ཡིན་ནོ༔ སྐྱོན་བསལ་བ་ནི་ཤེས་པ་གོལ་སར་མི་གཏོད༔ རྟག་པར་མི་འདུག་སྟེ་ངོ་བོ་སྟོང་པ་ཉིད་ཀྱི་རྒྱས་ཐེབས༔ ཆད་པར་མི་འདུག་སྟེ་གསལ་ལ་མ་འགགས་པའོ༔ སངས་ལ་རྒྱ་རྒྱུ་མེད་དེ་རང་ཉིད་ཆོས་སྐུར་གནས༔ འཁོར་བར་དོགས་རྒྱུ་མེད་དེ་འཁོར་བ་ཆོས་སྐུར་གྲོལ༔ རྟོག་པ་ཡེ་ཤེས་སུ་སློངས༔ སྡུག་བསྔལ་ཡེ་ཤེས་སུ་ཤར་ཙམ་ན་དག་རྒྱུ་མེད་དོ་གསུངས༔ དེ་ལྟར་སྒོམ་ཤེས་ན་ཕྱིན་ཅི་མ་ལོག་པའོ༔ དེ་ལ་ཡུན་བསྲིངས་ལ་བསྒོམ༔ བར་ཆད་མེད་པར་གུས་པ་སྐྱེད་ལ་བསྒོམ༔ དེ་ལྟར་བསྒོམས་པས་སྔར་ཞེན་གྱི་བག་ཆགས་ཆུང་དུ་འགྲོའོ༔ བསྒོམས་པའི་སྟོབས་ཀྱིས་གསལ་བ་བདེ་བ་ལུས་མེད་པ་སྙམ་བྱེད་པ་འབྱུང་ངོ༔ མ་བསྒོམ་ན་གློ་བུར་གྱི་འཁྲུལ་རྟོག་མི་ཆོད༔ སྔར་ཞེན་གྱི་བག་ཆགས་མི་ཆོད་པའོ༔ དེའི་ཕྱིར་དར་པོ་ཆེ་རླུང་གིས་མི་སྐྱོད་པ་ལྟར་ཤེས་པ་ཆོས་ཉིད་དང་མི་འབྲལ་བར་ཕྲིལ་ལེ་བསྒོམ༔ དེ་ཡང་སྒེག་མོ་མེ་ལོང་བལྟ་བ་དེ་བྱད་ལ་སྐྱོན་ཅི་འདུག་བལྟ་བ་ལྟར༔ ཏིང་ངེ་འཛིན་གྱིས་ལྟ་སྤྱོད་ཀྱི་དོན་ལ་བྱིང་རྒོད་ལ་སོགས་པའི་སྐྱོན་ཅི་འདུག་བརྟག་ཅིང་དུས་རྟག་ཏུ་བསྒོམ་གསུངས༔ དེ་ནི་ཏིང་ངེ་འཛིན་གྱི་བར་དོར་བསྒོམ་པའི་མན་ངག་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྨི་ལམ་གྱི་བར་དོར་བག་ཆགས་ཀྱིས་མཚམས་སྦྱོར་བ་ཆུ་བོའི་གཞུང་ལྟ་བུ་གང་ལགས་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་ནི་སྤྱོད་པའི་མན་ངག་སྟེ༔ དཔེར་ན་ཆུ་བོ་རྒྱུན་ཆད་མེད་པ་བཞིན་དུ་ད་ལྟའི་ཏིང་ངེ་འཛིན་དང་རྨི་ལམ་གྱི་དུས་ཀྱི་ཤེས་པ་གཅིག་ཏུ་བསྲེས་པའི་མན་ངག་ཡིན་ཏེ༔ དེ་ལ་རྣམ་པ་གསུམ༔ གདམས་ངག་གིས་བསྲེ་བ་དང༔ ཁམས་ཀྱིས་བསྲེ་བ་དང༔ སྤྱོད་ལམ་གྱིས་བསྲེ་བའོ༔ དང་པོ་གདམས་ངག་གིས་བསྲེ་བ་ནི༔ གཉིད་བདེ་སྟོང་དབྱེར་མེད་དུ་ཁྱེར་བ་བྱ་སྟེ༔ དེ་ལ་ཡང་གསུམ་སྟེ༔ རིག་པ་བཅུན་ཏེ་ནང་དུ་དགུག༔ ལུས་བཅུན་ཏེ་བཞི་བསྐུམ་བྱ༔ གཉིས་ཀ་བཅུན་ཏེ་བག་ཆགས་འདྲ་འདྲེའི་དུས་གཉིད་ཟ་ཟི་ལ་བདེ་སྟོང་གི་ཉམས་དང་མི་འབྲལ་བར་བྱའོ༔ བག་ཆགས་ལ་མི་གནས་པའི་དུས་གཉིད་ལོག་པ་ཐམས་ཅད་ནི་སྒོམ་པའི་ཉམས་དང་མི་འབྲལ་བའོ༔ དེ་ཙམ་ན་བར་དོ་འབྱོངས་པ་ཡིན་ནོ༔ ཁམས་ཀྱིས་བསྲེ་བ་ནི༔ དང་པོ་གཉིད་ཕྱོགས་པའི་དུས་སུ་ཐིམ་པ་དེ་ས་ལ་ཆུ་ཐིམ་པ་ཡིན༔ དེའི་དུས་སུ་བདེ་སྟོང་གི་ཉམས་ལ་བསླབ༔ ཤེས་པ་བྱིང་ཙམ་ན་ཆུ་མེ་ལ་ཐིམ་པ་ཡིན༔ དེའི་དུས་སུ་བདེ་སྟོང་ལ་བསླབ༔ ཤེས་པ་ཟང་ཟིང་བྱུང་ཙམ་ན་མེ་རླུང་ལ་ཐིམ་པ་ཡིན༔ དེའི་དུས་ན་བདེ་སྟོང་དབྱེར་མེད་ལ་བསླབ༔ གཉིད་ཧྲུལ་ལ་སོང་ཙམ་ན་རླུང་རྣམ་པར་ཤེས་པ་ལ་ཐིམ་པ་ཡིན༔ དེའི་དུས་ན་ཡང་བདེ་སྟོང་དབྱེར་མེད་ལ་བསླབ༔ རྨི་ལམ་མེད་པར་ལྷན་ནེ་བ་དེ་རྣམ་ཤེས་འོད་གསལ་ལ་ཐིམ་པ་ཡིན༔ དེ་ཙམ་ན་སྐྱེ་མེད་དྲན་མེད་བདེ་སྟོང་ལྷན་ནེར་གནས་པར་འགྱུར་ཏེ༔ དེ་ཙམ་ན་བར་དོ་འབྱོངས་པ་ཡིན་གསུངས༔ སྤྱོད་ལམ་གྱིས་བསྲེ་བ་ནི༔ རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་པོ་བཏང་ལ༔ ཉིན་མོ་སྒོམ་པའི་དུས་ན་ཡང་རྨི་ལམ་ལྟ་བུའི་འདུ་ཤེས་གཞག་པར་བྱའོ༔ ཆོས་ཐམས་ཅད་རྨི་ལམ་དུ་ཤེས་པ་དང༔ བདེ་སྡུག་ཐམས་ཅད་འཁྲུལ་པར་ཤེས་པར་བྱའོ༔ སྔར་གྱི་སྒོམ་ཉམས་དྲན་པར་བྱའོ༔ དེ་ལ་རྨི་ལམ་དང་ཉིན་པར་ཁྱད་མེད་པར་བསྒོམས་པ་འདྲ་བ་བྱུང་ཙམ་ན༔ རྨི་ལམ་དང་བར་དོ་འདྲ་བས༔ གོང་གི་དོན་བསྒོམས་པས་བར་དོ་ཆོད་འོང་གསུངས༔ དེ་ཡང་དཔེར་ན་ཆུ་བོ་ལ་རྒྱུན་ཆད་མེད་པ་ལྟར༔ ཉིན་མོ་དང་རྨི་ལམ་དང་དུས་ཐམས་ཅད་དུ་རྒྱུན་ཆད་མེད་པར་བསྒོམ་གསུངས༔ རྨི་ལམ་གྱི་བར་དོར་སྤྱོད་པའི་མན་ངག་བསྟན་པ་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྐྱེ་ཤིའི་བར་དོར་ཉམས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་ལ་ཝ་འཛུགས་པ་ལྟ་བུ་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐྱེ་ཤིའི་བར་དོར་ཉམས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ༔ རྐྱེན་གཞན་གྱིས་གསལ་གདབ་པ་དང༔ རྟོགས་ལྡན་རང་གིས་གསལ་གདབ་པའོ༔ དང་པོ་ནི་སློབ་དཔོན་ནམ་ཆོས་གྲོགས་ཀྱིས་གསལ་གདབ་པ་སྟེ་རང་གིས་གདབ་པ་ལྟར་བྱའོ༔ གཉིས་པ་རང་གིས་གསལ་གདབ་པ་ནི༔ སེམས་ཉིད་སྐྱེ་ཤི་མེད་དེ་རང་གི་སེམས་སུ་འདུག༔ ས་ཐིམ་པའི་དུས་སུ་ལུས་མི་ཁྱག་ཅིང་ལྕི༔ ས་ཆུ་ལ་ཐིམ་པའི་དུས་སུ་དབུགས་ཕྱིར་སྲིང་ནང་དུ་སྡུད༔ ཆུ་མེ་ལ་ཐིམ་པའི་དུས་སུ་ཁ་སྣ་སྐམ་དབུགས་ཕྱི་ནང་གཉིས་ཀ་ཐུང༔ མེ་རླུང་ལ་ཐིམ་པའི་དུས་སུ་ཤེས་པ་མི་གསལ༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ་དབུགས་འཆད་དེ༔ དེའི་དུས་ན་རང་གི་ཤེས་པ་གསལ་བཏབ་སྟེ༔ ཤེས་པ་བཏེགས་པས་རྐྱེན་དབང་དུ་མི་བཏང་བར་ལུས་སེམས་གཉིས་ཀ་བཅུན་ལ༔ འཆི་བ་ཡང་རང་གི་སེམས་སུ་འདུག༔ ལུས་ཤ་ཁྲག་དང་བྲལ་ཡང་སེམས་ལ་བྲལ་མ་བྲལ་མེད་དེ༔ སྔར་གྱི་ལྟ་སྒོམ་གྱི་དོན་དྲན་པར་བྱ་གསུངས༔ དེ་ཡང་དེའི་དུས་སུ་ཡུར་བ་རྐང་ཆག་གི་ཝ་བཙུགས་པ་ལྟ་བུར་སྐད་ཅིག་མ་སྔ་མ་འགགས་ནས༔ སྐད་ཅིག་ཕྱི་མ་གོམས་ཤུགས་ཀྱིས་རྒྱུན་མཐུད་དེ་འགྲོ་གསུངས༔ དེ་ནི་སྐྱེ་ཤི་བར་དོར་ཉམས་མྱོང་གི་འཕྲོ་མཐུད་པ་ཉམས་ཀྱི་མན་ངག་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྲིད་པའི་བར་མ་དོ་ལ་ལས་ཀྱི་འཕྲོ་མཐུད་པ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་མན་ངག་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་ནི་སྔགས་ཀྱི་ལྷའི་སྐུ་སྒོམ་པ་ཡིན་ན༔ བར་མ་དོར་ལྷའི་སྐུར་གསལ་བས་ཕྱག་རྒྱ་ཆེན་པོའི་རིག་འཛིན་འཐོབ༔ ཆོས་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་བསྒོམས་པ་ཡིན་ན༔ བར་མ་དོར་མི་རྟོག་པ་ཆོས་སྐུར་ཤེས་པས་རང་དོན་དུ་ཆོས་སྐུ༔ གཞན་དོན་དུ་ལོངས་སྐུ་དང་སྤྲུལ་སྐུས་འགྲོ་དོན་བྱེད་པར་འཆར་རོ༔ དེ་ཡང་སྲིད་པའི་བར་དོ་དེ་གཉིད་ལོག་པའི་རྨི་ལམ་དང་འདྲ་སྟེ༔ དབུགས་ཆད་པ་དང་ཤེས་པ་བར་དོར་ཡེར་གྱིས་སོང་ངོ༔ དེ་ལ་བར་དོ་མ་ཆོད་པས་སྔ་མའི་བག་ཆགས་ཀྱིས་ལུས་ཡོད་པ་སྙམ་བྱེད་དེ་རྟོགས་པས་མ་ཆོད་པས་འགྲོ་དྲུག་གཡང་སར་འགྲོའོ༔ བར་དོ་ཆོད་ན་གོམས་པའི་ཤུགས་ཀྱིས་ལྷ་ཆོས་ཉིད་གང་གསལ་ཡང་འགྲོ་དྲུག་གི་གྲོང་ཁྱེར་ཁེགས་ནས༔ དབང་པོ་ཤ་ཁྲག་མེད་པས་གང་གསལ་བ་དེའི་དོན་ལ་གནས་ནས་འཁོར་བ་རྒྱུན་ཆད་པ་ཡིན་ནོ་གསུངས༔ དེ་ཡང་དཔེར་ན་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར༔ རྣལ་འབྱོར་པ་ལུས་སེམས་ནམ་བྲལ་བའི་དུས་སུ༔ སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན་མེད་དེ༔ ལུས་སེམས་བྲལ་བའི་སྐད་ཅིག་མ་དེ་ལ་ཆོས་ཀྱི་སྐུ་ཐོབ་པས་བར་དོར་སངས་རྒྱ་བ་ཞེས་བྱ༔ མངོན་པར་ཤེས་པ་དྲུག་འཆར༔ ཉོན་མོངས་པ་ལྔ་སྤངས་ནས་ཡེ་ཤེས་ལྔ་འཆར༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་དུས་གཅིག་ཏུ་གསལ༔ ལོངས་སྐུ་དང་སྤྲུལ་སྐུས་འགྲོ་བའི་དོན་བྱེད་དེ༔ མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་དུ་ཚེ་གཅིག་གིས་སངས་རྒྱ་བ་ཡིན་ཏེ་འབྲས་བུ་ལྷུན་གྱིས་གྲུབ་པ་ཞེས་བྱའོ༔ སློབ་དཔོན་པདྨས་ཇོ་མོ་ལ་གདམས་པ་བར་དོ་རྣམ་པ་ལྔའི་གདམས་ངག་གོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་སྦྲུལ་གྱི་ལོའི་སྟོན་ཟླ་ཐ་ཆུང་གི་ཚེས་གཉིས་ཀྱི་ཉིན་མོར་བྲིས་སོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ འཁྲུལ་གཞི་རྩད་གཅོད་ཀྱི་སྐོར་རོ༔ ྈ ན་མོ་གུ་རུ༔ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ འཁྲུལ་པ་རྩད་ནས་ཆོད་དེ་སྣང་སྲིད་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་མཁྱེན་པ༔ དགོངས་པ་དཔལ་ཀུན་ཏུ་བཟང་པོ་དང་མཉམ་པ༔ སྤྲུལ་པའི་སྐུར་དངོས་སུ་བཞུགས་པ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་འཁྲུལ་གཞི་རྩད་ནས་གཅོད་པའི་གདམས་པ་ཞུས་པ་འདིའོ༔ སློབ་དཔོན་པདྨ་ལ་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ སངས་རྒྱས་དང་སེམས་ཅན་གང་སྔ་ལགས༔ སངས་རྒྱས་སྔ་ན་དང་པོ་སངས་རྒྱས་ལས་སེམས་ཅན་དུ་འཁྲུལ་པས༔ དེ་ཡང་སངས་རྒྱས་པ་ལ་དགོས་པ་མི་གདའ༔ ཆོས་ལ་འབད་པ་ལ་དོན་མི་འདུག༔ སེམས་ཅན་སྔ་བ་ལགས་ན་གཞི་སེམས་ཅན་དེ་ལ་གང་གིས་བཤད༔ སེམས་ཅན་ལ་ཆོས་སྟོན་བྱེད་མེད་པས་ཇི་ལྟར་བསྒྲུབས་ཀྱང་སངས་རྒྱས་མི་འབྱུང༔ སངས་རྒྱས་དང་སེམས་ཅན་དུས་མཉམ་ན༔ རང་རང་སོ་སོར་སོང་བས་སེམས་ཅན་སངས་རྒྱས་པའི་རྒྱུ་དང་བྲལ༔ གཞི་གཅིག་ན་གང་གི་གཉེན་པོ་གང་གིས་བྱེད༔ སློབ་དཔོན་ཆེན་པོ་འཁྲུལ་མེད་ཀྱིས་གསུང་དུ་གསོལ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐལ་ལྡན་གྱི་བུ་མོ༔ སྤོབས་ལྡན་གྱི་ངག༔ བཤད་ཀྱིས་ཉོན༔ སངས་རྒྱས་དང་སེམས་ཅན་གཉིས་སྔ་ཕྱི་མེད་དེ༔ ཐོག་མ་སངས་རྒྱས་དང་སེམས་ཅན་གཉིས་མེད་པའི་དུས་ན་ཆོས་མེད༔ སྟོན་པ་མེད༔ ཉན་པ་མེད༔ སྨྲར་མེད༔ ཚིག་མེད༔ བརྗོད་དུ་མེད༔ བདེ་སྡུག་བཟང་ངན་མཐའ་དབུས་མེད༔ གཞི་མིང་འདོགས་གང་ཡང་མེད་པ༔ ནམ་མཁའ་ལྟ་བུར་གནས་པ་ལས༔ སངས་རྒྱས་ལ་སྔ་བ་ཡིད་བྱེད་པ་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་བྱ་བ་བྱས་པ་དང་བསྒྲུབས་པ་མེད་པར་རང་བྱུང་དུ་སངས་རྒྱས་སོ༔ སེམས་ཅན་ལ་སྔ་བ་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ཞེས་བྱ་བ་དང་དུས་གཅིག་ཏུ་བྱུང་ནས༔ ཡིད་དང་ཆོས་གཉིས་ཀྱིས་སངས་རྒྱས་སེམས་ཅན་གཉིས་ཀའི་གཞི་བྱས་ཏེ༔ དུས་མཉམ་དུ་བྱུང་བ་ཡིན་ནོ་གསུངས༔ ༔ཇོ་མོས་ཞུས་པ༔ ཆོས་སྐུ་ཀུན་ཏུ་བཟང་པོ་བྱས་པ་མེད་པར་སངས་རྒྱ་བ་ཇི་ལྟར་ལགས༔ སློབ་དཔོན་གྱི་ཞལ་ནས༔ གཞི་ལྷུན་གྲུབ་ཀྱི་སངས་རྒྱས་བྱ་བ་ཡིན་ཏེ༔ གཞི་མིང་འདོགས་གང་དུ་ཡང་མ་གྲུབ་པ་དེའི་ངང་ལས་མ་གཡོས་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་པས་དུས་གསུམ་དུ་འཕོ་འགྱུར་མེད་པར་བཞུགས་པ་ཡིན་ནོ་གསུངས༔ ༔ཇོ་མོས་ཞུས་པ༔ ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོས་སངས་རྒྱས་དང་སེམས་ཅན་གྱི་དོན་གཞི་ཇི་ལྟར་བྱས༔ སློབ་དཔོན་གྱི་ཞལ་ནས༔ ཀུན་ཏུ་རྣམ་པར་རྟོག་པའི་ཡིད་དང་གཞིའི་ཤེས་པ་ཆོས་བྱ་བ་མོ་གཉིས་བྱས་པ་མེད་པར་རང་བྱུང་བས༔ ཡིད་ལས་ལྷན་ཅིག་སྐྱེས་པའི་མ་རིག་པ་བྱུང༔ དེར་རང་གར་སོང་བས་སེམས་ཅན་གྱི་གཞི་བྱས་ཏེ་མར་འཁྲུལ་པས་སེམས་ཅན་རྣམས་བྱུང་ངོ༔ ཆོས་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱུང་ནས༔ དེ་རང་གར་སོང་བས་སངས་རྒྱས་ཀྱི་གཞི་བྱས་ཏེ་མྱ་ངན་ལས་འདས་པ་བྱུང་ངོ༔ དེ་གཉིས་ཀ་ལ་མིང་ཀུན་གཞི་ཞེས་བྱ་བར་བཏགས་ཏེ༔ དེ་ཡང་ཀུན་གཞིའི་རྣམ་པར་རྟོག་པའི་ཡིད་ནི་ཁྱོ་དང་འདྲ༔ གཞི་བྱ་བ་མོ་ནི་ཆུང་མ་དང་འདྲ༔ ལྷན་ཅིག་སྐྱེས་པའི་མ་རིག་པ་བུ་མོ་ལྟ་བུ་སྟེ༔ སངས་རྒྱས་དང་སེམས་ཅན་གཉིས་ཀྱི་བྱུང་ཁུངས་སམ་གྱེས་ཚུལ་ནི་དེ་ལྟར་ཤེས་པར་གྱིས་གསུངས་སོ༔ ༔ཇོ་མོས་ཞུས་པ༔ མར་འཁོར་བའི་ཚུལ་སེམས་ཅན་གྱི་སྡུག་བསྔལ་ཅིས་ལན༔ སློབ་དཔོན་གྱི་ཞལ་ནས༔ དེ་ནི་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་ཁྱོ་ལྟ་བུ་དེ༔ ཀུན་གཞི་ལ་ཁ་ནང་དུ་བལྟས་ནས་ང་དང་བདག་ཏུ་བཟུང་པས༔ དེ་ལ་བུ་མོ་སྐྱེས་པའི་ཚུལ་དུ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ་བ་དངོས་པོར་མེད་པ་ལ་གནོད་པ་ཆེ་བ་ཞིག་བྱུང་ནས༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་བུ་ལྟ་བུ་དེ་སྐྱེ་བའི་གེགས་བྱས་ནས་བག་ལ་ཉལ་གྱི་སྒྲིབ་པ་རྣམས་བསགས་སོ༔ དེ་ལས་ཀུན་ཏུ་བཏགས་པའི་མ་རིག་པ་ཞེས་བྱ་བ་དངོས་པོར་མེད་པར་སྣང་ལ་གནོད་པ་ཆེ་བ་ཞིག་བྱུང་སྟེ༔ བུ་མོ་དེ་ཁྱོ་ཚོལ་བ་ལྟར་ཡིད་ཀྱི་རྣམ་ཤེས་ཀྱིས་ཁ་ཕྱིར་བསྟན་ནས་སྒོ་ལྔའི་རྣམ་ཤེས་ཀྱི་རྗེས་སུ་འབྲངས་པས་སྣ་ཚོགས་པའི་ལས་བསགས༔ ང་བདག་ཏུ་མ་གྲུབ་པ་ལ་དེར་བཟུང་བས༔ དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་བག་ཆགས་སྣ་ཚོགས་བསགས་པས༔ དེ་རྒྱུ་བྱས་ནས་སྐྱེ་བ་དང་རྒ་བ་དང་ན་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་དུ་བྱུང་ངོ༔ དེ་ཡང་ཀུན་ཏུ་བཏགས་པའི་མ་རིག་པ་ཁྱོ་ཚོལ་བ་ལྟ་བུ་དེས༔ ཡིད་ཀྱི་རྣམ་ཤེས་ཁྱོ་དང་འདྲ་བ་ཁ་ཕྱིར་བལྟས༔ དེ་གཉིས་འདོད་པ་སྤྱོད་པ་ལྟར་སྒོ་ལྔའི་རྗེས་ཕྱིར་འབྲངས་པས༔ བུ་ཚ་འཕེལ་བ་ལྟ་བུར་འགྲོ་བ་རིགས་དྲུག་ཏུ་འཁྲུལ་ལོ་གསུངས་སོ༔ ༔ཇོ་མོས་ཞུས་པ༔ ཡར་སངས་རྒྱས་པའི་ཚུལ་ཇི་ལྟར་ལགས༔ སློབ་དཔོན་གྱི་ཞལ་ནས༔ སྔར་ལྟར་ཆོས་བྱ་བ་མོ་དང༔ ཡིད་བྱེད་པ་པོ་བཟའ་མི་ལྟ་བུས་ཏེ༔ དེ་ཡང་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་དེ་ནི་ཤེས་བྱ་ཆོས་ཀྱི་དབྱིངས་ཡིན༔ ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་དེ་ཤེས་བྱེད་རིག་པའི་ཡེ་ཤེས་ཡིན་པས༔ ཆོས་ཀྱི་དབྱིངས་ལ་ང་དང་བདག་ཏུ་མི་ལྟ༔ དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོར་སྤྱོད་པས༔ དེ་ལས་བུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་ཏེ༔ བུ་མོ་ལྟ་བུ་ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་ཞར་ལ་འགགས་ནས༔ འཁྲུལ་པ་ཡེ་ཤེས་སུ་ལོག༔ རྣམ་རྟོག་ཆོས་ཉིད་དུ་ལོག་ནས༔ ཆོས་སྐུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་རང་ངོ་རང་གིས་ཤེས་པས་རྟོགས་གྱུར་གྱིས་སངས་རྒྱས་ཏེ༔ རིགས་དྲུག་ཏུ་སྐྱེ་བའི་རྒྱུན་བཅད་ནས་སྐུ་གསུམ་གྱི་ཞིང་ཁམས་སུ་གྲོལ་བའོ་གསུངས༔ ༔ཇོ་མོས་ཞུས་པ༔ དེ་ལྟར་འཁྲུལ་གཞི་རྩད་ཆོད་པ་ཙམ་གྱིས་ཆོག་གམ༔ ཉམས་སུ་ལེན་འཚལ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གང་ཟག་དབང་པོ་ཡང་རབ་ནི༔ དེ་ལྟར་ཆོད་ནས་འཁྲུལ་པ་ངོ་ཤེས་པ་ཙམ་གྱིས་འཁྲུལ་ཕྱིར་མི་འཇུག་སྟེ༔ རྟོགས་པ་མངོན་གྱུར་དུ་སངས་རྒྱས་པ་ཡང་ཡོད༔ དབང་པོ་འབྲིང་དང་ཐ་མས་འཁྲུལ་གཞི་རྩད་ཆོད་པའི་དོན་དེ་ཉམས་སུ་བླང་དགོས་གསུངས་སོ༔ ༔ཇོ་མོས་ཞུས་པ༔ འཁྲུལ་པའི་གཞི་གང་ལས་འཁྲུལ༔ རྒྱུ་གང་ཡིན༔ དུས་ནམ་གྱི་ཚེ་འཁྲུལ༔ ངོ་བོ་གང་ཡིན༔ ཚུལ་ཇི་ལྟར་འཁྲུལ༔ འབྲས་བུ་གང་ཡིན༔ དཔེ་ཇི་ལྟ་བུ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཁྲུལ་གཞི་ཀུན་གཞི་སྟེ༔ ཀུན་ཏུ་རྣམ་པར་རྟོག་པའི་ཡིད་ཀྱིས་གཞིའི་ཤེས་པ་ཆོས་ཀྱི་སྐུ་ལ་ང་བདག་ཏུ་བཟུང་བས༔ འཁྲུལ་པའི་རྒྱུ་མ་རིག་པ་སྟེ༔ ལྷན་ཅིག་སྐྱེས་པའི་མ་རིག་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་ཀྱིས་བག་ཆགས་ངན་པ་བསགས་པས་འཁྲུལ་ལོ༔ འཁྲུལ་དུས་ནི་དཔྱོད་བྱེད་ཀྱི་ཤེས་པ་ཞུགས་པའི་ཚེ་འཁྲུལ་ཏེ༔ ཀུན་གཞི་ཆོས་ཉིད་ཀྱི་དབྱིངས་མཉམ་པ་ཉིད་དུ་གནས་པ་ལས༔ ཆོས་སྐུ་ལས་རིག་པ་གཞན་དུ་དཔྱད་པས་ཡུལ་སེམས་གཉིས་སུ་བཟུང་བའི་ཚེ༔ འཁྲུལ་པའི་ངོ་བོ་ང་བདག་ཡིན་ཏེ༔ ཀུན་གཞི་ནམ་མཁའ་ལྟ་བུ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཁ་ནང་དུ་བལྟས་ཏེ་བདག་ཏུ་བཟུང༔ ཡིད་ཀྱི་རྣམ་པར་ཤེས་པས་ཁ་ཕྱིར་བལྟས་ཏེ༔ སྒོ་ལྔའི་རྣམ་པར་ཤེས་པའི་རྗེས་སུ་འབྲངས་ནས་རྟོག་པ་སྣ་ཚོགས་སུ་བསགས་པས་དགྲ་གཉེན་ལ་སོགས་པར་བཟུང་བས་འཁྲུལ་ལོ༔ འཁྲུལ་ཚུལ་ནི༔ སེམས་ངོ་བོ་གང་དུ་ཡང་མ་གྲུབ་མིང་དུ་གདགས་སུ་མེད་པ་ལས༔ ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་དུ་བཏགས༔ དེ་ཡང་ཡུལ་མཁར་བུ་ནོར་དགྲ་གཉེན་མེད་པ་ལ་ཡོད་པར་འཛིན་པའི་ཚུལ་གྱིས་མིང་འདོགས་ལ་ཆགས་ཞེན་དུ་བཟུང་ནས་འཁྲུལ་ལོ༔ འཁྲུལ་པའི་འབྲས་བུ་ནི༔ རིགས་དྲུག་གི་སྡུག་བསྔལ་ཉམས་སུ་མྱོང་བའོ༔ དེ་རྣམས་ཀྱང་གཞན་གྱིས་བྱས་པ་མ་ཡིན་ཏེ༔ རང་གི་སེམས་འཁྲུལ་པས་ཉེས་པ་བྱས་སོ་གསུངས༔ འཁྲུལ་པའི་དཔེ་ནི༔ སྲིན་བུའི་ཁ་ཆུ་དང་འདྲ་སྟེ༔ དེ་རང་ལས་བྱུང་ནས་རང་འཐུམས་ནས་འཆི་བ་ལྟ་བུའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འཁྲུལ་པ་དེ་གཅོད་པའི་ཐབས་གང་ཡིན༔ དཔེ་ཇི་དང་འདྲ་བར་བཟློག༔ ཟློག་པའི་རྒྱུ་དང་རྐྱེན་གང་ཡིན༔ དུས་ནམ་གྱི་ཚེ་ཡིན༔ ལོག་པའི་ངོ་བོ༔ ཟློག་ཚུལ་ཇི་ལྟར༔ འཁྲུལ་པ་ལོག་པའི་འབྲས་བུ་གང་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཁྲུལ་པ་དེ་གཅོད་པའི་ཐབས་ནི༔ སྔོན་དུ་དད་པ་ཁྱད་པར་ཅན་བསྐྱེད་ལ་འཁོར་བའི་ཆོས་ལས་ཡིད་དབྱུང་བར་བྱ་སྟེ༔ དམ་པའི་ཆོས་ལ་སེམས་ཞུགས༔ བླ་མ་གདམས་པ་ཅན་བསྟེན་པའི་ཚེ་འཁྲུལ་པ་ཟློག་པའི་ས་རུ་ཕྱིན་ཏོ༔ འཁྲུལ་པ་ལོག་པའི་དཔེ་ནི༔ གཉིད་སད་པ་དང་འདྲ་སྟེ༔ རྨི་ལམ་ན་བདེ་སྡུག་ལ་སོགས་པའི་དངོས་པོ་ཐམས་ཅད་བདེན་པར་སྣང་བ་ལ་སོགས༔ གཉིད་སད་པའི་དུས་ན་གང་ཡང་མེད་དེ་འཁྲུལ་པར་འདུག་པ་ལྟར༔ འདི་ལྟར་གྱི་སྣང་བ་འདི་ཐམས་ཅད་བློ་འཁྲུལ་པའི་ངོ་གང་ལ་བདེན་པ་ལྟར་སྣང་ཡང་གང་ཡང་བདེན་པར་གྲུབ་པ་མེད༔ རྟག་པའི་བདེན་པ་ཞིག་མེད༔ སེམས་ཅན་ཐམས་ཅད་འཆི་བས་མི་བདེན༔ གནས་དང་ཡུལ་ཞིང་ཐམས་ཅད་འཕོ་བས་མི་བདེན༔ ད་ལྟ་སྟོང་གསུམ་གྱི་འཇིག་རྟེན་ཡང་མེ་བདུན་ཆུ་གཅིག་གིས་མཐར་འཇིག་པར་འགྱུར་བས་མི་བདེན་གསུངས་སོ༔ འཁྲུལ་པ་ལྡོག་པའི་རྒྱུ་དང་རྐྱེན་ནི༔ དཔེར་ན་ཆབ་རོམ་ལ་རྐྱེན་ཉི་མ་ཕོག་པས་ཆུར་འགྱུར་བ་ལྟར༔ རང་བྱུང་གི་ཡེ་ཤེས་གཞི་ལ་ཡོད་པ་དེ་རྐྱེན་བླ་མའི་གདམས་ངག་གིས་བསྟན་པས་ཡེ་ཤེས་སུ་ལྡོག་དགོས་གསུངས་སོ༔ འཁྲུལ་པ་ལྡོག་པའི་དུས་ནི༔ སྲེ་བྱེད་ཀྱི་ཤེས་པས་བསྲེས་ནས་འདྲེས་པའི་དུས་སུ་ལྡོག་སྟེ༔ བེམ་རིག་གཅིག་ཏུ་བསྲེས་ནས་བེམ་པོ་ལུས་ཀྱི་ཆ་ལ་ཞེན་པ་མེད༔ རིག་པ་སྟོང་པའི་ཆ་ལ་ཞེན་པ་མེད་ན་འདྲེས་པ་ཡིན༔ བདག་དང་ཕ་མ་གཉེན་འདུན་རྣམས་ལ་ཞེན་འཛིན་མེད༔ གཞན་སྣང་རྣམས་དང་དགྲ་ལ་ཞེ་སྡང་མེད་ན་བདག་གཞན་འདྲེས་པ་ཡིན༔ འཁོར་བ་སྤངས་ནས་རིང་དུ་འགྲོ་རྒྱུ་མེད་ལ༔ མྱ་ངན་ལས་འདས་པ་བསྒྲུབས་ནས་ཉེ་བར་འགྱུར་བ་མེད་ན་འཁོར་འདས་གཅིག་ཏུ་གྱུར་པ་ཡིན༔ དཔེར་ན་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་དབྱེར་མེད་མཉམ་པའི་ངང་དུ་གནས་ན་འཁྲུལ་པ་ལྡོག་པའི་དུས་ཡིན་གསུངས་སོ༔ འཁྲུལ་པ་ལོག་པའི་ངོ་བོ་ནི༔ རིག་པ་གཟུང་འཛིན་དང་བྲལ་བ་ཡིན་ཏེ༔ ཤེས་བྱ་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་དང༔ ཤེས་བྱེད་རིག་པའི་ཡེ་ཤེས་ཐ་མི་དད་པར་གཉིས་མེད་དུ་ཉམས་སུ་མྱོང་བའོ༔ དེ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པའི་བབ་ནི་ཆོས་ཀྱི་དབྱིངས་ཡིན་ལ༔ ཡེ་ནས་རང་བཞིན་མེད་པ་ཤེས་པ་ཡེ་ཤེས་ཏེ༔ གང་ལ་ཡང་རང་བཞིན་མེད་པར་རྟོགས་པའོ༔ འཁྲུལ་པ་ལྡོག་པའི་ཚུལ་ནི༔ ཞར་སྐྱེ་དང་ཞར་འགག་གི་ཚུལ་དུ་ལྡོག་སྟེ༔ འཁྲུལ་པའི་དུས་སུ་མ་རིག་པ་སྐྱེས་པས་ཡེ་ཤེས་ཞར་ལ་འགགས་པ་བཞིན་དུ༔ དེ་ལྡོག་པའི་དུས་སུ་ཡེ་ཤེས་སྐྱེས་པས་མ་རིག་པ་ཞར་ལ་འགགས་ཏེ༔ དཔེར་ན་ཉི་མ་ཤར་བས་མུན་པ་ཞར་ལ་འགགས་པ་ལྟར་སྣང་བ་ཐམས་ཅད་སེམས་སུ་ཤེས༔ སེམས་སྟོང་པར་ཤེས༔ སྟོང་པ་ཡེ་ཤེས་སུ་ཤེས་པས་མ་རིག་པའི་གཞི་མེད་དེ༔ སྣང་སྲིད་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་ལས་གཞན་མེད་དོ་གསུངས༔ འཁྲུལ་པ་ལོག་པའི་འབྲས་བུ་ནི༔ སྐུ་གསུམ་སྟེ༔ ཆོས་སྐུ་ནམ་མཁའ་ལྟ་བུ་སྐྱེ་མེད་ལས༔ ལོངས་སྐུ་མཚན་དང་དཔེ་བྱད་ལྡན་པ་སྤྲིན་ལྟ་བུར་བཞེངས་ནས༔ སྤྲུལ་པའི་སྐུ་ཆར་ལྟ་བུས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་གང་ལ་གང་འདུལ་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ་གསུངས༔ དེ་རྣམས་ནི་དབང་པོ་འབྲིང་གི་འཁྲུལ་པ་ལོག་ནས་གྲོལ་ལུགས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དབང་པོ་ཐ་མས་འཁྲུལ་པ་ལྡོག་པའི་གདམས་པ་ཞིག་ཞུ་དང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དབང་པོ་ཐ་མས་འཁྲུལ་པ་ལྡོག་པ་ལ༔ དཔེར་ན་ཀུན་གཞིའི་རྣམ་པར་ཤེས་པ་ཁྱིམ་དང་འདྲ་སྟེ༔ དེར་ནོར་གསོག་པ་ལྟར་ལས་དང་བག་ཆགས་བཟང་ངན་ཐམས་ཅད་གསོག་པའི་སྣོད་དོ༔ ཉོན་མོངས་པ་ཅན་གྱི་ཡིད་ཆུང་མ་དང་འདྲ་སྟེ༔ དེས་ནོར་རྫས་འཛིན་པ་ལྟར༔ ཀུན་གཞིའི་རྣམ་པར་ཤེས་པ་ཁ་ནང་དུ་བལྟས་ནས༔ བག་ཆགས་བཟང་ངན་དུ་འཛིན་པའོ༔ ཡིད་ཀྱི་རྣམ་པར་ཤེས་པ་ཁྱོ་ལྟ་བུ་སྟེ༔ དེས་ནོར་ལ་སོགས་པ་ཚོལ་བ་ལྟར་ཡིད་ཀྱི་རྣམ་པར་ཤེས་པས་ཁ་ཕྱིར་བལྟས་ནས་ཡུལ་སྣ་ཚོགས་ལ་མཚན་མར་བཟུང་ནས་རྟོག་པའོ༔ སྒོ་ལྔའི་རྣམ་པར་ཤེས་པ་བུ་ལྟ་བུ་སྟེ༔ དེས་ནོར་གཅོད་པ་ལྟར་རྣམ་ཤེས་ཀྱིས་ཡུལ་ལ་ཆགས་སྡང་སྣ་ཚོགས་སྐྱེད་ཅིང་ཚུར་གཅོད་དོ༔ ལུས་ཀྱི་རྣམ་པར་ཤེས་པ་མནའ་མ་དང་འདྲ་སྟེ༔ ནོར་ལ་ལོངས་སྤྱོད་པ་ལྟར་འདོད་པའི་ཡོན་ཏན་ལྔ་ལ་བལྟས་ནས་ཉམས་སུ་མྱོང་བར་ལོངས་སྤྱོད་པའོ༔ དེ་ནི་འཁྲུལ་པའི་ཚུལ་བསྟན་པའོ༔ ད་འཁྲུལ་པ་དེ་ལས་ལྡོག་པ་ལ༔ ཀུན་གཞིའི་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་ཡིན་ཏེ༔ གང་དུ་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ་ཞིག་རང་གི་རྒྱུད་ལ་གནས་པ་ཡིན༔ དེ་ལ་ཉོན་མོངས་པའི་ཡིད་ཀྱིས་མ་གཟུང་བར་གློད་དེ་འབད་རྩོལ་དང་བྲལ་བར་བཞག་པས༔ རང་གི་རྣམ་རྟོག་ཡིད་གཉིས་མ་ལངས༔ ཡིད་ཀྱི་རྣམ་པར་ཤེས་པས་ཕྱིར་མ་བཅད་པས༔ སྒོ་ལྔའི་ཡུལ་མཚན་མར་མ་བཟུང་བ་གསལ་ལ་རྟོག་མེད་དེ་ཡེ་ཤེས་ཡིན་ནོ༔ དེ་ལ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱ༔ རང་བྱུང་གི་ཡེ་ཤེས་ཞེས་བྱའོ༔ དེ་ལ་ཉམས་སུ་བླངས་པས་སྣང་བ་འདི་སྣང་ལ་རང་བཞིན་མེད་པ་ཆུ་ཟླའམ༔ གཟུགས་བརྙན་ནམ༔ སྒྱུ་མའམ༔ རྨི་ལམ་ལྟར་ངོ་བོ་གང་དུ་ཡང་མ་གྲུབ་པ་སྟོང་པའི་ཉམས་འཆར་རོ༔ དེའི་ཚེ་ན་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན་ནོ༔ དེ་ལ་གོམས་པའི་རྣལ་འབྱོར་པ་བེམ་རིག་བྲལ་བའི་དུས་ན་ཀུན་གཞིའི་རྣམ་པར་ཤེས་པ་ཆོས་ཀྱི་སྐུར་གྱུར་ཏེ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཤར་ཏེ༔ སྒོ་ལྔའི་རྣམ་པར་ཤེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འཆར༔ ཡིད་ཀྱི་རྣམ་པར་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་སུ་ཤར༔ ཉོན་མོངས་པའི་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་ཤར༔ ལུས་ཀྱི་རྣམ་པར་ཤེས་པ་འོད་ཀྱི་ལུས་སུ་གྱུར་ནས་གཟུགས་སྐུ་གཉིས་སུ་ཤར་ཏེ༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་བྱེད་དོ༔ དེ་ཡང་ཆོས་སྐུ་ནམ་མཁའ་དང་འདྲ་སྟེ་དབྱིབས་དང་ཁ་དོག་བརྗོད་བྱ་ལས་འདས་སོ༔ ལོངས་སྤྱོད་རྫོགས་པའི་སྐུ་ནི་འོག་མིན་ཆོས་ཀྱི་དབྱིངས་ན་བཞུགས་ཏེ༔ མཚན་དང་དཔེ་བྱད་དང་ལྡན་པ་སངས་རྒྱས་རིགས་ལྔའི་ཚུལ་དུ་བཟུང་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་སྟེ་ཆོས་སྟོན་ཏོ༔ སྤྲུལ་སྐུ་ནི་སེམས་ཅན་གང་ལ་གང་འདུལ་ལ་ཐུབ་པ་དྲུག་ཏུ་སྤྲུལ་ནས་གདུལ་བྱ་ཅི་ཡིན་འདུལ་བའི་ཚུལ་དུ་སྣང་ངོ༔ དེ་ལྟ་བུའི་སྐུ་གསུམ་ཡང་ངོ་བོ་ཉིད་ཀྱི་སྐུར་གཅིག་སྟེ༔ སེམས་ཉིད་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་རྟོགས་ནས་སྒོམ་པ་བརྟན་པ་ལས་བྱུང་བས་རྒྱུད་ཡོངས་སུ་དག་པའི་སངས་རྒྱས་ཞེས་བྱའོ༔ སྐུ་གསུམ་པོ་དེ་མཐོང་བའི་དུས་ན་མས་མཐོང༔ ཐོབ་པའི་དུས་ན་ཡས་ཐོབ་པའོ༔ དེ་དག་ནི་དབང་པོ་ཐ་མའི་འཁྲུལ་པ་ལྡོག་ལུགས་དང་གྲོལ་ལུགས་བསྟན་པའོ་གསུངས་སོ༔ འཁྲུལ་གཞི་རྩད་ནས་གཅོད་པའི་གདམས་པ་འདི༔ མཁར་ཆེན་མཚོ་རྒྱལ་ཁྱོད་ལ་གཏད༔ སྣོད་ལྡན་སྐལ་ལྡན་ཤིན་ཏུ་དཀོན༔ རིན་ཆེན་གཏེར་དུ་སྦོས་ལ་ཞོག༔ དུས་ཀྱི་མཐའ་ལ་གཏེར་སྒོ་ཕྱེས༔ ལས་དང་སྐལ་ལྡན་གཅིག་ལ་གཏོད༔ ཅེས་གདམས་སོ༔ འཁྲུལ་གཞི་རྩད་གཅོད་ཀྱི་ཞུས་ལན༔ སྟོན་ཟླ་འབྲིང་པོའི་ཚེས་གསུམ་ལ་མཆིམས་ཕུའི་ཡང་དབེན་དུ་ཡི་གེར་བཏབ་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བསམ་ཡས་ན་བཞུགས་པའི་དུས་སུ༔ རྔོག་ཤེས་རབ་རྒྱལ་པོ་ཞེས་བྱ་བ༔ ན་སོ་ལོ་དྲུག་ཅུ་རེ་གཅིག་ལོན་པ༔ ཐོས་པ་མ་བྱས་པ༔ དད་པ་ཅན་གྱི་མཆོག་ཏུ་གྱུར་པ༔ སློབ་དཔོན་ལ་ཤིན་ཏུ་མོས་པ་ཞིག་གིས༔ བྲག་པོ་ཆེའི་དབེན་པ་རུ༔ སློབ་དཔོན་ལོ་གཅིག་དུ་བཏེགས་ནས༔ རྔོག་གིས་ཆོས་ཞུ་མ་བྱས༔ སློབ་དཔོན་གྱིས་ཆོས་བཤད་མ་བྱས་པར༔ ལོ་གཅིག་ན་སློབ་དཔོན་བཞུད་པར་དགོངས་པ་ལ༔ རྔོག་གིས་མ་དྷལ་གཅིག་གི་སྟེང་དུ་གསེར་སྲང་གཅིག་ལ་མེ་ཏོག་བྱས་ནས་སློབ་དཔོན་ལ་ཕུལ་ནས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བདག་ལ་ཐུགས་རྗེས་དགོངས་འཚལ༔ བདག་གཅིག་ཏུ་ཐོས་པ་ཆུང༔ གཉིས་སུ་ཤེས་རབ་ཆུང༔ གསུམ་དུ་ན་སོ་རྒས་པས་འབྱུང་བ་རྙིང༔ སློབ་དཔོན་ཆེན་པོ་ནས་བདག་ལ་གོ་སླ་བ༔ སྒྲོ་འདོགས་ཕྱི་ནང་ཆོད་པ༔ རྟོགས་པར་སླ་བ༔ ལྟ་ཁམ་ཆེ་བ༔ ཉམས་སུ་བླང་སླ་བ༔ ཚེ་ཕྱི་མ་ལ་ཕན་པ༔ རྒན་པོ་འཆི་ཀ་མའི་ཆོས་ཤིག་ཞུ་འཚལ་ལོ་ཞེས་ཞུས་པས༔ སློབ་དཔོན་གྱིས་རྒད་པོའི་སྙིང་གར་ཕྱག་འཁར་གཏད་ནས་གདམས་པ་བཏབ་པ་འདིའོ༔ ཉོན་ཅིག་རྒད་པོ་རང་རིག་པ་བྱང་ཆུབ་སེམས་འདི་ལ་ལྟོས་ཤིག༔ གཟུགས་དང་ཁ་དོག་ཏུ་གྲུབ་པ་མེད༔ མཐའ་དང་དབུས་སུ་གྲུབ་པ་མེད༔ དང་པོ་བྱུང་ས་མེད་དེ་སྟོང༔ བར་དུ་གནས་ས་མེད་དེ་སྟོང༔ ཐ་མ་འགྲོ་ས་མེད་དེ་སྟོང༔ སྟོང་པ་ཅིར་ཡང་མ་གྲུབ་པ་གསལ་ལ་དྭངས་པ་ཞིག་འདུག་པ་དེ་མཐོང་ནས་ངོ་ཤེས་ན་རང་ངོ་རང་གིས་ཤེས་པ་ཡིན༔ ཆོས་ཀྱི་ཆོས་ཉིད་གོ་བ་ཡིན༔ སེམས་ཀྱི་སེམས་ཉིད་མཐོང་བ་ཡིན༔ དངོས་པོ་དོན་གྱི་གནས་ལུགས་གཏན་ལ་ཕེབས་པ་ཡིན༔ ཤེས་བྱའི་སྒྲོ་འདོགས་ཆོད་པ་ཡིན༔ རིག་པ་བྱང་ཆུབ་ཀྱི་སེམས་དེ་དངོས་པོ་ཅིར་ཡང་མ་གྲུབ་པས་རང་བྱུང་རང་ལ་གནས་ཏེ༔ གཞན་ནས་བཙལ་དུ་མེད་པས༔ ཆོས་ཉིད་ཀྱི་དོན་རྟོགས་སླ༔ སེམས་ཉིད་ཀྱི་དོན་ལ་གཟུང་འཛིན་གྱི་དངོས་པོ་མ་གྲུབ༔ རྟག་ཆད་ཀྱི་མཐའ་ལས་འདས༔ སངས་ལ་རྒྱ་རྒྱུ་མེད་དེ་སངས་རྒྱས་ཀྱང་རང་གི་རིག་པ་རང་སངས༔ དམྱལ་བར་འགྲོ་རུ་མེད་དེ་རིག་པ་རང་དག༔ ཆོས་ལ་བྱ་རྒྱུ་མེད་དེ་ཆོས་ཉིད་རང་གསལ༔ ལྟ་བ་རང་ལུགས་ཆེན་པོ་དེ་རང་ལ་ཡོད་པས་གཞན་ནས་བཙལ་དུ་མེད་པར་ཐག་བཅད་དོ༔ དེ་ལྟར་ལྟ་བ་རྟོགས་ནས་ཉམས་སུ་ལེན་པར་འདོད་པས༔ རང་གར་འདུག་པའི་ས་དེ་ལུས་ཀྱི་རི་བོའི་དགོན་པའི་གནས༔ ཕྱི་སྣང་བ་ལ་གང་ཤར་བ་དེ་སྣང་བ་རང་སྣང༔ སྟོང་པ་རང་སྟོང༔ སྤྲོས་པའི་མཐའ་དང་བྲལ་བར་གཞག་གོ༔ དེའི་ཕྱིར་སྣང་བ་གྲོགས་སུ་རང་སར་དག་སྟེ་སྣང་བ་ལམ་དུ་ཁྱེར་ཅིང་ཉམས་སུ་བླངས་པས༔ ནང་སེམས་ལ་དྲན་པ་ཅི་ཤར་ཡིད་ལ་ཅི་འགྱུས་ཀྱང་དེ་ལ་ངོ་བོ་མེད་དེ་སྟོང་པར་འདུག༔ འགྱུ་དྲན་རང་སར་དག༔ སེམས་ཉིད་གསལ་ཐེབས་པས་འགྱུ་དྲན་ལམ་དུ་བསླངས་ནས་ཉམས་སུ་བླང་བར་བདེའོ༔ གསང་བ་ཉོན་མོངས་པ་གང་ལངས་ཀྱང༔ ཉོན་མོངས་པར་བལྟས་པས་རྗེས་མེད་ངང་དུ་ཞི༔ ཉོན་མོངས་པ་རང་སར་དག༔ ཉམས་སུ་བླང་བར་བདེའོ༔ དེ་ལྟར་ཉམས་སུ་ལེན་ཙ་ན༔ སྒོམ་པ་ཐུན་སྒོམ་བྱར་མེད༔ ཐམས་ཅད་གྲོགས་སུ་ཤེས་པས་ཉམས་ལ་གསལ་འགྲིབ་མེད༔ ཆོས་ཉིད་ཀྱི་དོན་ལ་རྒྱུན་ཆད་མེད༔ སྤྱོད་པ་ལ་ཡངས་དོག་མེད་དོ༔ ཇི་ལྟར་གནས་ཀྱང་ཆོས་ཉིད་དོན་ལ་འདུ་འབྲལ་མེད༔ དེ་ལྟར་རྟོགས་ཙམ་ན་འབྱུང་བའི་ལུས་རྒས་ཀྱང་བྱང་ཆུབ་སེམས་ལ་རྒས་པ་མེད༔ ན་སོ་ལ་རྒན་གཞོན་མེད༔ ཆོས་ཉིད་དོན་ལ་ཕྱོགས་རིས་མེད་པས༔ རིག་པ་ཆོས་ཉིད་ཀྱི་ཡེ་ཤེས་དེ་རང་ལ་ཡོད་པར་ངོ་ཤེས་པས་དབང་པོ་ལ་རྣོ་བརྟུལ་མེད་དོ༔ ཆོས་ཉིད་ཀྱི་དོན་ལ་ཕྱོགས་རིས་མེད་པ་དེ་ལ་མེད་པར་གོ་བས་ཐོས་པ་ལ་ཆེ་ཆུང་མེད་དོ༔ བེམ་རིག་གི་བརྙན་ལུས་ཞིག་ཀྱང་རིག་པ་ཡེ་ཤེས་ཆོས་ཀྱི་སྐུ་ལ་རྒྱུན་ཆད་མེད༔ མི་འགྱུར་བརྟན་པ་ཐོབ་པས་ཚེ་ལ་རིང་ཐུང་མེད་དོ་གསུངས་སོ༔ རྒད་པོ་ཡང་དག་པའི་དོན་དེ་ཉམས་སུ་ལོང་མཛོད༔ ཉམས་ལེན་རྒྱུད་ལ་ཁོལ་མཛོད༔ ཚིག་དང་དོན་དུ་མ་འཛོལ་བར་མཛོད༔ བརྩོན་འགྲུས་གྲོགས་དང་མ་བྲལ་བར་མཛོད༔ དྲན་པའི་རྩིས་ཀྱིས་ཟིན་པར་མཛོད༔ ལོང་གཏམ་དང་འཆལ་གཏམ་ལ་མ་དགའ་བར་མཛོད༔ ཐ་མལ་གྱི་བློ་དང་མ་འདྲེས་པར་མཛོད༔ བུ་ཚའི་སྡུག་བསྔལ་མ་ཆེ་བར་མཛོད༔ བཟའ་བཏུང་ལ་སྲེད་པ་མ་ཆེ་བར་མཛོད༔ ཐ་མལ་དུ་འཆི་བ་ལ་སེམས་མཛོད༔ ཚེ་ལ་ལོང་མེད་བརྩོན་འགྲུས་སྐྱེད་མཛོད༔ རྒད་པོ་འཆི་ཁ་མའི་གདམས་ངག་འདི་ལ་མཛོད་ཅེས་གསུངས་ནས༔ རྒད་པོའི་སྙིང་གར་ཕྱག་འཁར་བཙུགས་ནས་གདམས་པ་བཏབ་པས༔ རྒད་པོ་ལ་འཁར་བཙུགས་ཀྱི་གདམས་པ་ཞེས་བྱའོ༔ རྔོག་ཤེས་རབ་རྒྱལ་པོ་གྲོལ་ཏེ་གྲུབ་པ་ཐོབ་བོ༔ ཕྱི་རབས་དོན་དུ་མཁར་ཆེན་བཟའ་ཡིས་ཡི་གེ་རིས་སུ་བཏབ༔ མིང་ཡང་འཁར་བཙུགས་ཀྱི་གདམས་པ་ཞེས་བྱའོ༔ རྒྱ༔ རྒྱ༔ རྒྱ༔༔ ༔༔ ༄༅༔ ྈ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་སྤྲུལ་པའི་སྐུ་དེ༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྤྱན་དྲངས་ནས༔ བྲག་དམར་དཔལ་གྱི་བསམ་ཡས་ན་བཞུགས་པའི་ཚེ༔ སྟོན་བཟའ་དགེ་ལྡན་མ་ཞེས་བྱ་བ༔ རྒན་མོ་དད་པ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ལ༔ གཡོག་མོ་མར་གོང་བཟའ་རིན་ཆེན་འཚོ་བྱ་བ་ལ༔ ནངས་ཀྱི་རིགས་ལ་ཞོ་ཞལ་བུ་རེ་ལ་རྒུན་འབྲུམ་གྱི་ཕྱེ་ཚུམ་རེ་བཏབ་ནས་འདྲེན་དུ་བཏང་བ་ལ༔ དེ་ནས་སློབ་དཔོན་བསམ་ཡས་མཆིམས་ཕུར་བཞུད་པའི་དུས་སུ༔ སྒོ་ནས་ཆས་པའི་ལམ་ཀར་ཕྱག་དང་བསྐོར་བ་བྱས་ནས་མདུན་ནས་ཐལ་མོ་སྦྱར་ནས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ སློབ་དཔོན་ནི་བཞུད་ཀ་མ༔ རྒན་མོ་ནི་འཆི་ཀ་མ༔ བདག་གཅིག་ཏུ་བུད་མེད་ཀྱི་བུར་སོང་བས་སྐྱེ་བ་དམན༔ བྱ་བས་གཡེང་ནས་ཆོས་མི་དྲན༔ གཉིས་སུ་བློ་དམན་ཤེས་རབ་ཆུང༔ གསུམ་དུ་ན་སོ་རྒས་པས་རྨོངས༔ རིག་པ་མི་གསལ༔ སློབ་དཔོན་ཆེན་པོ་ལགས༔ རྒན་མོ་ལ་ཚེགས་ཆུང་བ་གོ་སླ་བ༔ ཉམས་སུ་བླང་སླ་ལ་དོན་ཆེ་བ༔ རྒན་མོ་འཆི་ཀ་མའི་གདམས་ངག་ཞིག་ཞུ་འཚལ་ལོ༔ ཞེས་ཞུས་པས༔ སློབ་དཔོན་པདྨའི་ཞལ་ནས༔ རྒན་མོ་ཁྱོད་སུ་ཡིན་ཞེས་དྲིས་པས་རྒན་མོས་ཞུས་པ༔ ཁོལ་མོ་ངན་མ་ཞིག་ཞོ་ཞལ་བུ་རེ་འདྲེན་དུ་གཏོང་བ་དེ་ལགས་ཏེ་ཞེས་སྨྲས་པས༔ སློབ་དཔོན་དགྱེས་ཏེ༔ ཁྲི་སྲོང་ལྡེ་བཙན་བས་ཀྱང་དད་པ་ཆེ་བ་དེ་ཡིན་ཨང་གསུངས་ནས༔ རྒན་མོ་དཔོན་གཡོག་ལ་གདམས་པ་བཏབ་པ༔ རྒན་མོ་སྐྱིལ་ཀྲུང་འཆོས་ལ་ལུས་པོ་དྲང་པོར་སྲོངས་ཤིག༔ དལ་ཅིག་སེམས་ལྷོད་ཀྱིས་ཀློད་ལ་ཞོག་ཅིག་གསུངས༔ དེ་ནས་སློབ་དཔོན་གྱིས་རྒན་མོའི་སྙིང་གར་ཕྱག་གི་མཛུབ་མོ་བཙུགས་ནས་གདམས་པ་འདི་བཏབ་བོ༔ རྒན་མོ་ཉོན་མཛོད་ཅིག༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དང༔ ཁམས་གསུམ་གྱི་སེམས་ཅན་གྱི་སེམས་ལ་ཁྱད་ཅི་ཡོད་ན༔ སེམས་ཉིད་དོན་རྟོགས་མ་རྟོགས་གཉིས་ལས་མེད༔ སེམས་ཅན་གྱིས་དོན་མ་རྟོགས་པས༔ མ་རིག་པ་ལ་འཁྲུལ་པ་བྱུང་ནས་སྡུག་བསྔལ་སྣ་ཚོགས་ཤར་ཏེ་མར་འཁོར་བར་འཁྱམས་པ་ཡིན༔ སངས་རྒྱས་ཀྱི་རྒྱུ་དེ་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་ཡིན༔ དེ་ལ་སངས་རྒྱས་ཀྱི་རྒྱུ་དེ་སེམས་ཅན་ཐམས་ཅད་ལ་ཡོད༔ སྒོས་དལ་འབྱོར་ཐོབ་པའི་མི་ལ་ཡོད་དོ༔ དེ་ཡང་ཕོ་ལ་སངས་རྒྱས་ཀྱི་རྒྱུ་ཆེ་བ་མེད་ལ༔ མོ་ལ་སངས་རྒྱས་ཀྱི་རྒྱུ་དེ་ཆུང་བ་མེད་པས༔ སྐྱེ་བ་བུད་མེད་དུ་སྐྱེས་ཀྱང་སངས་རྒྱས་འགྲུབ་པ་ལ་འགལ་བ་མེད་གསུངས༔ སངས་རྒྱས་ཀྱི་ཡེ་ཤེས་དེ་ངོ་ཤེས་ཤིང་རྟོགས་པར་བྱེད་པ་ལ༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང༔ དེའི་དོན་ཤེས་པར་བྱེད་པ་ལ་བླ་མའི་གདམས་ངག་ཚིག་གསུམ་གསུངས་པ་ལ་འདུས་པས༔ བློ་དམན་ཤེས་རབ་ཆུང་ཡང་མི་ལྟོ་གསུངས༔ ད་ཆོས་ཀྱི་དོན་སངས་རྒྱས་ཀྱི་དགོངས་པ༔ བླ་མའི་གདམས་ངག་ཚིག་གསུམ་ལ༔ ཕྱི་གཟུང་བའི་ཡུལ་དག་པས་སྣང་བ་རང་སར་གྲོལ༔ ནང་འཛིན་པའི་སེམས་དག་པས་འཛིན་མེད་ཀྱི་རིག་པ་རང་སར་གྲོལ༔ བར་དུ་འོད་གསལ་ཉམས་དགའ་བས་རང་ངོ་རང་གིས་ཤེས་པའོ༔ ཕྱི་གཟུང་བའི་ཡུལ་ཇི་ལྟར་དག༔ རིག་པ་བྱང་ཆུབ་ཀྱི་སེམས་འདི་རྣམ་རྟོག་གིས་མ་བསླད་པ༔ རང་གསལ་དུ་སྣང་བ་འདི་ལ་བཞག་པས༔ ཡུལ་སྣང་ལ་འཛིན་པ་མ་ཞུགས་པས་སྣང་བ་གང་ལྟར་སྣང་ཡང་དོན་དུ་མི་བདེན་པ་ལ་དངོས་པོར་མི་འཛིན་ཏེ༔ སྣང་བ་གང་ཡིན་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ༔ ཁྱིམ་དང་མཁར༔ ནོར་དང་རྫས༔ དགྲ་དང་གཉེན༔ སྤུན་དང་གྲོགས༔ བུ་དང་ཆུང་མ༔ ཁྱོ་དང་བུ་མོ༔ དེ་དག་ལ་སོགས་པ་གང་ལ་ཡང་བདག་ཏུ་འཛིན་པའི་བློ་མ་ཞུགས་པས་སྣང་ཡང་དོན་དུ་མི་འཛིན༔ གང་ལ་ཡང་ཞེན་པ་མེད་པས་ཕྱི་གཟུང་བའི་ཡུལ་དག་པ་བྱ་བ་ཡིན༔ ཡུལ་དག་ཟེར་ནས་སྣང་བ་མེད་ནས་མི་འགྲོ༔ ཞེན་པ་དང་འཛིན་པ་མེད་པ་གསལ་ལ་སྟོང་པ༔ དཔེ་མེ་ལོང་གི་གཟུགས་བརྙན་དང་འདྲ་སྟེ་སྣང་ཡང་གཟུང་རྒྱུ་མེད་པར་སྟོང་པ་ལྟར༔ སྣང་བ་རང་ཤར་སྟོང་པ་ལ་བྱའོ༔ ནང་འཛིན་པའི་སེམས་དག་པས་འཛིན་མེད་ཀྱི་རིག་པ་རང་སར་གྲོལ་བའི་མན་ངག་ནི༔ སེམས་ལ་རྣམ་རྟོག་དང་འགྱུ་བྱེད་ཀྱི་དྲན་པ་དང་དུག་ལྔ་གང་སྐྱེས་ཀྱང༔ གང་དྲན་པ་དེ་ལ་བློ་མ་བཟུང་བས་འགྱུ་བ་རང་སངས་སུ་འགྲོ་སྟེ༔ འགྱུ་བྱེད་ཀྱི་སྐྱོན་གྱིས་མ་གོས་པའོ༔ ནང་འཛིན་པའི་དྲི་མེད་ཟེར་ནས་བེམ་པོ་ས་རྡོ་ལྟར་འགྲོ་བ་མ་ཡིན་ཏེ༔ རིག་པ་ལ་རྟོག་པའི་དྲི་མ་མི་འཇོག་པ་ལ་ཟེར་བ་ཡིན་ནོ༔ དཔེར་ན་རིན་ཆེན་གསེར་གླིང་དུ་ཕྱིན་པ་དང་འདྲ་སྟེ༔ རིན་པོ་ཆེ་གསེར་གླིང་ན་ས་རྡོའི་མིང་ཡང་མེད༔ དེ་བཞིན་དྲན་རིག་ཡེ་ཤེས་སུ་གྲོལ་ཙ་ན་རྣམ་རྟོག་གི་མིང་ཡང་མེད་དོ༔ བར་འོད་གསལ་ཉམས་དགའ་བས་རང་ངོ་རང་གིས་ཤེས་པའི་མན་ངག་ནི༔ ཉམས་སུ་བླང་བའི་དུས་སུ༔ རང་གིས་ཤེས་པ་རིག་པ་མེད་པ༔ ས་ལེ༔ སེང་ངེ༔ ཧྲིག་གེ་བ༔ ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་རྒྱུད་ལ་ཉམས་སུ་བླངས་པས༔ བདེ་བ་གསལ་བ་མི་རྟོག་པ་ཞེན་འཛིན་དང་བློ་ཡིས་མ་བསླད་པའི་ཉམས་ཤིག་འོང་བས༔ དེ་ཀ་སངས་རྒྱས་ཀྱི་དགོངས་པ་ཡིན་པས༔ རིག་པ་རང་ངོ་རང་གིས་ཤེས་པས༔ དཔེར་ན་རང་གི་མ་ཡིན་པ་ལ་མར་སྒོམ་མི་དགོས༔ མ་མིན་སྙམ་པའི་རྟོག་པ་གང་ཡང་མི་འཆར༔ དེ་བཞིན་དུ་རང་གི་རིག་པ་ཆོས་ཉིད་ཡིན་པར་ངོ་ཤེས་པའི་དུས་ན༔ འཁོར་བའི་ཆོས་ཐམས་ཅད་ཆོས་ཉིད་ཡིན་སྙམ་དུ་སྒོམ་མི་དགོས་ཏེ༔ མ་བསྒོམ་ཡང་ཆོས་ཉིད་ཀྱི་དོན་དང་མི་འབྲལ་ཏེ༔ མ་བསྒོམ་པའི་སྒོམ་པ་བྱ་བ་ཡིན་པས༔ ཆོས་ཐམས་ཅད་རང་བཞིན་མེད་པ་དེ་ཆོས་ཉིད་ཀྱི་མ༔ རང་བཞིན་མེད་པར་ཤེས་པ་ཆོས་ཉིད་ཀྱི་བུ༔ རིག་པ་ཆོས་ཀྱི་དབྱིངས་སུ་ངོ་ཤེས་པས་རང་ངོ་རང་གིས་ཤེས་པ་བྱ་བ་ཡིན་ནོ་གསུངས་སོ༔ དུས་དེ་ཙམ་ན་སྐྱེ་བ་ལ་མཐོ་དམན་མེད༔ བྱ་བ་ལ་ཆེ་ཆུང་མེད༔ བློ་ལ་རྣོ་བརྟུལ་མེད༔ ཤེས་རབ་ལ་ཆེ་ཆུང་མེད༔ ཐོས་པ་ལ་མང་ཉུང་མེད༔ ན་སོ་ལ་རྒན་གཞོན་མེད༔ ཤེས་པ་ལ་གསལ་མི་གསལ་མེད༔ ཚེགས་ཆུང་ལ་གོ་སླ༔ ཉམས་ལེན་བདེ་ལ་དོན་ཆེ༔ འཆི་བ་ལ་ཉམ་མི་ང༔ རྒན་མོ་ཉམས་སུ་ལོང་མཛོད༔ ཚེ་ལ་ལོང་མེད་བརྩོན་འགྲུས་སྐྱེད་མཛོད༔ བུ་ཁྱོའི་ཁོལ་མོ་གླ་མེད་ལག་སྟོང་མ་བྱེད་པར༔ བླ་མའི་གདམས་ངག་རྒྱགས་ཕྱེར་ཐོགས་མཛོད༔ ཚེ་འདིའི་བྱ་བའི་ལས་ལ་ཟིན་པ་མེད་པས་སྒོམ་སྒྲུབ་མཐའ་རུ་ཕྱུངས༔ རྒན་མོ་འཆི་ཁར་མི་འཚེར་བའི་སུན་མར་གདམས་པ་མཛོད་གསུངས་ནས༔ སློབ་དཔོན་གྱིས་རྒན་མོའི་སྙིང་གར་མཛུབ་མོ་བཙུགས་ནས་གདམས་པ་བཏབ་པས༔ མིང་ཡང་རྒན་མོ་མཛུབ་བཙུགས་ཀྱི་གདམས་པ་ཞེས་བྱའོ༔ རྒན་མོ་དཔོན་གཡོག་གྲོལ་ཏེ་གྲུབ་པ་ཐོབ་བོ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཕྱི་རབས་དོན་དུ་ཡོས་བུའི་ལོའི་དབྱར་ཟླ་འབྲིང་པོའི་ཚེས་བཅུ་བདུན་ལ་བསམ་ཡས་ལྷོ་ངོས་སུ་ཡི་གེ་རིས་སུ་བཏབ་པའོ༔ ཕྱི་རབས་དོན་དུ་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་སྤྲུལ་པ་ཞིག་དང་འཕྲད་པར་ཤོག༔ གང་ལ་གང་འོས་འགྲོ་ལ་གདམས་པ་མཛོད༔ འདི་ཡིས་ལས་ཅན་རང་རྒྱུད་གྲོལ་བར་ཤོག༔ རྒྱ༔ རྒྱ༔རྒྱ༔༔ ༔༔ ྈ ༄༅༔ ྈ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ སྐུ་མངལ་གྱིས་མ་གོས་ཏེ་པདྨ་ལས་རྫུས་སྐྱེས་སུ་འཁྲུངས་པ་དེ༔ བོད་ཀྱི་ལྷ་སྲས་བཙན་པོས་སྤྱན་དྲངས་ནས་བསམ་ཡས་ཀྱི་ས་གཞི་བཏུལ་བའི་དུས་སུ༔ མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་བཞུགས་པ་ལ༔ བུད་མེད་ཁྱད་པར་དུ་འཕགས་པ་མཁར་ཆེན་བཟའ་མཚོ་རྒྱལ་དང༔ ཤེལ་དཀར་བཟའ་རྡོ་རྗེ་འཚོ་དང༔ ཅོག་རོ་བཟའ་དཔལ་གྱི་མཆོད་གནས་དང༔ འབྲོ་བཟའ་མ་ཏིང་མ་དང༔ མར་གོང་བཟའ་རིན་ཆེན་ཚུལ་དང༔ མཆིམས་བཟའ་མ་ས་ལེ་འོད་དང༔ རུ་ཡང་བཟའ་མ་ཏི་དང༔ བུད་མེད་བདུན་གྱིས་གསེར་གྱི་མ་དྷལ་ཁྲུ་གང་པ་ཞིག་ལ་གཡུའི་མེ་ཏོག་རིན་ཆེན་སྣ་བདུན་གྱི་ཚུལ་དུ་བྱས༔ འབྲས་ཆང་དིང་བ་དང་ཞལ་ཟས་སྣ་ཚོགས་ལ་ཚོགས་འཁོར་མཛད་ནས༔ སློབ་དཔོན་ཆེན་པོ་ལགས༔ དྲི་མེད་ཀྱི་སྐུ༔ རྣམ་དག་གི་གསུང༔ སྤྲོས་བྲལ་གྱི་ཐུགས༔ གནང་བར་མཛོད་ཅེས་ཞུས་སོ༔ སློབ་དཔོན་པདྨ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ བདག་བུད་མེད་འདྲ་བ་ཤེས་རབ་ཆུང་ལ་བློ་བརྟུལ༔ གོ་བ་ཆུང་ལ་སེམས་རྒྱ་ཆུང་བས༔ ཤེས་སླ༔ གཟུང་སླ༔ གོ་སླ༔ རྟོགས་སླ་བ༔ བུད་མེད་ཀྱི་ལུས་འདི་ལ་བརྟེན་ནས་ཚེ་འདི་ལ་སངས་རྒྱ་བའི་གདམས་ངག་ཞིག་ཞུ་འཚལ་ལོ་ཞེས་ཞུས་པས༔ སློབ་དཔོན་གྱིས་གདམས་པ་བཏབ་པ༔ མཁར་ཆེན་བཟའ་ཉོན་ཅིག༔ ཆོས་ཉིད་ཡང་དག་པའི་དོན་དེ༔ བློའི་ཡུལ་དང་བྲལ༔ རྒྱ་ཆད་ཕྱོགས་ལྷུང་མེད༔ སྤྲོས་པའི་མཐའ་དང་བྲལ༔ དོན་ཅིའི་ངོ་བོར་ཡང་མ་གྲུབ་པ་ཞིག་ཡིན་པས༔ དེ་ནི་ཤེས་རབ་ཀྱིས་དཔྱད་མི་དགོས༔ རང་སེམས་ལ་ཡེ་ནས་གནས་པར་ཤེས་པས༔ ཤེས་རབ་མི་དགོས༔ ཤེས་རབ་གདངས་ལ་བཟེད་ལ་ཞོག་གསུངས༔ ཡང་དག་པའི་དོན་དེ་བློའི་སྤྱོད་ཡུལ་དང་བྲལ་བས་སྐྱེ་མེད་རྣམ་དག་རང་བྱུང་རང་གསལ་དུ་འདུག་ཀྱང༔ ཆེད་དུ་བསྒོམ་མི་དགོས་རང་གསལ་དུ་ཉམས་སུ་མྱོང་བས༔ བློ་ལ་གཟུང་མི་དགོས༔ བློ་རྣོ་བ་ལ་དགོས་པ་མེད༔ བློ་མལ་དུ་སྙོལ༔ མཉམ་ཉིད་ཀྱི་རིག་པ་ལ་ཆེ་ཆུང་མེད༔ སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་གཉིས༔ དང་པོ་རྒྱུ་བྱང་ཆུབ་སེམས་སུ་གཅིག༔ བར་དུ་རྟོགས་པས་སངས་རྒྱས༔ མ་རྟོགས་པས་འཁོར་བར་འཁྱམས༔ སེམས་ཉིད་ཀྱི་ངོ་བོ་སྤྲོས་པ་དང་བྲལ༔ དྭངས་སང་ངེ༔ ཅི་ཡང་མ་ཡིན་པར་སྟོང་སང་ངེ༔ གསལ་ལ་མ་འགགས་པར་བཀྲ་ས་ལེ་བ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པས༔ ལོགས་ནས་རྟོགས་རྒྱུ་མེད༔ རྟོགས་པས་གཏན་ལ་ཕེབས༔ ཆོས་ཉིད་ཀྱི་དོན་དེ་ལ་ཚིག་དང་ཡི་གེར་གཟུང་བ་མེད་པས་སྤྲོས་པའི་མཐའ་དང་བྲལ༔ གདམས་ངག་ལ་ཡི་གེ་རིས་དང་དཔེ་ཆ་མེད་པས༔ སྤྲོས་པ་གཅོད་རྒྱུ་མེད༔ དེ་ལྟར་རྟོགས་ན་ཤེས་རབ་ཆུང་ཡང་མི་ལྟོ༔ བློ་བརྟུལ་ཡང་མི་ལྟོ༔ གོ་བ་ཆུང་ཡང་མི་ལྟོ༔ སེམས་རྒྱས་དགོས་པ་མེད༔ རྟོགས་པ་གཏན་ལ་ཕེབས་པའང་དེ་ཡིན༔ ཚིག་བརྒྱུད་དོན་དང་ལྡན་པའང་དེ་ཡིན༔ ཐོས་བསམ་གྱི་སྤྲོས་པའི་མཐའ་དེས་ཆོད་པ་ཡིན༔ ཚེ་འདིར་ལུས་མ་བོར་བར་སངས་རྒྱས་པའང་དེ་ཡིན༔ དེ་ལྟར་ཉམས་སུ་ལོང་མཛོད༔ ལར་ཁྱེད་བུད་མེད་ཀྱི་བུ་ལ༔ བཤད་ན་མི་གོ༔ བསྟན་ན་མི་མཐོང༔ བསླབ་ན་མི་ཉན༔ གསང་མི་ཐུབ་ལ་ཆོས་ཞུ་བ་ལ་ནན་ཏན་ཆེ༔ ཆོས་སེམས་ལ་མེད་པར་ཡོད་རྫུའི་ཐོ་ཅོ་ཆེ༔ བུད་མེད་ཀྱི་ཆོས་འདི་དཀའ་བར་གདའ་བས༔ རང་གིས་རང་ལ་རྫུན་མ་བྱེད་པར་ཉམས་ལེན་བག་དྲག་ཏུ་མཛོད་ཅིག་གསུངས༔ ༔ཤེལ་དཀར་བཟའ་རྡོ་རྗེ་འཚོས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བདག་བུད་མེད་ཀྱི་བུ་འདྲ་བ་རྒྱུ་ངན་པས་རྩོལ་སྒྲུབ་མི་ནུས་པས་ཉལ་ནས་ཉམས་སུ་བླངས་པས་སངས་རྒྱ་བའི་གདམས་ངག་ཅིག་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱི་གདམས་པ་བཏབ་པ༔ ཉོན་ཅིག་ཤེལ་དཀར་བཟའ༔ ཆོས་ཉིད་ཀྱི་དོན་རང་སེམས་རང་ལ་གསལ་བར་ཡོད་པས་ཉལ་བས་ཆོག་སྟེ༔ ཆོས་ཉིད་ཡང་དག་པའི་དོན་དེ་གང་ཡིན་ན༔ རང་སེམས་གསལ་ལ་མ་འགགས་པར་རང་ཤར་བ་འདི་ཡིན༔ གཞན་བཙལ་དུ་མེད༔ མཉམ་ཉིད་ཀྱི་རིག་པ་རང་བྱུང་རྒྱུན་ཆད་མེད་པ་འདི་ངོ་ཤེས་པས་ཉལ་བས་ཆོག༔ སེམས་ཉིད་རིག་པའི་རྩལ་སྣ་ཚོགས་སུ་འཆར་བས༔ འགྱུ་བྱེད་ཀྱི་རྟོག་པ་གང་ཤར་ཡང༔ ཆོས་ཉིད་ཀྱི་དོན་རང་བྱུང་རང་ཞིར་སོང་བས་ཡེ་ཤེས་ལ་རྒྱུན་ཆད་མེད༔ རྟོགས་པའི་དོན་ལ་སྒོམ་ཞིང་སྒྲུབ་ཏུ་མེད་པས་ཉལ་བས་ཆོག་སྟེ༔ དེ་ལྟ་བུའི་ཆོས་ཉིད་དེ་ལ་བསྒོམ་རྒྱུ་དང་བསྒྲུབ་རྒྱུ་ཅི་ཡང་མེད༔ ཡེ་ནས་རང་ལ་རང་ཆས་སུ་ཡོད་པ་ཡིན་ནོ༔ བྱ་བྱེད་འབད་རྩོལ་ཐམས་ཅད་འདོད་པའི་ཐག་པས་འཆིང་བས་རྩོལ་སྒྲུབ་ཀྱིས་འབྲས་བུ་ལོགས་ནས་སྒྲུབ་ཏུ་མེད༔ རྟོགས་པ་ཆོས་ཉིད་ཀྱི་ངང་ལ་མཉམ་ཉིད་ཀྱི་རིག་པ་རྟེན་མེད་དུ་ཉོལ༔ དོན་དེ་ལྟར་རྟོགས་ནས་ཉལ་ནུས་ན་སངས་རྒྱས་ཀྱང་དེ་ཀ་ལ་ཟེར་བ་ཡིན༔ འཁོར་བར་སྐྱེ་དོགས་མེད་ཀྱི་གསུངས༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ་བཏང་ན་མི་འགྲོ༔ བཞག་ན་མི་སྡོད༔ མ་བཅོལ་བའི་བྱ་བ་མང་པོ་དྲན་རྒྱ་ཆེ༔ བཅོལ་བའི་ཆོས་སྐད་ཅིག་ཀྱང་མི་དྲན༔ སེམས་ཉིད་ཀྱི་དོན་ལ་བལྟར་བཅུག་ན་སྐད་ཅིག་ཀྱང་ལྟ་མི་ནུས་པར༔ བལྟས་པ་ལ་དགོས་པ་མེད་པའི་རང་རང་གི་བྱད་བལྟ་བ་ལ་རེམ༔ སྒོམ་སྒྲུབ་ལ་རྩལ་མི་ཐོན་པར༔ ལོང་གཏམ་གླང་རྒན་གྱི་ཁ་ཆུ་ལྟ་བུར་ཟིན་པ་མེད་པ་ཞིག་ལ་རྩལ་འདོན༔ ངས་བུད་མེད་ཀྱི་ཆོས་ལ་མཐར་ཕྱིན་པ་ཙམ་མ་མཐོང་ན༔ རེམ་ལ་ད་རུང་ཆོས་ལ་ནན་ཏན་སྐྱེད་ཅིག་གསུངས༔ ༔སློབ་དཔོན་ལ་ཅོག་རོ་བཟའ་དཔལ་གྱི་མཆོད་གནས་ཀྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས་བདག་བུད་མེད་ཀྱི་བུ་འདྲ་བ་དུག་ལྔ་ཤས་ཆེ་བས༔ དུག་ལྔ་སྤང་མི་དགོས་པར་སངས་རྒྱ་བའི་གདམས་ངག་ཅིག་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གདམས་པ་གནང་བ༔ ཉོན་ཅིག་ཅོག་རོ་བཟའ༔ ཉོན་མོངས་པ་དུག་ལྔ་པོ་འདི་ཡེ་ནས་རང་ལ་རང་ཆས་སུ་ཡོད་པ་ཡིན་པས་འདི་སྤངས་པས་མི་སྤོང༔ བསྒྱུར་པས་མི་འགྱུར༔ སྦྱངས་པས་མི་འབྱོངས་ཏེ༔ དུག་ལྔ་ཆོས་ཉིད་ཀྱི་རང་བཞིན་ཡིན་པས་དུག་ལྔ་གནས་སུ་དག་ནས་རང་སར་གྲོལ་དགོས་གསུངས༔ དེ་ཡང་ཞེ་སྡང་ངོ་བོ་སྟོང་པ་ཡིན་ཏེ༔ ཞེ་སྡང་དམྱལ་ལ་སྐྱེས་པའི་སྐད་ཅིག་མ་དེ་ལས༔ རྗེས་ལ་ཞེ་སྡང་སྐྱེ་བའི་གནས་མེད་དེ༔ འདི་ལས་སྐྱེས་པ་བྱ་བ་མེད༔ ཞེ་སྡང་སྐྱེ་བའི་ཡུལ་སྟོང་སྟེ༔ འདི་ལ་སྐྱེ་བྱ་བ་མེད༔ ཞེ་སྡང་རང་གི་ངོ་བོ་སྟོང་སྟེ༔ དབྱིབས་དང་ཁ་དོག་དང་བྲལ༔ དངོས་པོ་དང་རྫས་སུ་གྲུབ་པ་མེད་པས༔ ཞེ་སྡང་མ་སྤང་རང་སར་དག༔ ཞེ་སྡང་པས་གནོད་མ་བསྐྱལ༔ ཞེ་སྡང་མ་སྐྱེས་པས་ཕན་མ་བཏགས༔ ཞེ་སྡང་རང་སར་ཆོས་ཉིད་ཀློང་དུ་གྲོལ༔ དེ་བཞིན་དུ་འདོད་ཆགས་གཏི་མུག་ང་རྒྱལ་ཕྲག་དོག་ཀྱང༔ དང་པོ་གནས་སྟོང་སྟེ་བྱུང་ས་མེད༔ བར་དུ་ཡུལ་སྟོང་སྟེ་རྟེན་དང་དངོས་པོར་མ་གྲུབ༔ ཐ་མ་ངོ་བོས་སྟོང་སྟེ་ཁ་དོག་དང་དབྱིབས་སུ་མ་གྲུབ༔ ཉོན་མོངས་པ་དུག་ལྔ་ལ་རྗེས་མེད༔ དུག་ལྔ་རང་སར་དག༔ ཡེ་ཤེས་རྒྱུན་པར་འཆར༔ རྣམ་རྟོག་ཆོས་ཉིད་དུ་གྲོལ༔ གཟུང་འཛིན་གྱི་གདོས་ཐག་ཆོད༔ དེ་ལྟར་རྟོགས་ཤིང་ཉམས་སུ་བླངས་ན༔ དུག་ལྔ་ཅི་སྐྱེས་ཆོས་ཉིད་དུ་འཆར༔ དུག་ལྔ་སྤང་དུ་མེད༔ ཡེ་ཤེས་སྒྲུབ་ཏུ་མེད༔ དུག་ལྔ་རང་སར་གྲོལ་བའི་གདམས་ངག་ཡིན༔ དོན་དེ་ལྟར་ཉམས་སུ་བླངས་ན་སངས་རྒྱས་ལ་མི་འོང་བའི་འགྲོ་ས་མེད་ཀྱིས་གསུངས༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ༔ ཉོན་མོངས་པ་དུག་ལྔ་རང་གི་རྒྱུད་ལ་མེ་ལྟར་འབར༔ བག་ཆགས་ངན་པ་ཆུ་ལྟར་འབྲུབ་ནས་འདོད་པ་ལ་གཡེམ༔ གཟུང་འཛིན་གཉིས་ཀྱིས་ཁྱོའི་འདོད་པ་རླུང་ལྟར་འཚུབ༔ སྡིག་སྒྲིབ་གཉིས་པོ་ཟོལ་ཟོག་བྱས་ནས་ས་ལྟར་གསོག༔ ཆོས་ལ་མི་སེམས་བདག་འཛིན་སེམས་ཞིང་གཡེང་བས་ཁྱེར༔ དུག་ལྔ་རྨུ་རྒོད་དུ་འཆོར་ཉེན་ཡོད་པས་ཉམས་ལེན་རྒྱུད་ལ་ཁོལ་མཛོད་དང་གསུངས༔ ༔སློབ་དཔོན་པདྨ་ལ་འབྲོ་བཟའ་མ་ཏིང་མས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བུད་མེད་ཀྱི་བུ་འདྲ་བ༔ བྱ་བ་མང་ལ་གཡེང་བ་ཆེ་བས་བྱ་བ་མ་སྤང་པར་སངས་རྒྱ་བའི་གདམས་ངག་ཅིག་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གདམས་པ་བཏབ་པ༔ ཉོན་ཅིག་འབྲོ་བཟའ་ཏིང་པང་མ༔ ཆོས་ཉིད་ཅིར་ཡང་འཆར་བས་ཐམས་ཅད་སངས་རྒྱས་ཡིན་ཏེ༔ འདོད་པའི་ཡོན་ཏན་ལྔ་གང་ལ་ཡང་སྤྱོད་ལ་ཞེན་པ་མེད་པ་ཟས་ཀྱི་སྣོད་ལྟ་བུ་ཡིན་ཏེ༔ ཆགས་པ་མེད་པ་སངས་རྒྱས་མཛད་སྤྱོད་ཡིན༔ རང་བྱུང་ཡེ་ཤེས་རང་ལས་བྱུང་བས་ཅི་དྲན་ཡེ་ཤེས་ཡིན༔ སེམས་ལ་དྲན་པ་ཅི་བྱུང་ཡང༔ དེའི་ཕྱིར་མི་འབྲེང་བར་རང་བྱུང་རང་ཞི་ཆུའི་ཆུ་བུར་འདྲ༔ རང་སར་དག་པས་སངས་རྒྱས་དགོངས་པ་ཡིན༔ འཁོར་བ་མི་རྟག་པས་དངོས་པོ་ཅི་ཡང་མེད་དེ༔ སྐྱེ་རྒ་ན་འཆི་འབྱུང་འཇུག་རྒྱུན་མི་འཆད་པར་འཁོར་ཡང༔ དེ་རྣམས་རང་གི་སེམས་ལས་བྱུང་བས་དངོས་པོ་ཅི་ཡང་མེད་དེ་སྒྱུ་མའི་སྣང་བ་དང་འདྲ༔ སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་སྣང་བར་ཤེས་པར་གྱིས༔ བདག་འཛིན་འཁྲུལ་པ་ཡིན་པས་ང་བདག་དངོས་པོར་མི་འཛིན༔ ཡུལ་དང་ཁང་ཁྱིམ་བུ་ཁྱོ་དང་ནོར་རྫས་ཐམས་ཅད་རྨི་ལམ་གྱི་ཡུལ་དང་འདྲ་བར་མི་བདེན་རྫུན་པས་རྨི་ལམ་ལྟ་བུར་ཁྱེར༔ འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན༔ སྲིན་གྱི་ཁ་ཆུ་དང་འདྲ་བར་རང་ལས་བྱུང་ནས་རང་འཆིང༔ ཅི་བྱེད་ཐམས་ཅད་དམིགས་མེད་རྒྱ་ཡིས་ཐོབས་ལ་བྱེད་སྤྱོད་ཚོགས་སུ་སྔོས་གསུངས༔ དེ་ལྟར་བྱས་ན་བྱ་བ་ཅི་བྱས་ཀྱང་སངས་རྒྱས་འཐོབ་པའི་ཆོས་སུ་འགྲོ་སྟེ༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ༔ སྐྱེ་བ་དམན་པས་སྙིང་རྩལ་ཆུང༔ ལུས་ལ་དགྲ་ཡོད་པས་ཆོས་ལ་མི་འགྲོ་ཁྱིམ་ཐབ་བྱེད༔ ལས་ངན་པས་བྱ་བ་མང་བས་ཆོས་མི་དྲན༔ བུད་མེད་ལ་ཆོས་འོང་བ་ཉུང་བར་གདའ་བས་སྙིང་རུས་སྐྱེད་མཛོད་གསུངས༔ ༔སློབ་དཔོན་ལ་མར་གོང་བཟའ་རིན་ཆེན་ཚུལ་གྱིས་ཞུས་པ༔ བདག་བུད་མེད་ཀྱི་བུ་འདྲ་བ་ལས་ངན་པར་གདའ་བས་ཕྱི་མ་ལ་བུད་མེད་ཀྱི་ཚུལ་འདི་བླང་མི་དགོས་པ་ཞིག་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ མར་གོང་བཟའ་ཉོན་ཅིག༔ རང་རིག་པ་བྱང་ཆུབ་ཀྱི་སེམས་འདི་དུས་གསུམ་དུ་འདུས་མ་བྱས་ཡིན་པས༔ ཕོ་མོ་མ་ནིང་བཟང་ངན་མེད༔ རང་བྱུང་རང་གསལ་རང་ཤར་ཆོས་ཉིད་སྐྱེ་བ་མེད་པ་ལ་འཆི་འཕོ་འཇིགས་པ་དང་བྲལ༔ འཕོ་འགྱུར་ལ་ཉམ་མི་ང༔ རྣམ་རྟོག་ཡེ་ཤེས་ཡིན་པས་བསྒོམ་ཞིང་རྩོལ་བ་མེད༔ རང་བྱུང་རང་གྲོལ་ནམ་མཁའི་སྤྲིན་དང་འདྲ༔ ཆོས་སྐུ་རང་ལ་ཡོད་ཅིང་དེ་ལ་འདུས་མ་བྱས་པས་འཁོར་བ་ཀ་ནས་དག༔ ལུས་ལ་བླང་རྒྱུ་མི་གདའ་བ༔ ཆོས་ཉིད་ཀྱི་རོལ་པ་ཤེས་རབ་ཀྱི་རང་བཞིན་ཡིན་པས༔ དེ་ལྟར་ཤེས་ན་བུད་མེད་ཡིན་ཡང་ལུས་ངན་རྒྱུ་མེད༔ ཆོས་ཉིད་ཀྱི་དོན་ངོ་མ་ཤེས་ན་སྐྱེ་བ་མངའ་བདག་རྒྱལ་པོར་སྐྱེས་ཀྱང་འཁོར་བ་རྒྱུན་མི་ཆོད༔ དགོས་པ་མི་གདའ་གསུངས༔ ལར་ཆོས་ཉིད་སྐྱེ་མེད་མ་རྟོགས་ན་ཅིས་ཀྱང་མི་ཕན༔ མོ་གཤམ་ལ་བུ་མི་འོང་བ་དང་འདྲ་བར༔ སྐྱེ་མེད་རྟོགས་ཙམ་ན་ལུས་བླང་རྒྱུ་མི་གདའ་གསུངས༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ་ཤེས་རབ་ཀྱི་རྩལ་གྱིས་ཆོས་མི་འོང༔ བརྩོན་འགྲུས་ཀྱི་གོ་ཆ་མེད་པས་སྒྲུབ་མི་ནུས༔ བློ་ཆུང་བས་ཆོས་ཉིད་ཀྱི་དོན་བསྟན་དཀའ༔ སྙིང་སྟོབས་ཆུང་བས་སྒྲུབ་མི་ནུས༔ བུད་མེད་ཀྱིས་ཆོས་འབྱུང་བ་ཉུང་བར་འདུག་ན་བརྩོན་འགྲུས་སྐྱེད་ལ་ཉམས་ལེན་རྒྱུད་ལ་ཁོལ་མཛོད་གསུངས༔ ༔སློབ་དཔོན་པདྨ་ལ་མཆིམས་བཟའ་ས་ལེ་འོད་ཀྱིས་ཞུས་པ༔ བདག་བུད་མེད་ཀྱི་བུ་འདྲ་བ༔ བློ་བརྟུལ་བས་གདམས་པ་ཚིག་གཅིག་གིས་སངས་རྒྱ་བ་ཞིག་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ མཆིམས་བཟའ་མ་ཉོན་ཅིག༔ རང་སེམས་ཡེ་ནས་སྐྱེ་མེད་རང་བྱུང་རང་གསལ་བ་དེ༔ ཡེ་ནས་རང་གི་རྒྱུད་ལ་ཡོད་པས་ད་གཟོད་བཙལ་ཞིང་སྒྲུབ་ཏུ་མེད༔ སེམས་ཉིད་དངོས་པོ་མེད་པས་སྒོམ་པ་ཅི་ཡང་མི་བསྒོམ༔ བསྒོམ་བྱའི་ཡུལ་མེད༔ སྒོམ་པའི་མཁན་པོ་མེད༔ རྣམ་རྟོག་ཡེ་ཤེས་ཡིན་པས་བྱིང་རྒོད་ལ་སྐྱོན་དུ་མ་ལྟ༔ རྣམ་རྟོག་ལ་ངོ་བོ་མེད་པར་རང་གྲོལ་བས་ཆོས་ཉིད་རང་ཤར་དུ་བྱུང༔ བྱིང་བ་རང་བྱུང་རང་ཤར་གསལ༔ རྒོད་པ་རང་བྱུང་དབྱིངས་སུ་དག༔ འབྲས་བུ་སྒྲུབ་ཏུ་མེད་པས་རང་སེམས་རྟོགས་པས་ཆོག༔ རང་སེམས་འཕོ་འགྱུར་མེད་པས་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན༔ དགོངས་པ་གཅིག་ཆོད་ཀྱི་དོན་འདི་རྟོགས་ན་སངས་རྒྱས་ཞེས་དེ་ཀ་ལ་བྱའོ་གསུངས༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ་བློ་སྲབ་ལ་ཐེ་ཚོམ་ཟ༔ བླ་མའི་གདམས་པ་མི་ཐུབ༔ ཉོན་མོངས་པ་ཤས་ཆེ་བས་གདུལ་བ་དཀའ༔ ཆོས་མཐར་ཕྱིན་པ་ཉུང༔ ཆོས་བྱེད་ན་བླ་མའི་གདམས་ངག་གཙིགས་སུ་གྱིས་ལ་དཀའ་ཐུབ་བག་རེ་གྱིས་དང་གསུངས༔ ༔སློབ་དཔོན་པདྨ་ལ་རུ་ཡང་བཟའ་མ་ཏིས་ཞུས་པ༔ བདག་རྩོལ་བ་ཆུང་བས་བྱར་མེད་ཀྱི་ཆོས་ཤིག་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ རུ་ཡང་བཟའ་མ་ཏི་ང་ལ་ཉོན་ཅིག༔ ཆོས་ཉིད་ཀྱི་དོན་ལ་དངོས་པོ་མེད་པས་བསྒྲུབ་པ་བྱ་རྒྱུ་མེད༔ ཆོས་ཉིད་ཀྱི་དོན་དེ་ཡེ་ནས་ཡོད་པས་ཕྱིས་བཙལ་དུ་མེད༔ ཆོས་ཉིད་ཀྱི་དོན་དེ་རང་ལ་ཡོད་པས་གསལ་ལ་འགྲིབ་པ་མེད༔ རང་སེམས་ངོ་བོ་སྟོང་པར་རྟོགས་ན་སངས་རྒྱས་ཡིན་པས་བསྒྲུབ་རྒྱུ་ཅི་ཡང་མེད༔ རྩོལ་སྒྲུབ་ཐམས་ཅད་འདོད་པས་འཆིང་བས་མ་བཅོས་སྒོམ་མེད་ངང་ལ་ཞོག་གསུངས༔ ལར་བུད་མེད་ཀྱི་བུ་འདྲ་བ་འདི་གཏི་མུག་ཤས་ཆེ་བས་ཇི་སྐད་བསྟན་ཀྱང་གོ་བ་མེད༔ ཆོས་སྐུ་ངོས་འཛིན་བསྟན་ཀྱང་འཛིན་མི་ཤེས༔ སངས་རྒྱས་ངོ་སྤྲོད་བསྟན་ཀྱང་མཐོང་བ་མེད༔ བྱར་མེད་ཆིག་ཆོད་བསྟན་ཀྱང་རྟོགས་པ་དཀའ༔ བུད་མེད་ཀྱི་ཆོས་འདི་འཁྱོག་མང་བར་གདའ་ན༔ གོ་ཆ་ཆེར་མཛོད་ལ་ཁྱོ་གའི་བདུད་ཀྱིས་མ་ཁྱེར་བར་གྱིས༔ ལུས་ལ་བུ་མ་སྐྱེས་པར་ཉམས་ལེན་གཅིག་པུར་སྡོད་ལ་གྱིས་དང་སྟེ་དཀའ་བར་འདྲ་ན་གསུངས༔ ༔སློབ་དཔོན་པདྨས་བུད་མེད་རྣམས་ལ་གདམས་ངག་སྤྱིར་གདམས་པ༔ བུད་མེད་རྣམས་དཀར་པོའི་ཆོས་བྱེད་ན༔ བདག་འཛིན་བུད་མེད་ཆེ་བས་ཁྱོ་ལ་བདག་ཏུ་མ་འཛིན༔ ཉོན་མོངས་པ་བུད་མེད་ཆེ་བས་ཉོན་མོངས་པ་རང་དགར་མ་གཏང༔ སེར་སྣ་བུད་མེད་ཆེ་བས་སྦྱིན་པ་འབད་ལ་ཐོངས༔ བློ་སྣ་བུད་མེད་མང་བས་བློ་སྣ་ཆོས་ལ་གཞོལ༔ གཡེང་བ་བུད་མེད་ཆེ་བས་ཅི་བྱེད་ཆོས་དང་བསྟུན༔ བྱ་བ་བུད་མེད་ཆེ་བས་བྱེད་སྤྱོད་ཚོགས་སུ་སྔོས༔ ཆགས་ཞེན་བུད་མེད་ཆེ་བས་ཞེན་ཆགས་མདུད་པ་ཁྲོལ༔ དུག་ལྔ་བུད་མེད་ཆེ་བས་གཉེན་པོས་སླེབ་པར་གྱིས༔ ལེ་ལོ་བུད་མེད་ཆེ་བས་བརྩོན་འགྲུས་འབད་པ་སྐྱེད༔ གོ་བ་བུད་མེད་ཆུང་བས་སེམས་ལ་ལྟ་རྟོག་ཐོངས༔ དེ་ལྟར་བྱས་ན་བུད་མེད་ཀྱིས་ཆོས་ཀྱི་ལམ་རྙེད་ནས་འོང་སྟེ༔ ཆོས་བྱ་བསམ་མེད་པའི་རྨུ་རྒོད་མ་ཚོ་རང་དགར་ཤོར་ནས་འཆི་བའི་ནངས་པར་སྡུག་རབ་འོང་ཉེན་ཡོད་པས་བག་ཙམ་ཚོད་ཟུངས་མཛོད་དང་གསུངས༔ ༔ཡང་སློབ་དཔོན་པདྨས་བུད་མེད་རྣམས་ལ་གདམས་པ༔ ཟ་མ་བུད་མེད་རྣམས་ཆོས་བྱེད་པར་འདོད་ན༔ འཁོར་བའི་བཙོན་རར་སྡུག་བསྔལ་གྱི་རྩ་བ་དུག་ལྔ་ཡིན་པས་ཁྱིམ་ཐབ་སྤོངས༔ ཁྱིམ་བཟང་གི་ཁོལ་མོ༔ ཁྱོ་ལྟོགས་ན་ལས་ཀྱི་དགྲ་ཡིན་གྱིས་ཁྱོ་མ་འདོད༔ བུ་བྱམས་ན་བདུད་ཀྱི་སླུ་བྱེད་སྡང་ན་ལས་ཀྱི་ལན་ཆགས་སྙོག་པ་ཡིན་གྱིས་བུ་མ་འདོད༔ ནོར་བསགས་པ་སེར་སྣའི་རྒྱུ་ཡིན༔ ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད་ཅིང་ཞེན་ཆགས་སླར་ཆེ་བས༔ ཡོ་བྱད་ཡོད་ན་བླ་མ་དཀོན་མཆོག་མཆོད༔ ལུས་ལ་གསེར་གཡུ་ལ་སོགས་རྒྱན་གྱིས་བརྒྱན་ནས༔ རེ་འབྲིའུ་དར་ཟབ་ལ་སོགས་འཇམ་པོ་གོན་ཡང་ཕུང་པོ་གཡར་པོ་ཡིན་པས་ནམ་འབོར་ཆ་མེད༔ རྟག་ཏུ་ཚུལ་ཁྲིམས་ཀྱི་རྒྱན་ཐོགས༔ བཟོད་པའི་གོས་གོན༔ ཚེ་འདིའི་འབྲེལ་པ་བསྐྱངས་ཤིང་ཇེ་དཀའ་འགྲོ་བས༔ བྱ་བ་ཐོངས་ལ་བླ་མའི་གདམས་ངག་རྒྱགས་ཕྱེར་ཐོགས༔ སྨྲ་བའི་ཚིག་ལ་མཐར་ཐུག་མེད་པས་དུག་ལྔ་སྐྱེ་བའི་འཕོང་ར་སྤོངས་ལ་ནུས་ཐང་ཆོས་སྤྱོད་གྱིས༔ བཀལ་བའི་གོས་རྣམས་བྱས་ཤིང་ཡང་དགོས་པས་བལ་ཕྲུག་འཛིན་པ་ཐོངས་ལ་རང་སེམས་བྱ་ར་ཐོངས༔ བྱས་པའི་ལས་ལ་ཟིན་པ་མེད་པས་ལྷོད་ཀྱིས་གློད་ལ་ཆོས་ཉིད་མ་བཅོས་ངང་ལ་ཞོག༔ དེ་ལྟར་བྱས་ན་འདིར་བདེ་ཕྱི་མར་སྐྱིད༔ འཛངས་མ་ཚོས་མི་ཚེ་སྡུག་ལ་བསྐྱལ་ནས༔ ཚེ་ཕྱི་མ་ལ་དེ་བས་ཀྱང་སྡུག་པ་ཞིག་ངན་སོང་གནས་སུ་སྐྱེ་བ་དེ་ཆ་མེད་དམ་གསུངས༔ ༔སློབ་དཔོན་པདྨས་བུད་མེད་རྣམས་ལ་གདམས་པ༔ ལས་ངན་སྐྱེ་བ་དམན་པའི་བུད་མེད་རྣམས་ཉོན་དང༔ སྔ་རབས་ལས་ངན་བསགས་པས་ད་ལྟ་སྐྱེ་བ་དམན་པས༔ ད་རུང་ཚུལ་ཁྲིམས་བསྙེན་གནས་གཙང་མར་སྲུངས༔ ལུས་ལ་དགྲ་ཡོད་པས་བུ་ཆུང་བཙས་པའི་སྡུག་བསྔལ་དྲག་པོས་ཀྱང་མ་བྲེད་སྲན་མོ་ཆེ་ཚོ༔ འདོད་སྲེད་བློ་ཡིས་ཐོངས༔ བརྔོ་བཏགས་གཡོ་མངག་ལ་སོགས་ལྷག་པའི་ལས་ཀུན་འབབ་ཀྱང་མི་འཚེར་བའི་མེ་རྡུལ་ཅན་ཚོ༔ ཚེ་འདི་བས་ཕྱི་མ་རིང་བས་ཕྱི་མའི་དོན་དུ་ལྷ་ཆོས་རྒྱགས་ཕྱེ་ཐོགས༔ མ་ཕྱིད་མ་ལྡང་དོགས་པ་མཉམ་པོ་ལ་སེར་སྣ་འཇུར་གེགས་བྱེད་དགོས་པའི་ཞིབ་ཏིག་མཁན་ཚོ༔ བསགས་པ་ལུས་ནས་ངན་སོང་གསུམ་དུ་སྐྱེ་བ་མི་ཚོར་བའི་རྫི་བརྟུལ་མ་ཚོ༔ ཡོ་བྱད་ཡོད་མེད་ཕྱོགས་ནས་སྦྱིན་པ་ཅི་འགྲུབ་ཐོངས༔ གཞོན་པའི་ཚེ་ལ་ཆོས་མི་དྲན་པར་ཁྱིམ་ཐབ་ལ་འགྲོ་བའི་བསམ་པ་དེ་ལས་མེད་པའི་བསམ་བརླག་མ་ཚོ༔ ཁྱིམ་ཐབ་བྱས་པས་སྐྱིད་ཀྱང་སྐྱིད་ཡུན་མེད༔ སྡུག་ན་དམྱལ་བ་ཡིན་པས་དམ་པའི་ལྷ་ཆོས་དྲན་པར་གྱིས༔ ཆོས་ལ་གོ་བ་མེད་ཅིང་གཏི་མུག་གི་མུན་པར་ཚུད་པའི་ནག་ཡོར་མ་ཚོ༔ མི་ལུས་ཐོབ་པ་ཡིན་པས་ཆོས་དང་མ་ཤེས་ནའང༔ རང་འཆི་བར་ཡང་མ་ཤེས་སམ༔ ཤི་ནས་མི་ལུས་གཙང་མའི་གདེང་ནི་ཁྱོད་ལ་ཅང་ཡོད་དམ༔ སྐྱབས་འགྲོ་རེམ་ཞིང་བསྙེན་གནས་དུས་གསུམ་སྲུངས༔ བུ་ཁྱོ་མང་ཡང་འཆི་བའི་ནངས་པར་བུ་ཁྱོས་མི་སྟོངས་པར་གཅིག་པུར་འཆི་བས༔ འཆི་ཁར་མི་འཚེར་ཙམ་གྱི་ཆོས་སྤྱོད་གྱིས་གསུངས༔ ༔ཡང་སློབ་དཔོན་པདྨས་བུད་མེད་རྣམས་ལ་གདམས་པ༔ ཉོན་ཅིག་ཟ་མ་བུད་མེད་དད་པ་ཅན་ཀུན༔ སྐྱབས་གནས་དཀོན་མཆོག་གསུམ་བཟང་གིས་སྐྱབས་འགྲོའི་རིམ་པ་གྱིས༔ ཚེ་འདིར་བཀྲ་ཤིས་ཕྱི་མར་ངན་སོང་སྐྱོབ༔ བསྟེན་སར་བླ་མ་བཟང་གིས་མགོའི་ཐོད་བཞིན་ཁུར༔ ཚེ་འདིར་བྱིན་རླབས་འབྱུང་ཞིང་ཕྱི་མར་ལམ་སྣ་འདྲེན༔ མཆོད་སར་ཡི་དམ་བཟང་གིས་ཚོགས་དང་གཏོར་མ་ཐོངས༔ ཚེ་འདིར་བསམ་པ་འགྲུབ་ཕྱི་མར་འབྱོར་པ་ཐོབ༔ བཀུར་ས་ཕ་མ་བཟང་གིས་བཀུར་སྟི་རིམ་གྲོ་གྱིས༔ ཚེ་འདིར་མཐོང་ཆོས་འོང་ལ་ཕྱི་མར་ལན་ཆགས་ཁྱེར༔ སྟོངས་པར་ཁྱོ་བོ་བཟང་གིས་ཁྱོ་ལ་མིག་བཞིན་ཁུར༔ འདིར་བཙུན་ཕྱི་མར་སྐྱེ་སར་སྐྱེ༔ འཕྲལ་དབང་བུད་མེད་ཆེ་བས་ཟས་ལ་ཡངས་སུ་གྱིས༔ ཚེ་འདིར་འཁོར་འདུ་ཕྱི་མར་ཟས་ནོར་འདུ༔ སྔོན་གྱི་ལན་ཆགས་ཡིན་པས་བུ་ཚ་ཆོས་ལ་ཚུད༔ ཚེ་འདིར་རང་ལ་ཕན་ཞིང་ཕྱི་མར་བུ་ལ་ཕན་གསུངས༔ ༔སློབ་དཔོན་པདྨས་བུད་མེད་རྣམས་ལ་གསུང་པ༔ བློ་དམན་གོ་བ་མེད་པའི་མིག་སྒྲིན་མ་ཚོ་ཉོན་དང༔ ཚེ་འདི་ཡུད་ཙམ་ཡིན་གྱིས་འདིའི་སྡུག་བསྔལ་མ་ཆེ༔ འདི་བས་ཕྱི་མ་རིང་བས་གཡོ་འཁྲིག་སྡིག་མ་བྱེད༔ འདིར་ངན་ཕྱི་མར་སྐྱོ་བས་ཁྱོ་མིན་སྐྱེས་པ་སྤོངས༔ རྣམ་སྨིན་དྲན་པར་གྱིས་ལ་སྡིག་པའི་ལས་མ་བྱེད༔ ཡོ་བྱད་ཡོད་ན་བླ་མ་དཀོན་མཆོག་མཆོད༔ འདི་ཕྱི་གཉིས་ཀར་བྱིན་རླབས་འབྱུང་བར་ངེས༔ ཡོ་བྱད་མེད་ན་སླར་གྱིས་བསོད་ནམས་ཆེ་ཡིས་སྦྱིན་པ་ཐོངས༔ སྙིང་རྗེའི་གནས་ལ་ཟས་སྐོམ་ཅུང་ཟད་བྱིན་ཡང་བསོད་ནམས་དཔག་ཏུ་མེད༔ གྲུབ་ན་བླ་མ་གོང་མ་རྣམས་ལ་ཟས་ནོར་ཕུལ་བས་སྟོང་འགྱུར་འཕེལ༔ མ་གྲུབ་ཆོས་སྟོན་འགའ་ཡང་ཕྱི་མའི་རྒྱགས་ཕྱེར་འགྱུར༔ གྲུབ་ན་བཀའ་ལ་ཀློག་འདོན་བྱས་ན་ཡུན་གྱི་བྱང་ཆུབ་འཐོབ༔ མ་གྲུབ་མདོ་ཚར་འགས་ཀྱང་རང་གི་སྒྲིབ་པ་འབྱང༔ གྲུབ་ན་ཡི་དམ་བཟླས་པ་བྱས་ན་སྒྲིབ་བྱང་བར་ཆོད་སེལ༔ མ་གྲུབ་སྐྱབས་འགྲོ་བྱས་ན་འདི་ཕྱིའི་སྐྱབས་སུ་འགྱུར༔ གྲུབ་ན་ཚུལ་ཁྲིམས་གཙང་མ་བསྲུངས་ན་ཐར་པའི་ལམ་སྣ་ཟིན༔ མ་གྲུབ་བསྙེན་གནས་བསྲུངས་ཀྱང་ལྷ་མིའི་གོ་འཕང་འཐོབ༔ གྲུབ་ན་སེམས་ལ་བལྟས་ན་རྟོགས་པ་ནང་ནས་འཆར༔ མ་གྲུབ་བསམ་བློ་མ་མང་ཉོན་མོངས་རླུང་འཚུབ་ལྡང༔ གྲུབ་ན་ཁྱོ་ལ་བཀུར་བསྟི་བྱས་ན་རང་བཙུན་མིས་མི་འཕྱ༔ མ་གྲུབ་འཐབ་རྩོད་མ་མང་འདུས་པ་འབྲལ་བར་ངེས༔ གྲུབ་ན་བུ་ཚ་ལ་ཆོས་སློབས་འདི་ཕྱི་གཉིས་ཀར་ཕན༔ མ་གྲུབ་སྡིག་ལ་མ་འཛུད་འདིར་ངན་ཕྱི་མར་ལྕི༔ ལར་སྙིང་མེད་མ་འདི་ཚོ་འདི་ཕྱི་གཉིས་ཀར་སྡུག་པའི་སྤྱོད་པ་ཤ་སྟག་བྱེད་དེ༔ རང་ལ་རང་ཚས་འདི་ཀ་ཙམ་བྱས་ན་རུང་ངམ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཉོན་ཅིག་ཟ་མ་བུད་མེད་ཚོ༔ རིག་པ་བྱང་ཆུབ་སེམས་ལ་ཕོ་མོ་མེད༔ ཆོས་ཉིད་རང་བྱུང་ཡེ་ཤེས་ལ་བཟང་ངན་མེད༔ རང་བྱུང་ཆོས་སྐུ་ལ་མཐོ་དམན་མེད༔ ཐིག་ལེ་ཉག་གཅིག་གི་དོན་ལ་འཕེལ་འགྲིབ་མེད༔ སངས་རྒྱས་ཀྱི་དགོངས་པ་ལ་ཆེ་ཆུང་མེད༔ ཆོས་དང་ཆོས་ཉིད་ལ་གཉིས་སུ་མེད༔ རང་སེམས་སངས་རྒྱས་སུ་རྟོགས་ན་སངས་རྒྱས་གཞན་ནས་བཙལ་དུ་མེད༔ སེམས་ཉིད་ཀྱི་དོན་རྟོགས་པར་གྱིས་ལ་ཉམས་སུ་ལོང༔ བླ་མ་དཀོན་མཆོག་མཆོད་ཅིང་བཏུབ་ཚད་ཆོས་དང་བསྟུན༔ བུད་མེད་དུ་སྐྱེས་ཀྱང་འཛངས་གྲགས་ལྡན་པ་ཡིན་ནོ་གསུངས༔ ༔ཡང་གསུང་པ༔ བུད་མེད་ཀྱི་ལུས་ལ་ངན་རྒྱུ་མེད་ཀྱིས༔ མེ་ལོང་མ་བལྟ་སེམས་ཉིད་སྟོང་པ་མཐའ་བྲལ་གྱི་ལྟ་བ་ལ་ལྟོས༔ དུག་ལྔ་མ་སྒོམས་རང་བྱུང་ཡེ་ཤེས་འོད་གསལ་གཉིས་མེད་སྒོམས༔ བྱད་ཀྱི་དྲི་མ་མ་ཕྱིད་སྤྱོད་ལམ་རྒྱུན་དུ་སེམས་ཀྱི་དྲི་མ་ཕྱིས༔ ཁྱོའི་འདོད་པའི་འབྲས་བུ་མ་སྒྲུབས་ཆོས་སྐུ་རང་བྱུང་གི་འབྲས་བུ་སྒྲུབས༔ སེར་སྣ་འཇུར་གེགས་མ་ཆེ་སྦྱིན་པ་འབད་པས་ཐོངས༔ ཉོན་མོངས་འདོད་སེམས་མ་ཆེ་ལུས་ངག་ཡིད་གསུམ་ཚུལ་ཁྲིམས་སྲུངས༔ ཁོང་ཁྲོ་མ་ཆེ་བཟོད་པའི་གོ་ཆ་བག་དང་ལྡན་པར་གྱིས༔ ལེ་ལོ་མ་ཆེ་ཆོས་སྤྱོད་བརྩོན་འགྲུས་སྐྱེད༔ གཡེང་བའི་དབང་དུ་མ་གཏོང་བསམ་གཏན་ཏིང་འཛིན་སྒོམས༔ མ་རིག་དབང་དུ་མ་གཏོང་ཤེས་རབ་གསལ་བའི་མེ་ཆེན་སྦོར༔ དེ་ལྟར་ཤེས་ན་བུད་མེད་མ་ཡིན༔ བྱང་ཆུབ་སེམས་མ་ཡིན་གསུངས་སོ༔ དེ་ལྟར་མ་ཤེས་ན་བླ་མ་སྤྱི་བོར་སྒོམས༔ སྐྱབས་འགྲོ་དཀོན་མཆོག་ལ་གྱིས༔ སྙིང་པོ་བྱང་ཆུབ་སྒྲུབ་པ་ཟློས༔ སེམས་ཉོན་མོངས་པ་ལ་མ་སྐུར༔ རིག་པ་བཙན་ས་ཟུངས་ལ་ཆོས་ལ་འབད་རྩོལ་གྱིས༔ སྦྱིན་པ་ཆུང་ངུ་ནས་ཐོངས༔ སྡིག་པ་ཕྲ་མོ་ནས་འཛེམས༔ དགེ་བ་ཆུང་ངུ་ནས་སྤེལ༔ དེ་ལྟར་བྱས་ན་ཚེ་འདིར་ཇེ་བདེ་ཇེ་སྐྱིད༔ ཕྱི་མར་ངན་སོང་དུ་སོང་ན་ངས་ལན་གྱིས་གསུངས་སོ༔ གྲུབ་ཐོབ་ཀྱི་བུད་མེད་བདུན་གྱིས༔ སློབ་དཔོན་ལ་རྗེས་སུ་ཡི་རང་ནས་ཕྱག་དང་བསྐོར་བ་བྱས༔ ཚོགས་འཁོར་ཆེན་པོ་བྱས་སོ༔ ཇོ་མོ་མཁར་ཆེན་བཟས་ཕྱི་རབས་ཀྱི་དོན་ལ་དགོངས་ནས༔ མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་དུས་དེ་ཉིད་དུ་ཡི་གེར་བཏབ་བོ༔ རྒྱ་རྒྱ་རྒྱ༔༔ ༔༔ ྈ ༄༅༔ གནད་ཀྱི་གདམས་པ་ཉི་ཤུ་རྩ་གཅིག༔ ྈ ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ༔ རྒྱ་མཚོའི་གླིང་གི་པདྨ་ལས་སྐུ་སྤྲུལ་ཏེ་འཁྲུངས་པ༔ སྐུ་ལ་འདས་གྲོངས་མེད་པར་སྐྱེ་འཆི་རྒྱུན་བཅད་ནས་བཞུགས་པ༔ གསུང་ཐེག་པ་རིམ་པ་དགུ་ལ་སོགས་པ་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་སྟོན་པ༔ ཐུགས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས༔ ཆོས་ཐམས་ཅད་ཀྱི་གནད་ཐུགས་སུ་ཆུད་པ་དེ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ བདག་གིས་བཀའ་ཕྱི་ནང་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང༔ ཐེག་པ་མཐོ་དམན་ཐམས་ཅད་ཀྱི་གནད་མ་གོ་བས་གནད་ཀྱི་གདམས་པ་ཞིག་ཞུ་འཚལ་ཞེས༔ སློབ་དཔོན་ལ་ལུས་ངག་ཡིད་གསུམ་གྱིས་མཉེས་པར་བྱས་ཏེ༔ གསེར་གྱི་མ་དྷལ་ལ་གཡུའི་རིན་ཆེན་སྣ་བདུན་གྱི་ཚུལ་དུ་བཀོད་ནས་ཕུལ་ཏེ་ཞུས་པའོ༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྣང་སྲིད་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྣང་སྲིད་ཐམས་ཅད་ཀྱི་གནད་ནི་ནམ་མཁར་འདུས༔ འབྱུང་བ་བཞི་ནི་ཐམས་ཅད་འགྱུར་ཞིང་མི་རྟག་པའོ༔ དེ་ཡང་ནམ་མཁའི་རང་བཞིན་ནི་ཡེ་གདོད་མ་ནས་སྟོང་པ་མི་འགྱུར་བའོ༔ འབྱུང་བ་ས་ཆུ་མེ་རླུང་ནི་འགྱུར་བའི་ཆོས་ཉིད་ཡིན་ཏེ༔ བྱུང་ཡང་ནམ་མཁའི་ངང་ལས་བྱུང༔ གནས་ཀྱང་ནམ་མཁའི་ངང་ལ་གནས༔ ཐིམ་ཡང་དེའི་ངང་ལ་ཐིམ༔ ནམ་མཁའི་རང་བཞིན་དུས་གསུམ་དུ་འགྱུར་བ་མེད་པས༔ སྣང་སྲིད་ཐམས་ཅད་ནམ་མཁའི་ངང་དུ་འདུས་སོ༔ དཔེ་ནམ་མཁའ་ལ་དོན་ཆོས་ཉིད་ནམ་མཁའ་ལྟ་བུར་ཡེ་གདོད་མ་ནས་སྟོང་པ་ལ༔ རྟགས་སེམས་ཉིད་སྟོང་པ་ནམ་མཁའ་ལྟ་བུ་ལ༔ བག་ཆགས་དང་ཉོན་མོངས་པ་སྤྲིན་དང་ཁུ་རླངས་ལྟ་བུ་བྱུང་ཡང་སེམས་ཉིད་སྟོང་པ་ལས་བྱུང༔ གནས་ཀྱང་སེམས་ཉིད་སྟོང་པའི་ངང་ལ་གནས༔ ཐིམ་ཡང་སེམས་ཉིད་སྟོང་པའི་ངང་དུ་ཐིམ་པའོ༔ དེ་ལྟར་རྟོགས་པའི་དུས་ལས་དང་ཉོན་མོངས་པའི་བག་ཆགས་ཀྱི་སྐྱོན་གྱིས་མ་གོས་པ་ནི༔ སྣང་སྲིད་ཀྱི་ཆོས་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་གནད་ནི་ཆོས་ཉིད་བདེ་བ་ཆེན་པོར་འདུས༔ ཆོས་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ ཆོས་ཉིད་བདེ་བ་ཆེན་པོ་ཡེ་ནས་ལྷུན་གྱིས་གྲུབ་ཅིང་བྱ་བཙལ་མེད༔ མ་བཅོས་པའི་ངང༔ རང་བྱུང་རང་གསལ༔ སྤྲོས་པ་མེད་པའི་ངང་དུ་འདུས་སོ༔ ཐེག་པ་གཞན་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ནི༔ བྱུང་ཡང་ཆོས་ཉིད་བདེ་བ་ཆེན་པོའི་ངང་ལས་བྱུང༔ གནས་ཀྱང་ཆོས་ཉིད་བདེ་བ་ཆེན་པོའི་ངང་ལ་གནས༔ ཐིམ་ཡང་ཆོས་ཉིད་བདེ་བ་ཆེན་པོའི་ངང་དུ་ཐིམ༔ ཆོས་ཅན་གང་འགྱུར་ཡང༔ ཚིག་ཏུ་ཇི་སྐད་གསུངས་ཀྱང༔ མཁས་པས་ཇི་ལྟར་བསྟན་ཀྱང༔ ཆོས་ཉིད་བདེ་བ་ཆེན་པོའི་དོན་དེ་མི་འགྱུར་བས༔ ཆོས་ཐམས་ཅད་ཀྱི་གནད་ནི་ཆོས་ཉིད་བདེ་བ་ཆེན་པོ་མ་བཙལ་མཉམ་པར་བཞག་པ་ནི༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་གནད་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སེམས་ཅན་སྐྱེ་འགྲོ་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཅན་སྐྱེ་འགྲོ་ཐམས་ཅད་ཀྱི་གནད་ནི་བྱང་ཆུབ་སེམས་ལ་འདུས༔ གཟུགས་དང་ཤེས་པ་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ སེམས་ཅན་སྐྱེ་བ་རྣམ་བཞི་དང་པོ་བྱུང་ཡང་སེམས་མ་རྟོགས་པས་སེམས་ཅན་དུ་འཁོར་རོ༔ སེམས་སྐྱེ་བ་མེད་པ་གདོད་མ་ནས་དག་པ་རང་བྱུང་གི་རིག་པ་དེ༔ ངོ་ཤེས་ཙམ་ན་སངས་རྒྱས་རང་ལ་རྙེད་པ་ཡིན༔ སེམས་ཀྱི་མཚན་ཉིད་ནི་རྟོགས་པའི་དུས་ན༔ སེམས་མ་བཙལ་མཉམ་པར་བཞག་པའི་ངང་ལས་སངས་རྒྱས་སོ༔ བྱང་ཆུབ་སེམས་ཀྱི་ངོ་བོ་ནི་དུས་གསུམ་དུ་འགྱུར་བ་མེད་པས༔ སྐྱེ་འགྲོ་ཐམས་ཅད་སངས་རྒྱས་པའོ༔ བདེ་བར་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱིས་ཐམས་ཅད་ལ་ཁྱབ་པར་གནས་པས༔ བྱང་ཆུབ་ཀྱི་སེམས་རྟོགས་པ་གཅེས་སོ༔ དེ་རྟོགས་ན་སེམས་ཅན་སྐྱེ་འགྲོ་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡེ་ཤེས་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཡེ་ཤེས་ཐམས་ཅད་ཀྱི་གནད་རང་བྱུང་གི་ཡེ་ཤེས་ཡིན༔ ཡེ་ཤེས་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ རང་བྱུང་གི་ཡེ་ཤེས་ནི་གདོད་མ་ནས་རང་བྱུང་ཞིང༔ ཆོས་ཉིད་ཀྱི་དོན་རང་གསལ་རིས་མེད་དུ་གནས་པའོ༔ རང་བྱུང་གི་ཡེ་ཤེས་ནི་དེས་མི་མཁྱེན་པ་མེད་པ་དང༔ མ་གཟིགས་པ་མེད་པ་དང༔ དེས་མ་རྟོགས་པ་མེད་པས༔ རང་བྱུང་གི་ཡེ་ཤེས་དེ་གསལ་ལ་ངོ་བོ་བརྟག་ཏུ་མེད་པའི་ཕྱིར༔ ཆོས་དང་ཡེ་ཤེས་ཐམས་ཅད་ཀྱི་རྩ་བ་ཡིན༔ གནས་པ་ཡང་དེ་ཡིན་པས་ཡེ་ཤེས་ཐམས་ཅད་དེའི་ངང་དུ་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཏིང་ངེ་འཛིན་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཏིང་ངེ་འཛིན་ཐམས་ཅད་ཀྱི་གནད་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཡིན༔ ཏིང་ངེ་འཛིན་གཞན་ཐམས་ཅད་ནི་འགྱུར་ཞིང་མི་རྟག་པའོ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཆོས་ཉིད་དོན་གྱི་ངོ་བོ་དེ་མ་ནོར་བ༔ ཡེ་ཇི་བཞིན་པའི་དོན་དེ་མ་བཅོས་པ༔ དོན་གྱི་ངོ་བོ་དེ་ཉིད་ཐོག་ཏུ་ཕེབས་པ་དེ་ཁོ་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་པ་ཉིད་ཀྱི་ངང་དུ་ཏིང་ངེ་འཛིན་ཐམས་ཅད་མ་འདུས་པ་མེད་དེ་དེའི་ངང་ལ་འདུས་པས༔ ཇི་ལྟར་ཆོས་ཀྱི་རྣམ་གྲངས་བསམ་ལས་འདས་ཀྱང༔ སྟོང་པ་ཡེ་ཇི་བཞིན་པ་བཙལ་དུ་མེད་པའི་ངང་དུ་སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་མ་འདུས་པ་མེད་པའི་ཕྱིར་རོ༔ ཏིང་ངེ་འཛིན་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གནས་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གནས་ཐམས་ཅད་ཀྱི་གནད་ནི་འགྱུར་མེད་ཆོས་ཀྱི་དབྱིངས་ཡིན༔ གནས་གཞན་ཐམས་ཅད་ནི་མི་རྟག་པའོ༔ སེམས་ཅན་ཆོས་ཉིད་མི་འགྱུར་བའི་དོན་མ་རྟོགས་པ་རྣམས་ནི་གནས་དང༔ དུས་དང༔ ཆོས་དང༔ རྐྱེན་དང༔ ལས་དང༔ རྟོག་པར་འགྱུར་ཏེ༔ ཆོས་ཉིད་དེ་ནི་རྐྱེན་དང་གཉེན་པོ་གང་གིས་ཀྱང་མི་འགྱུར་ཏེ༔ སངས་རྒྱས་ཀྱི་ཞིང་ཁམས་ཀྱི་གནས་བཟང་བ་དང༔ སེམས་ཅན་འཁོར་བའི་གནས་ངན་པ་ལྟ་བུ་མ་ཡིན་ཏེ༔ བཟང་ངན་གྱི་རྟོག་པ་གང་ཡང་མ་དམིགས་པས༔ མ་བཅོས་མ་བཙལ་བར་བཞག་པས་མི་འགྱུར་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ཞེས་བྱའོ༔ དེའི་དོན་རྟོགས་ན་གནས་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལམ་གྱི་གནད་ཐམས་ཅད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ལམ་ཐམས་ཅད་ཀྱི་གནད་ནི་བགྲོད་དུ་མེད་པའི་ལམ་དུ་འདུས་པ་ཡིན༔ ལམ་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ བྱང་ཆུབ་ཀྱི་སེམས་ཀྱི་ལམ་ལ་བགྲོད་དུ་མེད་དེ༔ བྱང་ཆུབ་སེམས་ཀྱི་ངོ་བོ་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པའི་དབྱིངས༔ གསལ་བའི་ཡེ་ཤེས་གཉིས་སུ་མེད་པའི་དོན་ལ་འཇུག་པའི་དོན་རྟོགས་པའི་དུས་ན༔ ལམ་ཞེས་བྱ་བར་འགྲོ་ས་དང་བགྲོད་དུ་མེད་པའོ༔ དེ་ལྟར་འགྲོ་འོང་མེད་པའི་དོན་རྟོགས་པའི་དུས་ན༔ ཐེག་པ་ས་ལམ་ཞེས་བྱ་བའི་ཆོས་ཉིད་དངོས་པོའི་གཞི་མེད་དེ༔ བྱས་པ་མེད་པས་རྡོ་རྗེ་ལྟ་བུ་འཇིག་པ་མེད་པའི་སངས་རྒྱས་ཞེས་བྱ་བ༔ དེ་ལྟ་བུའི་དོན་རྟོགས་ན་ལམ་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྐུ་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐུ་ཐམས་ཅད་ཀྱི་གནད་ནི་ཆོས་ཀྱི་སྐུ་འགྱུར་བ་མེད་པ་ལ་འདུས་པ་ཡིན༔ སྐུ་གཞན་ཐམས་ཅད་ནི་འགྱུར་ཞིང་མི་རྟག་པའོ༔ ཆོས་ཀྱི་སྐུ་ལ་དངོས་པོ་དང་མཚན་མའི་སྐྱོན་གྱིས་མ་གོས༔ སྣང་བ་མེད་པའི་སྐུ་ལ་རྐྱེན་གང་གིས་ཀྱང་འཇིག་པ་མེད་པས་འགྱུར་བ་མེད་པ༔ ལོངས་སྐུ་དང་སྤྲུལ་སྐུ་ལ་སོགས་པ་བློས་བརྟགས་ཀྱི་སྐུ་ཐམས་ཅད་འགྱུར་བ་དང་བཅས་པའོ༔ སྐུ་ཞེས་བྱ་བ་ནི་མི་འགྱུར་བའི་ཕྱིར་ན་སྐུ་ཞེས་བྱའོ༔ རྐྱེན་གང་གིས་ཀྱང་མི་འཇིག་པའི་ཕྱིར་ན་སྐུ་ཞེས་བྱའོ༔ དེའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན༔ སྐུ་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསུང་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གསུང་ཐམས་ཅད་ཀྱི་གནད་ནི་རང་བཞིན་དངོས་མེད་ཀྱི་གསུང་ལ་འདུས་པ་ཡིན༔ གསུང་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ སེམས་ཅན་ཐམས་ཅད་ཀྱི་སྐད་ལ་སྒྲ་རུ་གྲགས་པ་ལ་ནི་འགག་པ་ཡོད་དོ༔ ཆོས་ཉིད་རང་བཞིན་མེད་པའི་དོན་རྟོགས་པའི་དུས་ན༔ སེམས་ཅན་ཐམས་ཅད་ཀྱི་སྐད་ཐམས་ཅད་རང་བཞིན་མེད་པར་རྟོགས་པས༔ སྒྲ་གྲགས་སྟོང་ངོ་བོ་ཉིད་ཀྱིས་སྟོང་སྟེ༔ སྟོང་པའི་ངང་ལས་མ་འགགས་པར་བྱུང༔ རང་བྱུང་གི་དོན་ལ་རང་བཞིན་མེད་པའོ༔ དེའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན་གསུང་ཐམས་ཅད་གནད་དུ་ཆུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཐུགས་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཐུགས་ཐམས་ཅད་ཀྱི་གནད་ནི་མཉམ་ཉིད་འཁྲུལ་པ་མེད་པ་ལ་འདུས་ཏེ༔ ཐུགས་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ སངས་རྒྱས་ཀྱི་ཐུགས་དེ་མ་ནོར་མ་བཅོས་མཐའ་བྲལ་མཉམ་པ་ཉིད་འཁྲུལ་པའི་སྐྱོན་ལས་སངས༔ རིག་པའི་ཡེ་ཤེས་རྒྱས་པ་ཞིག་ཡིན༔ སེམས་ཀྱིས་སེམས་ལ་རྟོག་པ་ཐུན་མོང་གི་ཐེག་པ་ཀུན་རྫོབ་སྒྱུ་མའི་ཆོས་རྣམས་ལ་སྤྱོད་པ་རྣམས་ནི་འཁྲུལ་པའོ༔ བྱང་ཆུབ་ཀྱི་སེམས་མ་ནོར་མ་བཅོས་པ་བྱ་རྩོལ་གྱི་མཐའ་དང་བྲལ་བ་དེ་ལ་སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་འདུས་པས༔ དེའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན་ཐུགས་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དམ་ཚིག་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དམ་ཚིག་ཐམས་ཅད་ཀྱི་གནད་ནི་ཡེ་ནས་བསྲུང་དུ་མེད་པས་ཕྱལ་པའི་ངང་ལ་འདུས༔ དམ་ཚིག་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ བྱང་ཆུབ་སེམས་ལ་སྐྱོན་དང་སྒྲིབ་པ་མེད་པས་དག་ཅིང་གསལ་ཏེ༔ ཡོན་ཏན་དང་ཡོན་ཏན་གྱི་བླང་དོར་མེད་པས༔ བྱང་ཆུབ་ཀྱི་སེམས་ལ་བསྲུང་བྱ་དང་སྲུང་བྱེད་དུ་མ་གྲུབ་པའོ༔ དེ་ལྟ་བུའི་དོན་ལས་གཡོ་བ་མེད་པས༔ རྟོགས་པའི་དོན་ལས་མི་འདའ་བ་དེ་ནི་དམ་ཚིག་བསྲུང་མེད་ཕྱལ་བའི་ངང་ཞེས་བྱའོ༔ ཐུན་མོང་གི་དམ་ཚིག་ལ་ས་མ་ཡ་གྲངས་མེད་པ་ནི་འགལ་བ་དང་བཅས་པས་བསྲུང་བ་ཉིད་ཀྱིས་དམ་དུ་བཅིངས་པའོ༔ དེའི་དོན་རྟོགས་ཤིང་ཁོང་དུ་ཚུད་པ་ན་དམ་ཚིག་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡོན་ཏན་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཡོན་ཏན་ཐམས་ཅད་ཀྱི་གནད་ཀུན་ལ་སྙོམས་པ་ཡིན༔ ཡོན་ཏན་གཞན་ཐམས་ཅད་འགྱུར་ཞིང་མི་རྟག་པའོ༔ བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི༔ ཆོས་ཐམས་ཅད་ཀྱི་ཡོན་ཏན་སེམས་ལས་བྱུང༔ སེམས་ཉིད་ལས་སུ་རུང་བར་གྱུར་ཙམ་ན་ཇི་ཙམ་འདོད་པ་ལ་དབང་ཡོད་དེ༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་དགོས་འདོད་རང་ལས་འབྱུང་བའོ༔ དེ་ལྟ་མ་ཡིན་ན་ལོག་པའི་རིག་བྱེད་ཀྱི་ཡོན་ཏན་ཕྲ་མོ་ནི༔ ཀུན་ལ་སྙོམས་པ་མ་ཡིན༔ དོན་ཕུན་སུམ་ཚོགས་པར་མི་འགྱུར་རོ༔ སེམས་ཉིད་ལས་སུ་རུང་ནས་བརྟན་པ་ཐོབ་པ་ནི༔ སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཀུན་ལ་སྙོམས་པ་འབྱུང་བའོ༔ དེའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན་ཡོན་ཏན་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཕྲིན་ལས་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཕྲིན་ལས་ཐམས་ཅད་ཀྱི་གནད་ནི་མ་བཙལ་ལྷུན་གྱིས་གྲུབ་པ་ལ་འདུས༔ ཕྲིན་ལས་གཞན་ཐམས་ཅད་འགྱུར་ཞིང་མི་རྟག་པའོ༔ རང་རིག་པའི་སེམས་འདི་ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ་པ་ཡིན༔ ད་གཟོད་འབད་རྩོལ་བྱས་ནས་ཕྲིན་ལས་ཀྱི་དོན་ལ་བྱ་རྒྱུ་མེད་པས་ཡེ་ནས་བྱས་ཟིན་པའོ༔ རྒྱུ་འབྲས་ཀྱི་ཆོས་ལ་ལོངས་སྤྱོད་པ་རྣམས་ནི༔ འབད་རྩོལ་གྱི་འབྲས་བུ་སངས་རྒྱས་འཐོབ་པར་འདོད་པའོ༔ འདིར་ཕྲིན་ལས༔ མ་བཙལ་བཞག་པས་ལས་རྣམས་ཟིན༔ བཙལ་བ་མེད་པས་ཆོས་སྐུ་འགྲུབ༔ ཅེས་གསུངས་པས༔ དེའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན་ཕྲིན་ལས་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསང་སྔགས་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གསང་སྔགས་ཐམས་ཅད་ཀྱི་གནད་ནི་གསང་སྔགས་དོན་གྱི་སྙིང་པོ་ལ་འདུས༔ སྔགས་གཞན་འགྱུར་ཞིང་མི་རྟག་པའོ༔ གསང་སྔགས་ཀྱི་སྙིང་པོ་ནི་རིག་པ་ཡིན་ཏེ༔ རིག་པ་སྟོང་པའི་དོན་དེ་ཀུན་ལ་གནས་ཀྱང་ཀུན་གྱིས་རྟོགས་པར་དཀའ་བས་གསང༔ སྙིང་པོའི་དོན་ལ་ངོ་བོ་བརྗོད་དུ་མེད་དེ་ཡེ་ནས་མ་བཅོས་པས་གསང༔ དོན་གྱི་མན་ངག་བསྟན་པའི་སྙིང་པོ་འདི་ནི་སངས་རྒྱས་འགྲུབ་པའི་རྒྱུར་འགྱུར་བས་གསང་སྔགས་དོན་གྱི་སྙིང་པོ་འོ༔ འབད་རྩོལ་གྱིས་ལྷ་བསྒོམས་ཞིང་སྔགས་བཟླས་པས་སངས་རྒྱས་འགྲུབ་ཏུ་རེ་བ་ནི༔ སངས་རྒྱས་འདོད་པས་འཆིང་བའོ༔ དེ་ལྟ་བུའི་དོན་དེ་རྟོགས་པར་རྩོལ་སྒྲུབ་འདོད་ནས་བསྒྲུབས་པས་སངས་རྒྱས་མ་གྲུབ་སྟེ་སྒྲུབ་པ་ཉིད་ཀྱིས་འཆིང་བའོ༔ དེས་ན་རང་ལ་ལྷུན་གྲུབ་ཏུ་ཤེས་ན་སངས་རྒྱས་བསྒྲུབ་ཏུ་མེད་དོ༔ དེ་ལྟ་བུའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན་སྒྲུབ་པ་ཐམས་ཅད་གནད་དུ་ཆུད་ཅེས་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྨོན་ལམ་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྨོན་ལམ་ཐམས་ཅད་ཀྱི་གནད་རེ་འདོད་མེད་པ་ལ་འདུས་ཏེ༔ སྨོན་ལམ་གཞན་ནི་འགྱུར་ཞིང་མི་རྟག་པའོ༔ དེ་ཡང་གྲུབ་མཐའ་ཐུན་མོང་གི་ཐེག་པར་གནས་ཤིང་སྤྱོད་པ་ནི་རེ་དོགས་གཉིས་སུ་ལྟའོ༔ གསང་སྔགས་རྡོ་རྗེ་ཐེག་པའི་སྨོན་ལམ་ནི༔ རེ་དོགས་གཉིས་མེད་དཔེར་ན་བྱ་ལམ་འདྲ༔ ལམ་ལྔ་བགྲོད་མེད་མཐར་ཕྱིན་ལམ་ལ་ཞུགས༔ སྨོན་ལམ་མེད་པར་སངས་རྒྱས་ལམ་དུ་ཕྱིན༔ ཅེས་པས༔ བྱང་ཆུབ་ཀྱི་སེམས་ཀྱི་དོན་མ་ནོར་བ་ཆོས་ཀྱི་དབྱིངས་རང་བཞིན་ལྷུན་གྱིས་གྲུབ་པ་དེ་ངོ་ཤེས་ཙམ་ན་སངས་རྒྱས་ཐོབ་ཏུ་རེ་བ་དང༔ འཁོར་བར་ལྷུང་གིས་དོགས་པ་མེད་པས༔ སྨོན་ལམ་ཡེ་དག་ལས་ཡེ་བགྲོད་དུ་མེད་པ་ཡིན་ནོ༔ དེ་ལྟར་རྟོགས་ཤིང་ཁོང་དུ་ཆུད་ན་སྨོན་ལམ་ཐམས་ཅད་གནད་དུ་ཆུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྒོམ་པ་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྒོམ་པ་ཐམས་ཅད་ནི་མ་བཅོས་སྒོམ་མེད་ཀྱི་ངང་ལ་འདུས་ཏེ༔ སྒོམ་གཞན་ཐམས་ཅད་ནི་འགྱུར་ཞིང་མི་རྟག་པའོ༔ མི་སྒོམ་ངང་ལ་བསམ་མེད་སྒོམས༔ སྒོམ་བྱེད་མ་བཅོས་ངང་ལ་གནས༔ བསྒོམ་པར་བྱ་བའི་རྒྱུ་མཚན་མེད༔ སྒོམ་པར་བྱེད་པའི་མཁན་པོ་མེད༔ གང་ཡང་མེད་པར་རྟོགས་པ་སྒོམ་པའི་གནད་ཡིན་ནོ༔ ཐེག་པ་ཐུན་མོང་བ་རྩོལ་བས་སྒོམ་པ་ནི༔ རྩོལ་སྒྲུབ་ཀྱི་དམིགས་པས་བཅིངས་པས་གྲོལ་བར་མ་བཤད་དོ༔ དེས་སྒོམ་མེད་རང་གསལ་དུ་ཁོང་དུ་ཆུད་ན་སྒོམ་པ་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྤྱོད་པ་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྤྱོད་པ་ཐམས་ཅད་ཀྱི་གནད་ནི་སྤྱད་དུ་མེད་པ་ཡིན༔ སྤྱོད་པ་གཞན་ཐམས་ཅད་འགྱུར་ཞིང་མི་རྟག་པ་ཡིན༔ སྤྱོད་པ་མ་བཙལ་བཞག་པས་ལས་རྣམས་ཟིན༔ ཡིད་དང་བག་ཆགས་རྗེས་སུ་ཞུགས་པ་ནི༔ སེམས་ཅན་ཐུན་མོང་གི་ཐེག་པ་རྒྱུ་འབྲས་ཀྱི་ཆོས་ལ་སྤྱོད་པའོ༔ འོ་ན་གང་ཡིན་ན༔ རེ་དོགས་གཉིས་སུ་མེད་པའི་སྤྱོད་པ་ཆོས་ཐམས་ཅད་ཇི་ལྟར་སྤྱོད་ཀྱང༔ མ་བཙལ་མཉམ་པར་བཞག་པས་རྩོལ་ཞེན་གྱི་འདོད་པ་དང་བྲལ་བས༔ ཇི་ལྟར་སྣང་ཞིང་དྲན་པ་ཐམས་ཅད་རྩོལ་མེད་མཉམ་པ་ཉིད་ཀྱི་ཆོས་ཉིད་ལ་བཞག་པ་ནི༔ སངས་རྒྱས་རྣམས་ཀྱི་སྤྱོད་པ་ཡིན་ནོ༔ དེ་ལྟར་རྟོགས་ཤིང་ཁོང་དུ་ཆུད་པས་སྤྱོད་པ་ཐམས་ཅད་གནད་དུ་ཚུད་པ་ཞེས་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འབྲས་བུ་ཐམས་ཅད་ཀྱི་གནད་གར་འདུས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འབྲས་བུ་ཐམས་ཅད་ཀྱི་གནད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འདུས༔ འབྲས་བུ་གཞན་ཐམས་ཅད་ནི་འགྱུར་ཞིང་མི་རྟག་པའོ༔ ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྟག་ཆད་ཀྱི་མུ་མཐའ་ལས་གྲོལ་ཏེ༔ དངོས་པོ་ཐམས་ཅད་ཀྱི་ཡུལ་ལས་འདས་པས་མི་འགྱུར་ཞིང་སྐྱེ་འགག་མེད༔ ཡངས་དོག་མེད་པས༔ ཡོངས་སུ་རྣམ་དག་ཆོས་སྐུ་ཉིད༔ རང་སྣང་དབྱེར་མེད་ངོ་བོ་ཉིད༔ རིག་པ་ཆོས་ཉིད་ངང་དུ་ཞི༔ ཐོབ་པ་མེད་པ་འབྲས་བུའི་མཆོག༔ རང་ལས་བྱུང་ཞིང་རང་ལས་འཐོབ༔ ཅེས་སོ༔ དེ་ལྟར་མ་ཡིན་པར་འབྲས་བུ་སངས་རྒྱས་ལོགས་ནས་གྲུབ་པར་འདོད་པ་ནི༔ ཐེག་པ་ཐུན་མོང་བ་སྟེ་གྲོལ་བར་མ་བཤད་དོ༔ དེ་ལྟ་བུའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན་འབྲས་བུ་ཐམས་ཅད་གནད་དུ་ཆུད་པ་ཞེས་བྱའོ་གསུངས༔ སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ༔ གནད་ཀྱི་གདམས་པ་ཉི་ཤུ་རྩ་གཅིག་འདི༔ མཚོ་རྒྱལ་བདག་གིས་ཕྱི་རབས་དོན་དུ་སྦས༔ ལས་ཅན་སྐལ་ལྡན་གཅིག་དང་འཕྲད་པའི་ཚེ༔ མང་དུ་སྤེལ་ན་དངོས་གྲུབ་ཉམས་པར་འགྱུར༔ གཏེར་གྱི་རང་བཞིན་གསང་ལ་རིམ་གྱིས་སྤྱོད༔ གནད་ཀྱི་གདམས་པ་ཉི་ཤུ་རྩ་གཅིག་རྫོགས་སྷོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ ཀཾ ྈ ན་མོ་གུ་རུ༔ སྒོམ་ཁྲིད་རིན་ཆེན་གསེར་ཕྲེང་གི་སྐོར༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ སྐུ་ལ་འགྱུར་བ་མེད་པ་ཉི་མ་ལྟ་བུ༔ གསུང་ལ་རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུ༔ ཐུགས་ལ་འགག་པ་མེད་པ་ནམ་མཁའ་ལྟ་བུ༔ ཡོན་ཏན་འཕེལ་འགྲིབ་མེད་པ་ཆུ་བོ་ལྟ་བུ༔ ཕྲིན་ལས་ཐོགས་པ་མེད་པ་རླུང་ལྟ་བུ༔ དགོངས་པ་སངས་རྒྱས་དང་མཉམ་པ༔ ཆོས་འགྲོ་བ་རིགས་དྲུག་དང་མཐུན་པར་སྟོན་པ༔ སྤྲུལ་པའི་སྐུ་འཛམ་བུ་གླིང་དུ་ཉི་མ་ལྟར་གྲགས་པ་དེ་ལ༔ ཇོ་མོ་མཁར་ཆེན་བཟས་ཞབས་ཏོག་བྱས་ཏེ༔ མུ་ཏིག་ཤེལ་གྱི་སྤ་མ་གོང་ན་བཞུགས་པའི་དུས་ན༔ ལུས་ངག་ཡིད་གསུམ་གྱིས་མཉེས་པར་བྱས་ཏེ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ གང་ཟག་དད་པ་ཅན་སྒོམ་པར་འདོད་པས་སྒོམ་པའི་དོན་དུ་བྱ་བའི་རིམ་པ་གང་ལགས་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བསྒོམ་པའི་དོན་དུ་བྱ་བའི་རིམ་པ་ལ་ཚོགས་གསོག༔ མན་ངག་ནོད༔ འབྲེལ་ཐག་བཅད༔ ཆ་རྐྱེན་བསྡུ༔ དེ་ནས་གནས་བྱི་དོར་བྱས༔ ཆེ་ཆུང་རན་པར་ཁམས་བསང་སྟེ༔ སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་དགོད་པར་དམ་བཅའ༔ དེར་སྟན་རས་བལ་ཅན་ལ་སོགས་པའི་ལྷོད་ཚངས་ཅན་བཏིང་ལ༔ ལུས་ཀྱི་བཤང་གཅི་དང་མཆིལ་སྣབས་ལ་སོགས་པ་དོར་ནས༔ ལུས་སྐྱིལ་མོ་ཀྲུང་བཅའ༔ ལག་པ་མཉམ་གཞག༔ ལུས་དྲང་པོར་བསྲང༔ མགོ་དགྱེ་སྒུ་མེད་པར་བྱ༔ མིག་སྣ་རྩེར་དབབ༔ སོ་དང་མཆུ་ཐ་མལ་པར་གཞག༔ ལར་སྒོ་གསུམ་ལྷུག་པར་བཞག་ལ་བསྒོམ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྒོམ་པའི་དུས་སུ་བློའི་གཞག་ཐབས་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྒོམ་པའི་དུས་སུ་ལུས་སེམས་གློད་ལ༔ ཆོས་ཐམས་ཅད་ཅིར་ཡང་དཔྱད་དུ་མེད་པས༔ སེམས་དང་སེམས་ལས་བྱུང་བ་རྒྱུན་བཅད་དེ༔ དེ་དག་ཆེད་དུ་ཡང་མི་དགག༔ གཏོང་འཛིན་དང་བྲལ་བ་དང་ཡིད་ལ་བྱེད་པ་ཀུན་སྤངས་ལ་ཅིར་ཡང་མི་རྟོག༔ ཅི་ཡང་མི་སེམས༔ རང་གི་རང་བཞིན་ཇི་ལྟ་བ་བཞིན་དུ་གསལ་བ༔ གང་དུ་ཡང་མི་གཡོ་བར་རང་བཞིན་རྣལ་མར་གཞག༔ དེ་བས་ན་དེའི་ཚེ་ཤེས་པ་དང་ཤེས་བྱ་སོ་སོར་མ་མཐོང་བས་ཡུལ་ཕར་མི་དཔྱོད༔ ཤེས་པས་ཚུར་མི་དཔྱོད༔ གཉིས་ཀ་མ་ཡིན་པར་ཡང་མི་དཔྱོད༔ ཡུལ་ཕར་མི་དབྱུང༔ རྟོག་པ་ཚུར་མི་འགོག་པས་སེམས་ཉིད་དྭངས་གསལ་ཕྱད་དེ་སང་ངེ་ཅི་ལ་ཡང་མི་གནས་པར་གཞག་གོ༔ དེ་ལ་མི་མཐུན་པའི་སྐྱོན་ནི་རྒོད་པ་དང༔ བྱིང་བ་དང༔ ཞེ་ལ་འཛིན་པའོ༔ དེ་ཡང་རྒོད་པ་ནི་ཡུལ་ལ་འཕྲོ་བ་སྟེ༔ དེ་ལ་བཅོས་པ་ནི༔ ལུས་སེམས་གློད་ལ་ཏིང་ངེ་འཛིན་ལ་གཞག༔ ཡང་ནས་ཡང་དུ་གཞག་གོ༔ ད་རུང་རྟོག་པ་སྣ་ཚོགས་རྗེས་སུ་འཕྲོ་ན༔ ཤེས་པ་གང་འཕྲོ་བ་དེ་ཉིད་ལ་ཡང་ནས་ཡང་དུ་རྗེས་སུ་གཏད་དོ༔ དེས་ཀྱང་མ་ཐུབ་སྟེ་འཕྲོ་ན༔ ནམ་མཁའི་སྤྲིན་ལྟར་འཕྲོ་བ་དེ་གར་བྱུང་གར་འཕྲོ་ཇི་ལྟར་འདུག་པ་རང་ལ་བརྟགས་པས་རང་བྱུང་རང་ཞིར་གཞག་གོ༔ རྟོག་པ་དེ་ཉིད་སྟོང་པ་ཡིན་པས་དམ་དུམ་འཕྲོས་ཀྱང་མི་ལྟོ་རྟོག་པ་ཆེད་དུ་དགག་མི་དགོས༔ དེ་ནི་རྒོད་པ་དང་འཕྲོ་བ་བསྡུ་བའི་མན་ངག་ཡིན་གསུངས༔ བྱིང་བ་ནི་མུན་ཁུང་དུ་ཞུགས་པ་ལྟ་བུའམ༔ མིག་བཙུམས་པ་ལྟ་བུའོ༔ དེ་བཅོས་པ་ལ་སྤྱོད་ལམ་གྱིས་གསེང་བ་ཆོས་སྤྱོད་དང་གཞིག་འབྲེལ་ལ་སོགས་པ་བྱ༔ ཏིང་ངེ་འཛིན་གྱིས་གསེང་བ་ནི༔ རང་ནམ་མཁའ་ལ་སྒོམ་པ་དང༔ སྒལ་ཚིགས་འཕང་ལོ་ལྟར་བརྩེགས་ལ་སྒོམ་པ་དང༔ ཤེས་པ་ནམ་མཁའ་ལྟར་བསྒོམ་མོ༔ མན་ངག་གིས་གསེང་བ་ནི༔ ཡུལ་གྱི་རྗེས་སུ་བལྟ་སྟེ་སྒོམ་པ་དང༔ དབང་པོ་ཧར་བསྒོམ་བྱའོ༔ དེ་ནི་བྱིང་བ་གསེང་བའི་མན་ངག་ཡིན་གསུངས༔ རྨུགས་པ་ནི་སེམས་བློང་བློང་པོར་འཇུག་པའམ་ཤེས་པ་དྲན་པ་མེད་པར་འདྲེས་བརླབས་པ་བཞིན་སོང་ན༔ མི་བསྒོམ་པར་བཞག་ལ་ཕྱིས་བསྒོམ་མོ༔ དེ་ནི་བྱིང་བ་སྤོང་བའི་མན་ངག་ཡིན་གསུངས༔ ཞེ་ལ་འཛིན་པའི་སྐྱོན་ནི༔ ཆོས་ཉིད་སྒོམ་པ་ཅི་ཡང་མི་དམིགས་མི་འཛིན་པར་བསྒོམ་རྒྱུ་ལ་འཛིན་པ་ཡོད་ན་སྐྱོན་ཡིན༔ ཡོད་མེད་རྟག་ཆད་མི་མཐུན་པ་དང་གཉེན་པོ་དང་བླང་དོར་གྱི་རྟོག་པ་ལ་སོགས་པ་རྣམས་ལྟ་ཅི་སྨྲོས་ཀྱི༔ ཐ་ན་དངོས་པོ་འདི་ཀུན་སྣང་བ་རང་བཞིན་མེད་པའོ་ཞེའམ༔ དངོས་པོ་འདི་ལ་བསམ་དུ་མེད་པས་དེ་ལ་མི་དམིགས་པར་བསྒོམ་མོ༔ ཞེས་པ་ལ་སོགས་པ་སེམས་གྱི་ན་མོ་ཙམ་དང་འཛིན་པ་རྡུལ་ཙམ་ཡོད་ཀྱང་སྐྱོན་ཡིན་ནོ༔ དེ་ནི་འཛིན་པ་བསལ་བའི་མན་ངག་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྒོམ་ཞིང་རྟོགས་པའི་ཉམས་ཇི་ལྟར་སྐྱེ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྒོམ་པའི་ཚེ་སྣང་བ་དང་སྣང་བ་མེད་པ་དང༔ སྐྱེ་འགག་མེད་པ་དང༔ དེ་ལ་སོགས་པ་མིང་གི་རྣམ་གྲངས་ཀུན༔ འཁོར་བ་ལ་དངོས་པོ་མེད་པས༔ དེ་མཚོན་པར་བྱ་བའི་ཕྱིར་གློ་བུར་དུ་མིང་དུ་བཏགས་པ་ཙམ་ལས་མེད་པས༔ དེ་ལྟར་བསྒོམས་པས་དངོས་པོ་འདི་ལ་ངོ་བོར་གྲུབ་པ་ཅི་ཡང་མེད་པར་ཡང་རྟོགས་པར་འགྱུར་རོ༔ འཁོར་བ་ལ་དངོས་པོ་མེད་པས་སྤང་དུ་ཡང་མེད༔ མྱ་ངན་ལས་འདས་པ་ཐོབ་རྒྱུ་ཡང་མེད༔ དེ་གཉིས་ཀྱང་མིང་ཙམ་དུ་རྟོགས་པར་འགྱུར་རོ༔ ཡང་དག་པར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ངེས་པའི་དོན་ལ་ཅི་ཡང་མ་ཡིན་པ༔ སེམས་ཀྱི་ཡུལ་ལས་འདས་པར༔ ཚིག་ཙམ་མ་ཡིན་པར་བློའི་གཏིང་དུ་ཐག་ཆོད་པ་མངོན་སུམ་དུ་རྟོགས་པར་འགྱུར་རོ༔ གང་ཞིག་དེ་ལྟར་མ་རྟོགས་པར་དངོས་པོ་ཐམས་ཅད་ནི་མ་སྐྱེས་པའོ་ཞེས་ཚིག་ཏུ་བརྗོད་པ་དང༔ འདི་ནི་སྟོང་པ་ཉིད་ཡིན་སྙམ་དུ་དམིགས་ཤིང་སྤྱོད་པ་ནི་ཉམས་ཙམ་ཞེས་བྱ་སྟེ༔ དེས་ནི་ངེས་པ་རྙེད་པར་མི་འགྱུར་རོ༔ དངོས་པོ་རྣམས་དེ་ལྟར་རྟོགས་ནས་དེའི་དོན་ལ་མི་དམིགས་པའི་ཚེ༔ དེའི་ཚེ་དངོས་པོ་གྱི་ནར་སྣང་ཡང་སེམས་ཀྱི་དངོས་པོ་དང་མཚན་མ་བསྟན་རྒྱུའམ་དམིགས་རྒྱུ་རྡུལ་ཙམ་ཡང་མ་མཐོང་བས༔ དོན་ཉམས་སུ་མྱོང་བའམ་ཤེས་པས་གཟུང་རྒྱུ་ཅི་ཡང་མི་སྣང་བའི་ཕྱིར༔ དངོས་པོ་འདི་ནི་འདིའོ་ཞེས་དྲན་པ་དང་ཡིད་ལ་བྱེད་པ་མི་སྐྱེད༔ འོན་ཀྱང་ད་རུང་འཁྲུལ་རྟོག་གི་བག་ཆགས་མ་སྤང་པའོ༔ དེ་ཚེ་དངོས་པོ་ཀུན་ཆུ་དྭངས་པའི་ནང་དུ་མིག་གིས་བལྟ་བ་བཞིན་དུ་མིག་ལམ་ན་ནི་ཁ་དོག་གིས་བསྡུས་པ་ལྟ་བུར་བུད་མེད་མེ་ལོང་བལྟ་བ་ལྟར་སོ་སོའི་རྣམ་པར་རང་སྣང་ཡང༔ དེ་ལས་འདི་ནི་འདི་ཡིན་ནོ་སྙམ་པའི་འདུ་ཤེས་མི་འཇུག་གོ༔ ཡིད་ཀྱི་ངོ་བོ་གང་དེ་ཉིད་ནམ་མཁའ་བཞིན་དུ་དྭངས་སང་ངེ་མངོན་ཏེ་འོང་ངོ༔ དེའི་ཚེ་རང་ཡང་རང་དུ་མི་མངོན་པ་དང༔ བདག་ཉིད་ནམ་མཁའ་ལའང་འདུག་པ་འདྲ་བའམ༔ ཡང་ཤེས་པ་དང་ཤེས་བྱ་སོ་སོར་མཐོང་བས་གཡང་ཟ་བའམ་ཉམ་ང་བའམ༔ དེ་ལ་གནས་པར་མི་འདོད་པར་འོང་ངོ༔ མིང་དང་གཟུགས་བཞིན་དུ་མཐོང་ནས་སེམས་ཅན་གྱི་འདུ་ཤེས་མི་འཇུག་གོ༔ དེ་ལས་ལངས་ནས་སྤྱོད་ལམ་བྱེད་པའི་ཚེ་ན་ཡང་དངོས་པོ་ལ་ཅུང་ཟད་བརྟགས་པས་དངོས་པོར་མི་མཐོང་བའི་ངང་ལས་འགྲོ་ཡང་འགྲོ་བར་མི་ཚོར༔ ཟ་ན་ཟ་བའི་འདུ་ཤེས་མེད་པ་ལམ་ལམ་གྱིས་འབྱུང་ངོ༔ དེའི་ཚེ་དངོས་པོ་ཀུན་ལ་བརྟགས་པས་བླང་དོར་མེད་པའི་རྟོགས་པ་ཡང་སྐྱེ་སྟེ༔ དེ་ལ་བདག་དང་དངོས་པོ་ཀུན་རྫོབ་སྒྱུ་མ་ཙམ་མམ༔ ནམ་མཁའ་བཞིན་མཐོང་བས༔ བདག་ཀྱང་བདག་ཏུ་མི་མཐོང༔ གཞན་ཡང་གཞན་དུ་མི་མཐོང་ངོ༔ མིག་བཙུམས་ཀྱང་སེམས་ནང་དུ་ལྟ་སྟེ༔ ཡུལ་ཀུན་བགས་ཀྱིས་མི་གསལ་བར་གྱུར་ནས༔ ཡིད་ཀྱི་འགྱུ་བ་རྒྱུན་ཆད་ནས་སྣང་བ་དང་བྲལ་ཏེ༔ བློའི་དྭངས་མ་ཡིད་ནམ་མཁའ་བཞིན་དུ་གྱུར་ནས༔ ལུས་ཀྱང་ཡོད་པར་མི་ཚོར༔ དབུགས་ཀྱང་འགྱུ་བ་མི་ཚོར་བ་འབྱུང་ངོ༔ དེའི་སེམས་ཀྱང་དཔེར་ན་ནམ་ལངས་པའི་ནམ་མཁའི་མེ་ལོང་གི་འོད་བཞིན་མི་གཡོ་བ་གསལ་བ་ལྷམ་མེ་བར་འདུག་ནས་དམིགས་འཛིན་མེད་པར་རང་ལ་རང་གསལ་ཞིང༔ ཉིན་མོ་དང་མཚན་མོ་ཡང་ཁྱད་མེད་པར་འདུག་གོ༔ རེས་འགའ་སེམས་རྒྱུན་ཡང་དངོས་པོར་རིམ་གྱིས་སོང་ནས་ཡང་ལྷན་གྱིས་འགྲོ༔ དེ་བཅོས་པ་ནི༔ གསལ་བ་དེ་ཙམ་ཡང་མི་འཛིན༔ མི་དམིགས་འཛིན་པ་མེད་པར་རང་གིས་རང་གསལ་བ་ཙམ་དུ་གཞག་གོ༔ དེ་ལྡང་བར་བཟོ་ཙམ་ན་ཡང་ལྡང་བར་མ་ཚོར༔ ཅུང་ཟད་ལངས་ཙམ་ན་ཡང་ལྷན་གྱིས་འགྲོའོ༔ དེ་ལྟར་སྣང་བ་དང་བཅས་པའི་དངོས་པོ་རྣམས་གོང་དུ་སྟན་ཐོག་ཏུ་ཐག་ཆོད་པའི་དབང་གིས་མཉམ་པར་གཞག་པའི་དུས་སུ༔ དངོས་པོ་གྱི་ནར་སྣང་བཞིན་དུ་དེ་ལ་འཛིན་ཅིང་དམིགས་པ་མེད་པར་གནས་པས་བྱང་ཆུབ་འདོད་པའང་སྒྱུ་མ༔ འཁོར་བ་ལ་ཉམ་ང་མེད་པར་གནས་ནུས་ན༔ དེ་ནི་སྣང་བ་མི་སྐྱོད་པར་མཐོང་བ་ཞེས་བྱའོ༔ དེའི་བཅོས་ཐབས་ནི༔ དེ་ཙམ་དུ་ཡུལ་རྟོག་གི་མཚན་མ་ཅི་བྱུང་ཡང༔ ཐ་ན་འདི་ནི་དངོས་པོ་འདི་ཡིན་ནོ་བའི་རྟོག་པ་ཡང་སྤངས་ལ༔ དེ་ཡང་དང་པོ་དགག་ཀྱང་མི་དགག༔ བར་དུ་དེའི་སྣང་བ་ཡང་མི་གཟུང༔ ཐ་མ་དེའི་རྗེས་སུ་ཡང་མི་འབྲེང་བར་རང་བྱུང་རང་ཞིར་གཞག་སྟེ༔ ཇི་སྲིད་འདོད་པའི་བར་དུ་གནས་པར་ནུས་པ་ནི༔ བློ་ལས་སུ་རུང་བའམ་བྱ་རྩོལ་དང་བྲལ་བ་ཞེས་བྱའོ༔ དེ་ལྟར་གནས་པའི་སྐབས་དེ་ལ་ནི་མཉམ་པར་བཞག་པ་ལས་ལངས་པའི་ཤེས་པ་ཕྱིས་དཔྱད་པའམ་མཉམ་པར་གཞག་པའི་དུས་ཉིད་དུ་དཔྱད་པས༔ ཤེས་རབ་ལ་བཅོས་མི་དགོས༔ གཟུང་བའི་ཡུལ་ཇི་ལྟར་སྣང་ཡང་ཆེད་དུ་དཔྱད་པ་མི་སྐྱེ༔ རྟོག་པ་ཇི་ལྟར་སྐྱེས་ཀྱང་ཆོས་ཉིད་དུ་གསལ༔ ཉོན་མོངས་པ་ཅི་སྐྱེས་ཀྱང་ཆོས་ཉིད་དུ་སྐྱེས༔ སྡུག་བསྔལ་ཅི་བྱུང་ཡང་གནོད་པ་མེད༔ བདེ་བ་ཅི་ཙམ་སྐྱེས་ཀྱང་ཕན་མེད༔ བློ་ལྷུག་པར་གནས་པས་བཅོས་མི་དགོས༔ མ་བསྒོམ་པར་ཡང་ཆོས་ཉིད་དང་མི་འབྲལ༔ དེ་ལས་ལྷག་པ་མེད་པས་ཐེ་ཚོམ་གྱི་བློ་མི་སྐྱེ༔ བསྒོམ་པའི་ཡུལ་མ་མཐོང་བས་བློའི་རྩོལ་བ་མི་དགོས༔ བློ་ཆོས་ཉིད་དུ་གྱུར་པས་འཕེལ་འགྲིབ་མེད་པར་གནས་པ་ནི༔ ཆོས་ཀྱི་སྐུའི་དགོངས་པ་སྟེ་མཉམ་པ་ཉིད་དོ༔ དེ་ལྟར་བརྟན་པ་ཐོབ་ཙམ་ན་རང་རྒྱུད་པ་ཞིག་མ་གྲུབ་པས༔ མི་རྟོག་པའི་ཡེ་ཤེས་རང་སྣང་ཞེས་བྱ་བ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཚུལ་བཞིན་བསྒོམས་པ་ལ་རྟགས་ཅི་འབྱུང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གོང་ལྟར་ཡུན་རིང་དུ་བསྒོམས་པས་ནང་རྟགས་ཕྱི་རྟགས་རྣམས་འབྱུང་ངོ༔ དེ་ལ་ནང་རྟགས་ནི་མཉམ་པར་བཞག་པའི་དུས་སུ་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང༔ ལུས་ཡོད་པ་མི་ཚོར་བ་དང༔ ཚ་བ་དང་གྲང་བ་དང་ཤིན་ཏུ་མི་བདེ་བ་དག༔ བྱུང་བ་ཡང་མི་ཚོར་བ་དང༔ ཅི་ཡང་མི་དམིགས་པའི་དགའ་བདེ་ཆེན་པོ་རང་བཞིན་གྱིས་འབྱུང་བར་འགྱུར་རོ༔ དེ་ཙམ་ན་ཡུལ་གང་ལ་ཡང་འཛིན་པ་ཆུང་ཞིང༔ འདི་ཡིན་ནོ་བའི་འཛིན་པ་ཆུང་བར་འགྱུར༔ ཅི་ལ་ཡང་འཛེམ་དོགས་ཆུང་བར་འགྱུར་བ་དང༔ བདག་འཛིན་དང་ཆགས་པ་དང་དྲན་ཡིད་དང་ཆོས་བརྒྱད་ལ་སོགས་པའི་རྟོག་པ་ཐམས་ཅད་ཇེ་ཕྲ་ཇེ་ཞི་འོང་ངོ༔ རྟགས་དེ་ལྟར་མ་བྱུང་བར་དུ་ཡང་རྟགས་དང་ཅི་མཐུན་དུ་འབད་དོ༔ རྫུ་འཕྲུལ་དང་གཞན་གྱིས་སེམས་ཤེས་པ་ལ་སོགས་པ་ཡང་བགས་ཀྱིས་འབྱུང་ངོ༔ དེ་རྣམས་ནི་ནང་གི་རྟགས་ཡིན་གསུངས༔ དེ་ལ་ཕྱི་རྟགས་ནི༔ རང་གི་ལུས་ལ་འོད་འབྱུང་བ་དང༔ ནམ་མཁའ་ལ་འོད་དམ་ཁ་དོག་གམ་དབྱིབས་སྣ་ཚོགས་པར་མཐོང་བ་དང༔ འཕགས་པ་དང་སངས་རྒྱས་ཀྱི་སྐུ་མཐོང་བ་དང་སྒྲ་ཐོས་པ་དང་བདག་མཆོད་པ་དང༔ དེ་རྣམས་ཀྱིས་བདག་ལ་ཆོས་བཤད་པ་དང་ལུང་སྟོན་པ་ནོད་པ་ལ་སོགས་པ་འབྱུང་ངོ༔ དེ་ལ་ཞེན་ནས་རྟག་པར་བཟུང་ན་བདུད་ཀྱིས་བར་དུ་བཅད་ནས་སྐྱོན་དུ་འགྱུར་བ་ཡིན་ནོ༔ མ་གཟུང་མ་ཞེན་ན་ཡོན་ཏན་གྱི་རྟགས་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ མཉམ་པར་བཞག་པ་ལས་ལངས་ནས་སྤྱོད་ལམ་ཇི་ལྟར་བྱ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གོང་ལྟར་མཉམ་པར་བཞག་པ་ལས་ལངས་ནས་བསླབ་ལུགས་གཉིས་ལས༔ ཤེས་རབ་དང་མཐུན་པར་བསླབ་པ་ནི༔ བདག་དང་ཕྱི་ནང་གི་དངོས་པོ་ཅིར་སྣང་ཡང་རྨི་ལམ་བཞིན་དུ་འཁྲུལ་པའི་སྣང་བར་ཡིད་ཆེས་པར་བྱས་ལ༔ དེ་ལ་ཅི་གང་སུ་སྤྱོད༔ སྤྱོད་ལམ་རྣམ་བཞིར་དྲན་པ་དེས་ཟིན་པར་བྱ༔ ལུས་ཅིར་སྣང་ཡང་དགག་ཀྱང་མི་དགག༔ གཟུང་ཡང་མི་གཟུང་བ་ལ་བསླབ་པར་བྱའོ༔ ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཅི་བྱེད་ཀྱང་མི་དམིགས་པ་ལ་བསླབ་པར་བྱའོ་གསུངས༔ ཐབས་དང་མཐུན་པར་བསླབ་པ་ནི༔ སྒྱུ་མ་ལྟ་བུའི་སེམས་ཅན་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྐྱེད་ཅིང༔ བསམ་གཏན་ལ་མི་གནོད་ན་ཕན་པ་སྣ་ཚོགས་ཀྱང་སྤྱད༔ བཟང་སྤྱོད་ལ་སོགས་པའི་སྨོན་ལམ་རྒྱ་ཆེན་པོ་ཡང་བཏབ༔ དགེ་སྡིག་ཤན་ཕྱེ་ལ་དགེ་བ་སྣ་ཚོགས་སྤྱད༔ གང་ཞིག་མཚན་མར་བཟུང་ནས་སྤྱད་ན་མཉམ་པར་མི་རུང་ཞིང་ཐེག་པ་གོང་མ་པ་མ་ཡིན་པས་བདག་དང་དངོས་པོ་ཀུན་སྒྱུ་མ་ལྟ་བུར་རྟོགས་པར་བྱས་ལ༔ མི་དགེ་བ་ལས་འཁོར་བར་དོགས་པའམ༔ དགེ་བས་བྱང་ཆུབ་ཏུ་རེ་བ་ལ་སོགས་པ་དང་བྲལ་བས༔ རྒྱུ་ཚོགས་གསག་རྒྱུ་དང་སྒྲིབ་པ་སྦྱང་རྒྱུ་ཀུན་མ་གཏང་བར་བླང་དོར་མེད་པར་མཉམ་པར་བཞག་པའི་ངང་ལས་མཉམ་པའི་གདེང་མ་ཐོབ་བར་དུ་སྒྲིབ་པ་སྦྱོང་ཞིང་ཚོགས་གསག་ལ་འབད་དོ༔ མཉམ་པའི་གདེང་ཐོབ་ཅིང་བླང་དོར་མེད་པར་སྤྱད་ནས་ཀྱང༔ གཞན་གྱིས་སྡིག་པ་སྤང་ཞིང་དགེ་བ་ལ་གཟུད་པའི་ཕྱིར༔ ཚུལ་ཁྲིམས་ལ་སོགས་བསྲུང་སྡོམ་ཀུན་ལའང་མི་དམིགས་བཞིན་དུ་གུས་པར་བྱའོ་གསུངས་སོ༔ སྤྱིར་ན་དེ་དག་ཐམས་ཅད་ལའང་སྤྱད་མ་སྤྱད་ལའང་སྐྱོན་ཡོན་དུ་མི་བརྟག་གོ༔ མཚན་མར་བཟུང་ནས་བླང་དོར་དུ་སྤྱོད་ན་མཉམ་དུ་མི་སྟེར་བའི་སྒྲིབ་པ་ཡིན་ཏེ༔ དཔེར་ན་ཉི་མ་ལ་སྤྲིན་དཀར་ནག་གཉིས་ཀས་སྒྲིབ་པ་བཞིན་ནོ༔ དེ་བས་མཉམ་པའི་གདེང་ཐོབ་ནས་སྡོམ་ཁྲིམས་ལ་བསྲུང་ཉམས་སུ་དམིགས་ན༔ དེ་ཁོ་ན་ཉིད་མ་རྟོགས་པའི་སྐྱོན་ཡིན་གསུངས༔ རྐྱེན་བཟང་ངན་དང་ཁེ་གྲགས་ལ་སོགས་པ་ཉོན་མོངས་པའི་རྟོག་པ་ཅི་སྐྱེས་ཀྱང་དེའི་དབང་དུ་མི་གཏང༔ དེ་ཡིད་ལ་མི་བྱ་བར་སྤང་ངོ༔ བདག་གི་སྐྱོན་བྲེ་མོའི་གཏམ་དང་འདུ་འཛི་གཡེང་བ་ཐམས་ཅད་སྤང་ཞིང༔ ལུས་ངག་ཡིད་ཀྱི་སྤྱོད་ལམ་ཡང་ཤིན་དུ་དུལ་བ་ལ་བསླབ༔ གཞན་གྱི་སྐྱོན་ལ་མི་རྟོག་པར་ཡོན་ཏན་ལ་བསམ༔ གལ་ཏེ་བདག་ལ་ཆོས་ཉིད་རྟོགས་པ་ལ་སོགས་པའི་ཡོན་ཏན་ཡོད་སྙམ་ནས་དྲེགས་ཏེ་འཕང་བསྟོད་ཅིང་ཆེ་འགྱིང་ན༔ དེ་ནི་ཆོས་ཉམས་རྒྱུད་ལ་ཡོད་པར་མ་སོང་བས་སྤང་བར་བྱའོ་གསུངས་སོ༔ མདོར་ན་རྟོག་པ་ནི་འཁོར་བ༔ མི་རྟོག་པ་མྱ་ངན་ལས་འདས་པ་ཡིན་པས་རྣལ་འབྱོར་པ་འདུ་འཛི་དང་གཡེང་བ་ལ་གནས་པ་ནི་འཁོར་བ་ཞེས་བྱའོ༔ ཐ་ན་ཡུད་ཙམ་གཅིག་མི་དམིགས་པ་མཉམ་པར་བཞག་ཀྱང་དེའི་བར་དུ་མྱ་ངན་ལས་འདས་པ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དེ་ལྟར་ཉམས་སུ་བླངས་པས་སངས་ཇི་ལྟར་རྒྱ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་ཉིད་ཀྱི་དོན་རྣམ་པར་མི་རྟོག་པ་བསྒོམས་པས༔ འཁོར་བའི་རྒྱུ་རྣམ་རྟོག་ཇེ་ཞི་ཇེ་ཕྲར་གྱུར་ནས༔ རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་སྟེ༔ ཡེ་ཤེས་དེ་ལ་ཡང་ཞི་བ་དང་སྤྱོད་ཡུལ་ཡོངས་སུ་དག་པ་དང༔ སྐུ་གསུམ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཀྱང་ཉི་མ་ལས་འོད་འབྱུང་བ་ལྟར་རང་བཞིན་གྱིས་འབྱུང་ངོ༔ དེ་ལྟར་དོན་ཀློང་དུ་གྱུར་པ་ནི༔ ལུས་མི་ཡུལ་ན་འདུག་ཀྱང་དགོངས་པ་སངས་རྒྱས་ཀྱི་ས་ལ་འདུག་པའོ༔ རིམ་པ་དེ་ལྟར་ཉམས་སུ་བླངས་པས་བར་མ་དོར་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ དེ་ཡང་རང་སྣང་ལ་ཆོས་ཀྱི་སྐུ་ཅིར་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ་ལས༔ གཞན་སྣང་ལ་ལོངས་སྐུ་ཉི་མ་ལྟ་བུ་དང་སྤྲུལ་སྐུ་འོད་ཟེར་ལྟ་བུས་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གང་ཟག་དབང་པོ་འབྲིང་གིས་སྒོམ་པ་ཇི་ལྟར་བསྒོམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གང་ཟག་དབང་པོ་འབྲིང་གིས་ཆོས་ཐམས་ཅད་རང་གི་སེམས་ཉིད་ཡིན་པར་ཐག་ཆོད་པའི་དུས་ན༔ ཆོས་ཉིད་བསམ་དུ་མེད་པའི་ངང་ལ་བློ་གཏད་ཅིང་ཉམས་སུ་བླངས་པས༔ སྒོམ་པ་དང་རྟོག་པ་དགག་མི་དགོས་ཏེ༔ སྔོན་ལ་རྟོགས་པ་གཅེས་སོ་གསུངས་སོ༔ དེ་ལ་ཆོས་ཐམས་ཅད་སེམས་སུ་མཐོང་བས་གཞན་གང་དུ་ཡང་མ་མཐོང༔ གང་ལྟར་གནས་ཀྱང་སེམས་སུ་མཐོང་བ་དེ་དང་མ་བྲལ་བས༔ ཆེད་དུ་མ་བསྒོམ་ཡང་ཆོས་ཉིད་དུ་བཏུབ་པའོ༔ རྣམ་རྟོག་སེམས་ཉིད་དུ་ཤེས་ནས༔ རྟོག་པ་ཉིད་ཀྱང་ཆོས་ཉིད་དེ་ཅིར་སྣང་ཡང་སེམས་ཉིད་དུ་རང་གསལ་བས༔ སེམས་ལས་གཞན་དུ་འཛིན་པའི་བློ་སྐྱེད་པ་མེད་ཅིང༔ གང་ལ་གནས་ཤིང་གང་དུ་མཐོང༔ སེམས་ཉིད་རང་གསལ་བས་རྒྱུན་ཆད་མེད་པའི་ཕྱིར༔ མ་བསྒོམ་པར་གསལ་བ་དང༔ མ་སྦྱང་པར་བདག་པོ་བཏུབ་པའོ༔ དོན་དེ་ལ་གནས་པའི་དུས་ན་ཡུལ་གྱི་མཚན་མ་ཅི་བྱུང་ཡང་གནོད་ཅིང་གཡེང་བར་མི་འགྱུར་ཏེ༔ མཚན་མར་སྣང་བ་ཉིད་སེམས་སུ་མཚོན་པས་མཚན་མའི་བློ་མི་སྐྱེ་བའི་ཕྱིར་རོ༔ དེ་ལྟར་ཆོས་ཐམས་ཅད་སེམས་སུ་གསལ་ཞིང་གཞན་དུ་མི་གཡོ་བར་འདུག་པའི་ངང་ལས་བྱ་རྩོལ་གང་ཡང་མེད་དེ་བྱ་བ་དང་བྲལ་བས་གྲོལ་བར་འགྱུར་རོ༔ དེ་ལྟར་ཡུལ་ཇི་ལྟར་སྣང་ཡང་སེམས་སུ་སྣང་བློའི་འཛིན་པ་ཅི་སྐྱེས་སེམས་སུ་སྐྱེས་ན་དུས་ཐམས་ཅད་དུ་དགོངས་པ་ཆོས་ཉིད་ལས་མི་གཡོ་བ་ཡིན་ནོ༔ དེ་ལྟར་ཆོས་ཐམས་ཅད་སེམས་སུ་གསལ་བ་ལས་བློ་གཞན་དུ་མི་འགྱུར་བ་ནི་ཡེ་ཤེས་ཡིན་ནོ༔ དེ་ལྟར་རྟོགས་པའི་རྣལ་འབྱོར་པ་དེ་ནི་སྤྱོད་ཡུལ་ཅི་བྱུང་བ་ཐམས་ཅད་ཆོས་ཉིད་དུ་གསལ་བས་ཅི་སྣང་བ་ཐམས་ཅད་བསྒོམ་པའོ༔ དེ་ལྟར་ཆོས་ཐམས་ཅད་སེམས་ལས་མ་གཏོགས་པ་མེད༔ འདུ་ཤེས་གཞན་མི་སྐྱེ༔ མ་སྐྱེས་ཙམ་ན་ཡུལ་རྟོག་ཆོས་ཉིད་དུ་འགྲོ་བ་ཡིན་ནོ༔ དེ་ལྟར་རྟོག་པ་ཅི་སྣང་སེམས༔ སེམས་ལ་ངོས་གཟུང་མེད་པས་རྟོག་པ་དང་མཚན་མ་ལ་སྐྱོན་དུ་མི་ལྟ་སྟེ༔ རྟོག་པ་ཉིད་སྒོམ་པའོ༔ དེ་ནས་ཅིར་སྣང་ཅི་བྱེད་ཅི་མྱོང་ཐམས་ཅད་སྒོམ་པར་མ་གྱུར་པ་མེད་པས་ཆེད་དུ་བློ་གཏད་ལ་སྒོམ་དུ་མེད༔ ལྟ་སྒོམ་ཆིག་ཆོད་ཀྱི་གཞུང་བསྟན་པ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆོས་ཉིད་ཀྱི་ཡེ་ཤེས་དེ་ངོས་ཇི་ལྟར་གཟུང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཡེ་ཤེས་ངོས་གཟུང་བའི་མན་ངག་ནི༔ དཔེར་ན་སྨན་པ་མཁས་པ་ལྟ་བུ་སྟེ་དེས་ནད་པའི་ཉམས་དང་རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་དང་འདྲ་སྟེ༔ རྣལ་འབྱོར་པས་ཀྱང་སྟོན་པའི་གསུང་བླ་མའི་གདམས་ངག་རང་གི་ཉམས་གསུམ་ལ་བརྟེན་ཏེ་ཡེ་ཤེས་ནམ་མཁའ་ལྟར་ཁྱབ་ཅིང་ངོས་ཟིན་པར་བྱའོ༔ ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ནི༔ དཔེར་ན་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའོ༔ དེ་བཞིན་དུ་རྣལ་འབྱོར་པས་ཀྱང་འདི་གསལ་གྱི་རྣམ་པ་མེད་པར་ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ལ་གནས་པར་བྱའོ༔ ཚོགས་དྲུག་ལྷུག་པའི་མན་ངག་སྐྱེས་བུ་ནད་ཀྱིས་གཟིར་བ་ལྟ་བུ་ནི༔ དེ་ལ་ངོ་ཚ་མི་ཚ་ལ་སོགས་པའི་རྣམ་པར་རྟོག་པ་མི་འབྱུང་བ་དང་འདྲ་བར༔ དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ཆོས་ཐམས་ཅད་རྟོག་པ་མེད་པ་ལ་གནས་པར་བྱའོ༔ ཡེ་ཤེས་ཐུག་ཕྲད་ཀྱི་དགོངས་པ་ནི༔ དཔེར་ན་སྨན་བཟང་པོ་ལྟ་བུ་སྟེ༔ དེས་གང་ལ་རེག་པས་སྨན་གྱི་བྱ་བ་བྱེད་པ་དང་འདྲ་བར༔ རྣལ་འབྱོར་པས་ཀྱང་ལྟ་བའི་བདུད་རྩིས་ཟིན་ན་ཐམས་ཅད་ཡེ་ཤེས་ཀྱི་བྱ་བ་བྱེད་པར་འགྱུར་རོ༔ སེམས་གནས་པའི་གདམས་ངག་ནི༔ རུས་སྦལ་འཁར་གཞོང་དུ་བཞག་པས་འགུལ་མི་ནུས་པ་ལྟ་བུ་སྟེ༔ རྣལ་འབྱོར་པས་ཀྱང་བླ་མའི་གདམས་ངག་གིས་ཟིན་ན་ཤེས་པ་འགུལ་མི་ནུས་སོ༔ དེ་རྣམས་ནི་ཆོས་ཉིད་ཀྱི་ཡེ་ཤེས་ངོས་གཟུང་བའི་མན་ངག་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རང་བྱུང་གི་ཡེ་ཤེས་དེ་ལ་གཞག་པའི་ཐབས་ཇི་ལྟར་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སེམས་ཀྱི་གཞག་ཐབས་ལ་གསུམ་སྟེ༔ ༡ ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་གཞག་སྟེ༔ དེ་ཡང་གཤོག་པ་ཐང་བཅད་དེ་ལྡིང་བ་དང༔ རྩོལ་སྒྲུབ་མེད་པར་ལྡིང༔ འོག་གི་ཡུལ་གསལ་བ་ལྟར་ལྡིང༔ འོག་མའི་ཡོན་ཏན་འདུ་བའི་ཚུལ་དུ་ལྡིང༔ སྒོ་ངའི་ནང་ནས་གཤོག་འདབ་རྒྱས་པར་ལྡིང་བ་ལྟར༔ རྣལ་འབྱོར་པས་ཀྱང་མཉམ་པར་འཇོག་པའི་དུས་སུ་ཤེས་པ་ཐང་བཅད་ལ་གཞག་པ་དང༔ རྩོལ་བ་མེད་པར་གཞག༔ ཐེག་པ་འོག་མའི་དོན་བསམ་པར་གཞག༔ འོག་མའི་ཡོན་ཏན་བསྡུ་བ་ལྟར་གཞག༔ འཁོར་བ་ན་གནས་ཀྱང་སངས་རྒྱས་ཀྱི་དགོངས་པ་དང་ལྡན་པར་གཞག༔ ༢ བྱ་ཐི་བ་ཚང་དུ་འཇུག་པ་ལྟར་གཞག་སྟེ༔ དེས་རྩིས་གདབ་མེད་པར་ཚང་དུ་འཇུག་པ་དང་འདྲ་བར༔ རྣལ་འབྱོར་པས་ཀྱང་རྟོགས་པའི་དོན་ལ་རྩིས་གདབ་མེད་པར་གཞག་པར་བྱའོ༔ ༣ བྱ་བ་བཏང་བའི་སྐྱེས་བུ་ལྟར་གཞག་སྟེ༔ དེ་སེམས་ཇི་ལྟར་གནས་པ་བཞིན་བཅོས་བསྒྱུར་མེད་པ་ལྟར༔ རྣལ་འབྱོར་པས་ཀྱང་བློ་ཇི་ལྟར་གནས་པ་བཞིན་མ་བཅོས་མ་བསྒྱུར་མ་བསླད་པར་བྱའོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བྱང་ཆུབ་སེམས་ལ་བཙའ་ཐབས་དུ་བདོག་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བཙའ་ཐབས་ལ་གསུམ་ཡོད་གསུངས༔ ༡ རྟ་རྨུ་རྒོད་ལྟར་བཙའ་བ་ནི༔ དེ་མ་ཡེངས་པར་འདུལ་བ་དང་འདྲ་བར༔ རྣལ་འབྱོར་པས་ཀྱང་ཐམས་ཅད་ཡེངས་སུ་མེད་པར་ལྟ་བའི་དོན་ལ་གནས་པར་བྱའོ༔ ༢ རིན་པོ་ཆེ་གཏེར་ལྟར་བཙའ་སྟེ༔ གནོད་པའི་རྩོལ་བ་མ་བྱས་ན༔ ཆོམ་རྐུན་གྱིས་མི་ཚུགས་པ་དང་འདྲ་བར༔ རྣལ་འབྱོར་པས་ཀྱང་ཏིང་ངེ་འཛིན་གཏང་བའི་རྩོལ་བ་མ་བྱས་ན༔ བྱིང་རྒོད་ཀྱིས་མི་ཚུགས་པར་གནས་སོ༔ ༣ རྒྱལ་པོའི་བཙུན་མོ་ལྟར་བཙའ་བ་ནི༔ དམངས་ཐམས་ཅད་རྒྱལ་པོའི་མངའ་རིས་སུ་འདུས་པས༔ བཙུན་མོ་ལ་གནོད་པ་བྱེད་མི་ནུས་པ་ལྟར༔ རྣལ་འབྱོར་པས་ཀྱང་ཆོས་ཐམས་ཅད་སེམས་སུ་རྟོགས་པས༔ རྟོག་པས་གནོད་རྒྱུ་མེད་པར་གནས་པར་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བྱང་ཆུབ་སེམས་ལ་བཅོས་ཐབས་དུ་ཡོད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བཅོས་ཐབས་གསུམ་ཡོད་གསུངས༔ ༡ ཁང་སྟོང་གི་རྐུན་མ་ལྟར་བཅོས་ཏེ༔ ཁང་སྟོང་ལ་རྐུ་རྒྱུ་མེད་པས་སླར་ལོག་པ་དང་འདྲ་བར༔ རྣལ་འབྱོར་པས་ཀྱང་རྟོག་པ་རྩིང་ཞིབ་བྱུང་བའི་ཚེ༔ དེ་བརྟགས་ཤིང་དཔྱད་པས་མ་རྙེད་པར་གནས་སོ༔ ༢ ནམ་མཁའི་སྤྲིན་ལྟར་བཅོས་པ་ནི༔ ནམ་མཁའ་ལ་སྤྲིན་བྱུང་བ་རང་ཞིར་འགྲོ་བ་ལྟར༔ རྟོག་པ་རང་ཞིར་གཞག༔ ༣ དུག་ལ་སྔགས་ཀྱིས་བཏབ་པ་ལྟར་བཅོས་ཏེ༔ དེའི་སྔགས་དང་ལྡན་པའི་སྐྱེས་བུ་ལ་དུག་གིས་གནོད་པ་མི་ནུས་པ་ལྟར༔ མན་ངག་དང་

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).