Terdzo-AI-005-2

From Rinchen Terdzö

སློབ་དཔོན་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས༔ ཆོས་འདི་ཉམས་སུ་ལེན་པའི་སྙིང་གཏམ་གྱི་ཆོས་ཡིན་པས༔ ཐུགས་སུ་ལེན་པར་མཛོད་ལེགས་སྷོ༔

slob dpon chen po sprul sku pad+ma 'byung gnas kyi bka' 'bum bzhugs pa'i dbu'i phyogs:_chos 'di nyams su len pa'i snying gtam gyi chos yin pas:_thugs su len par mdzod legs s+ho:
Alternate Title: བླ་མ་དམར་ཁྲིད་ཀྱི་ཞལ་གདམས་ཞུས་ལན་སྐོར་ (bla ma dmar khrid kyi zhal gdams zhus lan skor)

by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  བླ་མ་དམར་ཁྲིད་ཀྱི་ཞལ་གདམས་ཞུས་ལན་སྐོར་ (Bla ma dmar khrid kyi zhal gdams zhus lan skor)
Volume 60 (ཨི) / Pages 255-354 / Folios 1a1 to 50b6

[edit]

ལས་མ་བྱིན་པར་ལེན་པའི་ངོ་བོ་ནི༔ གཞན་གྱི་རྫས་བདག་གིར་བྱེད་པ་ཞིག་ཡིན་ཏེ༔ དབྱེ་ན༔ མཐུས་ལེན་པ་མངོན་སུམ་དུ་འཕྲོག་པ་ལྟ་བུ་དང༔ འཇབ་བུས་ལེན་པ་མ་ཚོར་བར་རྐུ་བ་དང༔ གཡོ་སྒྱུས་ལེན་པ་བྲེ་སྲང་གི་ཟོལ་ལ་སོགས་པ་བྱེད་པ་ཡིན༔ མཚོ་རྒྱལ་འདོད་པ་ལས་བློ་མ་ལོག་པའི་མི་ལ་སྐྱིད་མེད་གསུངས༔ དེ་རྫོགས་པར་བྱེད་པའི་ཡན་ལག་སྔར་ལྟར་བཞི་ཚང་བས་རྫོགས༔ འབྲས་བུ་ལ་གསུམ་ལས་རྣམ་པར་སྨིན་པའི་འབྲས་བུ་ཤས་ཆེ་འབྲིང་ཆུང་གསུམ་གྱིས་ངན་སོང་གསུམ་དུ་ལྷུང༔ ཁྱད་པར་དུ་ཡི་དྭགས༔ དབང་གི་འབྲས་བུ་གལ་ཏེ་མིར་སྐྱེས་སྲིད་ན་ཡང་འབྱོར་པ་ཆུང་ཞིང་རྐུ་འཕྲོག་མང་དུ་འབྱུང་བར་འགྱུར་རོ༔ རྒྱུ་མཐུན་གྱི་འབྲས་བུ་ནི་བག་ཆགས་ངན་པ་ཀུན་གཞི་ལ་སོག་པས་ཚེ་རབས་ཐམས་ཅད་དུ་ཡང་མ་བྱིན་པར་ལེན་པ་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟ་བུ་ལ་སྤྱད་པ་སྤངས་ན༔ འབྲས་བུ་ལྷ་མིའི་ལུས་བླངས་ནས་འབྱོར་པ་དང་ལྡན་པ་ལ་སོགས་པ་སྔར་ལས་ཟློག་པ་འཐོབ་པར་འགྱུར་རོ་གསུངས༔ ལུས་ཀྱི་མི་དགེ་བ་གསུམ་པ་འདོད་པས་ལོག་པར་གཡེམ་པའི་ངོ་བོ་ནི༔ འདོད་པའི་ཡུལ་རང་དབང་དུ་མ་གྱུར་པ་ལ་གཡེམ་པ་ཞིག་ཡིན༔ དབྱེ་ན༔ རྒྱལ་པོས་བསྲུངས་པ་བཙུན་མོ་ལ་འབངས་ཀྱིས་སྤྱད་དུ་མི་རུང་བའམ༔ ཁྲིམས་བཅས་པས་སྤྱད་དུ་མི་རུང་བ་ལྟ་བུའོ༔ ཕ་མས་བསྲུངས་པ་ནི༔ རྒྱ་གར་པ་བབ་ཅོལ་དུ་སྤྱད་དུ་མེད་དེ༔ ཕོ་མོ་ཁྱིམ་དུ་མ་བསྟུན་གྱི་བར་ལ་ཕ་མས་བསྲུངས་པ་ལྟ་བུ་ལ་སྤྱད་པའོ༔ མི་ཆོས་ཀྱིས་བསྲུངས་པ་ཞེས་བྱ་སྟེ༔ མ་སྲིང་ལ་སོགས་པའི་ངོ་ཚ་བའི་གནས་ལ་སྤྱད་དུ་མི་རུང་བའོ༔ ལྷ་ཆོས་ཀྱིས་བསྲུངས་པ་ཞེས་བྱ་སྟེ༔ སློབ་དཔོན་གྱི་ཕྱག་རྒྱ་མའམ༔ འདུལ་ཁྲིམས་ཅན་ལ་སོགས་པ་ཡིན༔ སྐྱེས་བུ་ཆགས་པ་ཅན་གྱིས་ཐར་པའི་ལམ་སྣ་མི་ཟིན༔ མཚོ་རྒྱལ་གཉེན་པོས་སླེབ་པར་གྱིས་ཤིག་གསུངས༔ བདག་གི་དབང་དུ་བྱས་པའི་གྲོགས་ལའང་སྤྱད་དུ་མི་རུང་བའི་སྐབས་ཡོད་དེ༔ དུས་མི་རུང་བ་ཉ་སྟོང་བརྒྱད་གསུམ་ལ་མི་རུང༔ གནས་དཀོན་མཆོག་སྤྱན་སྔར་མི་རུང༔ ཡན་ལག་མ་ཡིན་པ་བྱོལ་སོང་གི་སྤྱོད་ཚུལ་ལ་སོགས་པ་མི་རུང་ངོ༔ མཚོ་རྒྱལ་ལར་སྐྱེས་བུ་ཁྱིམ་ཐབ་མ་སྤང་བ་བདུད་ཀྱི་ར་བར་ཚུད་པ་ཡིན་གསུངས༔ དེ་ཡང་རྫོགས་པར་བྱེད་པའི་ཡན་ལག་སྔར་ལྟར་བཞི་ཚང་བས་རྫོགས༔ འབྲས་བུ་ལ་ཡང་གསུམ༔ ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ངན་སོང་གསུམ་དུ་སྐྱེ༔ གལ་ཏེ་མཐོ་རིས་ཐོབ་སྲིད་ན་ཡང་ཁྱོ་ཤུག་འཐབ་འདོད་པ་ལ་སོགས་པར་འགྱུར༔ དབང་གི་འབྲས་བུ་ནི་ཚེ་རབས་སུ་ཡང་བདག་གི་མཆིས་བྲང་སྙིང་རིང་ཞིང་ལོག་པ་སྣ་ཚོགས་བྱེད༔ རྒྱུ་མཐུན་གྱི་འབྲས་བུ་བག་ཆགས་ངན་པས་འདོད་ལོག་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟ་བུ་ལ་སྤྱད་པ་སྤངས་ན་འབྲས་བུ་དེ་ལས་ཟློག་པ་འཐོབ་པར་འགྱུར་བས་སྤང་བ་གལ་ཆེ་གསུངས༔ གཉིས་པ་ངག་གི་མི་དགེ་བ་ལ་བཞི་སྟེ༔ དང་པོ་རྫུན་དུ་སྨྲ་བའི་ངོ་བོ་ནི༔ དངོས་པོའི་ཆོས་ལ་མི་གནས་པ་ལ༔ དེར་ངག་གིས་རྗོད་པ༔ དབྱེ་ན༔ ཕན་གནོད་མེད་པའི་རྫུན་རྒན་པོ་རྫུན་བྱེད་པ་ལྟ་བུ་དང༔ ཕན་གནོད་ཡོད་པའི་རྫུན་ཡུལ་གཅིག་ལ་ཕན་པ་གཅིག་ལ་གནོད་པའི་རྫུན་དང༔ མི་ཆོས་བླ་མའི་རྫུན་ཞེས་ཏེ་བདག་གི་རྒྱུད་ལ་མེད་པའི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཡོད་པར་སྨྲ་བ་རྣམས་ཡིན་ཏེ༔ མཚོ་རྒྱལ་མ་བརྟགས་པའི་བརྗོད་པ་མ་མང་ཞིག་གསུངས༔ དེ་རྫོགས་པར་བྱེད་པའི་ཡན་ལག་སྔར་ལྟར་བཞི་ཚང་བས་རྫོགས༔ འབྲས་བུ་ལ་གསུམ་ལས༔ རྣམ་པར་སྨིན་པའི་འབྲས་བུ་ངན་སོང་གསུམ་དུ་ལྷུང༔ དབང་གི་འབྲས་བུ་གལ་ཏེ་མིར་སྐྱེས་ན་ཡང་ངག་མི་བཙན་པར་འགྱུར༔ རྒྱུ་མཐུན་པའི་འབྲས་བུ་ཚེ་རབས་སུ་ཡང་རྫུན་སྨྲ་བ་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟ་བུ་སྤངས་ན་འབྲས་བུ་དེ་ལས་ཟློག་པ་འཐོབ་པར་འགྱུར་བས་སྤང་བ་གལ་ཆེ་གསུངས༔ ངག་གི་མི་དགེ་བ་གཉིས་པ་ཕྲ་མའི་ངོ་བོ་ནི༔ གཞན་གྱི་མཛའ་བོ་དབྱེ་བ་ཞིག་ཡིན༔ དབྱེ་ན༔ བཙན་ཕྲ་ཞེས་བྱ་སྟེ་ངོས་རྒོལ་དང༔ གཞོགས་ཕྲ་སྟེ་ཟུར་ཟློས་བྱེད་པ་དང༔ ལྐོག་ཕྲ་སྟེ་གཞན་ལ་སོ་སོར་སྒྲོག་པ་རྣམས་ཡིན་ཏེ༔ མཚོ་རྒྱལ་ཚོ་གཟུང་མ་ནུས་པའི་མི་ལ་སྐྱིད་མེད་གསུངས༔ ཡན་ལག་སྔར་དང་འདྲ༔ འབྲས་བུ་གསུམ་ལས༔ རྣམ་པར་སྨིན་པའི་འབྲས་བུ་ངན་སོང་གསུམ་དུ་ལྷུང༔ དབང་གི་འབྲས་བུ་ནི་མི་ལུས་ཐོབ་སྲིད་ན་ཡང་མཛའ་བོ་ཉུང་བ་དང༔ འཐབ་ཟླ་མང་བ་དང༔ རྟག་ཏུ་གྱོད་སྣ་མང༔ ཀུན་གྱི་ཡིད་དུ་མི་འོང༔ དོན་མེད་པར་འགྱུར༔ རྒྱུ་མཐུན་ཚེ་རབས་སུ་ཕྲ་མ་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་བདག་ཅག་གིས་དེ་ལྟ་བུ་སྤངས་ན་འབྲས་བུ་དེ་ལས་ཟློག་པར་འཐོབ་པས་སྤང་བ་གལ་ཆེ་གསུངས༔ ངག་གི་མི་དགེ་བ་གསུམ་པ་ཚིག་འཁྱལ་བའི་ངོ་བོ་ནི༔ ངལ་བ་ཆུད་ཟོས་པ་ཞིག༔ དབྱེ་ན༔ མི་དཔོན་དང༔ སྒྲུང་ལྡེའུ་དང༔ བྲེ་མོའི་གཏམ་མོ༔ ཡན་ལག་སྔར་ལྟར་བཞིས་རྫོགས༔ འབྲས་བུ་གསུམ་ལ༔ རྣམ་པར་སྨིན་པའི་འབྲས་བུ་ངན་སོང་གསུམ་དུ་སྐྱེ༔ དབང་གི་འབྲས་བུ་མིར་སྐྱེ་སྲིད་ན་ཡང་ཚིག་མི་བཙུན་པ་དང༔ སྨོད་ཚིག་ཅན་དང༔ འཁྱལ་པར་འགྱུར༔ རྒྱུ་མཐུན་ཚེ་རབས་སུ་ཚིག་ཀྱལ་པ་སྨྲ་བ་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟ་བུ་སྤངས་ན་འབྲས་བུ་དེ་ལས་ཟློག་པ་འཐོབ་པས་དོན་མེད་ཀྱི་ལོང་གཏམ་ལ་མ་དགའ་གསུངས༔ ངག་གི་མི་དགེ་བ་བཞི་པ་ཚིག་རྩུབ་ཀྱི་ངོ་བོ་ནི༔ གཞན་ཞེ་གཅོད་པའི་ངག༔ དབྱེ་ན༔ ངོར་མཚང་འབྲུ་བ༔ བརྒྱུད་དེ་ཞེ་གཅོད་པ༔ ལྐོག་ཏུ་ཞེ་གཅོད་པ་རྣམས་ཡིན༔ མཚོ་རྒྱལ་རང་རྒྱུད་གཞན་རྒྱུད་གཉིས་ཀ་མེས་མ་སྲེགས་ཤིག༔ ཚིག་རྩུབ་ཀྱི་མཚོན་གྱིས་ཐར་པའི་སྲོག་གཅོད་གསུངས༔ ཡན་ལག་བཞིས་རྫོགས༔ འབྲས་བུ་གསུམ་ལ༔ རྣམ་སྨིན་ངན་སོང་གསུམ་དུ་སྐྱེ༔ དབང་གི་འབྲས་བུ་མིར་སྐྱེ་ན་ཡང་ཅི་སྨྲས་གཞན་གྱི་ཞེ་གཅོད་ལ་ཕོག་པ་དང་རྟག་ཏུ་ཞེ་གཅོད་དུ་འོང༔ རྒྱུ་མཐུན་འབྲས་བུ་ཚིག་རྩུབ་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟ་བུ་སྤངས་ན་འབྲས་བུ་དེ་ལས་ཟློག་པ་འཐོབ་སྟེ༔ དུས་ངན་གྱི་སེམས་ཅན་ལ་སྐྱིད་མི་གདའ་གསུངས༔ གསུམ་པ་ཡིད་ཀྱི་མི་དགེ་བ་ལ་གསུམ་སྟེ༔ དང་པོ་བརྣབ་སེམས་ཀྱི་ངོ་བོ་ནི༔ ཕུན་སུམ་ཚོགས་པ་ལ་ཆགས་པ༔ དབྱེ་ན༔ བདག་གི་ལ་ཡོད་པ༔ གཞན་ལ་མི་གཏོང་བ༔ གཞན་གྱི་བདག་གི་དབང་དུ་བྱ་བར་འདོད་པ༔ དེ་གཉིས་ཀ་མ་ཡིན་པའི་ཕུན་སུམ་ཚོགས་པ་ལ་ཆགས་པ་རྣམས་ཡིན་ཏེ༔ མཚོ་རྒྱལ་ཟང་ཟིང་གི་ལོངས་སྤྱོད་ལ་བདག་ཏུ་མ་ཞེན་ཅིག༔ མི་རྟག་པ་རྒྱུད་ལ་མ་སྐྱེས་པའི་ཆོས་པ་ལ་སྐྱིད་མེད་དོ་གསུངས༔ ཡན་ལག་བཞིས་རྫོགས༔ རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ༔ དབང་གི་འབྲས་བུ་མིར་སྐྱེས་ན་ཡང་རྟག་ཏུ་ཡུལ་ངན་པ་བཀྲེས་པ་དང་སྐོམ་པ་དང་བཅས་པར་འགྱུར༔ རྒྱུ་མཐུན་ཚེ་རབས་སུ་བརྣབ་སེམས་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟ་བུ་སྤང་བ་གལ་ཆེ་གསུངས་སོ༔ གཉིས་པ་གནོད་སེམས་ཀྱི་ངོ་བོ་ནི༔ གཞན་ལ་བསམ་ངན་འཆང་བ༔ དབྱེ་ན༔ ཞེ་སྡང་གི་ཆ་ལས་བྱུང་བ་དང༔ འཁོན་དུ་འཛིན་པའི་ཆ་ལས་བྱུང་བ་དང༔ ཕྲག་དོག་གི་ཆ་ལས་བྱུང་བ་གསུམ་ཡིན་ཏེ༔ མཚོ་རྒྱལ་རང་སྡུག་རང་ལ་གནོད་པའི་ལས་མ་བྱེད་ཅིག་གསུངས༔ ཡན་ལག་བཞིས་རྫོགས༔ རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ་དུ་སྐྱེ༔ དབང་གི་འབྲས་བུ་མིར་སྐྱེ་སྲིད་ན་ཡང་ཉེས་པ་མེད་པར་གཞན་སྡང་བ་དང༔ རྟག་ཏུ་སྨྲ་མང་ཁ་མཆུ་མང་བར་འགྱུར༔ རྒྱུ་མཐུན་འབྲས་བུ་གནོད་སེམས་ཅན་དུ་འགྱུར་རོ༔ མཚོ་རྒྱལ་གནོད་སེམས་འདི་མ་སྤང་ན་ཐེག་པ་ཆེ་ཆུང་གང་ཡང་མི་མཆི་གསུངས༔ གསུམ་པ་ལོག་པར་ལྟ་བའི་ངོ་བོ་ནི༔ བདེན་པའི་དོན་ལས་ཕྱིན་ཅི་ལོག་པ༔ དབྱེ་ན༔ སྒྲོ་སྐུར་འདོགས་པ་དང༔ མུ་སྟེགས་ལྟར་རྟག་ཆད་དུ་ལྟ་བ་དང༔ ཁྱི་དང་བྱའི་དཀའ་ཐུབ་ལ་སོགས་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༔ འཇིག་ཚོགས་ལ་ལྟ་བ་རྣམས་ཡིན་ཏེ༔ མཚོ་རྒྱལ་ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་ཤེས་པ་རང་ཡང་ཉུང་བར་འདུག་ན་གསུངས༔ ཡན་ལག་བཞིས་རྫོགས༔ རྣམ་སྨིན་འབྲས་བུ་ངན་སོང་གསུམ་དུ་སྐྱེ༔ དབང་གི་འབྲས་བུ་མིར་སྐྱེས་སྲིད་ན་ཡང་ཡུལ་མཐའ་འཁོབ་ཀླ་ཀློ་ལ་སོགས་པ་དཀོན་མཆོག་གི་སྒྲ་ཡང་མི་ཐོས་པར་སྐྱེ༔ རྒྱུ་མཐུན་ལོག་པར་ལྟ་བའི་བག་ཆགས་ཀུན་གཞི་ལ་འཐས་ནས་ལོག་པར་ལྟ་བ་ལ་དགའ་བར་འགྱུར་རོ༔ མཚོ་རྒྱལ་དེ་ལྟར་མི་དགེ་བ་བཅུ་པོ་འདི་ནི་འཕགས་པ་རྣམས་ཀྱིས་སྨད་པ་དང༔ མཁས་པ་རྣམས་ཀྱིས་སྤངས་པ་དང༔ ལྷ་མི་དལ་འབྱོར་ཁྱད་པར་ཅན་ཐོབ་པ་རྣམས་ཀྱིས་སྤྱད་པར་བྱ་བ་མ་ཡིན་པས་སྤོངས་ཤིག༔ དགེ་སྡིག་ངོ་མི་ཤེས་པ་རང་ཡང་མང༔ བདག་ཅག་སངས་རྒྱས་ཀྱི་བསྟན་པ་ལ་ནི་ཞུགས༔ ལས་དགེ་སྡིག་རྒྱུ་འབྲས་ཤེས་བཞིན་དུ་མི་དགེ་བ་སྤྱོད་པ་འདི་རྣམས་དུད་འགྲོ་དང་ཁྱད་མེད་དོ་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ དེ་དག་སྤངས་ན་འབྲས་བུ་ཅི་ཐོབ་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ རྣམ་སྨིན་འབྲས་བུ་ལྷ་མིར་སྐྱེ༔ ཚངས་པ་བཞིན་དུ་དབྱངས་སྙན༔ བརྒྱ་བྱིན་བཞིན་དུ་གཟུགས་བཟང༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་ལོངས་སྤྱོད་དང་ལྡན་པར་འགྱུར་རོ༔ དབང་གི་འབྲས་བུ་ཐོས་པ་འཛིན་ཞིང་ཤེས་རབ་དང༔ སངས་རྒྱས་ཀྱིས་བསྟན་པའི་ཆོས་རྣམས་དང་འཕྲད་པར་འགྱུར་བ་དང༔ མཐར་བྱང་ཆུབ་གསུམ་གྱི་གོ་འཕང་འཐོབ་པར་འགྱུར་རོ༔ རྒྱུ་མཐུན་འབྲས་བུ་ཚེ་རབས་ཐམས་ཅད་དུ་མི་དགེ་བཅུ་སྤང་བ་ལ་བརྩོན་པར་འགྱུར་རོ༔ ཇོ་མོས་ཞུས་པ༔ དེ་ལྟ་བུའི་མི་དགེ་བ་བཅུ་པོ་ལ༔ སྡིག་པ་ཆེ་ཆུང་གི་ཁྱད་པར་མཆིས་སམ་མ་མཆིས༔ སློབ་དཔོན་གྱིས་གསུང་པ༔ དེ་ལ་ཁྱད་པར་ཡོད་དེ༔ སྤྱིར་ཉོན་མོངས་པའི་སྒོ་ནས་དབྱེ་བ་ནི༔ ཞེ་སྡང་གི་སྒོ་ནས་མི་དགེ་བ་བཅུ་སྤྱད་ན་དམྱལ་བ༔ འདོད་ཆགས་ཀྱི་སྒོ་ནས་ཡི་དྭགས༔ གཏི་མུག་གིས་སྤྱད་ན་དུད་འགྲོར་སྐྱེའོ༔ ཡུལ་གྱི་སྒོ་ནས་ཆེ་ཆུང་གི་ཁྱད་པར་ཡོད་དེ༔ ཡུལ་ཁྱད་པར་ཅན་ལ་མི་དགེ་བ་བཅུ་སྤྱད་པས་དམྱལ་བ༔ ཡུལ་ཐ་མ་ལ་ཡི་དྭགས༔ ཡུལ་དམན་པས་དུད་འགྲོར་སྐྱེ་བར་འགྱུར༔ དེ་ཡང་བྱེ་བྲག་ཏུ་སྲོག་གཅོད་པའི་ནང་ནས་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སྲོག་དང་ཕྲལ་བའི་སྡིག་པ་རྣམ་སྨིན་ཆེ༔ མ་བྱིན་པར་ལེན་པའི་ནང་ནས་དཀོན་མཆོག་གི་དཀོར་ལ་རྐུ་བ་སྡིག་ཆེ༔ འདོད་ལོག་གི་ནང་ནས་དགྲ་བཅོམ་མ་ལ་སྤྱད་ན་སྡིག་ཆེ༔ རྫུན་གྱི་ནང་ནས་བླ་མ་དང་དགེ་འདུན་མཆོད་པར་འོས་པའི་མགོ་བསྐོར་བ་སྡིག་ཆེ༔ ཕྲ་མའི་ནང་ནས་དགེ་འདུན་གྱི་དབྱེན་བྱས་པ་སྡིག་ཆེ༔ ཚིག་རྩུབ་ཀྱི་ནང་ནས་དགེ་འདུན་ལ་མི་སྙན་པར་བརྗོད་པ་སྡིག་ཆེ༔ ངག་འཁྱལ་གྱི་ནང་ནས་དགེ་སློང་མ་བསམ་གཏན་གཉིས་མེད་ཀྱི་དོན་སྒོམ་པའི་བློ་དཀྲུགས་པ་སྡིག་ཆེ༔ བརྣབ་སེམས་ཀྱི་ནང་ནས་དཀོན་མཆོག་གི་ནོར་ལ་བརྣབ་པ་སྡིག་ཆེ༔ གནོད་སེམས་ཀྱི་ནང་ནས་མཚམས་མེད་པ་ལྔ་ཤོམ་པ་སྡིག་ཆེ༔ ལོག་ལྟའི་ནང་ནས་ཡང་དག་པའི་དོན་ལ་སྐུར་པ་འདེབས་པ་སྡིག་ཆེ༔ མཚོ་རྒྱལ་ལས་དེ་ལྟ་བུ་ནི་སྲོག་ལ་བབས་ཀྱང་མི་རུང་གསུངས༔ སྤྱིར་བསྟན་ན་མི་དགེ་བ་བཅུ་ཉིད་ལ་ཡང་ཁྱད་ཡོད་དེ༔ སྲོག་གཅོད་པ༔ ཕྲ་མ༔ ཚིག་རྩུབ༔ གནོད་སེམས་བཞིས་དམྱལ་བ༔ འདོད་ལོག༔ མ་བྱིན་པར་ལེན་པ༔ བརྣབ་སེམས་གསུམ་གྱིས་ཡི་དྭགས༔ རྫུན༔ ངག་འཁྱལ༔ ལོག་ལྟ་གསུམ་གྱིས་དུད་འགྲོར་སྐྱེའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གཉིས་པ་དང་དུ་བླང་བའི་གཉེན་པོ་དགེ་བཅུ་ཇི་ལྟར་བརྟེན༔ སློབ་དཔོན་གྱིས་གསུང་པ༔ དགེ་བ་བཅུ་ལ་དོན་བཞི་སྟེ༔ དང་པོ་ངོ་བོ་ནི་མངོན་མཐོ་སྐྱེད་པར་བྱེད་པའི་ལུས་ངག་ཡིད་གསུམ་དག་པ་ཞིག་ཡིན༔ གཉིས་པ་ངེས་ཚིག་ནི་དལ་འབྱོར་ཐོབ་པའི་གང་ཟག་གིས་ཚུལ་བཞིན་དུ་སྤྱད་ན༔ ཡིད་ལ་འདོད་པའི་འབྲས་བུ་སྟེར་བར་བྱེད་པས་ན་དགེ་བ་ཞེས་བྱ༔ གསུམ་པ་དབྱེ་ན༔ མི་དགེ་བ་བཅུ་ལས་ལོག་པའི་དགེ་བ་སྟེ་སྲོག་འདོན་བྱ་བ་དང༔ སྦྱིན་པ་རྒྱ་ཆེན་པོ་གཏོང་བ་དང༔ ཚངས་པར་སྤྱོད་པ་ལ་གནས་པ་དང༔ བདེན་པར་སྨྲ་བ་དང༔ འཐབ་པ་རྣམས་སྡུམ་པ་དང༔ ཞི་ཞིང་དུལ་བར་སྨྲ་བ་དང༔ གསོང་པོར་སྨྲ་བ་དང༔ སེམས་ཅན་རྣམས་ལ་བྱམས་པར་བྱ་བ་དང༔ ཆགས་པ་མེད་པར་བྱ་བ་དང༔ ལས་འབྲས་དང་ཡང་དག་པའི་དོན་ལ་ཐེ་ཚོམ་དང་བྲལ་བར་བྱ་བའོ་གསུངས༔ བཞི་པ་དེ་དག་རྒྱུད་ལ་གནས་པར་བྱེད་པའི་གྲོགས་ལ་བཅུ་སྟེ༔ ཡང་དག་པའི་ཆོས་ལ་དད་པ་དང༔ ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པ་དང༔ རྒྱན་པོ་མི་འགྱེད་ཅིང་རྩོད་པ་མེད་པ་དང༔ ཁྲོམ་འདུས་པ་ལ་མི་བལྟ་བ་དང༔ རྟག་ཏུ་བག་ཡོད་པར་སྤྱད་པ་དང༔ ལེ་ལོ་མེད་པ་དང༔ སྡིག་པའི་གྲོགས་དང་མི་འགྲོགས་པ་དང༔ ལུས་ངག་ཡིད་གསུམ་ཤིན་ཏུ་སྦྱང་བ་དང༔ སྐྱེ་མཆེད་མུ་བཞི་སྒོམ་པ་དང༔ ཁྱད་པར་དུ་ཡིད་འཕགས་པའི་ལམ་ལ་དམིགས་པའོ༔ མཚོ་རྒྱལ་དེ་ལྟར་སྤྱོད་ཅིག་མངོན་པར་མཐོ་བའི་འབྲས་བུ་ལ་ཐེ་ཚོམ་མེད་ཀྱི་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསུམ་པ་བྱ་བ་ལ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཇི་ལྟར་ལགས༔ སློབ་དཔོན་གྱིས་གསུང་པ༔ བྱ་བ་ལ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་ལ་དོན་ལྔ་སྟེ༔ དང་པོ་སྤྱིའི་ངོ་བོ་ནི་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ལམ་གྱི་རང་བཞིན་ཞིག་ཡིན༔ གཉིས་པ་ངེས་ཚིག་ནི་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ལས་འདས་པ་ཆེན་པོར་ཕྱིན་པར་བྱེད་པའོ༔ གསུམ་པ་ལས་ནི་ཚོགས་གཉིས་རྫོགས་ནས་སེམས་ཅན་གྱི་དོན་ཆེད་སྒྲུབ་པར་བྱེད་པའོ༔ བཞི་པ་དབྱེ་བ་ལ་སྤྱི་དང་བྱེ་བྲག་གཉིས་ལས༔ སྤྱིར་དབྱེ་ན༔ སྦྱིན་པ་དང༔ ཚུལ་ཁྲིམས་དང༔ བཟོད་པ་དང༔ བརྩོན་འགྲུས་དང༔ བསམ་གཏན་དང༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་གསུངས༔ བྱེ་བྲག་ཏུ་དབྱེ་ན༔ སྦྱིན་པ་ལ་གསུམ་སྟེ༔ ཆོས་ཀྱི་སྦྱིན་པ་དང༔ ཟང་ཟིང་གི་སྦྱིན་པ་དང༔ མི་འཇིགས་པའི་སྦྱིན་པ་དང་གསུམ་ཡིན་གསུངས༔ ཚུལ་ཁྲིམས་ལ་ཡང་གསུམ་སྟེ༔ སྡོམ་པའི་ཚུལ་ཁྲིམས་དང༔ དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་གསུམ་ལས༔ རིམ་བཞིན་མི་དགེ་བ་བཅུ་སྡོམ་པ་དང༔ ཕ་རོལ་ཏུ་ཕྱིན་པ་དྲུག་དང༔ བསྡུ་བའི་དངོས་པོ་བཞི་ཡིན་གསུངས༔ བཟོད་པ་ལ་ཡང་གསུམ་སྟེ༔ འཁོར་བ་སྤོང་བ་ལ་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང༔ སེམས་ཅན་གྱི་དོན་སྒྲུབ་པ་ལ་དཀའ་བ་དང་དུ་ལེན་པའི་བཟོད་པ་དང༔ ཆོས་ལ་ངེས་པར་སེམས་པ་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་གསུམ་ཡིན་གསུངས༔ བརྩོན་འགྲུས་ལ་ཡང་གསུམ་སྟེ༔ ཐེག་པ་ཆེན་པོའི་ཆོས་ལ་སྦྱོར་བའི་བརྩོན་འགྲུས་དང༔ གོ་ཆས་མི་མཐུན་པ་ཟློག་པའི་བརྩོན་འགྲུས་དང༔ རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སྒྲུབ་པ་ལ་ཆོག་མི་ཤེས་པའི་བརྩོན་འགྲུས་སོ་གསུངས༔ བསམ་གཏན་ལ་ཡང་གསུམ་ཏེ༔ འཇིག་རྟེན་པའི་ཡང་དག་གི་ལམ་ལ་དམིགས་པའི་བསམ་གཏན་དང༔ འཇིག་རྟེན་ལས་འདས་པའི་ལམ་ལ་དམིགས་པའི་བསམ་གཏན་དང༔ དམིགས་པ་ཐུན་མོང་གི་བསམ་གཏན་དང་གསུམ་ཡིན་གསུངས༔ ཤེས་རབ་ལ་ཡང་གསུམ་སྟེ༔ ཆོས་ཅན་དམིགས་སུ་མེད་པར་རྟོགས་པའི་ཤེས་རབ་དང༔ ཆོས་ཉིད་དམིགས་སུ་མེད་པར་རྟོགས་པའི་ཤེས་རབ་དང༔ གཉིས་ཀ་མཉམ་པ་ཆེན་པོར་རྟོགས་པའི་ཤེས་རབ་དང་གསུམ་ཡིན་གསུངས༔ ལྔ་པ་དེ་དག་རྒྱུད་ལ་བརྟེན་པའི་ཐབས་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་བཞི་ཚང་བར་ཤེས་དགོས་ཏེ༔ ལན་ལ་རེ་བ་མེད་པའི་སྦྱིན་པས་སེར་སྣ་དང་དབུལ་བ་འཇོམས་པས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༔ སོ་སོ་སྐྱེ་བོ་དང་ཐེག་པ་དམན་པའི་བསམ་པ་དང་བྲལ་བས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་རྒྱུན་གཅོད་པར་གྱུར་ཅིག་སྙམ་པས་གཏོང་བས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༔ འཁོར་གསུམ་ཡོངས་སུ་དག་པར་གཏོང་བས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་གསུངས༔ དེ་བཞིན་དུ་འཁོར་བའི་འབྲས་བུ་འདོད་པ་མ་ཡིན་པའི་ཚུལ་ཁྲིམས་ཀྱིས་མི་དགེ་བ་འཇོམས་པས་སྟོབས༔ ཆོས་བརྒྱད་ཀྱི་བསམ་པ་དང་བྲལ་བར་སྲུང་བ་ཐབས༔ བདག་གཅིག་པུ་ལྷ་མི་འདོད་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་རྒྱུན་ཆད་པར་མ་གྱུར་ཅིག་སྙམ་པས་སྨོན་ལམ༔ འཁོར་གསུམ་མི་དམིགས་པས་ཟིན་པ་ཡེ་ཤེས་སོ༔ ཀུན་ལ་སྙོམས་པའི་བཟོད་པས་ཁོང་ཁྲོ་འཇོམས་པས་སྟོབས༔ གཡོ་སྒྱུ་ལ་སོགས་པ་འཇིག་རྟེན་པའི་ཆེད་དུ་མ་ཡིན་པ་ཐབས༔ བདག་གཅིག་པུ་ལྷ་མིའི་གཟུགས་བཟང་པོ་འདོད་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱང་མི་སྡུག་པ་རྣམས་ཞི་བར་གྱུར་ཅིག་སྙམ་པ་སྨོན་ལམ༔ དེ་དག་འཁོར་གསུམ་མི་དམིགས་པས་ཟིན་པ་ཡེ་ཤེས་སོ༔ ཡོན་ཏན་རྗེས་སུ་དྲན་པའི་བརྩོན་འགྲུས་ཀྱིས་ལེ་ལོ་འཇོམས་པས་སྟོབས༔ གཞན་དང་གཞན་དུ་རེ་བ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་དང་བྱ་བ་མ་ཡིན་པ་ངེས་པ་ཐབས༔ སེམས་ཅན་གྱི་ལེ་ལོ་རྒྱུན་བཅད་དེ་ཡང་དག་པའི་ལམ་ལ་རྩོལ་བར་གྱུར་ཅིག་སྙམ་པས་སྨོན་ལམ༔ འཁོར་གསུམ་མི་དམིགས་པས་ཟིན་པ་ཡེ་ཤེས་སོ༔ གཟུགས་མེད་སྤངས་པའི་བསམ་གཏན་གྱིས་གཡེང་བ་འཇོམས་པས་སྟོབས༔ ལྷ་མིའི་གོ་འཕང་འདོད་པ་མ་ཡིན་པར་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་སྒྲུབ་པའི་ཕྱིར་ཐབས༔ སེམས་ཅན་ཐམས་ཅད་ཀྱི་རྣམ་པར་གཡེང་བ་རྒྱུན་ཆད་པར་གྱུར་ཅིག་སྙམ་པས་སྨོན་ལམ༔ དེ་ཡང་འཁོར་གསུམ་ཡོངས་སུ་མི་དམིགས་པའི་ཡེ་ཤེས་སོ༔ སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་གྱི་ཤེས་རབ་ཀྱིས་མཚན་མའི་སྤྲོས་པ་འཇོམས་པར་བྱེད་པས་སྟོབས༔ དེ་ཉིད་དང་དུས་གསུམ་དུ་འབྲལ་བ་མེད་པས་ཐབས༔ བདག་གཞན་ཐམས་ཅད་ཡང་དག་པའི་དོན་རྟོགས་པར་གྱུར་ཅིག་སྙམ་པས་སྨོན་ལམ༔ རང་གི་སེམས་ཉིད་ཡེ་ནས་ཤེས་རབ་དེ་ལྟ་བུའི་རང་བཞིན་ཡིན་པ་ལ་ཡིན་པར་ཤེས་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ མཚོ་རྒྱལ་དེ་ལྟར་མ་ཡེངས་པར་ཉམས་སུ་ལོངས་ཤིག༔ འབྲས་བུ་ངན་སོང་ལས་ཐར་ཏེ་ལྷ་མི་ཁྱད་པར་ཅན་ཐོབ་ནས་ལམ་མཐར་ཕྱིན་ཏེ༔ མྱུར་དུ་སངས་རྒྱས་ནས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་དེད་དཔོན་ཆེན་པོར་འགྱུར་གྱིས་གསུངས༔ བཅུ་གཅིག་པ་གཏོང་ཐོབ་ཀྱི་ས་མཚམས་ནི༔ ཐོབ་པའི་དུས་ནི་བསོད་ནམས་ཀྱི་ཚོགས་མང་པོ་བསགས་ནས་རྒྱུད་ཡོངས་སུ་དག་པར་སྦྱངས་ཏེ༔ སེམས་ཅན་གྱི་དོན་ཕྱིན་ཅི་མ་ལོག་པར་བྱ་དགོས་པའི་བསམ་པ་སྐྱེས་པ་དང༔ ཆོ་ག་རྫོགས་པའི་བརྗོད་པ་གསུམ་གྱི་ཐ་མ་ལ་འཐོབ༔ གཏོང་བའི་དུས་ནི་ལོག་ལྟ་སྐྱེས་པས་དཀོན་མཆོག་གསུམ་སྤངས་ཏེ༔ བསླབ་བྱ་ལས་འདས་ན་འཆོར་བས་དྲན་པ་དང་ཤེས་བཞིན་གྱི་བྱ་ར་བས་འབད་པ་འདོན་པ་གལ་ཆེའོ་གསུངས༔ བཅུ་གཉིས་པ་ཉམས་ན་གསོ་བའི་ཐབས་ནི༔ རྩ་བ་ཉམས་ན་སྔར་ལྟར་བླང་དགོས༔ ཡན་ལག་ཉམས་ན་སློབ་དཔོན་དང་དཀོན་མཆོག་སྤྱན་སྔར་བཤགས་པར་བྱའོ་གསུངས༔ ࿊ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གཉིས་པ་ནང་ལྟར་སེམས་བསྐྱེད་པ་ལ་ཇི་ལྟར་བསླབ་ཅེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དེ་ཡང་བསླབ་པའི་ཚུལ་ཁྲིམས་ལ་བཅུ་གཉིས་ཡོད་གསུངས༔ དེ་ལས་དང་པོ་ངོ་བོ་ནི༔ ཆོས་ཉིད་ཡང་དག་པའི་དོན་སྤྲོས་པ་དང་བྲལ་བ་ཡིན་པ་ལ༔ དེ་ལྟར་མ་རྟོགས་པ་རྣམས་ལ་ཕན་སེམས་བསྐྱེད་པ་ཡིན༔ གཉིས་པ་ངེས་ཚིག་ནི༔ དེ་ལྟ་བུ་དེ་ཕྱི་ལུས་ངག་གི་བྱ་བ་ལ་མི་ལྟོས་པར་སེམས་ཁོ་ནས་བསྐྱེད་པའི་ཕྱིར་ནང་ཞེས་བྱ་སྟེ༔ དེ་རང་ཡང་མི་ནུས་གསུངས༔ གསུམ་པ་དབྱེ་བ་ནི༔ སྨོན་འཇུག་གཉིས་ཏེ༔ དེ་ཡང་སྨོན་པ་ནི༔ དེ་ལྟར་སེམས་ཅན་མ་རྟོགས་པ་རྣམས་ཀྱིས་དེ་ལྟར་རྟོགས་པར་འདོད་པ་ཞིག་ཡིན་ཏེ༔ དེ་ཡང་ཁ་འཁུན་ཞིང་བསྡད་པས་མི་ཆོག༔ སེམས་ཅན་ཐམས་ཅད་ཀྱིས་དེ་ཐོབ་པར་བྱེད་པའི་ཐབས་ལ་ཅི་ནས་ཀྱང་འབད་པ་གལ་ཆེ་སྟེ༔ མཚོ་རྒྱལ་གཉིས་འཛིན་དང་མ་བྲལ་བར་དུ་འཇུག་པ་ཉིད་ཀྱང་དཀའ་གསུངས༔ བཞི་པ་བསླབ་པ་ལ་འཇུག་པའི་གང་ཟག་གི་མཚན་ཉིད་ནི༔ སྔར་བཤད་པ་ལྟ་བུའི་སྟེང་དུ་རྟོག་པའི་སྤྲོས་པ་ཆུང་བ་ཞིག་དགོས༔ མཚོ་རྒྱལ་སེམས་ངལ་སོར་ཆུག་གསུངས༔ ལྔ་པ་བླང་བའི་ཡུལ་ནི༔ བླ་མ་ཤེས་རབ་རྣམ་གསུམ་ལ་བསླབ་པར་བྱ་ཞིང༔ བདག་མེད་གཉིས་ཀྱི་དོན་རྟོགས་སྟེ༔ ཆོས་བརྒྱད་དང་བྲལ་བ་ལས་བླང་དགོས༔ མཚོ་རྒྱལ་ཐེག་པ་ཆེན་པོའི་ཆོས་ལ་ཞུགས་པ་ལ་བླ་མ་གལ་ཆེ་འོ་གསུངས༔ དྲུག་པ་བླང་བའི་ཆོ་ག་ནི༔ འཁོར་གསུམ་ཡོངས་དག་བྱས་ནས༔ འཇིག་རྟེན་གྱི་བྱ་བ་མཐའ་དག་བློས་བཏང་སྟེ༔ ཡང་དག་པའི་གདམས་ངག་ཞུ་གསུངས༔ བདུན་པ་བསླབས་པའི་ཕན་ཡོན་ནི་ལམ་ལོག་པ་དང་ཐེག་པ་དམན་པ་ལས་ཁྱད་དུ་འཕགས་ཏེ༔ ང་བདག་དང་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་སྤངས་ནས་བདག་མེད་པའི་དོན་རྟོགས་པའི་དགོས་པ་ཡོད་གསུངས༔ བརྒྱད་པ་སེམས་བསྐྱེད་པ་དེ་ལ་སློབ་པའི་གཏན་ཚིགས་ནི༔ བདག་གིས་སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་བདག་མེད་གཉིས་ཀྱི་དོན་ལ་དགོད་དགོས་པས་སོ༔ དགུ་པ་མ་བསླབ་པའི་ཉེས་དམིགས་ནི༔ བདག་མེད་པའི་དོན་ལས་གོལ་བ་ཞིག་ཡིན་ཏེ༔ དེ་ཡང་གང་ཟག་གི་བདག་ནི་གྲུབ་མཐས་བློ་མ་བསྒྱུར་བ་སོ་སོའི་སྐྱེ་བོ་དང༔ གྲུབ་མཐའ་ལོག་པར་ཞུགས་པའི་མུ་སྟེགས་པ་རྣམས་ཟག་པའི་ཕུང་པོ་ལྔ༔ སྐྱེ་མཆེད་བཅུ་གཉིས༔ ཁམས་བཅོ་བརྒྱད་ལ་དབང་སྒྱུར་ཞིང་ལོངས་སྤྱད་པ་དང༔ དེ་ཡང་རྟག་པ་དངོས་པོ་ཅན་བདག་དང་བཅས་པས་དགྲ་གཉེན་བདག་གཞན་ལ་སོགས་པར་འཛིན་པ་ཞིག་ཡིན༔ མཚོ་རྒྱལ་འཛིན་པའི་རྟོད་ཕུར་འབྱིན་དགོས་གསུངས༔ དེས་བཏགས་པའི་ཉེས་པ་ནི༔ དེ་ལྟར་ང་དང་བདག་དུ་བཟུང་བས་ཡུལ་གཞན་དུ་སྣང༔ དེ་གཉིས་སུ་བཟུང་བས་བདག་ལ་ཕན་འདོགས་པ་ལ་གཉེན་དུ་བཟུང༔ གནོད་པ་སྐྱེལ་བ་ལ་དགྲར་བཟུང༔ དེ་ལས་ཆགས་སྡང་གཉིས་སྐྱེ༔ དེས་མི་དགེ་བ་སྣ་ཚོགས་སྤྱད་པས་ངན་སོང་དང་འཁོར་བར་འཁྱམས༔ མཚོ་རྒྱལ་འགོང་པོ་འདི་སྒོར་མ་ཐོན་ན་སྐྱིད་མེད་གསུངས༔ བདག་དེ་གང་ཟག་གང་གིས་འགེགས་ན༔ སྤྱིར་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱིས་འགེགས༔ ཁྱད་པར་དུ་ཉན་ཐོས་བྱེ་བྲག་པས་ཀྱང་འགེགས༔ འོ་སྐོལ་ཐེག་པ་ཆེན་པོའི་སྒོར་ཞུགས་པ་རྣམས་ཀྱིས་གང་ཟག་གི་བདག་ཏུ་མི་འཛིན་པ་ལྟ་སྨྲོས་ཀྱང་ཅི་དགོས་གསུངས༔ ཆོས་ཀྱི་བདག་མེད་པ་ནི་ཕྱོགས་རྟོགས་ཉན་ཐོས་དང༔ ཡང་དག་པར་མ་རྟོགས་པར་རང་སངས་རྒྱས་འདོད་དེ༔ དེ་ཡང་ཉན་ཐོས་ཀྱིས་ཆོས་ཀྱི་བདག་ཤེས་པ་ལས་ལོག་དོན་བེམ་པོར་ཁས་ལེན་པ་དང༔ རང་སངས་རྒྱས་ཀྱིས་ཤེས་པ་ལོག་པའི་དོན་གྱིས་སྟོང་པའི་སེམས་ཉིད་འཛིན་པའི་ཆར་གནས་པར་འདོད་དེ༔ མཚོ་རྒྱལ་གྲུབ་མཐའ་དམན་པའི་འདོད་པ་དང་མ་བྲལ་གྱི་བར་དུ་ཡང་དག་པའི་དོན་མི་མཐོང་གསུངས༔ དེར་བཟུང་བའི་ཉེས་པ་ནི༔ ཁས་ལེན་དང་འཛིན་པའི་ཆ་དེ་ལས་ཉོན་མོངས་པ་འབྱུང་ཞིང༔ དེས་འཁོར་བར་འཁྱམས་པའི་རྒྱུ་བྱེད་པས་བསྐལ་བར་འབད་ཀྱང་དོན་མེད་པའི་ལས་ཡིན་ནོ་གསུངས༔ དེ་གང་ཟག་གང་གིས་འགེགས་ན༔ ཐེག་པ་ཆེན་པོ་པ་ཐམས་ཅད་ཀྱིས་འགེགས༔ ཁྱད་པར་དུ་དབུ་མ་པས་ཀྱང་འགེགས༔ འོ་སྐོལ་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཀྱིས་ཕྱོགས་རིས་སུ་འཛིན་པ་ལྟས་ངན་ཡིན་གསུངས༔ བཅུ་པ་བསྲུང་བྱའི་ཆོས་ནི༔ བདག་མེད་པའི་དོན་ལ་བསླབ་པ་སྟེ༔ དེ་ཡང་གཉིས་ལས༔ དང་པོ་སྨོན་པའི་བསྲུང་བྱ་ནི༔ དུས་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས་བདག་མེད་པའི་དོན་རྟོགས་པར་གྱུར་ཅིག་སྙམ་དུ་སྨོན་ལམ་རྒྱུན་མི་འཆད་པ་དང་གཅིག༔ གཞན་བདག་མེད་པའི་དོན་སྒོམ་པ་རྣམས་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་རྗེས་སུ་ཡི་རང་བ་སྒོམ་པ་དང་གཉིས༔ དུས་རྟག་ཏུ་བདག་མེད་པའི་དོན་ལས་མི་འདའ་བར་འབད་པ་ལ་བསླབ་པ་གལ་ཆེ་གསུངས༔ གཉིས་པ་འཇུག་པའི་བསྲུང་བྱ་ལ་ཕྱི་ནང་གཉིས་ཏེ༔ དང་པོ་ཕྱིའི་བསྲུང་བྱ་བཞི་ནི༔ བདག་མེད་པའི་དོན་མ་རྟོགས་ཀྱི་བར་དུ་དེ་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་དང་མི་འབྲལ་བ་དང་གཅིག༔ གནས་ཡུལ་སྡེ་རིས་དང་དགྲ་གཉེན་ཕྱོགས་ཆ་སྤང་བ་དང་གཉིས༔ བདག་མེད་སྟོང་པ་ཉིད་སྟོན་པའི་ཆོས་ཐོས་བསམ་སྒོམ་གསུམ་བྱ་བ་དང་གསུམ༔ མིང་རུས་ལུས་དང་གསུམ་ལ་བདག་ཏུ་ངེས་པར་མི་གཟུང་བ་བཞི་ཡིན་གསུངས༔ གཉིས་པ་ནང་གི་བསླབ་བྱ་ལ་ཡང་བཞི་སྟེ༔ ཕྱི་རོལ་གྱི་བཏགས་པའི་མིང་དང་ཐ་སྙད་ཐམས་ཅད་སེམས་ཉིད་ཀྱི་ངོ་བོ་ལས་མ་གྲུབ་པས་ཐ་སྙད་ལ་དོན་དུ་མི་གཟུང་བ་དང་གཅིག༔ སྣོད་བཅུད་ཀྱིས་བསྡུས་པའི་དངོས་པོ་འདི་རྣམས་རྨི་ལམ་ལྟ་བུ་སྣང་ཡང་རང་བཞིན་མ་གྲུབ་པར་ཤེས་པ་དང་གཉིས༔ དེ་ལྟར་གང་དུ་ཡང་མ་གྲུབ་པ་ལ་སྣ་ཚོགས་སུ་འཛིན་མཁན་གྱི་སེམས་རིག་པ་དེ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཙལ་བ་དང་གསུམ༔ བཙལ་བས་ནང་ནས་འཛིན་པའི་སེམས་དེ་གང་དུ་ཡང་མ་རྙེད་པར་མིང་མེད་མཐའ་སྟོངས་སུ་འཇུག་པའི་དོན་ལས་མི་འདའ་བ་དང་བཞི་ལ་འབད་ཅིང་བསླབ་པ་གལ་ཆེ༔ དེ་ལྟར་འབད་ན་འགོང་པོ་རྩད་ནས་ཆོད་དེ་འཁོར་བའི་རྒྱུན་ལྡོག་པར་གདའ་ཡི་གསུངས༔ བཅུ་གཅིག་པ་གཏོང་ཐོབ་ཀྱི་ས་མཚམས་ལས༔ ཐོབ་པའི་དུས་ནི་བླ་མ་ལས་མན་ངག་ཐོབ་པའི་དུས་ནས་འཐོབ༔ གཏོང་བའི་དུས་ནི་རང་བཞིན་མེད་པར་མ་རྟོགས་གཟུང་འཛིན་རང་ཁ་མའི་ཕྱིར་འབྲེངས་ན་འཆོར་བས་གཉེན་པོས་སླེབ་པར་གྱིས་ཤིག་གསུངས༔ བཅུ་གཉིས་པ་ཉམས་ན་གསོ་བའི་ཐབས་ནི༔ སྔར་གྱི་དོན་ལས་མ་ཡེངས་པར་བསླབ༔ གཟུང་འཛིན་གྱི་མདུད་པ་ཤུགས་ཀྱིས་གྲོལ་ནས་འགྲོ་གསུངས༔ ࿊ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསུམ་པ་གསང་བའི་སེམས་བསྐྱེད་པ་ལ་ཇི་ལྟར་བསླབ་ཅེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དེ་ལ་བཅུ་གཅིག་ཡིན༔ དང་པོ་གསང་བའི་སེམས་བསྐྱེད་པའི་ངོ་བོ་ནི༔ ཡེ་ནས་བྱ་རྩོལ་ལས་འདས་ཏེ་བསམ་བརྗོད་ཀྱི་མཐའ་དང་བྲལ་བ་སྐྱེ་འགག་གཉིས་མེད་དུ་རྒྱུན་དུ་ཤེས་པའོ༔ གཉིས་པ་ངེས་པའི་ཚིག་ནི༔ དེ་ལྟ་བུ་དེ་ཚིག་གིས་མཚོན་ཅིང་སེམས་ཀྱིས་བསམ་པ་ལས་འདས་པས་རང་བཞིན་གྱིས་ཐེག་པ་འོག་མ་བ་རྣམས་ལ་གསང་ངོ༔ གསུམ་པ་དབྱེ་ན༔ དག་པ་ཕྱོགས་གཅིག་བསྒོམ་དུ་འདོད་པ་དང༔ རང་བཞིན་ལྷུན་གྲུབ་སྒོམ་མེད་ཡེ་སངས་རྒྱས་པར་འདོད་པ་གཉིས་ཡིན་ཏེ༔ དེ་ཡང་གང་དུ་ཡང་རྒྱ་མ་ཆད་པ་ཞིག་དགོས་གསུངས༔ བཞི་པ་དེ་ལ་འཇུག་པའི་གང་ཟག་གི་མཚན་ཉིད་དབང་པོ་ཡང་རབ་བློ་དངོས་ཀྱི་ཆོས་ལས་ཡིད་བྱུང་བ་ཞིག་དགོས༔ མཚོ་རྒྱལ་སྔོན་སྦྱངས་ཅན་གྱི་གང་ཟག་མི་གདའ་ན་གསུངས༔ ལྔ་པ་བླང་བའི་ཡུལ་ནི༔ ཆོས་སྐུ་ཐིག་ལེ་ཉག་གཅིག་རྟོགས་པས་བྱ་བྲལ་ཀློང་ཆེན་ངང་ལ་གནས་པ་ཞིག་དགོས་ཏེ༔ མཚོ་རྒྱལ་རྫོགས་པ་ཆེན་པོ་རྟོགས་པའི་སློབ་དཔོན་མི་གདའ་གསུངས༔ དྲུག་པ་བླང་བའི་ཆོ་ག་ནི༔ རིག་པ་རྩལ་གྱི་དབང་བསྐུར་ལ༔ ལུས་ཀྱི་མ་དག་པ་འཇིག་རྟེན་གྱི་བྱ་བ་དང་དག་པ་དགེ་བའི་ལས་ཀྱི་བྱ་བ་ཐམས་ཅད་བཏང་ལ་སྐྱེས་བུ་བྱ་བ་ཟིན་པ་ལྟར་གནས༔ ངག་གི་མ་དག་པ་ལོག་པའི་སྨྲ་བརྗོད་དང་དག་པའི་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ་སྤངས་ཏེ་ལྐུགས་པས་བུ་རམ་ཟ་བ་ལྟར་གནས༔ སེམས་ཀྱིས་མ་རྟོགས་པའི་འཁོར་བའི་རྣམ་རྟོག་ཐམས་ཅད་དང་དག་པ་མྱ་ངན་ལས་འདས་པའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ་སྐྱེས་བུའི་སྙིང་བཏོན་པ་ལྟར་གནས༔ ལར་རིག་པ་ཡེ་ནས་ཆོས་སྐུ་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པའི་དོན་དེ་བླ་མས་བསྟན་པ་ཙམ་གྱིས་མཐོང་བར་འགྱུར་ཏེ༔ མཚོ་རྒྱལ་ངའི་གདམས་པ་འདི་རྟོགས་གྲོལ་དུས་གཅིག་ཏུ་འགྲོ་བའི་ཆོས་ཡིན་གསུངས༔ བདུན་པ་དེ་ལ་བསླབས་པའི་དགོས་པ་ནི༔ འཁོར་བ་མ་སྤང་པར་རང་སར་གྲོལ་ནས་ཉོན་མོངས་པ་ཡེ་ཤེས་སུ་ལྷུན་གྱིས་གྲུབ་སྟེ༔ ད་ལྟ་ཉིད་དུ་སངས་རྒྱས་པའི་ཡོན་ཏན་ཡོད་གསུངས༔ བརྒྱད་པ་དེ་ལྟར་སློབ་པའི་གཏན་ཚིགས་ནི༔ རྒྱ་ཆད་ཕྱོགས་ལྷུང་མེད་པའི་དོན་དང་ལྡན་དགོས་པས་སོ༔ དགུ་པ་མ་བསླབ་པའི་ཉེས་དམིགས་ནི༔ གྲུབ་མཐའ་ཕྱོགས་སུ་ལྷུང་ནས་ཆོས་ཉིད་ཀྱིས་འཆིང་བར་གྱུར་པའི་སྐྱོན་ཡོད་གསུངས༔ མཚོ་རྒྱལ་ཕྱོགས་སུ་ལྷུང་ན་རྫོགས་པ་ཆེན་པོ་མ་ཡིན་གསུངས༔ བཅུ་པ་བསྲུང་བྱའི་ཆོས་ནི༔ ཐ་སྙད་ཙམ་དུ་ཡང་ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་སྐྱེ་མེད་ཀ་དག་ཏུ་འདུས་པར་ལྟ་བ་དང༔ རིག་པ་བྱང་ཆུབ་ཀྱི་སེམས་དེ་ལ་བལྟ་བྱ་ལྟ་བྱེད་ལ་སོགས་པ་སྤྲོས་པ་གང་དུ་ཡང་མི་འདུག་པས༔ དེ་རྟོགས་སངས་རྒྱས་པར་ལྟ་བ་དང༔ དེའི་ངང་ལས་རྟོག་འཛིན་ཅི་བྱུང་ཡང་ཡེ་ནས་རིག་པ་སྟོང་གསལ་དེ་ཉིད་དུ་འདུག་པར་ཤེས་པ་དང༔ ཕྱི་ཡུལ་གྱི་སྣང་བ་ཡང་སྣང་བའི་དུས་ཉིད་ན་ངོ་བོ་གང་དུ་ཡང་མ་གྲུབ་པས་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པར་ཤེས་པ་དང༔ ཡུལ་སེམས་གཉིས་སུ་མེད་པར་ཆོས་ཉིད་བདེ་བ་ཆེན་པོ་སྤང་བླང་དགག་སྒྲུབ་མེད་པར་སྤྱོད་པ་དང༔ བྱེ་བྲག་ཏུ་ཉོན་མོངས་པ་སྡུག་བསྔལ་ཐམས་ཅད་བྱང་ཆུབ་ཀྱི་ལམ་དམ་པར་སྤྱོད་པ་དང༔ སེམས་ཅན་དུ་སྣང་བའི་དུས་ཉིད་ན་གང་དུ་ཡང་མ་གྲུབ་པར་འདུག་པས་འཁོར་བ་ལ་སྤང་དུ་མེད་དེ་སྐྱེ་མེད་ཀ་དག་རྟོགས་པ་དང༔ སྐུ་དང་ཡེ་ཤེས་སུ་སྣང་བ་ཐམས་ཅད་བློ་དངོས་ཀྱི་ཆོས་སུ་འདུག་པས་སངས་རྒྱས་ལ་བསྒྲུབ་ཏུ་མེད་པར་རྟོགས་པར་གྱིས་ཤིག༔ དཔལ་ཀུན་ཏུ་བཟང་མོའི་གདུང་རྒྱུད་འཛིན་པར་གྱིས་ཤིག༔ བཅུ་གཅིག་པ་གཏོང་ཐོབ་ཀྱི་ས་མཚམས་ནི་མེད་དེ༔ ཡེ་ནས་དུས་གསུམ་དུ་འདུ་འབྲལ་མེད་པར་གནས་སོ་གསུངས༔ མཚོ་རྒྱལ་བདག་གིས་སེམས་བསྐྱེད་ཕྱི་ནང་གསང་བ་གསུམ་དུ་མདོ་རྒྱུད་ལུང་མན་ངག་ཀུན་གྱི་དོན་བསྡུས་པ་འདི་ཉམས་སུ་ལོངས་ཤིག༔ ལམ་དུ་ཁྱེར་ཅིག༔ རྒྱུད་ལ་ཁོལ་ཅིག༔ དོན་དང་བསྟུན་ཅིག༔ ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་ཡིན་ནོ་གསུངས༔ ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་སྦྱང་བ༔ སེམས་བསྐྱེད་ལམ་ཁྱེར་གྱི་སྐོར་ཞེས་བྱ་བ༔ མོན་ཁ་སེང་གེ་རྫོང་དུ་ཡི་གེར་བཏབ་བོ༔ རྫོགས་སྷོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ ན་མོ་གུ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ དང་པོར་མངལ་གྱིས་མ་གོས་ཏེ་པདྨའི་སྡོང་པོ་ལས་འཁྲུངས་པ༔ བར་དུ་དཀའ་བའི་སྤྱོད་པ་སྣ་ཚོགས་མཛད་པ༔ ཐ་མར་ཚེའི་རིག་འཛིན་གྲུབ་ནས་སྐྱེ་ཤི་རྒྱུན་བཅད་དེ་བཞུགས་པ༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཞལ་ནས་གསུང་བ༔ འགྲོ་བ་རིགས་དྲུག་དང་ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྐད་མཁྱེན་པ༔ ཚངས་པའི་གསུང་གིས་སེམས་ཅན་ལ་ཕན་འདོགས་པ༔ ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་དགོངས་པ་མངའ་བ༔ སྐྱེ་འགག་མེད་པའི་དོན་ཐུགས་སུ་ཆུད་པ༔ ཆོས་ཉིད་ཀྱི་དོན་ལ་ཕྱོགས་རིས་མི་འབྱེད་པ༔ ཡོན་ཏན་གྱིས་དགོས་འདོད་ཐམས་ཅད་ངང་ལ་འབྱུང་བ༔ ལེགས་པ་ཐམས་ཅད་འབྱུང་བའི་གཞིར་གྱུར་པ༔ འགྲོ་བ་ཐམས་ཅད་འདུལ་བའི་ཐབས་ལ་མཁས་པ༔ ཕྲིན་ལས་བདེ་བར་གཤེགས་པའི་ཐུགས་རྒྱུད་བསྐུལ་བ༔ ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་སྙིང་མངའ་བ༔ རྒྱ་མཚོའི་གླིང་ནས་སྐུ་འཁྲུངས་པ༔ ཨོ་རྒྱན་ཡུལ་དུ་རྒྱལ་སྲིད་བཟུང་ནས༔ དུར་ཁྲོད་བརྒྱད་དུ་སྤྱོད་པ་མཛད་པ༔ རྒྱ་གར་ཡུལ་དུ་དཀའ་བ་སྤྱད་ནས༔ བོད་ཡུལ་དུ་ཐུགས་རྗེས་བྱོན་པ༔ བོད་ཀྱི་བཙན་པོའི་ཐུགས་དགོངས་བསྒྲུབས་ནས༔ བོད་ཀྱི་རྒྱལ་ཁམས་བདེ་བ་ལ་བཀོད་པའི་བཀའ་དྲིན་ཅན་དེ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་བུད་མེད་ཀྱི་བུར་གྱུར་པ་ལ༔ དད་པ་དང་ལྡན་པ༔ སྙིང་རྗེ་ཆེ་ལ་ཕན་སེམས་དང་ལྡན་པ༔ ཡིད་གཞུང་ལ་བློ་རྣོ་བ་དེས་དགུང་ལོ་བཅུ་གསུམ་ལོན་ནས་སློབ་དཔོན་གྱི་གཟུངས་མ་མཛད༔ སློབ་དཔོན་དེ་བོད་ཡུལ་དུ་དགུང་ལོ་བརྒྱ་དང་བཅུ་གཅིག་བཞུགས་ཀྱི་བར་དུ་ཞབས་ཏོག་མཛད་ནས་ཐུགས་ཟིན་ཏེ་མཉེས་པར་མཛད༔ གདམས་ངག་གི་བཅུད་ཕྱུང་ཐུགས་ཀྱི་ཉིང་ཁུ་རྣམས་གཅིག་ཀྱང་མ་ལུས་པར་གནང༔ བར་སྐབས་ཀྱི་བཀའ་བསྩལ་དུ་གསུངས་པ་ཐམས་ཅད་བསྡེབས་ནས་ཡི་གེ་རིས་སུ་བཏབ་སྟེ༔ རིན་ཆེན་གཏེར་དུ་སྦས་ནས་བཞག་གོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་བསླབ་པའི་མཐའ་བཅུ་ལ་རྫོགས་པར་སློབ་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ལྟ་བས་ཐག་གཅོད་པ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟ་བུ་ཆོས་ཐམས་ཅད་འོག་ཏུ་ཚུད་པ་ཞིག་དགོས༔ ལ་སྤྱོད་པས་དོར་བ་གླང་པོ་ཆེ་ཆུར་ཞུགས་པ་ལྟ་བུ་གང་གིས་ཀྱང་མི་རྫི་བ་ཞིག་དགོས༔ ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་མ་རིག་པའི་མུན་པ་སེལ་བ་ཞིག་དགོས༔ དོན་མན་ངག་གིས་སྒྲུབ་པ་ནོར་བུ་རིན་པོ་ཆེ་ལོན་པ་ལྟ་བུ་ཆོས་ཐམས་ཅད་དོན་དུ་གྲོལ་བ་ཞིག་དགོས༔ རིམ་པ་དབང་གིས་བགྲོད་པ་རྒྱལ་བུ་རྒྱལ་སར་ཕྱུང་པ་ལྟ་བུ་འཁོར་བར་ལྷུང་བའི་དོགས་པ་དང་བྲལ་བ་ཞིག་དགོས༔ གཞི་དམ་ཚིག་གིས་གཟུང་བ་ཞིང་ས་གཤིན་པོ་ལྟ་བུ་ཅི་བྱས་ཆུད་མི་ཟོས་པ་ཞིག་དགོས༔ རྒྱུད་ཐོས་པས་གྲོལ་བ་ཅང་ཤེས་སྒྲོག་བཀྲོལ་བ་ལྟ་བུ་ཆོས་ཀྱི་ཕྱོགས་ཐམས་ཅད་ལ་བྱང་བ་ཞིག་དགོས༔ སྒོ་ཀུན་ནས་སྡུར་བ་བུང་བ་ཚང་ཚོལ་བ་ལྟ་བུ་ཆོས་ཀྱི་གྲུབ་མཐའ་ཐམས་ཅད་ཤེས་པ་ཞིག་དགོས༔ མདོ་གཅིག་ཏུ་སྡུད་པ་ཚོང་པ་ཁེ་སྤོགས་བྱེད་པ་ལྟ་བུ་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་ཤེས་པ་ཞིག་དགོས༔ མཁས་པ་ཕུལ་དུ་བྱུང་བ་རི་རབ་ཀྱི་རྩེར་ཕྱིན་པ་ལྟ་བུ་ཆོས་ཐམས་ཅད་ཀྱི་དོན་གསལ་ལ་མ་འདྲེས་པར་ཤེས་པ་ཞིག་དགོས་པ་ཡིན་གསུངས༔ བོད་ཀྱི་མིས་དེ་དག་ལ་མ་བསླབ་པར་མཁས་པར་འདོད་པ་དེ༔ དོན་ལ་མ་མཁས་པར་ཆོས་ལ་ཕྱོགས་རིས་ཆེ༔ བསླབ་པའི་མཐའ་བཅུ་ལ་མ་བསླབ་པའི་སྐྱོན་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བསླབ་པའི་མཐའ་བཅུ་ལ་མ་སྦྱང་པ་ལ་སྐྱོན་བཅུ་ཡོད་གསུངས༔ ཇོ་མོས་དེ་ཇི་ལྟར་མཆི་ཞུས་པས༔ ལྟ་བ་ཐག་མ་ཆོད་ན་གར་འགྲོ་ཆ་མེད་པའི་སྐྱོན་ཡོད༔ སྤྱོད་པ་ཡལ་བར་དོར་ན་ལྟ་སྤྱོད་ཟུང་འཇུག་མི་ཤེས་པའི་སྐྱོན་ཡོད༔ ཉམས་སུ་ཏིང་ངེ་འཛིན་གྱིས་ལེན་མ་ཤེས་ན་ཆོས་ཉིད་ཀྱི་དོན་མི་མཐོང༔ དོན་མན་ངག་གིས་མ་བསྒྲུབ་ན་ཉམས་སུ་ལེན་མི་ཤེས༔ རིམ་པ་དབང་གིས་མ་བགྲོད་ན་ཆོས་ལ་སྤྱོད་པར་མི་རུང༔ གཞི་དམ་ཚིག་གིས་མ་ཟིན་ན་ཅི་བྱས་དམྱལ་བའི་ས་བོན་འདེབས༔ རྒྱུད་ཐོས་པས་མ་གྲོལ་ན་ཆོས་ཀྱི་རོ་མི་ཚོར༔ སྒོ་ཀུན་ནས་མ་བསྡུར་ན་གྲུབ་མཐའི་ཕྱོགས་མི་ཆོད༔ མདོ་གཅིག་ཏུ་མ་བསྡུས་ན་ཆོས་ཀྱི་རྩ་བ་མི་ཤེས༔ མཁས་པ་ཕུལ་དུ་མ་ཕྱིན་ན་ཆོས་ཀྱི་དོན་མི་མཐོང༔ ཆོས་མ་བསླབ་པའི་དགེ་བའི་བཤེས་གཉེན་དུ་གསོལ་བ་རྣམས༔ ཆོས་རིས་མེད་པ་དེ་ཀུན་གྱིས་མ་ཤེས༔ གཅིག་ལ་གཅིག་ཆོས་ཀྱི་ཁ་ཟིན་ཆེན་པོ་བྱེད༔ ཐེག་པ་རང་ས་ན་བདེན་པས་ཁ་གཟུང་མི་འཚལ༔ ཅོག་གེ་ཞོག་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་མདོ་བཅུ་དང་ལྡན་དགོས་གསུངས༔ ཇོ་མོས་མདོ་བཅུ་གང་ལགས་ཞུས་པས༔ དད་པའི་མདོ་འཕེལ་འགྲིབ་མེད་པ་ཆུ་བོ་ལྟ་བུ་ཞིག་དགོས༔ སྙིང་རྗེའི་མདོ་དགྲ་ཟུན་མེད་པ་ཉི་མ་ལྟ་བུ་ཞིག་དགོས༔ སྦྱིན་པའི་མདོ་ཕྱོགས་རིས་མེད་པ་བཏུང་ཆུ་ལྟ་བུ་ཞིག་དགོས༔ དམ་ཚིག་གི་མདོ་དྲི་མ་མེད་པ་ཤེལ་གོང་ལྟ་བུ་ཞིག་དགོས༔ ལྟ་བའི་མདོ་ཕྱོགས་ལྷུང་མེད་པ་ནམ་མཁའ་ལྟ་བུ་ཞིག་དགོས༔ སྒོམ་པའི་མདོ་གསལ་འགྲིབ་མེད་པ་ནམ་ལངས་པ་ལྟ་བུ་ཞིག་དགོས༔ སྤྱོད་པའི་མདོ་བླང་དོར་མེད་པ་ཁྱི་ཕག་ལྟ་བུ་ཞིག་དགོས༔ འབྲས་བུའི་མདོ་སྤང་བླང་མེད་པ་རིན་པོ་ཆེ་གསེར་གྱི་གླིང་དུ་ཕྱིན་པ་ལྟ་བུ་ཞིག་དགོས༔ ཆོས་ཕྱོགས་སུ་གདུང་བ་སྐོམ་པ་ཆུ་ཚོལ་བ་ལྟ་བུ་ཞིག་དགོས༔ ལར་མདོ་ཆོས་ལ་མི་བྱེད་པར་མདོ་ནོར་ལ་བྱེད་པ་ཤ་སྟག་འདུག་སྟེ༔ རང་འཆི་ཀར་ནོར་གྱིས་སྟོངས་ནས་ངན་སོང་དུ་མ་སོང་བ་ཞིག་དགོས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ལ་ཁ་ཚིག་ཏུ་འགྲོ་བ་མང་པོ་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ དད་པ་མེད་པས་ཀློག་འདོན་པ་ཡང་ཁ་ཚིག་ཡིན༔ སྙིང་རྗེ་མེད་པའི་ཕན་སེམས་ཀྱང་ཁ་ཚིག་ཡིན༔ སེར་སྣ་དང་མ་བྲལ་བའི་སྦྱིན་པ་ཡང་ཁ་ཚིག་ཡིན༔ དམ་ཚིག་མི་སྲུང་བའི་སྔགས་པ་ཡང་ཁ་ཚིག་ཡིན༔ སྡོམ་པ་མི་བསྲུང་བའི་བཙུན་པོ་ཡང་ཁ་ཚིག་ཡིན༔ མི་སྒོམ་པའི་བཟང་པོ་ཡང་ཁ་ཚིག་ཡིན༔ ཆོས་མི་སྤྱོད་པའི་ཤེས་པ་ཡང་ཁ་ཚིག་ཡིན༔ ཉམས་ལེན་དོན་དང་མི་ལྡན་པའི་ཆོས་སྤྱོད་ཀྱང་ཁ་ཚིག་ཡིན༔ རང་ཆོས་བཞིན་མི་བྱེད་པའི་གཞན་ལ་འཆད་པ་ཡང་ཁ་ཚིག་ཡིན༔ རང་ཉམས་སུ་མི་ལེན་པའི་གདམས་ངག་ཀྱང་ཁ་ཚིག་ཡིན༔ ལར་མཁས་པ་ཆོས་ཀྱིས་སེམས་མ་ཐུལ་བར་ཆོས་ཉོན་མོངས་པའི་བསྣོན་མར་སོང་བ་འདི་དག༔ ཅི་ཟེར་ཁ་ཚིག་ཏུ་ཐོས་ནས་རྣ་བ་སུན་ལོག་གེ་འདུག་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཁ་རྗེ་ཆེ་བ་བཅུ་ཡོད་གསུངས༔ ཇོ་མོས་གང་ལགས་ཞུས་པས༔ མ་ཉན་པར་ཆོས་ཤེས་ན་ཁ་རྗེ་ཆེ༔ མ་བསྒྲུབ་པར་མཐུ་ཆེ་ན་ཁ་རྗེ་ཆེ༔ མོས་གུས་མེད་པར་བྱིན་རླབས་བྱུང་ན་ཁ་རྗེ་ཆེ༔ མ་བསྒོམ་པར་སངས་རྒྱས་ན་ཁ་རྗེ་ཆེ༔ བསྐུར་སྟི་མ་བྱས་པར་སློབ་དཔོན་རྙེད་ན་ཁ་རྗེ་ཆེ༔ བརྒྱུད་པ་མེད་པའི་ཆོས་ཀྱིས་གྲོལ་ན་ཁ་རྗེ་ཆེ༔ གདམས་ངག་མེད་པར་རྟོགས་པ་ཤར་ན་ཁ་རྗེ་ཆེ༔ ཉམས་ལེན་མ་བྱས་པར་རང་རྒྱུད་གྲོལ་ན་ཁ་རྗེ་ཆེ༔ བརྩོན་འགྲུས་མེད་པར་ཉམས་སུ་ལོན་ན་ཁ་རྗེ་ཆེ༔ དམ་ཚིག་མ་བསྲུང་བར་བཀྲ་ཤིས་ན་ཁ་རྗེ་ཆེ༔ ལར་དཀའ་བ་མ་སྤྱད་པར་སླ་བར་འོང་བར་འདོད་པ་འདི་དག་ལ་ཁ་རྗེ་ཆེ་བ་ཁོ་ན་མི་འོང་སྟེ་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཉམས་སུ་ལེན་པ་ལ་སྐྱོན་བཅུར་མ་སོང་བ་ཞིག་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བསྒོམས་ཀྱང་ཉོན་མོངས་དང་རྣམ་རྟོག་གི་གཉེན་པོར་མ་སོང་ན་གདམས་པ་མ་ཐེབ་པའི་སྐྱོན་ཡོད༔ སེམས་ཟིན་ཡང་ཤེས་པ་ཕྱོགས་རིས་མེད་པར་མ་གྲོལ་ན་གདམས་པ་ཁྱད་པར་ཅན་དང་མ་འཕྲད་པའི་སྐྱོན་ཡོད༔ མོས་གུས་དྲགས་པོ་བྱས་ཀྱང་བྱིན་རླབས་མ་ཞུགས་ན་བླ་མ་གྲུབ་པ་ཐོབ་པ་དང་མ་འཕྲད་པའི་སྐྱོན་ཡོད༔ རྩོལ་བ་དྲགས་པོ་བྱས་ཀྱང་ཉམས་ལ་བོགས་མེད་ན་སེམས་རྒྱུད་རྩལ་མ་འབྱོངས་པའི་སྐྱོན་ཡིན༔ དགེ་སྦྱོར་བྱས་པས་ཁམས་ལྡོག་ན་སེམས་ཉིད་ས་མ་ཟིན་པའི་སྐྱོན་ཡིན༔ སྒོམ་བྱས་ཀྱང་སེམས་གནས་སུ་མ་འདོད་ན་བསམ་གཏན་གྱི་ལྗིད་མ་ཕེབས་པའི་སྐྱོན་ཡིན༔ ཤེས་པ་ལྟེངས་ནས་ཉམས་མྱོང་འཕྲལ་དག་ཏུ་མི་སྐྱེ་ན་ཞི་གནས་རྐྱང་པར་ཤོར་བའི་སྐྱོན་ཡིན༔ རིག་པའི་རྦད་ཁམ་མ་སློང་ན་སྣང་བ་གྲོགས་སུ་ཁྱེར་མ་ཤེས་པའི་སྐྱོན་ཡིན༔ ཉོན་མོངས་པ་ཆགས་ཞེན་གཅད་དཀའ་ན་དུག་ལྔ་ལམ་དུ་ཁྱེར་མ་ཤེས་པའི་སྐྱོན་ཡིན༔ སྡུག་བསྔལ་དང་རྐྱེན་མ་ཐུབ་ན་རང་རྒྱུད་འཁོར་བ་ལས་ལྡོག་མ་ཤེས་པའི་སྐྱོན་ཡིན༔ ལར་ཆོས་བྱེད་ཟེར་ཞིང་སྐྱོན་གྱིས་ཁོང་བཀང་ནས༔ དུས་ནམ་ཕུགས་སུ་ལེགས་པ་སྣ་གཅིག་ཀྱང་ཅང་མཆིའམ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱས་པའི་རྟགས་སུ་ཡོན་ཏན་བཅུ་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ རྣམ་རྟོག་ཟིལ་གྱིས་ནོན་ན་སེམས་ཉིད་བཙན་ས་ཟིན་པའི་རྟགས་ཡིན༔ ཡེ་ཤེས་ཕྱོགས་མེད་དུ་འཆར་ན་གདམས་ངག་གནད་དུ་ཐེབས་པའི་རྟགས་ཡིན༔ བླ་མ་སངས་རྒྱས་སུ་མཐོང་ན་བླ་མ་ལ་གུས་པ་ཕུལ་བའི་རྟགས་ཡིན༔ བྱིན་རླབས་ཐོགས་མེད་དུ་བྱུང་ན་གྲུབ་ཐོབ་ཀྱི་བརྒྱུད་པ་མ་ཆད་པའི་རྟགས་ཡིན༔ རྩོལ་སྒྲུབ་ཀྱིས་ཤེས་པ་གཅུན་པས་རྒྱུད་ཕྱོགས་མེད་དུ་སྒྱུར་ནུས་ན་སེམས་ཉིད་རྩལ་འབྱོངས་པའི་རྟགས་ཡིན༔ དགེ་སྦྱོར་ཉིན་མཚན་དུ་བྱས་ཀྱང་ཁམས་མི་ལྡོག་ན་རླུང་སེམས་གནད་དུ་ཕེབས་པའི་རྟགས་ཡིན༔ བསྒོམས་མ་བསྒོམ་ལ་གསལ་མི་གསལ་མེད་ན་བསམ་གཏན་གནད་དུ་ཕེབས་པའི་རྟགས་ཡིན༔ ཤེས་པ་ཅི་སྐྱེས་ཀྱང་སྣང་བ་ཅི་ཤར་ཆོས་ཉིད་དུ་གསལ་འདེབས་ནུས་ན་རྟོགས་པ་ལམ་དུ་སློངས་པའི་རྟགས་ཡིན༔ ཉོན་མོངས་པའི་རོ་མི་ལྡང་ཞིང་ལངས་ཀྱང་འཕྲལ་དུ་ཞི་ན་དུག་ལྔ་གནས་སུ་ཆོམས་པའི་རྟགས་ཡིན༔ སྡུག་བསྔལ་གྱི་རྐྱེན་གྱིས་བརྫི་བར་མི་ནུས་ན་འཁོར་བའི་མཚན་ཉིད་མི་རྟག་པར་ཤེས་པའི་ཡོན་ཏན་ཡིན༔ ལར་ཆོས་རྒྱུད་ལ་སྐྱེས་ན་ཡོན་ཏན་ནང་ནས་འཆར་ཏེ༔ དད་པ་དང་བརྩོན་འགྲུས་ཤེས་རབ་དང་བྲལ་བའི་བོད་ཀྱི་མི་འདི་ཀུན་ལ་ཡོན་ཏན་ནང་ནས་འཆར་བ་དཀའ་བར་མཆིའོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་རྒྱུད་ལ་ཐེབས་ན་རྟགས་བཅུ་འཆར་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ འཛིན་པ་ཆུང་ན་འགོང་པོ་སྒོར་ཐོན་པའི་རྟགས་ཡིན༔ ཉོན་མོངས་པ་ཆུང་ན་དུག་ལྔ་ཁོང་དུ་སོད་པའི་རྟགས་ཡིན༔ ང་བདག་ཆུང་ན་འགོང་པོ་སྒོར་ཐོན་པའི་རྟགས་ཡིན༔ ངོ་ཚ་གཟའ་གཏད་དང་བྲལ་ན་འཁྲུལ་པའི་སྣང་བ་ཞིག་པའི་རྟགས་ཡིན༔ བསྒོམ་བྱ་སྒོམ་བྱེད་དང་བྲལ་ནས་ཆོས་ཉིད་དོན་དང་ལྡན་པར་གནས་ན་སེམས་ཉིད་མ་བུ་འཕྲད་པའི་རྟགས་ཡིན༔ སྣང་བ་ཅིར་ཤར་ཡང་རང་སྣང་རིས་མེད་དུ་ཤར་ན་ལྟ་སྒོམ་གྱི་ཕུ་ཕྲོལ་པའི་རྟགས་ཡིན༔ འཁོར་འདས་དབྱེར་མེད་དུ་ཆོད་ན་རྟོགས་ཚད་རྒྱུད་ལ་སྐྱེས་པའི་རྟགས་ཡིན༔ མདོར་ན་རང་གི་ལུས་ལ་ཡང་ཞེན་པ་མེད་ན་འདོད་པ་གཏིང་ནས་བྲལ་བའི་རྟགས་ཡིན༔ སྡུག་བསྔལ་གྱི་རྐྱེན་གྱིས་མི་གནོད་ན་སྣང་བ་སྒྱུ་མར་ཤེས་པའི་རྟགས་ཡིན༔ ཆོས་བརྒྱད་ཤས་ཆུང་ན་སེམས་ཉིད་ངོ་ཤེས་པའི་རྟགས་ཡིན༔ ལར་ནང་རྟགས་ཕྱིར་འཆར་བ་ཤིང་ལ་ལོ་མ་སྐྱེས་པ་དང་འདྲ༔ ཕྱི་རྟགས་གཞན་པ་ལ་འཆར་བ་ཤིང་ཐོག་གི་འབྲས་བུ་སྨིན་ནས་ཟས་སུ་རུང་བ་དང་འདྲ་སྟེ༔ ནང་ན་ཡོན་ཏན་སྣ་གཅིག་ཀྱང་མེད་པའི་ཆོས་པ་མང༔ རྟོགས་པ་དང་ལྡན་པ་ཤིན་ཏུ་དཀོན་པས་སྒོམ་པ་ལ་འབད་རྩོལ་སྐྱེད་པ་གལ་ཆེ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱར་བྱུང་བ་རྣམས་ལ་ཡིན་པ་བཅུ་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ སངས་རྒྱས་ཀྱི་བསྟན་པ་གནས་པ་དང་གང་ཟག་གིས་མི་ལུས་ཐོབ་པ་དུས་མཚུངས་ན་ཚེ་སྔ་མ་ལ་ཚོགས་བསགས་པ་ཡིན༔ རང་ཆོས་ལ་མོས་པ་དང་བླ་མ་གདམས་པ་ཅན་དང་འཕྲད་ན་ལོང་བས་རིན་པོ་ཆེ་རྙེད་པ་ལྟ་བུ་ཡིན༔ མི་ལུས་གཙང་མ་ཐོབ་པ་དང་དད་པ་ཤེས་རབ་ཏུ་འཛོམ་ན་སྔོན་སྦྱངས་པའི་ལས་འཕྲོ་སད་པ་ཡིན༔ རང་ཉིད་སྡུག་བསྔལ་ལ་སྐྱོ་བ་སྐྱེས་པ་དང་ཉེ་འབྲེལ་རྒྱ་གད་སྨྲ་བ་དུས་མཚུངས་ན་ཆོས་ལ་སྐུལ་མ་འདེབས་པ་ཡིན༔ རང་ལ་འབྱོར་པ་ཡོད་པ་དང་སློང་མོ་བ་དུས་མཚུངས་ན་སྦྱིན་པ་རྫོགས་པར་འགྱུར་བའི་དུས་ཡིན༔ དགེ་སྦྱོར་ཉམས་སུ་བླང་བའི་ཚེ་སྡུག་བསྔལ་གྱི་མཚོ་འབྲུབ་ན་ལས་ངན་སྒྲིབ་པ་དག་པ་ཡིན༔ རང་ཆོས་ལ་བློ་ཞུགས་པའི་དུས་སུ་མ་ཉེས་པའི་དགྲ་བྱུང་ན་བཟོད་པའི་ལམ་སྣ་བགྲོད་པ་ཡིན༔ རང་ལ་དད་པ་ཕུལ་བྱུང་ཡོད་ཅིང་འདུས་བྱས་མི་རྟག་པར་གོ་བ་དང་གདམས་པ་ཟབ་མོ་རྙེད་པ་དུས་མཚུངས་ན་འཇིག་རྟེན་ལས་བློ་ལྡོག་པའི་དུས་ཡིན༔ རང་མི་རྟག་པ་འཆི་བས་འཇིགས་པ་དང་གཞན་ཤི་བ་དུས་མཚུངས་ན་དད་པ་ཐུན་མོང་མ་ཡིན་པ་སྐྱེ་བའི་དུས་ཡིན༔ ལར་བསོད་ནམས་ཀྱི་ཚོགས་མ་གསག་པ་ཁོ་ན་ཤས་ཆེ་བས༔ སྔོན་དུ་འཇིག་རྟེན་བྱ་བ་བསྒྲུབས་ནས༔ ཕྱིས་ཆོས་ལ་འགྲོ་བར་བསམ་པ་མང་བར་གདའ་སྟེ༔ འཁོར་བ་ལས་ཐར་བ་ཉུང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་འཁྱོག་པ་བདུན་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ དད་པ་ཆུང་ཞིང་ཤེས་རབ་ཆེ་ན་སྟོན་པར་འཁྱོག༔ བརྟེན་པ་མང་ལ་རང་སྒོ་དྲགས་ན་དགེ་བཤེས་སུ་འཁྱོག༔ མི་ཆོས་བཟོ་ལ་ཆོས་རྒྱུད་ལ་མ་འབྱོར་ན་གཙོ་བོར་འཁྱོག༔ གདམས་ངག་བཏབ་ནས་ཉམས་ལེན་མ་བྱུང་ན་དྲེད་པོ་ཆོས་རྒྱུས་ཅན་དུ་འཁྱོག༔ ཆོས་སེམས་ལ་མེད་པར་ཐོ་ཅོ་ཆེ་བ་རྣལ་འབྱོར་ཟ་ཕྱིད་བྱེད་པའི་ཟོག་པོར་འཁྱོག༔ ཐོས་པ་ཆུང་ལ་གདམས་པ་མེད་ན་དད་པ་ཆེ་ཡང་ཐ་མལ་དུ་འཁྱོག༔ ཆོས་པ་གཞུང་དང་མཐུན་པ་དེ༔ ཤེས་རབ་ཀྱིས་རྒྱུད་གྲོལ༔ དད་པས་སེམས་ཐུལ༔ ཉན་པས་སྒྲོ་འདོགས་ཆོད༔ མི་ཆོས་རྒྱབ་ཏུ་བོར༔ རང་རྒྱུད་ཆོས་སུ་འདྲེས༔ ཐོས་བསམ་གྱིས་ཤེས་བྱ་རྫོགས༔ གདམས་ངག་གིས་སེམས་ཐག་ཆོད༔ ལྟ་སྒོམ་གྱིས་ཕུགས་ཤིག་ཕྲོལ་དགོས་ཏེ་དཀའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་སྒོར་ཞུགས་པ་འདི་དག་ལ་ནོར་ར་རེ་མང་པོ་ཡོད་གསུངས༔ ཇོ་མོས་ཇི་ལྟར་མཆི་ཞུས་པས༔ ཐོས་བསམ་གྱིས་རྒྱུད་གྲོལ་བའི་དགེ་བཤེས་དང༔ ཤེས་རབ་ཀྱིས་ལྟ་རྟོག་བྱས་པའི་སྟོན་པ་ནོར་ར་རེ༔ རང་གིས་ཉམས་སུ་བླངས་པའི་ཉམས་མྱོང་ཅན་དང༔ ཉམས་སུ་མ་བླང་པའི་དྲེད་པོ་ཆོས་རྒྱུས་ཅན་ནོར་ར་རེ༔ རང་རྒྱུད་ཆོས་ཀྱིས་ཐུལ་བའི་བཟང་པོ་དང༔ གཟོབ་པའི་སླུ་བྲིད་ཚུལ་འཆོས་ནོར་ར་རེ༔ གདམས་པ་ཅན་གྱི་ལྟ་བ་དང༔ ཁ་ཆོས་མཁན་གྱི་ལྟ་ཁམ་གྱི་ཚིག་ནོར་ར་རེ༔ དད་པ་ཅན་གྱི་ཆོས་ལ་མོས་པ་དང༔ ཁ་ཆོས་མཁན་གྱི་ཆོས་སྐད་ནོར་ར་རེ༔ ལར་ཆོས་དང་རང་རྒྱུད་འདྲེས་པ་ཞིག་དགོས་པ་ཡིན་ཏེ༔ ཆོས་ཕ་རོལ་ཏུ་བཞག་ནས་རང་ཚུར་རོལ་དུ་འདུག་པའི་ཆོས་པར་ཁས་བླངས་པ་ཁ་སྤྱང་མཁན་འདི་རྣམས་ལ་ཆོས་མི་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཆོས་སུ་འགྲོ་བ་ཞིག་དགོས༔ ཆོས་ལམ་དུ་འགྲོ་བ་ཞིག་དགོས༔ ལམ་གྱི་འཁྲུལ་པ་སེལ་བ་ཞིག་དགོས༔ འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཞིག་དགོས༔ གསུངས༔ ཇོ་མོས་དེ་ཇི་ལྟར་བགྱི་ཞུས་པས༔ ཆོས་ཐམས་ཅད་ཐེག་པ་གཅིག་ཏུ་འདུས་པར་ཤེས་ནས་སྤང་བླང་མེད་པར་རྟོགས་ན་ཆོས་ཆོས་སུ་འགྲོ་བ་ཡིན༔ ཆོས་གང་ལ་ཡང་སྐྱབས་འགྲོ་སེམས་བསྐྱེད་དང༔ བསྐྱེད་རིམ་རྫོགས་རིམ༔ ཐབས་ཤེས་རབ་ཏུ་འབྲེལ་ན་ཆོས་ལམ་དུ་སོང་བ་ཡིན༔ ལམ་ལྟ་སྒོམ་སྤྱོད་པ་འབྲས་བུ་དང་འབྲེལ་ན་ལམ་གྱི་འཁྲུལ་པ་སེལ་བ་ཡིན༔ ལྟ་སྒོམ་གྱི་ཕུགས་ཕྲོལ་ནས་ཉམས་ལེན་ལ་བརྩོན་ན་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན༔ ལར་ཆོས་གང་སྒྲུབ་ཀྱང་བསྐྱེད་རྫོགས་ལྟ་སྤྱོད་ཐབས་ཤེས་རབ་ཟུང་འཇུག་ཏུ་མ་ཤེས་ན༔ རྐང་པ་གཅིག་གིས་འགྲོ་མི་ཤེས་པ་དང་འདྲ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཐེག་པ་འོག་མ་པར་མ་སོང་བ་ཞིག་གལ་ཆེ་གསུངས༔ ཇོ་མོས་དེ་ཇི་ལྟར་བགྱི་ཞུས་པས༔ ཞི་གནས་ཀྱི་བདེ་གསལ་མི་རྟོག་པ་གསུམ་ལ་ཆགས་ན་ཉན་ཐོས་དང་རང་སངས་རྒྱས་ལས་འགྲོ་ས་མེད༔ ལྷག་མཐོང་གི་བདེ་གསལ་མི་རྟོག་པ་གསུམ་སྐྱེས་ན་ཆོས་སྐུ་ཡིན་གསུངས༔ ལར་ཞི་གནས་ལྟེངས་པོ་ལ་སེམས་ཟིན་པ་མང༔ དེས་ལྷའི་བསམ་གཏན་དུ་སྐྱེ་བའམ་གལ་ཏེ་ལུས་མ་བླང་ཡང་སེམས་ཅན་གྱི་དོན་མི་འགྲུབ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཀྱི་རྩ་བ་སྐྱབས་འགྲོ་དང་སྡོམ་པ་ཡིན་གསུངས༔ ཇོ་མོས་དེ་གཉིས་སྐྱེ་བའི་དུས་གང་གི་ཚེ་ལགས་ཞུས་པས༔ ངན་སོང་གིས་འཇིགས་ཤིང་དཀོན་མཆོག་གསུམ་ལ་དད་པའི་ཚེ་སྐྱབས་སུ་འགྲོ་བའི་སྡོམ་པ་སྐྱེ་བ་ཡིན༔ ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དུས་ན་དགེ་བསྙེན་གྱི་སྡོམ་པ་སྐྱེ་བ་ཡིན༔ འཁོར་བ་ལས་བློ་ལོག་པའི་དུས་ན་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ཡིན༔ སྡིག་པ་མཐའ་དག་ལས་བློ་ལྡོག་པའི་དུས་ན་དགེ་སློང་གི་སྡོམ་པ་སྐྱེ་བ་ཡིན༔ སྙིང་རྗེས་བདག་གཞན་སྙོམས་པའི་ཚེ་བྱང་ཆུབ་སྨོན་པའི་སྡོམ་པ་སྐྱེ་བ་ཡིན༔ རང་ལས་གཞན་གཅེས་བྱུང་བའི་དུས་ན་བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ་བ་ཡིན༔ བོད་ཀྱི་མིས་སྐྱབས་འགྲོ་ལ་མ་ཐའི་ཆོས་སུ་བྱེད༔ བཙུན་པ་ལ་འདུལ་ཁྲིམས་མེད༔ ཐེག་པ་ཆེན་པོ་ཡིན་ཟེར་ནས་བྱང་ཆུབ་ཀྱི་སེམས་མེད༔ སྔགས་པ་ལ་དམ་ཚིག་མེད༔ རྣལ་འབྱོར་པ་ལ་སྒོམ་མེད༔ བོད་ཀྱི་ཡུལ་འདིར་གྲུབ་ཐོབ་དཀའ་བར་འོང་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དམ་ཚིག་བསྲུང་དགོས་ཏེ་དཀའ་གསུངས༔ ཇོ་མོས་ཇི་ལྟར་བསྲུང་ཞུས་པས༔ སློབ་དཔོན་ལ་སངས་རྒྱས་སུ་མཐོང་ན་སྐུའི་དམ་ཚིག་དང་ལྡན་པ་ཡིན༔ བཀའ་ལུང་ལ་ནོར་བུ་རིན་པོ་ཆེ་ལྟར་མཐོང་ན་གསུང་གི་དམ་ཚིག་དང་ལྡན་པ་ཡིན༔ གདམས་ངག་ལ་བདུད་རྩིར་མཐོང་ན་ཐུགས་ཀྱི་དམ་ཚིག་དང་ལྡན་པ་ཡིན༔ ཡི་དམ་ལ་སྤོང་ལེན་མེད་ན་ལུས་ཀྱི་དམ་ཚིག་དང་ལྡན་པ་ཡིན༔ གསང་སྔགས་ལ་ཐེ་ཚོམ་མེད་ན་ངག་གི་དམ་ཚིག་དང་ལྡན་པ་ཡིན༔ གནས་ལུགས་ཀྱི་དོན་རྟོགས་ན་སེམས་ཀྱི་དམ་ཚིག་དང་ལྡན་པ་ཡིན༔ ལར་རང་སེམས་རྣམ་པར་དག་ན་དམ་ཚིག་གཙང་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་མི་མཐུན་པའི་ཕྱོགས་བཅོ་ལྔ་ཡོད་པས་སྤང་དགོས་གསུངས༔ ཇོ་མོས་གང་ལགས་ཞུས་པས༔ ལོང་གཏམ་ཀུ་རེ་བཞད་གད་གསུམ་སྒོམ་པའི་བར་ཆད་ཡིན་པས་སྤང་དགོས༔ གཉེན་དང་གྲོགས་པོ་སློབ་མ་གསུམ་ཆོས་ཀྱི་བཤོལ་འདེབས་ཡིན་པས་སྤང་དགོས༔ ཁེ་དང་གྲགས་པ་བཀུར་སྟི་གསུམ་ཆོས་ཀྱི་རྟོད་ཕུར་ཡིན་པས་སྤང་དགོས༔ རྫས་དང་འདུ་འཛི་ལོངས་སྤྱོད་གསུམ་ཆོས་ཀྱི་གཡེང་བ་ཡིན་པས་སྤང་དགོས༔ གཉིད་དང་སྙོམ་ལས་ལེ་ལོ་གསུམ་ཆོས་བྱེད་པའི་དགྲ་ཆེན་ཡིན་པས་སྤང་དགོས༔ ལར་ཆོས་བྱེད་པ་ལ་བཤོལ་འདེབས་འོང་བ་མཚང་རེ་ཆེ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་རྒྱུ་རྐྱེན་བཅོ་ལྔ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཐོས་པ་དང་བསམ་པ་སྒོམ་པ་གསུམ༔ འདི་གསུམ་ཆོས་ཀྱི་རྒྱངས་ཤིང་ཡིན༔ བརྩོན་འགྲུས་དང་དད་པ་ཡིད་ཆེས་གསུམ༔ འདི་གསུམ་ཆོས་ཀྱི་སྲོག་ཤིང་ཡིན༔ མཁས་པ་དང་བཙུན་པ་བཟང་བ་གསུམ༔ འདི་གསུམ་ཆོས་ཀྱི་གང་ཟག་ཡིན༔ ཆགས་མེད་དང་ཞེན་མེད་འཛིན་མེད་གསུམ༔ འདི་གསུམ་ཆོས་ཀྱི་མཐུན་ཕྱོགས་ཡིན༔ ལར་ཆོས་བྱེད་པ་ལ་རྒྱུ་རྐྱེན་གསུམ་དང་ལྡན་པའི་མི་མི་འདུག༔ ཆོས་གཞུང་དང་མཐུན་པ་དེ་དཀའ་བར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དོན་མེད་པ་ཉི་ཤུ་རྩ་གཅིག་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ སེམས་ཅན་རྣམས་ལ་གནོད་པ་མ་སྤང་པའི་སེམས་བསྐྱེད་པ་ལ་དོན་མེད༔ དམ་ཚིག་མི་སྲུང་བའི་དབང་རིམ་པ་མནོས་པ་ལ་དོན་མེད༔ རང་སེམས་ལ་མ་ཕན་པའི་ཐོས་པ་མང་པོ་ལ་དོན་མེད༔ སྡིག་དང་འདྲེས་པའི་དགེ་རྩ་བྱས་པ་ལ་དོན་མེད༔ རྟག་ཏུ་སྡིག་པ་ལ་སྦྱོར་ན་བླ་མ་བསྟེན་པ་ལ་དོན་མེད༔ ཆོས་ལས་བློ་ལྡོག་ནས་སྡིག་པ་ལ་སྦྱོར་བའི་སློབ་དཔོན་བྱས་པ་ལ་དོན་མེད༔ འཇིག་རྟེན་ཆོས་བརྒྱད་སྒྲུབ་པའི་ལས་ཀ་བྱས་པ་ལ་དོན་མེད༔ རྟག་ཏུ་ཕ་མ་ལ་སྡང་བར་བྱེད་ཅིང་མཆོད་གནས་ཕུགས་སུ་བསྟེན་པ་ལ་དོན་མེད༔ མི་དགེ་བ་ལྷག་པར་སྤྱོད་པས་དམྱལ་བར་འཇིགས་ཟེར་བ་ལ་དོན་མེད༔ དད་པ་མེད་ཅིང་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་སྦྱིན་པ་གཏོང་བ་ལ་དོན་མེད༔ གཉེན་པོའི་སྟོབས་ཀྱིས་མ་ཟིན་པའི་དབང་མེད་པའི་བཟོད་པ་ལ་དོན་མེད༔ བྱིང་རྒོད་གཉིས་ལ་རྟག་ཏུ་གནས་པའི་བསམ་གཏན་སྒོམ་པ་ལ་དོན་མེད༔ བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་བའི་བརྩོན་འགྲུས་རྩོམ་པ་ལ་དོན་མེད༔ དུག་ལྔ་རྒྱས་པར་བྱེད་པའི་ལོག་པའི་ཤེས་རབ་སྐྱེད་པ་ལ་དོན་མེད༔ སྙིང་རྗེའི་ལམ་དང་བྲལ་བའི་ཐེག་ཆེན་སྒྲུབ་པ་ལ་དོན་མེད༔ རང་གི་སེམས་ཉིད་མ་རྟོགས་པའི་སྒོམ་པ་བྱས་པ་ལ་དོན་མེད༔ རང་ཉིད་ཉམས་སུ་མི་ལེན་པའི་གདམས་ངག་མནོས་པ་ལ་དོན་མེད༔ བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་འགྲོ་དོན་བྱེད་པ་ལ་དོན་མེད༔ སྲུང་བའི་སེམས་དང་མི་ལྡན་པས་སྡོམ་པ་ནོས་པ་ལ་དོན་མེད༔ ལར་དོན་མེད་ཀྱང་བྱ་བྱེད་མང་བ་འདི་དག་ལ་དགོས་པ་མེད་ཀྱང་བྱིས་པའི་སྐྱེ་བོ་རྣམས་མི་ཉན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཕྱིར་མི་ལྡོག་པ་བཞི་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ འཆི་བ་རྗེས་སུ་དྲན་པ་བསྒོམས་པས་ཚེ་འདིའི་ཆེད་ལ་ཕྱིར་མི་ལྡོག༔ མི་དགེ་བ་བཅུའི་འབྲས་བུ་ལ་ཆེས་ཆེར་བསྒོམས་པས་ངན་སོང་གསུམ་དུ་ཕྱིར་མི་ལྡོག༔ བྱམས་པ་བསྒོམས་པས་ཐེག་པ་ཆུང་ངུར་ཕྱིར་མི་ལྡོག༔ སྟོང་ཉིད་བསྒོམས་པས་འཁོར་བར་ཕྱིར་མི་ལྡོག༔ ལར་ཆོས་བྱེད་པ་ལ་འཇིག་རྟེན་འདིའི་ཆེད་ལས་བློ་ལྡོག་དགོས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་མི་འོང་བ་བཞི་ཡོད་པས་སྤང་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ འཆི་བ་རྗེས་སུ་མ་དྲན་ན་ཆོས་སྒྲུབ་པའི་དུས་མི་འོང༔ ལས་འབྲས་ལ་ཡིད་མ་ཆེས་པས་མི་དགེ་བ་མི་སྤོང་བ་ལ་མཐོ་རིས་ཐར་པ་ཐོབ་པའི་དུས་མི་འོང༔ སེམས་ཅན་གྱི་དོན་དུ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་རང་གཅིག་པུ་ཐར་པ་དང་གྲོལ་བར་འདོད་པ་ལ་རྫོགས་པའི་སངས་རྒྱས་མི་འོང༔ ལར་ཚེ་འདིའི་བྱ་བ་ལས་བློ་མི་ལྡོག་ན་ཡང་དག་པའི་ཆོས་གཏན་ནས་མི་འོང༔ འཇིག་རྟེན་བློས་གཏོང་བ་འགའ་ཡང་མི་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་སྙིང་པོ་བླང་བ་གལ་ཆེ་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ལུས་སྙིང་པོ་མེད་པ་ལས་སྙིང་པོ་བླང་བ་ནི་ཚུལ་ཁྲིམས་གཙང་མ་བསྲུང༔ ལོངས་སྤྱོད་སྙིང་པོ་མེད་པ་ལས་སྙིང་པོ་བླང་བ་ནི་སྦྱིན་པ་སེམས་བསྐྱེད་ཀྱིས་ཟིན་པར་གཏང༔ ཚོགས་སྙིང་པོ་མེད་པ་ལས་སྙིང་པོ་བླང་བ་ནི་རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གསག༔ ཐོས་པ་སྙིང་པོ་མེད་པ་ལས་སྙིང་པོ་བླང་བ་ནི་སྒྲུབ་པ་ནན་ཏན་གྱིས་ཉམས་སུ་བླང་བ་ལ་འབད༔ དེ་ལྟར་སྙིང་པོ་ལེན་མ་ཤེས་ན་འཇིག་རྟེན་འདིའི་ལས་འབའ་ཞིག་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་འཁྲུལ་མེད་ལྔ་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཁས་བླངས་པའི་ཚུལ་ཁྲིམས་དང་སྲུང་སྡོམ་ལ་འཁྲུལ་པ་མེད་པས་སྲུང་བ་ཞིག་དགོས༔ བྱམས་སྙིང་རྗེ་བྱང་ཆུབ་སེམས་སྒོམ་པ་ལ་དུས་རྟག་ཏུ་འཁྲུལ་པ་མེད་པ་ཞིག་དགོས༔ ལས་རྒྱུ་འབྲས་སྒོམ་པ་ལ་འཁྲུལ་པ་མེད་པས་ལས་ཕྲ་མོ་ནས་འཛེམ་པ་ཞིག་དགོས༔ བླ་མ་སངས་རྒྱས་སུ་སྒོམ་པ་ལ་འཁྲུལ་པ་མེད་དེ་རྟག་ཏུ་སྤྱི་བོར་སྒོམ་པ་ཞིག་དགོས༔ ལར་ཆོས་བྱེད་པ་ཐམས་ཅད་སྟོང་པ་ཉིད་དུ་སྒོམ་པ་ལ་འཁྲུལ་པ་མེད་པ་སྟེ་ཐམས་ཅད་ཟུང་འཇུག་སྟོང་པའི་ངང་དུ་རྟོགས་པ་ཞིག་དགོས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་ཉམས་སུ་ལེན་དགོས་གསུངས༔ ཇོ་མོས་དེ་ཇི་ལྟར་ཉམས་སུ་བླང་ཞུས་པས༔ སེར་སྣའི་ཕྱོགས་གང་ཡང་ཡིད་ལ་མ་བྱས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན༔ ཉོན་མོངས་པ་ཐབས་ཀྱིས་སྤོང་བ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ ཁྲོ་བ་དང་འཁོན་དུ་འཛིན་པ་གང་ཡང་མེད་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན༔ ལེ་ལོ་དང་སྒྱིད་ལུག་པ་མེད་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ གཡེང་བ་དང་བསམ་གཏན་གྱི་རོ་ལ་ཆགས་པ་མེད་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན༔ སྤྲོས་པའི་རྣམ་པ་གང་ཡང་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་བྲེལ་བ་རྣམ་པ་གསུམ་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བྱ་བ་གཞན་ལ་མི་བརྩོན་པར་ཅི་བྱེད་ཕྱི་མའི་ཆེད་དུ་བྲེལ་པ་དེ་སྐྱེས་བུ་ཐ་མ་ཡིན་ཏེ༔ མཐོ་རིས་མི་འཐོབ་པའི་ཐབས་མེད༔ འཁོར་བ་མཐའ་དག་ལ་ཡིད་བྱུང་ནས་དགེ་སྦྱོར་ལ་བྲེལ་བ་དེ་སྐྱེས་བུ་འབྲིང་ཡིན་ཏེ༔ ཐར་པ་མི་འཐོབ་པའི་ཐབས་མེད༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་སྦྱོང་བས་བྲེལ་པ་དེ་སྐྱེས་བུ་མཆོག་ཡིན་ཏེ༔ རྫོགས་པའི་བྱང་ཆུབ་མི་འཐོབ་པའི་ཐབས་མེད༔ ལར་ནངས་བྱ་དང་མཉམ་པ་ནུབ་མུན་དང་མཉམ་ནས་བྲེལ་བ་འདི་དག་ཚེ་འདིའི་ཆེད་དུ་ཡིན་ཏེ༔ ཚེ་འདི་ལ་ཉོན་མོངས་ལ་ཕྱི་མར་ངན་སོང་གསུམ་ལས་འགྲོ་ས་མེད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ཀུན་ཉེ་འབྲེལ་ཤི་བ་ལ་མྱ་ངན་ཆེ་བར་བྱེད་པར་གདའ་སྟེ་དེ་ལྟར་མ་ཡིན་གསུངས༔ ཆོས་བྱེད་པ་ལ་མྱ་ངན་བྱེད་དགོས་པ་ལྔ་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ སློབ་དཔོན་བཟང་པོ་དང་བྲལ་ན་མྱ་ངན་འདས་མཆོད་བྱེད་དགོས་པ་ཡིན༔ ཆོས་གྲོགས་བཟང་པོ་དང་བྲལ་ན་མྱ་ངན་ཚོགས་གསོག་བྱེད་དགོས་པ་ཡིན༔ རང་ལ་ཉམས་ཆག་དང་ཞིག་རལ་བྱུང་ན་མྱ་ངན་གསོ་སྦྱོང་དང་བཤགས་དགོས་པ་ཡིན༔ རང་ཡུན་རིང་དུ་ན་ནས་དགེ་སྦྱོར་བྱེད་མ་ནུས་ན་མྱ་ངན་བླ་མ་བསྟེན་དགོས་པ་ཡིན༔ འཇིག་རྟེན་ཆོས་བརྒྱད་ལ་སེམས་ཤོར་ན་མྱ་ངན་ཞེན་པ་གཏིང་ནས་ལོག་དགོས་པ་ཡིན༔ ལར་འདུས་བྱས་མི་རྟག་པར་མ་གོ་བ་རྣམས་ལ་མྱ་ངན་རྫོགས་པ་དང་སངས་པ་མི་འོང་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་སོ་ནམ་རྣམ་བཞི་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཡིད་ཆེས་པའི་དད་པ་བརྟན་པོས་རྒྱུད་ཀྱི་ཐ་རྒོད་སྦང་དགོས༔ སྒོམ་སྒྲུབ་ཀྱིས་སེམས་བསྒྱུར་ཁའི་ལུད་འདེབས་དགོས༔ དགེ་བའི་རྩ་བ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ས་བོན་བཟང་པོ་འདེབས་དགོས༔ དུག་ལྔ་དང་རྣམ་རྟོག་ཐམས་ཅད་ཐབས་ཤེས་རབ་ཟུང་འཇུག་གི་རྨོས་གླང་གིས་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཡེ་ཤེས་ཀྱི་གཤོལ་བཟུང་བས་རོལ་དུ་གསོད་དགོས༔ དེ་ལྟར་བྱས་ན་བྱང་ཆུབ་ཀྱི་མྱུ་གུ་ལ་སངས་རྒྱས་ཀྱི་འབྲས་བུ་མི་སྐྱེ་མི་སྲིད་དོ༔ ལར་འཇིག་རྟེན་འདིའི་སོ་ནམ་ལ་ངལ་དུབ་མེད་པར་ཐར་པའི་སོ་ནམ་མི་ནུས་པ་ཁོ་ན་མང༔ སེམས་ཅན་སྙིང་རྗེ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་ན་སྨྲ་བཅད་བརྒྱད་བྱ་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ལུས་སྨྲ་གཅོད་ཕྱོགས་སུ་མ་ལྷུང་བའི་དབེན་སར་བསྡད༔ དེས་ཆགས་སྡང་གཉིས་ལས་ལྡོག་པ་ཡིན༔ ངག་སྨྲ་གཅོད་ལྐུགས་པའི་ཚུལ་དུ་གནས༔ དེས་གཞན་དང་གཏམ་མ་འདྲེས་པས་དགེ་སྦྱོར་ལས་མི་ཡེངས་པའི་དགོས་པ་ཡོད༔ སེམས་སྨྲ་བ་བཅད་དེ་རྒྱུན་དུ་རྣམ་རྟོག་དང་གཡེང་བའི་དབང་དུ་མི་གཏང༔ དེས་བསམ་དུ་མེད་པའི་ཆོས་ཉིད་ལ་གནས་པའི་དགོས་པ་ཡོད༔ འདོད་ཡོན་སྨྲ་བ་བཅད་དེ་ཟས་ལ་གཙང་དམེའི་རྟོག་པ་སྤང༔ དེས་འཚོ་བ་སླ་ཞིང་མཁའ་འགྲོ་འདུ་བའི་དགོས་པ་ཡོད༔ གདམས་ངག་སྨྲ་བ་བཅད་དེ་སྣོད་མི་ལྡན་པ་ལ་མི་སྦྱིན༔ དེས་བརྒྱུད་པའི་བྱིན་རླབས་འཇུག་པའི་དགོས་པ་ཡོད༔ སྤྱོད་པ་སྨྲ་བ་བཅད་དེ་ཚུལ་ཆོས་དང་བྲལ་བ་རང་བྱུང་དུ་སྤྱད༔ དེས་སེམས་ལ་སྒྲིབ་པ་མི་སོག་པའི་དགོས་པ་ཡོད༔ ཉམས་མྱོང་སྨྲ་བ་བཅད་དེ་ཉམས་རྟོགས་ཅི་བྱུང་ཡང་གཞན་ལ་གསང་ཞིང་འཆད་པ་སྤང༔ སྐྱེ་བ་འདི་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པའི་དགོས་པ་ཡོད༔ རྟོགས་པ་སྨྲ་བ་བཅད་དེ་ཞེ་འདོད་པའི་ཕྱོགས་ལྷུང་མཐའ་བྲལ་དུ་གནས༔ དེ་རྟོགས་པ་ཙམ་གྱིས་ད་ལྟ་ཉིད་དུ་གྲོལ་བའི་དགོས་པ་ཡོད༔ ལར་དགེ་སྦྱོར་དྲོ་ཁ་ཙམ་རེ་ཡང་མི་ནུས་ཤིང༔ བཟླས་པ་ཐུན་རེ་མ་རྫོགས་བར་དུ་ཡང་སྨྲ་གཅོད་མི་ནུས༔ སྨྲ་འདོད་པའི་ཁ་ལ་ཚུགས་པ་མེད་པ་འདི་དག་ལ་སྨྲ་བཅད་གང་ལ་ཡང་མི་འོང་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པའི་གང་ཟག་རྣམས་ཀྱང་བདུད་ཀྱིས་བསླུས་པ་མ་ཚོར་བར་འདུག་གསུངས༔ ཇོ་མོས་ཇི་ལྟར་གདའ་ཞུས་པས༔ མཐུ་བོ་ཆེ་རྣམས་ང་རྒྱལ་དྲེགས་པའི་བདུད་ཀྱིས་བསླུས་ནས་གདའ༔ དྲེད་པོ་རྣམས་ཁ་འཇམ་འཁྲུལ་པའི་བདུད་ཀྱིས་བསླུས་ནས་གདའ༔ ཐ་མལ་པ་རྣམས་མ་རིག་རྨོངས་པའི་བདུད་ཀྱིས་བསླུས་ནས་གདའ༔ ཕྱུག་པོ་རྣམས་ཟང་ཟིང་ནོར་གྱིས་བསླུས་ནས་གདའ༔ ཆོས་བྱེད་ཀུན་ཀྱང་ཟང་ཟིང་ནོར་སྤེལ་གྱི་བདུད་ཀྱིས་བསླུས་ནས་གདའ༔ ལན་ཆགས་བུ་སྤེལ་བདུད་ཀྱིས་བསླུས་ནས་གདའ༔ སློབ་འཁོར་བཀུར་སྟིའི་བདུད་ཀྱིས་བསླུས་ནས་གདའ༔ ཉེ་དྲུང་འཁོར་བྱམས་བདུད་ཀྱིས་བསླུས་ནས་གདའ༔ དགྲ་སྡང་གདོང་འཛུགས་བདུད་ཀྱིས་བསླུས་ནས་གདའ༔ གཉེན་གྱི་གཅམ་ཚིག་བདུད་ཀྱིས་སླུ་བ་ཡིན༔ ལུས་ཀྱིས་འདུད་བཟང་བདུད་ཀྱིས་སླུ་བ་ཡིན༔ ངག་འཇམ་ཚིག་སྙན་བདུད་ཀྱིས་སླུ་བ་ཡིན༔ སེམས་ཀྱི་ཞེན་ཆགས་བདུད་ཀྱིས་སླུ་བ་ཡིན༔ མཛེས་སྡུག་བརྩེ་གདུང་བདུད་ཀྱིས་སླུ་བ་ཡིན༔ འཁྲུལ་པའི་ལས་ལ་བརྩོན་པ་ཐམས་ཅད་བདུད་ཀྱིས་སླུ་བ་ཡིན༔ དུག་ལྔ་རང་ལ་གནས་པ་སེམས་ཀྱི་བདུད༔ ཡུལ་དྲུག་བག་ཆགས་བཞག་པ་ཕྱི་ཡི་བདུད༔ ཏིང་འཛིན་རོ་ལ་ཆགས་པ་ནང་གི་བདུད༔ རྫོགས་ཆེན་འབྲས་བུར་རེ་བ་ལྟ་བའི་བདུད༔ ཡོན་ཏན་ཆེ་བ་རྣམས་ཀྱང་བདུད་ཡིན་ལ༔ མ་རིག་རྨོངས་པ་རྣམས་ཀྱང་བདུད་ཡིན་ནོ༔ དེས་ན་བདུད་ཆེན་བདག་ཏུ་འཛིན་པ་ཡིན༔ གཞན་དུ་མ་ཡིན་དེ་ཉིད་ནང་དུ་སོད༔ ལར་བདུད་ནང་དུ་སོད་ན་ཕྱི་ནས་བདུད་མི་འབྱུང་སྟེ༔ བདུད་ངོ་མ་ཤེས་པ་ཁོ་ན་མང་བར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དུག་ལྔ་རྩད་ནས་གཅོད་དགོས་ཏེ་གསུངས༔ ཇོ་མོས་དེ་ཇི་ལྟར་ལགས་ཞུས་པས༔ ཞེ་སྡང་ཆེ་བའི་གང་ཟག་དེ་རང་སྡུག་བསྔལ་ཆེ༔ གཏི་མུག་ཆེ་བའི་མི་དུད་འགྲོ་དང་མཚུངས་པས་ཆོས་མི་གོ༔ ང་རྒྱལ་ཆེ་བའི་མི་ལ་ཡོན་ཏན་མི་འགོ་དགྲ་མང༔ འདོད་ཆགས་ཆེ་བའི་མིས་སྡོམ་པ་མི་ཐུབ་སྒྲོ་སྐུར་མང༔ ཕྲག་དོག་ཆེ་བའི་མི་མཐོ་འདོད་ཆེ་དབྱེན་ལ་དགའ༔ དུག་ལྔ་པོ་འདིའི་རྗེས་སུ་མི་འབྲེང་སྐྱེས་གྲོལ་དུས་མཉམ་དུ་ཁོང་དུ་གསད་འཚལ་ཏེ༔ དུག་ལྔ་རང་དགར་སྤྱོད་པའི་མི་འདི་དག་སྡུག་རང་གིས་སྒྲུབ་པར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་སྔོན་ལ་རང་རྒྱུད་དུལ་དགོས་གསུངས༔ ཇོ་མོས་དེ་ཇི་ལྟར་གདའ་ཞུས་པས༔ ཞེ་སྡང་གི་མེ་དཔུང་བྱམས་པའི་ཆུས་གསོད་དགོས་གསུངས༔ འདོད་ཆགས་ཀྱི་ཆུ་བོ་གཉེན་པོ་སྟོབས་ལྡན་གྱི་ཟམ་པས་སྒྲོལ་དགོས༔ གཏི་མུག་གི་མུན་པ་ལ་ཤེས་རབ་ཀྱི་སྒྲོན་མེ་སྤར་དགོས༔ ང་རྒྱལ་གྱི་རི་བྲག་ལ་བརྩོན་འགྲུས་ཀྱི་གཟུ་ཤིང་གིས་རྨང་ནས་སྒྱེལ་དགོས༔ ཕྲག་དོག་གི་རླུང་དམར་ལ་བཟོད་པའི་གོས་གོན་པས་སྤང་དགོས༔ ལར་དུག་ལྔ་པོ་འདི་རང་དགར་ཤོར་ན་རང་རྒྱུད་རློག་པར་བྱེད་པས༔ དུག་ལྔ་རང་ཁར་མི་གཏང་བ་ཤིན་ཏུ་གཅེས་སོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་མཐོང་བའི་རྟགས་ལྔ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ དམ་ཆོས་ཚིག་དང་བྲལ་བའི་སེམས་ཉིད་དངོས་མེད་དུ་མཐོང་དགོས༔ འདི་ལྟར་སྣང་བ་འདི་འཛིན་མེད་རང་གྲོལ་མཐོང་དགོས༔ ཉམས་མྱོང་ལ་ཅི་སྐྱེས་ཀྱང་དངོས་མེད་བདེ་ཆེན་དུ་མཐོང་དགོས༔ མོས་གུས་དང་ལྡན་པས་བླ་མ་ལ་སངས་རྒྱས་སུ་མཐོང་དགོས༔ ལར་ཆོས་བྱེད་པ་ལ་ཅི་ལ་ཡང་ཆགས་པ་མེད་པར་མཐོང་དགོས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་གྲུབ་པ་ལྔ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བླ་མའི་གདམས་ངག་ལེ་ལོར་མ་བཞག་པར་ཉམས་ལེན་གྲུབ་པ་ཞིག་དགོས༔ རང་ཉིད་ཀྱིས་སྒྲུབ་པ་བྱས་ནས་རང་དོན་གྲུབ་པ་ཞིག་དགོས༔ བྱིན་རླབས་ཀྱི་བབས་དང་ལྡན་པས་གཞན་དོན་སློབ་མ་ཁྲིད་ནུས་པ་ཞིག་དགོས༔ སྣང་བ་ཆོས་སུ་གྲོལ་བས་མ་བཅོས་རང་ལུགས་སུ་གྲུབ་པ་ཞིག་དགོས༔ རང་ངོ་རང་གི་ཤེས་པས་རང་སེམས་སངས་རྒྱས་སུ་གྲུབ་པ་ཞིག་དགོས༔ ད་ལྟའི་དུས་ན་བོད་ཀྱི་སྒྲུབ་པ་པོ་རྣམས་ལ་དགོས་པ་སྣ་གཅིག་གྲུབ་པ་ཡང་མི་གདའ་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཆེ་བ་རྣམ་པ་ལྔ་དང་ལྡན་དགོས་གསུངས་སོ༔ ཇོ་མོས་དེ་གང་ལགས་ཞུས་པས༔ བླ་མ་གདམས་ངག་ཆེ་བ་ཞིག་དགོས༔ གདམས་ངག་ཀྱང་ཐབས་ཟབ་མོའི་ཆེ་བ་དང་བཅས་པ་ཞིག་དགོས༔ རང་ཉིད་དཀའ་ཐུབ་ཀྱི་སྒོམ་སྲན་ཆེ་བ་ཞིག་དགོས༔ ཆོས་ཕྱོགས་སུ་མོས་པ་ཆེ་བ་ཞིག་དགོས༔ ཉམས་ལེན་ལ་བཅད་པ་ཆེ་བ་ཞིག་དགོས༔ འཁོར་བ་ལས་ཐར་བར་བྱེད་པ་ལ་དེ་ལྔ་དང་མ་ལྡན་ན་མཐར་མི་ཕྱིན་ནོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཆུད་པ་ལྔ་དང་ལྡན་དགོས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཆོས་ལ་རང་བྱན་ཆུད་པས་གཅིག་ཤེས་ཀུན་ལས་གྲོལ་བ་ཞིག་དགོས༔ ཆོས་ཉིད་ཀློང་དུ་ཆུད་པས་སྐྱེ་མེད་རྒྱུད་ལ་སྐྱེས་པ་ཞིག་དགོས༔ དམ་ཚིག་གནས་སུ་ཆུད་པས་སེམས་ལ་དྲི་མ་མེད་པ་ཞིག་དགོས༔ བརྩོན་པས་སྲོག་རྩོལ་གནས་སུ་ཆུད་པས་རླུང་སེམས་དབང་དུ་འདུས་པ་ཞིག་དགོས༔ གདམས་པ་གནས་སུ་ཆུད་པས་གང་ཟག་ཇི་ལྟ་བུ་ལ་ཡང་གདམས་པ་ཐེབས་པ་ཞིག་དགོས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དགོས་པ་ཆུང་བ་ལྔ་ཡོད༔ ཇོ་མོས་དེ་གང་ལགས་ཞུས་པས༔ འཁོར་བ་ལ་ཞེན་པ་མ་ལོག་པས་མོས་པ་བྱེད་པ་དགོས་པ་ཆུང༔ དངོས་པོ་ལ་ཞེན་པ་མ་ལོག་པས་སྟོང་ཉིད་སྒོམ་པ་དགོས་པ་ཆུང༔ འདོད་པ་ལ་བློ་མ་ལོག་པས་སྒོམ་བྱེད་པ་དགོས་པ་ཆུང༔ ཆགས་སྡང་ལས་བློ་མ་ལོག་པས་གདམས་ངག་བཤད་པ་དགོས་པ་ཆུང༔ རང་དོན་དང་མི་ལྡན་པས་ཁ་ཚིག་བཟང་པོ་དགོས་པ་ཆུང་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དགོས་པ་ལྔ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ དམ་པ་རྣམས་ཀྱི་ཐུགས་ཟིན་ན་གདམས་པ་རྣམས་ཀྱི་བཅུད་ཐོབ་པའི་དགོས་པ་ཡོད༔ བླ་མ་ལ་མོས་གུས་དྲག་པོ་རྒྱུན་མ་ཆད་པར་བྱས་ན་བྱིན་རླབས་ཤུགས་ལས་འབྱུང་བའི་དགོས་པ་ཡོད༔ ཚོགས་ཁྱད་པར་ཅན་བསགས་ན་བསམ་པ་ལས་སུ་རུང་བའི་དགོས་པ་ཡོད༔ དེས་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད༔ དེས་ཐམས་ཅད་མཁྱེན་པའི་སངས་རྒྱས་མྱུར་དུ་འཐོབ་པའི་དགོས་པ་ཡོད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་པར་ཁས་ལེན་པ་ལ་རྫུན་དུ་འགྲོ་བ་ལྔ་ཡོད་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ འཇིག་རྟེན་འདི་ལ་མངོན་པར་དགའ་ཞིང་ཚེ་ཕྱི་མ་ལ་འཇིགས་གཏམ་ཟློས་པ་རྫུན་དུ་འགྲོ༔ ངན་སོང་གསུམ་ལ་མི་འཇིགས་པའི་ལས་བྱེད་ཅིང་སྐྱབས་སུ་འགྲོ་ཟེར་བ་རྫུན་དུ་འགྲོ༔ འདོད་པ་ལས་བློ་མ་ལོག་པར་སྒོམ་ཆེན་ཁས་ལེན་པ་རྫུན་དུ་འགྲོ༔ རྒྱུ་འབྲས་མི་ཤེས་པར་ལྟ་བ་རྟོགས་ཟེར་བ་རྫུན་དུ་འགྲོ༔ སྲིད་པའི་གཡང་ས་མ་ཆོད་པར་སངས་རྒྱས་ཡིན་ཟེར་བ་རྫུན་དུ་འགྲོ༔ ཆོས་པར་ཁས་བླངས་ནས་རང་གཞན་གཉིས་ཀ་ལ་རྫུན་གཏོང་བ་མང་པོ་གདའ་སྟེ༔ ཤི་འཕོས་པའི་དུས་ན་རྫུན་ཐམས་ཅད་རང་ལ་གཏོང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་གདམས་པ་ངེས་པའི་ཚིག་ལྔ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ མ་བསྒོམ་པར་ཉམས་རྟོགས་མི་སྐྱེ་བར་ངེས༔ ཐེག་ཆེན་ཐབས་ཤེས་རབ་ཡ་བྲལ་ན་ཉན་ཐོས་སུ་ལྷུང་བར་ངེས༔ ལྟ་སྤྱོད་ཟུང་འཇུག་མ་ཤེས་ན་ལམ་ལོག་པར་འགྲོ་བར་ངེས༔ སེམས་ཉིད་རྣམ་དག་མ་རྟོགས་པ་ལ་ལས་དགེ་སྡིག་ཡོད་པར་ངེས༔ རང་སེམས་མ་རྟོགས་ན་སངས་མི་རྒྱ་བར་ངེས་སོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དོན་མེད་པ་ལྔ་གདའ་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བཅུད་དང་མི་ལྡན་པའི་སློབ་དཔོན་བསྟེན་པ་ལ་དོན་མེད༔ དམ་ཚིག་མི་སྲུང་བའི་སློབ་མ་བསྟེན་པ་ལ་དོན་མེད༔ རང་ཉམས་སུ་མི་ལེན་པའི་ཆོས་ཤེས་པ་ལ་དོན་མེད༔ རང་རྒྱུད་ལ་མ་ཕན་པའི་སྒོམ་པ་ལ་དོན་མེད༔ རང་ལ་མི་ཕན་པའི་ཁ་གཏམ་རྐྱང་པའི་ཆོས་ལ་དོན་མེད༔ ལར་དོན་མེད་པ་མང་པོ་བྱེད་པར་གདའ་སྟེ༔ མ་རིག་པས་བྱེ་བྲག་མ་ཤེས་པ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་འཕགས་པའི་ཆོས་དྲུག་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ལྟ་བ་ལ་རང་བྱན་ཚུད་པས་ཐམས་ཅད་སེམས་སུ་ཤེས༔ ཚུལ་ཁྲིམས་ལ་ངོ་ལྐོག་མེད་པས་རང་རྒྱུད་དྲི་མ་དང་བྲལ༔ སྦྱིན་པ་ལ་ཕྱོགས་རིས་མེད་པས་ཁ་ལེན་དང་བྱིན་བཞག་མེད༔ བཟོད་པས་རྐྱེན་ཐུབ་པས་དགྲ་ལ་ཁོང་ཁྲོ་མེད་པ༔ ཐོས་པས་རྒྱུད་སྦྱངས་པས་སྡུག་བསྔལ་ལམ་དུ་སློང་བ༔ བསྒོམས་པ་བསོད་ནམས་ཀྱི་བདུད་ཀྱིས་མ་ཁྱེར་བ་ཞིག་དགོས་ཏེ༔ སྒྲུབ་པ་པོ་རྣམས་ཀྱང་ཆོས་དང་མཐུན་པར་མི་བྱེད་པར་གདའ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་སྐྱོན་བཞི་སྤང་དགོས་གསུངས་སོ༔ ཇོ་མོས་དེ་གང་ལགས་ཞུས་པ༔ སྒྲུབ་པ་དལ་ཁོམ་གྱིས་མི་འོང་ཆུ་བོ་རྒྱུན་གྱི་རྣལ་འབྱོར་རྒྱུན་མ་ཆད་པར་དགོས༔ ཉམས་མྱོང་འདྲེ་མཐོང་གིས་མི་འོང་ཆོས་ཀྱིས་རང་རྒྱུད་གྲོལ་བ་ཞིག་དགོས༔ སྤྱོད་པ་ཚུལ་འཆོས་ཀྱིས་མི་འོང་རང་བྱུང་ཤུགས་ལ་འཆར་དགོས༔ བཀུར་སྟི་ཁ་ལེན་གྱིས་མི་འོང་བླ་མའི་ཞབས་ནས་འདེགས་དགོས༔ ལར་ཆོས་པ་འདི་བཞི་དང་འབྲལ་བར་གདའ་སྟེ༔ འཆི་བའི་ཚེ་རང་ཉིད་ཁོ་ན་ཕམ་པར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་པ་ལོ་འདོད་ལ་རྩིས་བྱེད་པ་འདི་རྣམས་ཐ་མལ་པ་བས་ཀྱང་ཐུ་གསུངས༔ ཇོ་མོས་གང་ལགས་ཞུས་པས༔ ཆོས་པ་ཆེ་ལོ༔ བླ་མ་བསྟེན་ལོ༔ སྟོན་པ་ཆེ་ལོ༔ གྲྭ་པ་མང་ལོ༔ དགོན་པ་འཛིན་ལོ༔ མཆོད་པ་བཟང་ལོ༔ དགེ་སྦྱོར་རེམ་ལོ༔ མངོན་ཤེས་ཡོད་ལོ༔ འདག་སྦྱར་བྱེད་ལོ༔ གདམས་ངག་ཆེ་ལོ༔ འཇིག་རྟེན་གྱི་དྲེགས་པ་དང་མ་བྲལ་བར་ལས་ཚུལ་འཆོས་ལ་བྱས་པས༔ མིའི་མགོ་རང་འཐག་བཞིན་བསྐོར་བས༔ འཆི་ཁར་འགྱོད་པར་མཆི་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཞེ་ཐག་པ་ནས་ཆོས་བྱེད་ན་རྒྱབ་ལོག་བཅུ་བཞི་བྱེད་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ རི་ཡི་བུ་གྱིས་ལ་རི་ཁྲོད་དགོན་པ་འགྲིམས༔ མུ་གེའི་ཟས་ཟོ་ལ་དཀའ་ཐུབ་བཅུད་ལེན་གྱིས༔ སྐུ་ཆེ་བའི་རྒྱལ་སར་མ་འགྲིམ་དམན་པའི་སྤྱོད་ལམ་གྱིས༔ དགྲ་དགའ་བའི་ལས་གྱིས་ལ་སུ་དང་ཡང་འབྲེལ་པ་ཆོད༔ སྐྱུག་ལོག་པའི་གོས་གོན་ལ་ལྡོམ་བུ་གྱིས༔ གཉེན་བྱམས་པར་སྐྱུག་ཟློགས་ལ་འབྲེལ་ཆོད༔ འགྲན་སངས་རྒྱས་ལ་ཚུགས་ལ་སྒྲུབ་པ་གྱིས༔ བརྣག་པ་གདམས་ངག་ལ་གྱིས་ལ་ཆོས་ཉམས་སུ་ལོངས༔ ལྐོག་འབུག་ཡི་དམ་ལ་གྱིས་ལ་བཟླས་པ་ལ་འབད༔ གཞུང་ངན་སྡིག་པ་ལ་གྱིས་ལ་རྒྱབ་ཏུ་བོར༔ གཏོང་ཕོད་བླ་མ་ལ་གྱིས་ལ་ཅི་ཡོད་ཕུལ༔ རྒྱབ་ལོག་འཁོར་བ་ལ་གྱིས་ལ་སྐྱོ་བ་སྐྱེད༔ རྒྱལ་ཁ་གཞན་ལ་བྱིན་ལ་དྲག་པོའི་ཟླ་མ་བྱེད༔ མངན་རང་ལ་བགྲོངས་ལ་མཚང་ཡུལ་ཐོན༔ དེ་ལྟར་གྱིས་དང་ཆོས་སུ་བགྲོད་འགྲོ༔ འཁོར་བ་རུ་ཟློག་པར་གདའ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ནད་གསུམ་སྤང་དགོས་པར་གདའ་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཡུལ་གྱི་ནད་ཕ་ཡུལ་མ་སྤང་ན་དུག་ལྔའི་བཙོན་རར་ཆུད་པ་ཡིན་ཏེ༔ ངན་སོང་གི་གནས་སུ་ལྷུང༔ གནས་ཀྱི་ནད་ཁང་ཁྱིམ་བདག་འཛིན་མ་སྤང་ན་གཟུང་འཛིན་གྱི་ཁྲི་མུན་དུ་ཆུད་པ་ཡིན་ཏེ༔ འཁྲི་བའི་མདུད་པ་མི་ཆོད༔ འབྲེལ་བའི་ནད་བུ་ཚ་གཉེན་འདུན་བུད་མེད་མ་སྤང་ན་འཁོར་བའི་འདམ་རྫབ་ཏུ་ཚུད་པ་ཡིན་ཏེ༔ ཐར་པའི་དུས་མི་འོང༔ ནད་གསུམ་མ་སྤང་པའི་འཁོར་བའི་ཁང་པ་ན༔ དུག་གསུམ་གྱི་ནད་ཀྱིས་གདུངས་ནས་སྡུག་བསྔལ་མ་ཚོར་བར་སྡུག་སྲན་ཆེ་བར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ན་འཁོར་བ་ལས་ཐར་བའི་ཐབས་ཡོད་པ་ལ་གསུངས༔ ཇོ་མོས་དེ་ཇི་ལྟར་བགྱི་ཞུས་པས༔ གུས་པ་ཁྱད་པར་ཅན་སྐྱེ་བར་འདོད་ན་བླ་མའི་ཕྱི་ནང་གི་ཡོན་ཏན་ལ་ལྟོས༔ སྤྱོད་པ་ཀུན་དང་མཐུན་པར་འདོད་ན་གཞན་དོན་གྱི་རྩོལ་བ་མི་དགག༔ བླ་མའི་ཐུགས་ཟིན་པར་འདོད་ན་བླ་མས་གནང་བའི་གདམས་ངག་ཉམས་སུ་བླང༔ དངོས་གྲུབ་མྱུར་དུ་ཐོབ་པར་འདོད་ན་དམ་ཚིགས་མ་ཉམས་པར་བསྲུང༔ སྐྱེ་རྒས་ན་འཆིའི་ཆུ་བོ་བཞི་ལས་ཐར་བར་འདོད་ན་ཀུན་གཞི་དལ་མེད་དུ་རྩད་ཆོད༔ སྒྲུབ་པ་ལ་བར་ཆད་མེད་པར་འདོད་ན་འཇིག་རྟེན་གྱི་གཡེང་བ་རྒྱབ་ཏུ་བོར༔ གཞན་དོན་འབད་པ་མེད་པ་སྒྲུབ་པར་འདོད་ན་ཚད་མེད་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་རྒྱུད་སྦྱོངས༔ ཕྱི་མར་ངན་སོང་གསུམ་དུ་འཚེར་ན་ཚེ་འདིར་མི་དགེ་བ་བཅུ་སྤོངས༔ འདི་དང་མ་འོངས་པ་གཉིས་ཀ་བདེ་བར་འདོད་ན་དགེ་བ་བཅུ་ལ་འབད༔ ཆོས་ལ་བློ་འཇུག་པར་འདོད་ན་སྡུག་བསྔལ་གྱི་དཀའ་བ་ཉམས་སུ་བླང༔ འཁོར་བ་ལས་ཟློག་པར་འདོད་ན་བླ་ན་མེད་པའི་བྱང་ཆུབ་རང་གི་སེམས་ལས་བཙལ༔ འབྲས་བུ་སྐུ་གསུམ་ཐོབ་པར་འདོད་ན་ཚོགས་གཉིས་གསག་པ་ལ་འབོད༔ དེ་ལྟར་བགྱིས་ན་བདེ་བར་འོང་བར་གདའ་སྟེ༔ འཁོར་བ་ལ་བློ་མ་ལོག་པའི་མི་ལ་སྐྱིད་མེད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྙིང་ནས་ཆོས་བྱེད་ན་བྱ་ཐབས་ཡོད་གསུངས༔ ཇོ་མོས་ཙུག་བྱེད་ཞུས་པས༔ སྒྲུབ་པ་ཉམས་སུ་ལེན་ན་ཆགས་སྡང་གི་སྒྲོག་ཁྲོལ༔ ཐོས་པ་གཞུང་བཞིན་བྱེད་ན་བཟོད་པའི་གོ་གྱོན༔ གནས་དགོན་བརྟེན་ན་ཡིད་ཟས་ནོར་ལ་མ་ཆགས་པར་གྱིས༔ གྲུབ་པའི་ཆོས་འདོད་ན་གྲུབ་པ་བརྙེས་པའི་བླ་མ་བསྟེན༔ བླ་མ་དམ་པ་དང་འཕྲད་ནས་འདུག་ན་ལོག་པ་མ་བྱེད་པར་ཐུགས་ཅི་ཟིན་གྱིས༔ ཆོས་ལ་ཐེ་ཚོམ་བྱུང་ན་བླ་མའི་ཞལ་ལ་དྲིས༔ གཉེན་གྱི་ཆགས་ཞེན་ཀུན་ལྡོག་ལ་སེམས་ཀྱིས་འཁྲི་བ་ཆོད༔ བློ་ཡིས་སྟེང་དུ་སོང་ན་ཤེས་པ་བཅུད་ལ་བོར༔ བར་ཆད་འབྱུང་པོས་གཡེང་བ་ཐོངས༔ སྡོད་ལོང་མེད་པས་མྱུར་དུ་སྒོམས༔ གཡེང་ལ་མ་དགའ་གཅིག་ཏུ་སྡོད༔ གཉེན་དང་ནོར་དང་འབྲེལ་པ་དངོས་པོ་ཐམས་ཅད་འཁྲུལ་པ་ཡིན་གྱིས་བོར་ལ་ཐོངས༔ མི་དང་འགྲོགས་ན་ཆགས་སྡང་སྐྱེ༔ རང་རེ་གཅིག་ཏུ་སྡོད་ལ་དགེ་སྦྱོར་གྱིས༔ གཡེང་བ་ཆེ་ན་བར་ཆད་འབྱུང་གིས་རྒྱབ་ཏུ་བོར༔ ལར་ཆོས་མ་ནུས་པ་དགེ་སྦྱོར་མེད་པའི་མི་ལ་སྐྱིད་མེད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དམ་ཚིག་བསྲུང་དགོས་ཏེ་དཀའ་བས་དམ་ཉམས་པ་ཁོ་ན་ཤས་ཆེ་བར་གདའ་གསུང༔ ཇོ་མོས་དེ་ཇི་ལྟར་ལགས་ཞུས་པ༔ སློབ་དཔོན་གསང་ནས་བདག་ཉིད་ཀྱི་ཆེ་བ་འབྱིན་པའི་དམ་ཉམས་ཀྱང་གདའ༔ བླ་མ་ལ་དབུལ་བར་བསམས་ནས་བློ་ལོག་སྟེ་རང་གི་ནོར་ལ་དཀོར་དུ་སྒྱུར་བའི་དམ་ཉམས་ཀྱང་གདའ༔ བླ་མ་དང་ཆོས་གྲོགས་རྫུན་གྱིས་མགོ་བསྐོར་ནས་སླུ་བའི་དམ་ཉམས་ཀྱང་གདའ༔ བླ་མ་བཀའ་དྲིན་ཅན་ཁྱད་དུ་བསད་ནས་སྒོ་དྲགས་པ་སྐད་དུ་ཟློས་པའི་དམ་ཉམས་ཀྱང་གདའ༔ རང་སྐྱོན་བླ་མ་ལ་བཀལ་བས་དམ་ཚིག་གཙང་བ་སྐད་དུ་ཟློས་པའི་དམ་ཉམས་ཀྱང་གདའ༔ སློབ་དཔོན་གྱི་ཚུལ་གཞལ་ལ་མེད་པར་ཡོད་ཟེར་བ་དྲན་པའི་དམ་ཉམས་ཀྱང་གདའ༔ ཆོས་མ་ཉན་པ་ཤེས༔ དབང་མ་ཐོབ་པ་ཐོབ༔ གདམས་ངག་མེད་པར་ཡོད་ཟེར་བའི་སྒོ་བཟང་པོ་མང་བར་གདའ་སྟེ༔ བྱིན་རླབས་དང་ནུས་པ་འབྱུང་བ་ཉུང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དད་པ་བརྟན་པོ་ཁོ་ན་གལ་ཆེ་སྟེ༔ དད་པ་སྐྱེ་བ་ལ་རྒྱུ་བཅུ་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ད་ལྟར་གྱི་བྱེད་སྤྱོད་ཁ་དྲག་དང་བཅས་པ་འདི་ལ་བདེ་བ་མེད་པར་ངོ་ཤེས་པ་དང༔ ལས་དགེ་སྡིག་གཉིས་ཀྱི་རྒྱུ་འབྲས་ལ་ཡིད་ཆེས་པ་དང༔ རང་འཆི་བ་རྗེས་སུ་དྲན་ནས་སྐྱོ་བ་སྐྱེ་བ་དང༔ འཆི་བའི་དུས་སུ་ལོངས་སྤྱོད་དང་བུ་སྨད་དང་གཉེན་འབྲེལ་དང་མི་འགྲོགས་པས་དགོས་མེད་དུ་ཤེས་པ་དང༔ ཚེ་ཕྱི་མ་ལ་གང་དུ་སྐྱེ་མ་ངེས་པས་གནས་མལ་ལ་རང་དབང་མེད་པར་ཤེས་པ་དང༔ མི་ལུས་གཙང་མ་ཐོབ་ནས་ཆོས་མེད་སྟོང་ལོག་བྱེད་པར་ཤེས་པ་དང༔ འཁོར་བའི་གནས་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པར་ངོ་ཤེས་པ་དང༔ དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་ཐོས་པ་དང༔ བླ་མ་དམ་པ་ཁྱད་པར་ཅན་གྱི་མཛད་སྤྱོད་ཡོན་ཏན་མཐོང་བ་དང༔ ཆོས་གྲོགས་བཟང་པོ་དགེ་བ་ལ་གནས་པ་དང་འགྲོགས་པ་དང༔ དེ་རྣམས་རྒྱུད་ལ་སྐྱེས་སམ་དྲན་ན་གང་ཟག་དེ་འཁོར་བ་ལས་ཟློག་པར་གདའ་སྟེ༔ རེ་རེ་རྒྱུད་ལ་སྐྱེ་བ་ཡང་དཀའ་བར་མི་གདའ་འམ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སེམས་ཐག་པ་ནས་ཆོས་བྱེད་ན༔ ཞེན་ལོག་གི་ཆོས་བཅུ་གསུམ་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཕ་ཡུལ་མ་སྤང་ན་ང་རྒྱལ་གྱི་བདུད་མི་ཆོམས༔ ཁྱིམ་གྱི་བྱ་བ་མ་གཏང་ན་ཆོས་བྱ་བའི་སྐབས་མི་རྙེད༔ དད་པ་སྐྱེས་པའི་ཚེ་ན་ཆོས་ལ་མ་ཕྱིན་ན་ལས་ལ་ཟིན་པ་མི་འོང༔ རང་ལ་དད་པ་མེད་པར་མི་གཞན་ལ་བསྙད་མ་འདོགས༔ རང་གི་ཡོ་བྱད་རླུང་ལ་མ་སྐུར་ན་མི་ཆོས་ལ་ཁོ་ཐག་མི་ཆོད༔ གཉེན་འབྲེལ་དང་རྒྱང་མ་བསྲིང་ན་ཆགས་སྡང་རྒྱུན་མི་ཆོད༔ དུས་ད་རེས་ཆོས་མ་བྱས་ན་ཕྱིས་གང་དུ་སྐྱེ་ཆ་མེད༔ ད་ལྟ་རང་ལ་བྱ་དབང་ཡོད་པ་ལ་མི་བྱེད་པར་ཕྱི་མ་ལ་སྨོན་ལམ་འདེབས་པ་དེ་ལ་དེས་མི་སྟོངས་པ་ཡིན༔ རང་ལ་རྫུན་མི་བྱེད་ན་ཞེ་འདོད་ཆོད་ལ་དམ་པའི་ཆོས་གྱིས༔ གཉེན་འདུན་བུད་མེད་ཡོ་བྱད་དོར་དགོས་པ་ལ་ད་ལྟ་དོར་ན་དོན་ཅན་དུ་འགྲོ་བ་ཡིན༔ རང་ལ་མི་སྟོངས་ངེས་པའི་སྲིད་མ་སྐྱོང་བར་དགོས་ངེས་པའི་དགེ་བ་སྐྱོངས༔ དགོས་སམ་མི་དགོས་མི་ངེས་པའི་སང་ཕོད་ཀྱི་བཅས་མ་བྱེད་པར་དགོས་པར་ངེས་པའི་དགེ་སྦྱོར་གྱིས་ཤིག་གསུངས༔ ནན་ཏར་ཆོས་བྱེད་ན་ལྟོ་རྒྱབ་གཉིས་ཀྱི་སྡུག་བསྔལ་བྱ་མི་དགོས་ཞོར་ལ་འབྱུང༔ ཆོས་བྱེད་ལྟོག་ཅིང་ཤི་ཟེར་བ་མ་ཐོས་མ་མཐོང་གིས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཡང་དག་པར་ཆོས་བྱེད་ན་གཅེས་པ་བཅུ་གསུམ་དང་ལྡན་དགོས་གསུངས་སོ༔ ཇོ་མོས་དེ་གང་ལགས་ཞུས་པས༔ ཡོན་ཏན་དང་ལྡན་པའི་བླ་མ་ལ་བཀུར་སྟི་བྱ་བ་གཅེས༔ གདམས་པ་དང་ལྡན་པའི་བླ་མ་ཡུན་རིང་དུ་བསྟེན་པ་གཅེས༔ ལྷ་དཀོན་མཆོག་གསུམ་པོ་ལ་དད་གུས་བརྟན་པོ་གཅེས༔ སྡིག་པ་མི་དགེ་བ་ཕྲ་མོ་ལ་ཡང་འཛེམ་པ་གཅེས༔ ཉིན་ལན་གསུམ་མཚན་ལན་གསུམ་དུ་མི་རྟག་པ་རྒྱུད་ལ་སྒོམ་པ་གཅེས༔ དགེ་བའི་ཆོས་ལ་བརྩོན་འགྲུས་བསྐྱེད་པ་གལ་ཆེ༔ དུས་རྟག་ཏུ་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་སྒོམ་པ་གཅེས༔ སྣང་བ་དང་དངོས་པོ་ལ་ཞེན་ཆགས་ཐབས་ཀྱིས་བསྐྱུང་བ་གཅེས༔ ཕྱིན་ཅི་མ་ལོག་པའི་གདམས་ངག་ལ་ངེས་ཤེས་སྐྱེ་བ་གཅེས༔ དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་གཅེས༔ གསང་བའི་མན་ངག་སྣོད་ངན་ལ་མི་སྤེལ་བ་གཅེས༔ ཉམས་སུ་ལེན་པ་ལ་དགོན་པ་བརྟེན་པ་ལ་འབད་པ་གཅེས༔ རྒྱུན་དུ་རང་གི་སེམས་ཉིད་གཏན་ལ་འབེབ་པ་གཅེས༔ དེ་རྣམས་དང་ལྡན་ན་ཆོས་འོང་བ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་འདོད་ན་ཐབས་ཡོད་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཆོས་ཉིད་ཀྱི་དོན་མཐོང་བར་འདོད་ན་བླ་མ་བསྟེན་དགོས༔ འཁོར་བ་ནས་ཐར་བར་འདོད་ན་ཁྱིམ་ཐབ་སྤང་དགོས༔ རང་ཉིད་འཆི་བ་གོ་ན་ཆོས་སྤྱོད་བྱེད་དགོས༔ གཉིས་མེད་སྒོམ་པར་འདོད་ན་བྱ་བ་གཏོང་དགོས༔ ཡོན་ཏན་རྫོགས་པར་འདོད་ན་སྒྲུབ་པ་བྱེད་དགོས༔ སྡུག་བསྔལ་སྤོང་བར་འདོད་ན་འཁོར་འདབས་བསྐྱུར་དགོས༔ ཉམས་མྱོང་སྐྱེ་བར་འདོད་ན་རི་ཁྲོད་འགྲིམ་དགོས༔ ཆགས་སྡངས་མེད་པར་འདོད་ན་རང་ཡུལ་སྤང་དགོས༔ ལྟད་མོ་བལྟ་བར་འདོད་ན་རང་སེམས་གསལ་བའི་མེ་ལོང་བལྟ་དགོས༔ དངོས་གྲུབ་ཉེ་བར་འདོད་ན་བླ་མ་ཡི་དམ་མཁའ་འགྲོ་གསུམ་སྤྱི་བོར་ཁུར་དགོས༔ ཐར་པ་ཐོབ་པའི་ཆོས་ཉམས་སུ་ལེན་པ་མི་གདའ་ན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྙིང་ནས་ཆོས་བྱེད་ན་འབད་རྩོལ་དང་ལྡན་པ་དགོས་གསུངས༔ ཇོ་མོས་ཇི་ལྟར་འཚལ་ཞུས་པས༔ གཉེན་དང་ཟས་ནོར་བུ་ཚ་ཀུན༔ འཁྲུལ་པ་ཡིན་པས་བོར་དགོས༔ གཡེང་བ་དང་བསོད་ནམས་བཀུར་སྟི་རྣམས༔ བར་ཆད་གཡབ་མོ་ཡིན་པས་བོར་དགོས༔ གྲོགས་དང་གཡོག་པོ་ཉེ་འབྲེལ་རྣམས༔ ཆགས་སྡང་འཁོར་བའི་རྒྱུ་ཡིན་པས་བོར་དགོས༔ ལོ་དང་ཟླ་བ་ཞག་དང་ཟ་མ་རྣམས་འཆི་བའི་ཚེ་རྐུན་ཡིན་པས་མྱུར་དུ་སྒོམ་དགོས་པ་ཡིན་ཏེ༔ སྙིང་ལ་རུས་པ་མེད་པའི་མི་རྣམས་གཉེན་དང་ཟས་ནོར་བུ་ཚ་ལ་ཡོན་ཏན་དུ་བཟུང༔ གཡེང་བ་ལ་བསོད་ནམས་སུ་མཐོང༔ བྱུར་གྱི་གཉའ་ཤིང་གྲོགས་ལ་དགའ་བདེར་མཐོང༔ ལོ་ཟླ་ནམ་ཟླ་ཟད་པར་མ་ཚོར་བའི་ཚེ་རིང་ཐུང་བརྩི་ཞིང༔ དུག་ལྔ་ལ་སེམས་རྟེན་འཆའ་བ་མང་བར་གདའ་སྟེ༔ འཆི་བའི་ཚེ་རང་གི་འདུན་མ་རང་གིས་བྱ་དགོས་སོ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ཡང་དཀའ་བར་གདའ་གསུངས༔ ཇོ་མོས་ཇི་ལྟར་གདའ་ཞུས་པས༔ ཉེན་ལྟ་བ་ལོག་ན་ཆེ༔ སྒོམ་པ་ཡིད་ལ་བྱས་པས་འཁྲུལ༔ དགྲར་དམ་ཚིག་ཉམས་པས་གནོད༔ སྤྱོད་པ་ལུས་ངག་ཡིད་གསུམ་སྡིག་ལ་སྤྱོད་པས་འཁྲུལ༔ བསྟན་པ་ཞེ་འདོད་ཆེས་པས་བཤིག༔ ཆོས་ནོར་ལ་དམིགས་པས་སྣུབ༔ སྡོམ་པ་གཞན་ལ་གཤེ་སྐུར་གྱིས་འཆོར༔ ལམ་སྡུག་བསྔལ་ལ་བདེན་པར་འཛིན་པ་འདིས་ལོག༔ ཁྲེལ་འདོད་པས་གདུངས་པ་ལ་འཆོར༔ འདུན་མ་ཚེ་འདིའི་ཁ་དྲགས་པ་རྣམས་ནོར༔ ངོ་སྟོན་པ་ཆོས་མེད་པོ་རྣམས་ཚ༔ ཡི་སྒོམ་ཆེན་རྡུགས་པ་རྣམས་མུག༔ འདི་དག་གིས་མི་རྟག་པ་མ་དྲན་པས༔ འཆི་བའི་ཚེ་ན་ཁམ་ཆེ་བར་ངས་མཐོང་སྟེ༔ ཁོ་དག་རྣམས་སྤྱང་ཞིང་མཁས་པར་རློམ་ནས་ཚུགས་པར་གདའ་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཤེས་ན་བདེ་བའི་ཐབས་ཡོད་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ གཟུང་འཛིན་གཉིས་སུ་མེད་པའི་ལྟ་བ་བདེ༔ བྱིང་རྒོད་གཡེང་བ་མེད་ན་སྒོམ་པ་བདེ༔ ཞེན་ཆགས་མཁའ་ལྟར་དག་ན་སྤྱོད་པ་བདེ༔ རང་སེམས་དྲི་མ་དག་ན་ཉམས་མྱོང་བདེ༔ སེམས་ལ་ཟུག་རྔུ་མེད་ན་རང་གནས་བདེ༔ ཕྱོགས་རིས་རྣམ་པར་དག་ན་སྙིང་རྗེ་བདེ༔ འཛིན་པ་གཏིང་ནས་དག་ན་སྦྱིན་པ་བདེ༔ ཟས་ནོར་སྒྱུ་མར་ཤེས་ན་ལོངས་སྤྱོད་བདེ༔ གར་སྡོད་སྡོད་ལ་ངེས་པ་མེད་ན་གར་འདུག་བདེ༔ དྲེགས་པའི་ས་མ་བཟུང་ན་སྤྱོད་ལམ་བདེ༔ སྡུག་ཐུབ་ཁྱིམ་དུ་མ་ཁྱེར་ན་འཚོ་བ་བདེ༔ བཟང་པོའི་འགྲན་ཟླ་མ་བྱས་ན་གྲོགས་སུ་བདེ༔ བྱིས་པའི་སྤྱོད་པ་བདག་འཛིན་བྲལ་ན་བདེ༔ གདམས་པ་སྙིང་རྗེར་ལྡན་པའི་དམ་པ་བསྟེན་པས་བདེ༔ བདེ་གཤེགས་སྙིང་པོས་བསྡུས་པའི་འགྲོ་དྲུག་མཆེད་དུ་བདེ༔ སེམས་ཀྱི་ཞེན་པ་ཆོད་ན་ཅི་བྱས་ལམ་དུ་བདེ༔ སྣང་སྲིད་རང་སར་གྲོལ་ན་བདེ་ཆེན་རྙེད་དེ་བདེ༔ སྣང་གྲགས་སྒྱུ་མར་ཤེས་ན་གདུང་བ་བཅད་དེ་བདེ༔ རང་གིས་རང་ངོ་ཤེས་ན་འབད་རྩོལ་མེད་དེ་བདེ༔ རྣམ་རྟོག་ཆོས་ཉིད་ཡིན་པས་ཅིར་མཐོང་སྒོམ་པར་བདེ༔ དེ་ལྟར་ཤེས་ན་གང་ལྟར་བྱས་ཀྱང་བདེ་སྟེ༔ བདག་འཛིན་དང་མ་བྲལ་བའི་དུས་ངན་གྱི་སེམས་ཅན་ལ་སྐྱིད་པ་དང་བདེ་བ་མི་གདའ༔ ཐམས་ཅད་སྙིང་རྗེ་བར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ནུས་ན་སྐྱིད་པའི་ཐབས་ཡོད་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཞེན་ཆགས་ཀྱི་འདམ་ལ་ཟུག་པ་མེད་པས་ཕ་ཡུལ་སྤངས་ན་སྐྱིད༔ ཤེས་བྱའི་ཐོས་བསམ་ལ་རྫོགས་པ་མེད་པས་རང་སེམས་རྟོགས་པའི་དུས་ན་སྐྱིད༔ ཐ་མལ་གྱི་ལོང་གཏམ་ལ་ཟད་པ་མེད་པས་སྨྲ་བཅད་བྱེད་ནུས་ན་སྐྱིད༔ འཇིག་རྟེན་གྱི་གཡེང་བའི་ལས་ལ་ཟིན་པ་མེད་པས་གཅིག་པུར་འདུག་ནུས་ན་སྐྱིད༔ བྱ་བའི་ལས་ཀ་ཟིན་པ་མེད་པས་བྱ་བ་གཏོང་ནུས་ན་སྐྱིད༔ བསགས་པའི་ནོར་ལ་ཆོག་ཤེས་མེད་པས་འཛིན་ཆགས་བསྐྱུང་བར་ནུས་ན་སྐྱིད༔ སྡང་བའི་དགྲ་ལ་ཐུལ་བ་མེད་པས་ཉོན་མོངས་པ་འཇོམས་ན་སྐྱིད༔ ཞེན་ཆགས་ཀྱི་གཉེན་ལ་མགུ་བ་མེད་པས་གདུང་སེམས་གཅོད་ནུས་ན་སྐྱིད༔ འཁོར་བའི་རྩ་བ་ལ་ཆོད་པ་མེད་པས་ང་བདག་གཅོད་ནུས་ན་སྐྱིད༔ རྣམ་རྟོག་དང་འགྱུ་བྱེད་ལ་ཟད་པ་མེད་པས་སེམས་ཀྱི་འཕྲོ་འདུ་གཅོད་ནུས་ན་སྐྱིད༔ ལར་ང་བདག་དང་མ་བྲལ་བའི་སེམས་ཅན་ལ་སྐྱིད་མི་གདའ༔ འཁོར་བའི་གནས་སུ་སྡུག་ཡུན་རིང་པོར་གདའ་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ རྣལ་འབྱོར་པར་ཁས་བླངས་ནས་ཐ་མལ་དུ་གོལ་བ་མང་དུ་ཡོད་གསུངས༔ ཇོ་མོས་ཇི་ལྟར་མཆིས་ཞུས་པས༔ ཁ་ལ་ལྟ་བ་ཟེར་ཞིང་སེམས་ངོ་མ་ཤེས་པའི་རྣལ་འབྱོར་གོལ༔ ཤེས་པ་བཙོན་དུ་བཟུང་ནས་མ་རྟོགས་གླེན་སྒོམ་བྱེད་པའི་རྣལ་འབྱོར་གོལ༔ ཐམས་ཅད་སེམས་ཡིན་ཟེར་ཞིང་སྤྱོད་པ་བབ་ཅོལ་བྱེད་པའི་རྣལ་འབྱོར་གོལ་གསུངས༔ ༔མ་གོལ་བ་ཇི་ལྟ་བུ་ཞུས་པས༔ སྣང་བ་སེམས་སུ་ཤེས་ནས་ཆོས་སྐུ་ལམ་དུ་ཁྱེར་བའི་རྣལ་འབྱོར་མ་གོལ༔ སྤྲོས་པ་མཐའ་དག་བཅད་ནས་ལྟ་བའི་གདེང་དང་ལྡན་པའི་རྣལ་འབྱོར་མ་གོལ༔ དེ་ཉིད་ཉམས་སུ་མྱོང་ནས་རིག་པ་ལམ་དུ་ཁྱེར་བའི་རྣལ་འབྱོར་མ་གོལ༔ སྣང་བ་གྲོགས་སུ་ཁྱེར་ནས་ཆགས་མེད་ཞེན་མེད་ཀྱི་རྣལ་འབྱོར་མ་གོལ༔ ལར་སྙིགས་མའི་དུས་སུ་རྣལ་འབྱོར་པ་རྣམས་ཀྱང་མ་གོོལ་བ་ཉུང་ཞིང་གོལ་བ་མང་བར་མཆི་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་ཐབས་གལ་ཆེ་གསུངས༔ ཇོ་མོས་ཐབས་གང་ལགས་ཞུས་པས༔ རང་ལ་ཡོད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་ན་སངས་མི་རྒྱ་བའི་ཐབས་མེད༔ གྲུབ་མཐའ་དང་ཕྱོགས་རེ་ལ་ཞེན་ན་སངས་ལ་རྒྱ་ཐབས་མེད༔ འཁོར་བའི་མཚན་ཉིད་སྡུག་བསྔལ་གྱི་ལུ་གུ་རྒྱུད་དུ་ཤེས་ནས་དེ་ལས་བློ་ལོག་ན་འཁོར་བ་ལས་མི་ཐར་པའི་ཐབས་མེད༔ གཟུང་འཛིན་དང་མ་བྲལ་ན་འཁོར་བར་མི་ལྡོག་པའི་ཐབས་མེད༔ ཡེ་ཤེས་གཟུགས་སུ་མ་གྲུབ་པས་དུག་ལྔ་རང་སངས་སུ་ཤེས་ན་དམྱལ་བར་འགྲོ་བའི་ཐབས་མེད༔ དེ་ལྟ་བུ་རྒྱུད་ལ་ལྡན་པ་འགའ་ཡང་མི་གདའ་སྟེ༔ འཁོར་བའི་གནས་སུ་འཁྱམ་ཡུན་རིང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་འདི་ཡང་བྱས་པས་འོང་བར་མི་འདུག་གསུངས༔ ཇོ་མོས་ཇི་ལྟར་གདའ་ཞུས་པས༔ བཤད་པ་བྱས་པས་སྒྲོ་སྐུར་གཉིས་སུ་འགྲོ་བར་གདའ༔ ཐོས་པ་བྱས་པས་རེ་དོགས་གཉིས་སུ་འགྲོ་བར་གདའ༔ ཚོགས་དཔོན་བྱས་པས་བཟའ་བཏུང་གཉིས་ལ་ཞེན་པས་འགྲོ་བར་གདའ༔ སྒོམ་པ་བྱས་པས་བྱིང་རྒོད་གཉིས་སུ་འགྲོ་བར་གདའ༔ བསོད་ནམས་སྐྱེས་པས་རྙེད་པ་དང་བཀུར་སྟིར་འགྲོ་བར་གདའ༔ ཡོན་ཏན་ཤེས་ཤིང་འདོད་པ་ཆེར་འགྲོ་བར་གདའ༔ སློབ་མ་དང་མང་དུ་འབྲེལ་ན་ཆོས་ལ་དལ་དུ་འགྲོ་བར་གདའ༔ ཅི་བྱས་ཆོས་དང་འགལ་བའི་ཆོས་པ་ཁོ་ན་མང་པོར་གདའ་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་པར་ཁས་འཆེས་པ་འདི་དག་ང་རྒྱལ་གྱིས་རང་མཐོང་བས་འདོད་པ་ཆེ་བར་འདུག་གསུངས༔ ཇོ་མོས་ཇི་ལྟར་གདའ་ཞུས་པས༔ ཁ་ཅིག་བདག་ཉིད་ཉན་བཤད་དང་ལྡན་པའི་ཤེས་རབ་ཅན་དུ་རང་གིས་མཐོང༔ ཁ་ཅིག་བདག་ཉིད་བཙུན་པ་དང་ཆོས་སྤྱོད་པར་རང་གིས་མཐོང༔ ཁ་ཅིག་རི་ཁྲོད་དགོན་པ་འགྲིམ་པའི་སྒོམ་ཆེན་པར་རང་གིས་མཐོང༔ ཁ་ཅིག་མཐུ་དང་ནུས་པ་ཆེ་བར་རང་གིས་མཐོང༔ འདོད་པའི་ནོར་མཐོང་ན་གཅན་ཟན་ཁྲག་མཐོང་བ་བཞིན་དུ་གདུང༔ མི་འདོད་པའི་གནོད་པ་མཐོང་ན་འབྲོང་ཆད་པ་བཞིན་དུ་ལྡོག༔ རང་ཉིད་ཀྱི་ཡོན་ཏན་ལ་རྨ་བྱའི་མདོངས་མཐོང་བ་བཞིན་དུ་རློམ༔ གཞན་གྱི་ཡོན་ཏན་ལ་ཁྱི་བཟང་ནོར་སྲུང་བ་བཞིན་དུ་ཕྲག་དོག་བྱེད༔ རང་གིས་རང་མཐོང་བའི་ཆོས་པ་འདི་དག་གིས་ཕུང་འདྲེ་བདག་ཁོ་ན་ལ་བྱེད་དེ༔ དེ་ལྟར་མ་རིག་པ་འདི་དག་བདུད་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་པས་སྙིང་རྗེ་སྙམ་དུ་སེམས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་ལ་དགེ་སྡིག་གི་སྤྲོས་པ་ཆོད་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ བདག་དུ་ལྟ་བའི་རྣམ་པར་རྟོག་པ་ཟད་པའི་དུས་ན༔ ཆོས་མེད་སྡིག་མེད་ལས་དང་རྣམ་པར་སྨིན་པ་མེད་པས༔ ཇི་སྲིད་བདག་ལྟའི་རྟོག་པ་མ་ཟད་ཀྱི་བར་དུ་མི་དགེ་བའི་ལས་རྣམས་ཀྱང་སོག་ཅིང་འབྲས་བུ་འབྱིན༔ དགེ་བའི་ལས་རྣམས་ཀྱང་སོག་ཅིང་འབྲས་བུ་འབྱིན༔ རྣམ་པར་རྟོག་པ་ཟད་པའི་ཚེ༔ དགེ་སྡིག་གང་ཡང་མི་སོག༔ འབྲས་བུ་གང་ལ་ཡང་མི་འབྱིན༔ དུས་དེའི་ཚེ་རྒྱུ་ཟད་རྐྱེན་ཟད་བྱ་བ་ཡིན༔ དོན་དམ་པའི་བདེན་པ་ཞེས་བྱ་བ་ཡིན༔ དུས་ལྔ་བརྒྱའི་སྙིགས་མ་མ་འོངས་པའི་དུས་སུ༔ གང་ཟག་འགའ་ཞིག་བདག་ཏུ་ལྟ་བ་ངོས་མ་ཟིན་པར་རྣམ་པར་རྟོག་པའི་ཁ་མ་བྲི་བས༔ ཉོན་མོངས་པ་གང་ལས་ཀྱང་རགས་པར་བྱས་པ་ནས༔ ལྟ་བ་ཁ་ལ་ཁྱེར་ཏེ༔ དགེ་སྡིག་གི་ལས་འབྲས་སྤྱོད་པ་ལ་ལྟ་བ་དམའ་བ་ཞེས་ཟེར་ཏེ༔ ལས་འབྲས་ཁྱད་དུ་བསད་ནས་སངས་རྒྱས་ཀྱི་དགོངས་པ་ཡིན་པ་སྐད་ཟེར༔ སྤྱོད་པ་བབ་ཅོལ་ཁ་ཡན་དུ་སྤྱོད་པ་ཤས་གཅིག་འོང་སྟེ༔ དེ་དག་གིས་རང་གཞན་གཉིས་ཀ་ལོག་པར་འཁྲིད་པའི་ལོག་སྤྱོད་ཡིན་པས༔ དེ་རྣམས་ཀྱི་རྗེས་སུ་སྐད་ཅིག་ཙམ་ཡང་འབྲང་དུ་མི་རུང་ངོ་ཞེས་གསུངས་སོ༔ ༔བདག་འདྲ་མཚོ་རྒྱལ་བུད་མེད་སྐྱེ་དམན་བློ་ཆུང་ཡང༔ སློབ་དཔོན་སྤྲུལ་སྐུའི་ཞབས་ལ་ཡུན་རིང་བཏུད་པ་ཡིས༔ ཆོས་ཀྱི་གདམས་ངག་སྐབས་འགར་ཚིག་འགའ་གསུངས༔ མི་བརྗེད་གཟུངས་སུ་ནན་ཏན་བསྐྱེད་ནས་བཟུང༔ ཕྱི་རབས་དོན་དུ་བསྡེབས་ནས་ཡི་གེར་བཀོད༔ སྤེལ་བའི་གནས་མེད་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཞུས་ལན་བསྟན་པ་མའི་སྐོར་ཞེས་བྱ་བ་ཕག་གི་ལོའི་སྟོན་ཟླ་འབྲིང་པོའི་ཉི་ཤུ་ལྔ་ལ་མཆིམས་ཕུ་དགེའུ་གོང་དུ་ཡི་གེར་བཏབ་བོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ ན་མོ་གུ་རུ༔ སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་ཆོས་བྱེད་པ་ལ་གྲོང་ཡུལ་དང༔ རྒྱལ་པོའི་ཕོ་བྲང་དང་དགེ་འདུན་གྱི་གནས་དང༔ སྐྱེ་བོའི་འདུ་འཛི་ལ་སོགས་པ་གཡེང་བའི་སར་བསྒོམས་པས༔ སེམས་གཡེང་བས་ཁྱེར་ནས་གནས་སུ་མི་འདོད༔ གྲོང་ངམ་ཁང་ཁྱིམ་བཟང་པོ་དང་འཁོར་དང་ལོངས་སྤྱོད་རྣམས་ལ་ཆགས་པས་ཚེ་མ་ཚོར་བར་ཟད་དེ༔ འཆི་བའི་ཚེ་ན་ཡང་ཆགས་ཞེན་གྱིས་བཅིངས་ནས༔ མཁའ་ལ་རྒྱུ་བའི་ཡི་དྭགས་སུ་སྐྱེས་ཏེ་འཁོར་དང་རྫས་གང་ལ་ཆགས་པ་དེ་ལ་གནོད༔ ཁང་པ་ལ་ཆགས་པས་རྩིག་རྨང་གི་སྲོག་ཆགས་སུ་སྐྱེ་བ་ཡིན༔ དེ་བས་ཆོས་བྱེད་ན་སེང་གེ་གངས་གོང་ན་གནས་པ་ལྟ་བུར་གཡའ་རི་དང་གངས་རི་དང་ནགས་ཁྲོད་ལ་སོགས་པར་གནས་ཏེ་བསྒྲུབ་པར་བྱ༔ ལུས་དབེན་ན་སེམས་དབེན༔ སེམས་དབེན་པས་དགེ་སྦྱོར་ངང་གིས་འཕེལ་བ་ཡིན༔ མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱང་རང་བཞིན་གྱིས་འདུ་བས་བར་ཆད་མི་འབྱུང་བ་ཡིན་གསུངས༔ དེ་ཡང་ལོངས་སྤྱོད་ལ་མ་ཆགས་པ་རྒྱལ་བུ་ཀུན་དུ་དགེ་ལྟ་བུ་ཞིག་དགོས་གསུངས༔ ༔ཇོ་མོས་རྒྱལ་བུ་དེས་ཇི་ལྟར་མ་ཆགས་པ་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཡུལ་དབུས་འགྱུར་གྱི་ཚལ་ན༔ རྒྱལ་པོ་ཤིང་རྟ་བཅུ་པ་ཞེས་བྱ་བ་ལ༔ རྒྱལ་བུ་དགེ་བ་ཞེས་བྱ་བ་ཡོད་པས་སྐྱེ་ཤིས་འཇིགས་པས༔ རྒྱལ་པོའི་ཕོ་བྲང་རིན་པོ་ཆེ་བསམ་ལས་འདས་པ་དང༔ རྒྱལ་སྲིད་འཁོར་དང་བཙུན་མོ་དང་ཟས་ནོར་ལོངས་སྤྱོད་ལ་མ་ཆགས་པར་ནགས་ཁྲོད་དགོན་པ་ཞིག་ཏུ་བྲོས་ནས་གནས་ཏེ༔ མྱ་ངན་ལས་འདས་པའི་ཆོས་ཡིད་ལ་བྱེད་ཅིང་ཡོད་པ་ལ་སྤྲོ་བ་དང་བྲོད་པ་ལ་སོགས་པ་ཇི་ལྟར་བསྐྱེད་ཀྱང་མ་ཁུག་ནས༔ ཡུལ་དརྟུ་ནི་ན་རྒྱལ་པོ་དགེ་བའི་འོད་ཅེས་བྱ་བ་ཐབས་ལ་མཁས་པ་མངའ་ཐང་དང་ལྡན་པ་ཞིག་ཡོད་པས༔ དེ་རྒྱལ་པོ་ཤིང་རྟ་བཅུ་པའི་གྲོགས་པོ་ཡིན་པས་རྒྱལ་བུ་འགུགས་པའི་ངོ་ཆེན་ཞུས་ནས༔ ནགས་ཁྲོད་དུ་རྒྱལ་བུའི་དྲུང་དུ་བྱོན་ཏེ་ཞུས་པ༔ ཀྱེ་མ་རྒྱལ་བུ་དགེ་བ་ཁྱོད༔ ཁྱིམ་བཟང་དཔལ་ལྡན་བོར་ནས་ནི༔ ཤིང་དྲུང་བདུད་པོའི་ཡུལ་ལེན་པ༔ བདུད་ཀྱིས་བསླུས་སམ་སྨྱོ་བར་ངེས༔ ཤིན་ཏུ་འཁྲུལ་པས་བདག་ལ་གསོན༔ རྒྱལ་ཁྲིམས་གཟུང་ལ་ཆོས་ཀྱང་ཡོད༔ ཅེས་སྨྲས་པས༔ རྒྱལ་བུས་གསུང་པ༔ རྒྱལ་པོས་གསུངས་པའི་བཀའ་གྲོས་དག༔ བྱམས་པའི་སེམས་ཀྱིས་གསུང་མོད་ཀྱང༔ བདག་གི་བསམ་པའི་དོན་དང་འགལ༔ དབེན་པར་གཅིག་པུ་ཆོས་སེམས་པས༔ རྒྱལ་པོའི་ཕོ་བྲང་གྲོག་ཚང་ཧྲུལ་པོ་འདྲ༔ དེ་ལ་ཆགས་སེམས་བདག་ལ་མེད༔ ཅེས་སྨྲས་སོ༔ ཡང་རྒྱལ་པོས་ཞུས་པ༔ རྒྱལ་སྲིད་འཛིན་པར་མི་བྱེད་ཀྱང༔ ཕོ་བྲང་གནས་ནས་དམ་ཆོས་སྤྱོད༔ ཅེས་སྨྲས་སོ༔ རྒྱལ་བུས་གསོལ་པ༔ འཁོར་བའི་ཁྱིམ་པ་བྱ་བ་མང༔ རྟག་ཏུ་ཉོན་མོངས་སྡུག་བསྔལ་སྤྱོད༔ ཁྱིམ་ནི་སྦྲུལ་གྱི་ཚང་དང་ནི༔ རྟག་གཏན་སྡུག་པ་བཙོན་དོང་འདྲ༔ ཞེས་གསོལ་པས༔ རྒྱལ་པོས་སྨྲས་པ༔ ཡུལ་འཁོར་རྒྱལ་སྲིད་མི་སྐྱོང་ཡང༔ དམ་ཆོས་ཕོ་བྲང་ནང་དུ་གསུང༔ ཞེས་སྨྲས་པས༔ སྟོང་ཉིད་སྤྱོད་པ་སྒོམ་པའི་གོ་འཕང་གཅོད་མཐོང་ན༔ ཐོས་མང་ཚིག་ལ་ཞེན་པ་ནེ་ཙོ་འདྲ༔ བསོད་ནམས་འདུ་འཛིའི་ཆོས་འཆད་སྙིང་རྗེའི་གནས༔ རང་ཡང་མི་གྲོལ་གཞན་ལ་ཕན་མི་འགྱུར༔ ཞེས་གསུངས་སོ༔ ཡང་རྒྱལ་པོས་སྨྲས་པ༔ ཚོགས་མང་བསྟེན་པར་མི་བྱེད་ཀྱང༔ ལོངས་སྤྱོད་བཟུང་ལ་སྦྱིན་པ་ཐོངས༔ ཞེས་སྨྲས་པས༔ རྒྱལ་བུས་གསོལ་བ༔ གསེར་གྱི་རི་ལ་གཡུ་ཡི་མཚོ་བརྡོལ་ཀྱང༔ ནོར་གྱི་འོས་སུ་རང་སེམས་ཆོག་ཤེས་བཟང༔ ཡོད་ཅིང་སེར་སྣ་ཆགས་སེམས་ཡི་དྭགས་རྒྱུ༔ སྦྱིན་པ་བླ་མེད་བྱང་ཆུབ་སེམས་སྐྱེད་བཟང༔ ཞེས་གསུངས་སོ༔ ཡང་རྒྱལ་པོས་སྨྲས་པས༔ ལོངས་སྤྱོད་རྫས་རྣམས་མི་བརྟེན་ཀྱང༔ འཁོར་འབངས་བསྟེན་ལ་བདེ་བ་སྤྱོད༔ ཅེས་སྨྲས་པས༔ ཡང་རྒྱལ་བུས་གསུང་པ༔ དཔལ་གྱི་རི་ལ་གཡུ་ཡི་ཆུ་འབྲུབ་ཀྱང༔ བུད་མེད་འཁོར་འབངས་འཁོར་བའི་གདོས་ཐག་བྱེད༔ སེམས་ཀྱིས་བསྟེན་ས་བླ་མེད་དཀོན་མཆོག་བཟང༔ ཞེས་གསུངས་སོ༔ རྒྱལ་པོས་ཞུས་པ༔ འཁོར་འབངས་བསྟེན་པར་མི་བྱེད་ཀྱང༔ མཛེས་པའི་ན་བཟའ་སྐུ་ལ་གསོལ༔ ཅེས་སྨྲས་པས༔ རྒྱལ་བུས་གསུང་པ༔ གསེར་གྱི་ཁྲི་དང་མཛེས་རྒྱན་ལྷབ་ལྷུབ་གོས༔ ཆགས་སེམས་ཆེ་འགྱིང་ཉོན་མོངས་སྙིང་རྗེའི་ཡུལ༔ རང་གི་ཆོག་ཤེས་སྣལ་མ་དུར་ཁྲོད་གོས༔ ཞེས་གསུངས༔ ཡང་ཞུས་པ༔ མཛེས་པའི་ན་བཟའ་མི་གསོལ་ཡང༔ ཁ་ཟས་དགྱེས་པའི་རོ་དང་ལྡན༔ ཞེས་གསོལ་པས༔ རྒྱལ་བུས་གསུང་པ༔ མི་རྟག་ནགས་སུ་ཤིང་རྩི་སྨན་དང་བཅུད༔ དྲི་མེད་ཟས་མཆོག་སྙོམས་ཟས་བདུད་རྩི་འདི༔ འདོད་ཡོན་རོ་ལྡན་ཟས་ནི་ཆོག་ཤེས་མེད༔ ཅེས་གསུངས་སོ༔ དེར་རྒྱལ་པོ་དགེ་བའི་འོད་ཀྱིས་སྨྲས་པའི་བཀའ་གྲོས་མ་རྙེད་ནས་མི་སྨྲ་བར་གནས་སོ༔ རྒྱལ་བུས་རྒྱལ་པོ་དགེ་བའི་འོད་ལ་གསུང་པ༔ ཀྱེ་ལགས་རྒྱལ་པོ་ཆེན་པོ་བདག་ལ་གསོན༔ འཁོར་བ་མི་རྟག་སྒྱུ་མའི་ཆོས་ཉིད་ལ༔ བླུན་པོ་ཆགས་ཤིང་མཁས་པས་སྨད་པའི་གནས༔ དེ་བས་བདག་ནི་དགོན་པའི་གནས་སུ་མཆི༔ རྒྱལ་པོ་ཞེས་བྱ་རྒྱལ་སྲིད་སྡིག་དོན་སྤྱོད༔ ཚེ་འདི་ལོང་མེད་སྒྱུ་མ་རྨི་ལམ་འདྲ༔ སླར་ཡང་གཏན་སྡུག་ངན་འགྲོའི་གནས་སུ་འཁྱམ༔ ཐར་པ་བསྒྲུབས་པས་བདེ་བའི་སངས་རྒྱས་མཆོག༔ རྒྱལ་པོ་ཉིད་ཀྱང་དགོན་པར་སྟོང་ཉིད་སྒོམས༔ ཞེས་བཀའ་གྲོས་ཕར་གསོལ་པས༔ རྒྱལ་པོ་དགེ་བའི་འོད་ཡིད་རངས་ཏེ༔ རྒྱལ་སྲིད་དོར་ནས་རྒྱལ་བུ་དང་གཉིས་ནགས་ཁྲོད་བརྟེན་ཏེ་སྒོམ་པས་མངོན་པར་རྫོགས་པར་སངས་རྒྱས་སྐད་དོ༔ མཚོ་རྒྱལ་དེ་བས་སྐྱེ་ཤིས་འཇིགས་པ་རྣམས༔ ཡུལ་དང་ཁང་ཁྱིམ་བུ་དང་ཆུང་མ་ནོར་དང་ལོངས་སྤྱོད་ལ་མ་ཆགས་པར་དགོན་པ་བརྟེན་ནས་བསྒོམ་པ་གཅེས་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་མི་ཕྱུག་པོ་རྣམས་ནོར་སོག་སྟེ༔ ནོར་དེ་དང་པོ་གསག་དཀའ་སྟེ༔ སེར་སྣ་དང་ཞིབ་འགྲིགས་ཀྱིས་གསོག་དགོས་སྟེ༔ བཟའ་བ་དང་གོན་པར་ཕངས༔ སྦྱིན་པར་ཕངས༔ དེ་ཡང་ཤས་བག་ཙམ་ཆུང་སྟེ༔ ལ་ལ་ཚོང་སོགས་དང་གཡོ་སྒྱུ་དང༔ ཁྲམ་དང་སླུ་བྲིད་དང༔ མགོ་སྐོར་སྣ་ཚོགས་བྱས་ནས་གསོག་པ་དེ་ཡང་སྡིག་ཆེ༔ དེ་བས་སེམས་ཅན་སྲོག་གཅོད་རྐུ་འཕྲོག་ལ་སོགས་ལས་ངན་པ་སྣ་ཚོགས་བྱས་ནས་གསོག་པ་གདའ་སྟེ་སྡིག་པ་ཤིན་ཏུ་ཆེའོ༔ ནོར་རྫས་དེ་ཡང་བསགས་ཏེ་ཕྱུག་ནས་ཡོད་པ་ཙམ་གྱིས་སྡུག་བསྔལ་ཆེ་སྟེ༔ བཙའ་རྫི༔ འཚོ་སྐྱོང༔ མེལ་ཚེ༔ རྐུན་མ༔ ཟད་ཀྱི་དོགས༔ མ་འཕེལ་གྱི་དོགས༔ དེ་ལ་ཆགས་པས་ཤི་ན་ཡི་དྭགས་སུ་སྐྱེ༔ འཇིག་རྟེན་ན་བུ་ལ་ཕོག་པ་རབ་ཏུ་བྱེད་དེ༔ ཟས་ནོར་བུས་ཁྱེར་ནས་སྡིག་དང་རྣམ་སྨིན་རང་གིས་ཁུར་ནས་ངན་སོང་དུ་འགྲོ་སྟེ༔ བུ་མེད་ན་ནོར་རྫས་ཀུན་གཞན་གྱིས་ཐོབ་ཤར་ཁྱེར༔ རང་ཞེ་སྡང་བསགས་པས་འདིར་སྡུག་ཕྱི་མ་ངན་སོང་ལས་འགྲོ་ས་མེད་དེ༔ དཔེར་ན་བུང་བས་སྦྲང་རྩི་བསགས་པ་ལྟ་བུའོ༔ དེ་བས་ནོར་རྫས་ཡོད་པ་རྣམས་ཀྱིས༔ བླ་མ་དཀོན་མཆོག་མཆོད༔ ཚེ་འདི་ལ་ནོར་འབྱོར་པ་ཆེ་ཞིང་འཕེལ༔ ཕྱི་མར་བྱང་ཆུབ་འཐོབ་པ༔ ཁྱིམ་བདག་གི་བུ་ནོར་ཚོལ་ལྟ་བུ་ཡིན་གསུངས༔ ༔ཇོ་མོས་དེ་ཇི་ལྟར་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ རྒྱ་གར་གྱི་ཡུལ་དབུས་འགྱུར་འཆང་ན༔ ཁྱིམ་བདག་གོའུ་ཏ་མ་ཞེས་བྱ་བ༔ ནོར་རྫས་དང་ལོངས་སྤྱོད་ཆེན་པོ་ལྡན་པ་ཞིག་ལ༔ བུ་ནོར་ཚོལ་བྱ་བ་ཞིག་ཡོད་པ་ལ༔ བུ་དེ་ལ་ནོར་རྫས་ཕོག་ནས་ཁྱིམ་ཐབས་བྱས་པས༔ བུ་དེས་མི་མང་པོ་ཞིག་བུང་བའི་ཚང་འཇིག་པ་ཞིག་མཐོང་ནས་སྦྲང་རྩི་མི་རྣམས་ཀྱིས་འཐུང༔ བུང་བའི་ཕྲུ་གུ་རྣམས་བསད༔ མ་མོ་རྣམས་ལ་ལ་ཤི༔ ལ་ལ་བྲོས༔ ལ་ལ་བརྒྱལ་བར་མཐོང་ནས༔ དེ་དག་ལ་སྙིང་རྗེ་དྲག་པོ་སྐྱེས་ཏེ༔ རང་ཉིད་ཀྱིས་བསམ་པ་ལས༔ བདག་གི་ནོར་རྫས་འདི་དག་ཀྱང་འདི་དང་ཁྱད་པར་མེད༔ དགྲ་རྫས་འདྲེ་རྫས་ཁ་ལེན་ངོ་སྲུང་དུ་སོང་བས་སྦྲང་རྩི་གཞན་གྱིས་ཁྱེར་བ་དང་འདྲ༔ དེ་བས་ཚེ་འདི་ཕྱི་གཉིས་ལ་ཕན་པའི་སྦྱིན་པ་གཏང་སྙམ་དུ་བསམས་པ་ལས༔ ཕས་གཏང་དབང་མ་བྱུང་གིས་དོགས་ནས་སྨྲས་པ༔ ཁྱིམ་བདག་ཆེན་པོ༔ བསགས་པའི་ནོར་ལ་དོན་ཅི་ཡོད༔ བདག་ཅག་འཆི་དུས་ན་ནོར་ཐམས་ཅད་གཞན་གྱིས་ཁྱེར༔ དཔེར་ན་བུང་ཚང་མིས་བཏོན་པ་ལྟ་བུ༔ བདག་ཅག་ལ་དགྲ་ཐུབ་པ་མེད་པ་ཞིག་འོང་ངོ་ཞེས་སྨྲས་པས༔ ཕས་བུ་ལ་སྨྲས་པ༔ དགྲ་ཞེས་པ་གང་ནས་བྱུང་ཞེས་སྨྲས་པས༔ བུས་སྨྲས་པ༔ སྐྱེ་རྒ་ན་འཆི་ཞེས་བྱ་བ་ཞིག་འབྱུང་སྟེ༔ སྐྲ་དཀར་དང་གཉེར་མ་འདུས༔ རྐང་ལག་ཀུན་ཡང་འདར༔ སྲོག་ནི་ཟིལ་པ་འདྲ་སྟེ་བོ་ལ་ཁད༔ དབུགས་ནི་ན་བུན་འདྲ་སྟེ་ཡལ་ལ་ཁད༔ སེམས་ནི་མེ་སྟག་འདྲ་སྟེ་ཡར་ལ་ཁད༔ ལོངས་སྤྱོད་སྒྱུ་མ་འདྲ་སྟེ་བརླག་ལ་ཁད༔ མདོར་ན་བུང་ཚང་འདྲ་སྟེ་གཞན་གྱིས་ཁྱེར༔ ཐུབ་པ་མེད་པའི་དགྲ་བཞི་འོང་བ་ངེས༔ ཞེས་སྨྲས་པས༔ ཕས་གསོལ་བ༔ དགྲ་དེ་ཐུབ་པའི་ཐབས་སུ་ལ་ཡོད༔ བུས་སྨྲས་པ༔ དེ་ཐུབ་པའི་ཐབས་སངས་རྒྱས་བཅོམ་ལྡན་འདས་ལ་ཡོད་ཅེས་ཟེར༔ དེར་ཁྱིམ་བདག་ཕ་དང་བུས་སངས་རྒྱས་ལ་ཞུས་པས༔ འཁོར་བ་མི་རྟག་བུང་ཚང་ཞིག་པ་འདྲ༔ རྟག་པར་འཛིན་པ་ཕུང་བར་འགྱུར༔ ཟས་ནོར་མི་རྟག་སྐྱོ་བ་སྐྱེས་ནས་ནི༔ སྦྱིན་པ་གཏོང་ཞིང་བླ་མ་དཀོན་མཆོག་མཆོད༔ སྡུག་བསྔལ་ལས་གྲོལ་བདེ་བའི་གནས་འཐོབ་འགྱུར༔ ཞེས་བཀའ་བསྩལ་པས༔ ཁྱིམ་བདག་ཡབ་སྲས་ཀྱིས༔ ནོར་རྫས་ལོངས་སྤྱོད་ཐམས་ཅད་ཆ་བགོས་སྐྱེ་བོ་མང་པོ་བསགས༔ སྦྱིན་པ་རྒྱ་ཆེན་པོ་བཏང་བས༔ སྐྱེ་བ་དེ་ཉིད་ལ་མངོན་པར་རྫོགས་པའི་བྱང་ཆུབ་ཐོབ་སྐད་དོ༔ མཚོ་རྒྱལ་བདག་ཅག་ཀྱང་འཁོར་བའི་ལོངས་སྤྱོད་ཀྱི་རྫས་ལ་སྐྱོ་བ་སྐྱེས་པ་ཡོད་ན་སྦྱིན་པ་གཏང༔ བླ་མ་དང་དཀོན་མཆོག་མཆོད་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་ཆོས་ཀྱི་བཅས་ཤོམ་པ་ལ་དང་པོ་ཉིད་ནས་བཅས་ལེགས་པས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་དགྲ་ལས་རྒྱལ་བར་བྱེད་པ་ལ༔ རྒྱལ་བུ་ཟླ་བའི་འོད་ཟེར་གྱིས་འཁྲུགས་པའི་ཤོམ་ར་ལྟ་བུ་ཞིག་དགོས་གསུངས༔ ཇོ་མོས་ཇི་ལྟར་བགྱིས་ཞུས་པས༔ རྒྱ་གར་ཡུལ་ན་རྒྱལ་པོ་ཟླ་བ་བཟང་པོ་ཞེས་བྱ་བ་ལ༔ བུ་རྒྱལ་བུ་ཟླ་བའི་འོད་ཟེར་ཞེས་བྱ་བ་ཡོད་དེ༔ དེ་ལ་རྒྱལ་སྲིད་གཏད་ནས་རྒྱལ་བུ་རྒྱལ་སྲིད་ཀྱི་བྱ་བ་བྱེད་མ་འདོད་པས༔ རྒྱལ་པོས་རྒྱལ་བུ་ལ་སྨྲས་པ༔ རྒྱལ་སྲིད་ཀྱི་བྱ་བ་གྱིས་ཤིག༔ བདག་ཅག་ནི་རྒྱལ་པོ་ཕ་རོལ་དང་གཡུལ་གཤམ་པར་འཚལ་བས༔ དམག་ཚོགས་ཀྱི་དཔུང་འཇོམས་པའི་ཐབས་གྱིས་ཤིག་གསུངས་པས༔ རྒྱལ་བུས་སྨྲས་པ༔ ཕ་རོལ་དགྲའི་དཔུང་ཆོམས་པས་མི་ཕན༔ བདག་ཅག་ལ་དགྲ་ཐུབ་པར་དཀའ་བ༔ ཤིན་ཏུ་འཇིགས་སུ་རུང་བ་ཞིག་འོང་བར་གདའ་སྟེ༔ དེའི་དམག་དཔོན་ནི་བདག་འཛིན་རྒྱལ་པོས་བྱས༔ དམག་དཔུང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས་བྱས༔ མཚོན་དུ་སྐྱེ་རྒས་ན་འཆིའི་ཆུ་བོ་ཆེན་པོ་བཞི་ཐོགས་ནས༔ བདག་ཅག་ལ་དམག་འོང་བར་འདུག་གོ༔ ཞེས་སྨྲས་པས༔ རྒྱལ་པོས་སྨྲས་པ༔ དགྲ་དེ་ཡུལ་གང་ན་གནས༔ རྒྱལ་བུས་སྨྲས་པ༔ དངོས་པོ་སྣ་ཚོགས་འཛིན་པ་ན༔ རྒྱལ་པོ་ང་བདག་འགོང་པོ་ཞེས་བྱ་བ་ལ༔ བློན་པོ་ཉོན་མོངས་དུག་ལྔ༔ དམག་མི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ༔ གོ་ཆ་མི་དགེ་བ་བཅུ་གོན་ནས༔ མཚོན་ཆ་སྐྱེ་རྒ་ན་འཆི་བཞི་བསྣུན་ཏེ༔ གཅིག་ཀྱང་མི་ཐར་བར་གདའ་འོ་ཞེས་གསོལ་པས༔ རྒྱལ་པོས་སྨྲས་པ༔ དགྲ་དེ་ལས་རྒྱལ་བར་བྱེད་པ་ལ༔ གཡུལ་ཇི་ལྟར་བཤམ་ཞེས་སྨྲས་པས༔ རྒྱལ་བུས་གསོལ་པ༔ དེ་ནི་སྟོན་པ་བདེ་བར་གཤེགས་པ་ལ་ཞུས་ཤིག་ཅེས་སྨྲས༔ རྒྱལ་པོ་ཡབ་སྲས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ ཉོན་མོངས་དགྲའི་གཡུལ་ལས་རྒྱལ་བར་འདོད་ན༔ དད་པས་ཤགས་གདབ༔ ཚུལ་ཁྲིམས་ཀྱི་གཞི་བཟུང༔ བརྩོན་འགྲུས་ཀྱི་རྟར་ཞོན༔ བཟོད་པའི་གོ་ཆ་གོན༔ བསམ་གཏན་གྱི་མཁར་རྩིག༔ ཤེས་རབ་ཀྱི་མཚོན་ཆ་གཟུང༔ ཆོས་སྤྱོད་བཅུའི་དམག་དཔུང་སྐྱེད་ཅིག༔ ཅེས་བཀའ་བསྩལ་པས༔ རྒྱལ་པོ་ཡབ་སྲས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པས་འཁོར་བ་ལས་གྲོལ་ལོ༔ དེ་ངོ་མཚར་ནས་བར་སྣང་གི་ལྷ་རྣམས་ཀྱིས་སྨྲས་པ༔ མི་རྟག་སྲིན་པོའི་ཚོགས་ཀྱི་དམག་དཔུང་ལ༔ དད་པས་ཕ་རོལ་ཕྱིན་དྲུག་གཡུལ་བཤམས་པས༔ ཉོན་མོངས་འཁོར་བའི་དགྲ་ལས་ཐར་པར་མཛད༔ གཡུལ་བཤམས་འདི་ལྟ་བུ་ནི་ངོ་མཚར་ཆེ༔ ཞེས་ཀྱང་སྨྲས་སོ༔ མཚོ་རྒྱལ་བདག་ཅག་ཀྱང་སྐྱེ་ཤིས་འཇིགས་པ་ལས་གཡུལ་དེ་ལྟར་བཤམ་དགོས་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་ལྟ་བ་དང་སྤྱོད་པ་གཉིས་ལས་ལྟ་བ་གཅེས༔ ལྟ་བ་ཐག་ཆོད་ན་སྤྱོད་པ་ཅི་བྱས་ཀྱང་གྲོལ་ཏེ༔ ལྟ་བས་གཞི་ནས་གྲོལ་བར་བྱེད་པ་ཡིན༔ རྣལ་འབྱོར་པ་ལྟ་བའི་གདེང་དང་ལྡན་ཙམ་ན༔ སྤྱོད་པ་ཤུགས་འབྱུང་འགག་མེད་དུ་འབྱུང་བ་ཡིན༔ ལྟ་བའི་དཔེ་ནམ་མཁའ་ལྟར་ཕྱོགས་ལྷུང་དང་བྲལ་བ་རྟེན་མེད་ཡིན་གསུངས༔ དེ་ལ་ཡིད་ཆེས་པའི་གཏམ་རྒྱུད་ནི༔ སྔོན་རྒྱ་གར་ཡུལ་ན༔ ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་བྱ་བ་ལ༔ མཆོད་གནས་གཉིས་ཡོད་པ་ལས༔ དགེ་སློང་དྲི་མ་མེད་པར་གྲགས་པ་ནི་ལྟ་བ་ཐག་མ་ཆོད་ན༔ སྤྱོད་པ་ལ་སོགས་པ་ཅི་བྱས་ཀྱང་གོད་མེད་ཞེས་ཟེར་ཏེ་སེམས་ཀྱི་རྩལ་འབའ་ཞིག་སྦྱོང་ངོ༔ སྤྱོད་པ་ནག་པོ་ཆེན་པོ་ནི་སྤྱོད་པས་གྲོལ་བར་འདོད་དེ༔ བརྟུལ་ཞུགས་ཀྱི་སྤྱོད་པ་སྣ་ཚོགས་བྱེད་དོ༔ དེ་གཉིས་ཀྱི་སློབ་མ་ཁྱིམ་བདག་ལ་ཡང་དེ་ཁོ་ན་ལྟར་བཤད་པས༔ ཁྱིམ་བདག་གིས་དེ་གཉིས་གང་ལགས་ཞེས་སངས་རྒྱས་ལ་ཞུས་པས༔ སངས་རྒྱས་ཀྱིས་བཀའ་བསྩལ་པ༔ ལྟ་བ་ཡང་དག་དོན་རྟོགས་ན༔ སྲིད་པའི་གཟེབ་ལས་གྲོལ་བར་འགྱུར༔ ལྟ་བ་མེད་པའི་སྤྱོད་པ་ནི༔ གྲོལ་བ་མེད་པས་ཁྱི་ཕག་འདྲ༔ ཞེས་གསུངས་སོ༔ དེས་ན་ཆོས་བཞིན་བྱེད་ན༔ ལྟ་བ་ནམ་མཁའ་ལྟར་རྒྱ་ཆེ་བ༔ སྤྱོད་པ་ས་གཞི་ལྟར་ཤོང་ཆེ་བ༔ ལྟ་སྤྱོད་ཟུང་འབྲེལ་དུ་བྱ་དགོས་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་སྐྱེ་ཤིས་འཇིགས་པ་ལ་བསྒོམ་དགོས་པ་ཡིན༔ མ་བསྒོམ་པར་སངས་རྒྱ་བ་ནི་སངས་རྒྱས་ཀྱིས་ཀྱང་མ་གསུངས་ཏེ༔ སྒོམ་པ་དེ་ཡུད་ཙམ་དང་ཞག་དང་ཟླ་བ་འགས་མི་འོང་སྟེ་ལོ་མང་དུ་བསྒོམ་དགོས༔ སྒོམ་པའི་དཔེ་ཆུ་བོ་ལྟར་རྒྱུན་ཆད་མེད་པ་ཞིག་དགོས་པ་ཡིན༔ སྒོམ་པ་དང་རྒྱུ་བསོད་ནམས་ཀྱི་ཚོགས་གསོག་གཉིས་གང་གཅེས་ན༔ སྒོམ་པ་གཅེས་པ་ཡིན་གསུངས༔ དེ་ལ་ཡིད་ཆེས་པའི་གཏམ་རྒྱུད་ནི༔ རྒྱ་གར་གྱི་ཡུལ་ན་རྒྱལ་པོ་རབ་སྣང་ལ༔ མཆོད་གནས་གཉིས་ཡོད་པ་ལས༔ དགེ་བསྙེན་ཉི་མའི་འོད་ཟེར་ནི་སངས་རྒྱ་བ་ལ་མ་བསྒོམ་ན་མི་ཕན་ཞེས་ཟེར་ནས་སྒོམ་པ་འབའ་ཞིག་བྱེད༔ དགེ་སློང་པདྨའི་ངང་ཚུལ་ནི་རྒྱུ་བསོད་ནམས་ཀྱི་ཚོགས་གསོག་དགོས་ཞེས་ཟེར་ནས་ཚོགས་གསོག་གོ༔ རྒྱལ་པོ་ལ་ཡང་དེ་ཁོ་ན་ལྟར་བཤད་པས༔ རྒྱལ་པོས་སངས་རྒྱས་གསེར་ཐུབ་ལ་གང་གཙོ་ཞུས་པས༔ བསོད་ནམས་ཚོགས་ཀྱིས་མཐོ་རིས་འཐོབ༔ དེ་ཡང་འབྲས་བུ་འཁོར་བ་ཡིན༔ བསྒོམས་པས་ཉོན་མོངས་ཟད་ནས་ནི༔ མྱ་ངན་འདས་པ་འཐོབ་པར་འགྱུར༔ ཞེས་གསུངས་སོ༔ དེ་བས་ན་བསོད་ནམས་ཀྱི་ཚོགས་ཞར་ལ་བསགས་པས་དགེ་སྦྱོར་གྱི་གྲོགས་སུ་འགྱུར༔ སྒོམ་པ་ཆུ་བོའི་རྒྱུན་བཞིན་བསྲིང༔ ཡེ་ཤེས་ཀྱི་ཚོགས་རྫོགས་ན་སངས་རྒྱ་བར་འགྱུར་རོ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྤྱོད་པ་ཞེན་ཆགས་མེད་པ་སྐྱི་སེར་གྱི་རླུང་ལྟ་བུ་ཞིག་དགོས༔ ཆགས་ཞེན་གང་བྱུང་ཡང་དེས་འཆིང་བ་ལས་མ་ཆོད་པ་ཡིན༔ ཆགས་པ་དང་ཞེན་པས་འཆིང་བའི་གཏམ་རྒྱུད་ནི༔ ཀོ་ས་ལའི་རྒྱལ་ཁམས་ན༔ རྒྱལ་པོ་གསལ་རྒྱལ་ཞེས་བྱ་བ་ཤིན་ཏུ་ལོངས་སྤྱོད་དང་ལྡན་པ་ཞིག་གནས་པ་ལ༔ དབུལ་པོ་དེས་པ་ཞེས་བྱ་བ་ཤིན་ཏུ་བཀྲེན་པ་ཞིག་གིས་དུས་རེ་ཞིག་གི་ཚེ་ནོར་བུ་རིན་པོ་ཆེ་ཞིག་རྙེད་ནས༔ བདག་ལྟོགས་པ་འདི་ཀ་ལ་སུ་ཡང་རེ་གནས་མེད༔ འདི་བདག་གིས་བཅངས་པས་དབུལ་པོ་རྣམས་ཀྱི་རེ་གནས་སུ་མི་འགྱུར་བས༔ འཇིག་རྟེན་ན་གང་དབུལ་བ་ཡིན་པ་ལ་སྦྱིན་ནོ་ཞེས་སྨྲས་པས༔ དབུལ་བ་ཐམས་ཅད་འདུས་ནས་བདག་ཅག་ལ་སྦྱིན་ཅིག་ཟེར༔ ཁྱེད་ནི་དབུལ་པོ་མ་ཡིན་ཏེ་དབུལ་པོ་ཞེས་བྱ་བ་རྒྱལ་པོ་གསལ་རྒྱལ་ཡིན་པས་རྒྱལ་པོ་ལ་སྦྱིན་ནོ་ཞེས་སྨྲ༔ རྒྱལ་པོ་ངོ་ཚ་ནས་དེས་པ་ལ་ཁྱོད་བས་བདག་དབུལ་བ་ཇི་ལྟར་ཡིན་ཞེས་སྨྲས་པས༔ བདག་ལ་ནི་ཅི་ཡང་མེད་ཀྱང་ཆོག་ཤེས་པས་ཕྱུག་པོ་ཡིན༔ རྒྱལ་པོ་ནི་དཀོར་ནོར་ཇི་རྙེད་དང་ལྡན་ཡང་ཆོག་མི་ཤེས་པས་དབུལ་པོ་འོ་ཞེས་སྨྲས་པས༔ དེ་ལྟར་ཡིན་ནམ་མ་ཡིན་སངས་རྒྱས་ལ་དྲིས་པས༔ བཀའ་བསྩལ་པ༔ ཟང་ཟིང་ནོར་ལ་ཆོག་ཤེས་སེམས་མེད་ན༔ ཇི་སྙེད་ཡོད་ཀྱང་དེ་ཉིད་སྡུག་བསྔལ་རྒྱུ༔ ཆོག་ཤེས་ཕྱུག་ཅིང་ཆོག་ཤེས་མེད་པ་དབུལ༔ ཞེས་གསུངས་སོ༔ རིན་པོ་ཆེ་རྒྱལ་པོ་ལ་བྱིན༔ དབུལ་པོས་ཟས་རང་ཉིད་འཚོ་ནུས་པ་ཙམ་རྒྱལ་པོ་ལ་བླངས་ནས་ཆོས་བྱས་པས་གྲོལ་ཏེ་བྱང་ཆུབ་ཐོབ་བོ༔ དེས་ན་གང་ལ་ཡང་ཞེན་པ་དང་ཆགས་པ་དེས་འཆིང་བས་སྤྱོད་པ་ཞེན་མེད་ཆགས་མེད་དུ་སྐྱི་སེར་གྱི་རླུང་ལྟར་སྤྱོད་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་འབྲས་བུ་དགོས་འདོད་ཕུན་སུམ་ཚོགས་པས་རང་དོན་དང་གཞན་དོན་འགྲུབ་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞིག་དགོས༔ དེ་གཞན་ན་མེད་པས་རང་གི་སེམས་ཉིད་རྟོགས་པ་ཉིད་སངས་རྒྱས་ཡིན་ནོ༔ དེ་ཡང་ཡིད་ཆེས་པའི་གཏམ་རྒྱུད་ནི༔ ཡུལ་མ་ག་དྷ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་བྱ་བ་ལ་མཆོད་གནས་གཉིས་ཡོད་དེ༔ རི་ཁྲོད་པ་སེམས་དཔའ་སེང་གེ་ནི་སེམས་རྟོགས་པ་ཁོ་ན་སངས་རྒྱའོ་ཞེས་ཟེར་ནས་སེམས་སངས་རྒྱས་སུ་ངོ་སྤྲོད༔ ཧང་བུ་བདེ་བའི་རྒྱལ་པོ་ཞེས་བྱ་བ་ནི་སངས་རྒྱས་འོག་མིན་གྱི་གནས་ཕུན་སུམ་ཚོགས་པ་ན་བཞུགས་སོ་ཞེས་ཟེར་ནས་དུས་རྟག་ཏུ་སྤྱན་འདྲེན་མཆོད་པ་འབུལ་ལོ༔ དེ་གཉིས་གང་ལགས་རྒྱལ་པོས་བཅོམ་ལྡན་འདས་ལ་ཞུས་པས༔ ཆོས་སྐུ་སྤྲོས་བྲལ་དག་པ་ནི༔ རང་སེམས་རྟོགས་པ་ཁོ་ན་ཡིན༔ གཞན་ན་ཡོད་པར་འདོད་པ་ནི༔ བྱེ་མ་དག་ལ་མར་འཚིར་འདྲ༔ ཞེས་གསུང་ངོ་སྐད༔ ད་ལྟར་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་སྐུ་སྒོམ་པ་རྨོངས་པ་སྤྲོ་བ་སྐྱེད་ཅིང་བློ་སྦྱོང་སེམས་འབྲིད་པ་ཡིན༔ དེ་བས་ན་སངས་རྒྱས་ནི་རང་སེམས་རྟོགས་པ་ཁོ་ན་ཆོས་སྐུ་ཡིན༔ སངས་རྒྱས་སྐུ་གསུམ་ཐུགས་ཕྲད་དུ་ཤེས་པ་གལ་ཆེ་སྟེ༔ སེམས་སྐྱེ་མེད་ཆོས་སྐུ༔ འགག་མེད་ལོངས་སྐུ༔ གཉིས་མེད་སྤྲུལ་སྐུ༔ རྟོག་མེད་ཆོས་སྐུ༔ བདེ་བ་ལོངས་སྐུ༔ གསལ་བ་སྤྲུལ་སྐུ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་སེམས་ལས་སུ་རུང་ཞིང་བློ་བཀོལ་དུ་འདོད་པས༔ གཞན་གྱི་ཤེས་པ་འགྱུར་བར་ནུས་ལ༔ རང་གི་ཤེས་པ་གཞན་ལ་འཇུག་པར་ནུས་པ་ལ་སོགས་པའི་རྫུ་འཕྲུལ་དང་ལྡན་པ༔ རྣལ་འབྱོར་གྱི་དབང་ཕྱུག་ལྟ་བུ་ཞིག་དགོས་པ་ཡིན་གསུངས༔ དེ་ཡང་རྒྱ་གར་གྱི་ཡུལ་ནགས་ཁྲོད་ཅིག་ན་རྣལ་འབྱོར་པ་དཔོན་གཡོག་གཉིས་སྒོམ་ཞིང་གནས་པ་ལ༔ དུས་ནམ་ཞིག་གི་ཚེ་གྲོང་ཁྱེར་དུ་བསོད་སྙོམས་ལ་ཕྱིན་པས༔ རྒྱལ་བུ་ཞིག་དཔྱིད་ཟླ་འབྲིང་པོ་ལ་རྒྱལ་སར་འདོན་པ་ལ་ཟླ་བ་སྔ་མ་ལ་ཤི་ནས༔ ཡབ་ཀྱིས་རྒྱལ་བུའི་རོ་དགུང་ཞག་བཞི་ལྔར་པང་དུ་བླངས་ཏེ་གདུང་བས་འབྲལ་མི་ཕོད་པར་གྱུར༔ དེ་ནས་མྱ་ངན་དཔག་ཏུ་མེད་པ་ཞིག་བྱེད་ཅིང་འདུག་པ་ལ༔ རྣལ་འབྱོར་པས་བསོད་སྙོམས་བླངས་པས་རྒྱལ་པོ་ན་རེ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་ཞིག་ཡིན་ནམ་ཞེས་ཟེར་བ་ལ་ཡིན་དུ་རུང་ཞེས་ཟེར༔ དེ་ཉིད་ཕོ་བྲང་དུ་སྤྱན་དྲངས་ཏེ༔ ཟས་སྐོམ་གྱིས་བསྙེན་བཀུར་བྱས་ནས༔ རྣལ་འབྱོར་པ་གྲུབ་པ་ཐོབ་པ་ཞིག་ཡིན་ན༔ ངའི་རྒྱལ་བུ་འདི་སློངས་ཤིག༔ མ་བསླང་ན་ཆབ་གསོལ་ལོ་ཞེས་སྨྲས་པས༔ རྣལ་འབྱོར་པས་རོ་དེ་སྤོས་ཆུ་དང་དུ་རུ་ཀ་དང་ཙན་དན་དང་དྲི་བཟང་པོ་ལ་སོགས་པའི་ཆུས་བཀྲུས་ནས༔ རས་གཙང་མའི་སྟེང་དུ་བཞག་སྟེ༔ དགོངས་པས་རྒྱལ་བུ་དེའི་རྣམ་ཤེས་བཀུག་ནས་རོ་ལ་བཅུག་ནས༔ ད་རྒྱལ་པོས་གཟིགས་ཤིག་ཅེས་གསོལ་བས༔ དེར་རྒྱལ་པོས་བལྟས་པས་མདངས་ཞིག་བྱུང༔ དེ་ནས་ངང་ལ་སྙིང་འགུལ༔ དེ་ནས་ལུས་དང་ཡན་ལག་རིམ་གྱིས་འགུལ་ནས་དབུགས་དང་སྐད་བྱུང་སྟེ༔ སྔར་བཞིན་དུ་གྱུར་ནས་རྒྱལ་བུས་ཡབ་རྒྱལ་པོའི་མགུལ་ལ་ཁྱུད་ཀྱིས་འཁྱུད་ནས༔ རྣལ་འབྱོར་པ་ལ་མཆོད་གནས་ཞུས་པས་མ་གནང་སྟེ་གཤེགས་སོ༔ དེ་ནས་གྲོང་ཁྱེར་ཞིག་ཏུ་བུ་ཕོ་ཞིག་ཤི་བའི་མྱ་ངན་བྱེད་པ་དང་འཕྲད་ནས་བསོད་སྙོམས་བླངས་པས༔ སྔར་བཞིན་དུ་རོ་དེ་བསླང་བར་ཞུས་ཏེ༔ གཟིགས་པས༔ བུ་དེ་ཉིད་ལྷར་སྐྱེས་ནས་འདུག་པས༔ སྐད་རིགས་མི་གཅིག་པའི་བུ་ཕོ་ན་ཟླ་ཙམ་ཞིག་གི་ཀུན་གཞི་འཁྱམས་ཤིང་འདུག་པ་བཟུང་ནས་རོ་ལ་བཅུག་པས་ཀག་གིས་ལངས་པར་གྱུར་ཏོ༔ རྣལ་འབྱོར་པ་དེས་སྨྲས་པ༔ ཁྱོད་ཀྱི་བུ་ཕོ་དེ་ལྷར་སྐྱེས་འདུག་པས༔ བུ་ཕོ་གཞན་གཅིག་གི་ཤེས་པ་འཁྱམས་པ་འདི་ལ་བཅུག་པ་ཡིན་པས་ཁྱོད་ཀྱི་བུ་ཕོ་དེར་ཤེས་པར་གྱིས་ཤིག༔ ཅེས་གསུངས་པས༔ བུད་མེད་ཤིན་ཏུ་དགའ་བར་གྱུར་ནས་རྣལ་འབྱོར་པ་ལ་བསྙེན་བཀུར་བྱས་ནས་གཤེགས་སོ༔ དེ་ནས་ལམ་སྲང་ཞིག་ན་སྐྱེས་པ་གཞོན་ནུ་གཟུགས་བྱད་དང་ལྡན་པ་ཞིག་ཤི་མ་ཐག་པའི་རོ་ཞིག་འདུག་ནས༔ རོ་ལ་ཁྲུས་བྱས་ནས་གཡོག་པོ་ལ་སྨྲས་པ༔ བདག་ནི་འབྱུང་བ་རྙིང་པའི་ལུས་འདི་བོར་ལ་འདི་ལ་འཇུག་གིས༔ རོ་འདི་ལ་བདག་གི་ཤེས་པ་བཞག་པ་དང་ངའི་རོ་སྲེགས་ཤིག༔ ཅེས་སྨྲས་ནས་རོ་ལ་ཤེས་པ་བཅུག་པ་དང༔ རྣལ་འབྱོར་པའི་ཤངས་ཁུང་ནས་འོད་དཀར་དམར་གཉིས་བྱུང་ནས་རོའི་སྣ་བུག་ཏུ་སོང་སྟེ་རོ་དེ་ལངས་པར་གྱུར་པ་དང༔ གཞོན་ནུའི་ལུས་ལ་རྣལ་འབྱོར་པའི་སེམས་བཅུག་མདངས་དང་ལྡན་པར་བྱས་ནས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་སྟེ༔ ད་ལྟ་ཡང་འཛམ་བུ་གླིང་པའི་སྒྲུབ་པ་པོ་རྣམས་ལ་མཆོག་ཐུན་མོང་གི་དངོས་གྲུབ་སུ་འདོད་ཅེས་སྨྲ་ཞིང་འབྱོན་ཏེ༔ ལས་ཀྱི་སྒྲིབ་པས་མ་མཐོང་མ་ཐོས་པ་ཡིན་ནོ་གསུངས་སོ༔ མཚོ་རྒྱལ་སེམས་ལས་སུ་རུང་ན་ཡོན་ཏན་དེ་ལྟ་བུ་དང་ལྡན་པས༔ སེམས་ཉིད་གཏན་ལ་དབབ་པ་གལ་ཆེའོ༔ ཡོན་ཏན་ཐམས་ཅད་དེ་ལས་འབྱུང་ངོ་གསུངས༔ ངེས་ཤེས་སྐྱེད་པ་གཏམ་རྒྱུད་ཀྱི་སྐོར༔ ཇོ་མོ་མཁར་ཆེན་བཟའ་ཡིས་ཡི་གེ་རིས་སུ་བཏབ་ནས་ཕྱི་རབས་དོན་དུ་རིན་པོ་ཆེའི་གཏེར་དུ་སྦས་སོོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ གསང་སྔགས་བློ་སྦྱོང་སྐོར༔ ན་མོ་གུ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ སྐུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ༔ རང་རིག་པ་རྩལ་གྱི་དབང་ཐོབ་པ་དེ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས༔ མཚན་བཅས་ལྷའི་སྒོམ་རིམ་ཞུས་པ༔ ཨེ་མ་ཧོ་སློབ་དཔོན་ཆེན་པོ་ལགས༔ མཚན་བཅས་ལྷའི་སྐུ་སྒོམ་པའི་གདམས་པ་ཞིག་ཞུ་འཚལ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཡི་དམ་ལྷའི་སྐུར་མ་བསྒོམ་ན་དངོས་གྲུབ་མི་ཐོབ་པས༔ ཡི་དམ་ལྷ་སྒོམ་པ་ལ་གང་ཟག་བློ་ཆུང་བས་རིམ་གྱིས་སྒོམ་པ་དང༔ གང་ཟག་བློ་ཆེ་བས་གཉིས་མེད་ཀྱིས་སྐུར་སྒོམ་པ་གཉིས་ཡིན༔ དེ་ལ་བློ་ཆུང་བས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བསླབ་སྟེ༔ དང་པོར་སྒྲུབ་པ་པོ་གནས་གང་ན་འདུག་པར༔ རེ་ཞིག་རང་ཉིད་ཀྱི་བདུད་རྩིའི་ཆུའམ་བུམ་པའི་ཆུས་གདོང་པ་ལ་སོགས་པ་བཀྲུས་ལ༔ བདེ་བའི་གནས་སུ་རྡོ་རྗེ་སྐྱིལ་ཀྲུང་ངམ་སེམས་དཔའི་སྐྱིལ་ཀྲུང་གིས་འདུག་སྟེ༔ ཁམས་གསུམ་འཁོར་བའི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་ལ་ཞུགས་པ་རྣམས་ལ་དེ་རྣམས་འཁོར་བ་ལས་གདོན་པའི་ཕྱིར༔ བདག་ཉིད་ཡི་དམ་གྱི་ལྷའི་སྐུར་བསྒོམ་སྙམ་པའི་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བས༔ སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་བསམ་པ་དང༔ སྡུག་བསྔལ་དང་བྲལ་བར་བྱ་སྙམ་པའི་བསམ་པ་དང༔ བདེ་བ་དང་འཕྲད་པའི་དགའ་བ་དང༔ དེ་དང་མི་འབྲལ་བའི་བཏང་སྙོམས་བསྒོམ་པར་བྱའོ༔ དེ་ནས་ཨཱོྃ་ཨཱཿཧཱུྃ་ཞེས་ཡི་གེ་འབྲུ་གསུམ་བརྗོད་པས༔ རང་ཡི་དམ་གྱི་ལྷར་ང་རྒྱལ་བྱས་ལ༔ དེའི་ཐུགས་ཀར་པདྨ་དང་ཉི་ཟླའི་སྟེང་དུ་ས་བོན་གྱི་ཡི་གེ་གང་ཡིན་པ་བསམས་ལ༔ དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་མདུན་གྱི་ནམ་མཁའ་ལ་དམིགས་ལ་ཕྱག་བཙལ་བ་དང༔ མཆོད་པ་དང༔ སྡིག་པ་བཤགས་པ་དང༔ བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༔ སྐྱབས་སུ་འགྲོ་བ་དང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༔ མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང༔ བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༔ དགེ་བའི་རྩ་བ་བསྔོ་བ་རྣམས་བྱས་ལ༔ རྟེན་རྣམས་གཤེགས་སུ་གསོལ་བའམ་མི་དམིགས་པའམ་ལུས་ལ་བསྡུ་བ་གང་ཡང་རུང་བ་བྱའོ༔ དེ་རྣམས་ནི་བསོད་ནམས་ཀྱི་ཚོགས་གསག་པའི་ཡན་ལག་ཡིན་གསུངས་སོ༔ དེ་ནས་ཡེ་ཤེས་ཀྱི་ཚོགས་གསག་པ་ལ༔ རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་འོད་འཕྲོས་པས་བདག་གི་ལུས་ཐམས་ཅད་ཀྱང་འོད་ཀྱི་རང་བཞིན་དུ་བྱས་ལ༔ ཕྱོགས་བཅུར་འོད་འཕྲོས་པས་ཀྱང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་འོད་ཀྱི་རང་བཞིན་དུ་བྱས་ཏེ༔ འོད་དེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ༔ འོད་དེ་དག་སླར་བསྡུ་བའི་རིམ་པ་ནི༔ སྣོད་འོད་དུ་གྱུར་ནས་བཅུད་ལ་བསྡུ༔ དེ་རང་གི་ལུས་ལ་བསྡུས༔ ལུས་ཀྱི་འོད་ཀྱང་མེ་ལོང་ཧུས་བཏབ་པ་ལྟར་འདུས་ནས༔ རིམ་གྱིས་པདྨའི་གདན་ལ་འདུས༔ དེ་ཉི་ཟླ་ལ་འདུས༔ དེ་ཡང་ས་བོན་ལ་འདུས༔ ས་བོན་ཡང་རིམ་གྱིས་ཟླ་ཚེས་ལ་འདུས༔ ཐིག་ལེའི་འོད་ཀྱང་སེམས་ཀྱི་རང་བཞིན་སྐྲའི་རྩེ་མོ་བརྒྱར་གཤགས་པ་ཙམ་དུ་ཡང་དང་ཡང་དུ་བསམ་པར་བྱའོ༔ དམིགས་པ་མི་གསལ་ན༔ ཤཱུནྱ་ཏཱ་ལ་སོགས་པའི་སྔགས་བརྗོད་པས་སྟོང་པ་ཉིད་ཆེན་པོ་དེ་དག་ཀྱང་མི་དམིགས་པར་བསམ་མོ༔ དེ་ལྟ་བུའི་ཚོགས་རྣམ་པ་གཉིས་རྫོགས་པ་ལས་རང་གི་སེམས་ཉིད་ཡི་དམ་གྱི་ལྷའི་ས་བོན་དུ་གནས་པར་བསམ་པའམ༔ ཡང་ན་ས་བོན་ཡོངས་སུ་གྱུར་པ་ལས་ཕྱག་མཚན་ལ་ས་བོན་གྱིས་མཚན་པར་བསམས་ཏེ༔ དེ་ཡོངས་སུ་གྱུར་པ་ལས་རང་གི་ཡི་དམ་ལྷ་གང་ཡིན་པ་དེའི་ཞལ་དང་ཕྱག་མཚན་ལ་སོགས་པ་རྫོགས་པར་བསྐྱེད་ལ༔ དེའི་ཐུགས་ཀར་པདྨ་དང་ཉི་མའམ་ཟླ་བའི་དཀྱིལ་འཁོར་གྱི་གདན་སྟེང་དུ༔ ས་བོན་བསམས་པ་ལས་བྱུང་བའི་འོད་ཟེར་གྱིས་བླ་མ་ཡི་དམ་མཁའ་འགྲོ་ཕྱོགས་བཅུའི་བདེ་གཤེགས་དང་བཅས་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ༔ མཆོད་པ་རྣམ་པ་ལྔ་ཕུལ་ཏེ༔ རང་གི་ཡེ་ཤེས་ཀྱི་ལྷ་དགུག་པ་དང་གཞུག་པ་བྱ༔ བདེ་བར་གཤེགས་པ་རྣམས་ཀྱིས་དབང་བསྐུར་ནས༔ རིགས་ཀྱི་བདག་པོས་རྒྱས་གདབ་པར་བྱས་ལ༔ རྟེན་རྣམས་གཤེགས་སུ་གསོལ་ལོ༔ དེ་ནས་བདག་གི་གནས་གསུམ་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་འབྲུ་གསུམ་བསྒོམས་པ་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་བྱའོ༔ ཡི་དམ་ཀྱི་ལྷ་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གཟུང་བར་བྱའོ༔ དེ་ནས་སྒོམ་པ་ལ་སྐྱོ་ན་བཟླས་པ་བྱ་སྟེ༔ དེ་ཡང་རྡོ་རྗེ་ཤུབ་བུའི་བཟླས་པ་ནི་ཐོང་གས་ཐོས་པ་ཙམ་གྱི་བཟླས་པ་བྱའོ༔ རྡོ་རྗེ་དབྱངས་ཀྱི་བཟླས་པ་ནི་ཛཔ྄་དབྱངས་སུ་བསྒྲག་གོ༔ རྡོ་རྗེ་གསང་བའི་བཟླས་པ་ནི་ཡིད་ཀྱིས་བཟླས་པའོ༔ དེ་ཡང་འཁོར་ལོ་ལྟ་བུའི་བཟླས་པ་ནི་ཁ་ནས་བྱུང་ནས་ལྟེ་བར་ཞུགས་སྙིང་ཁའི་དབུས་ཀྱི་ས་བོན་ལ་ཐིམ་པར་བསམ་མོ༔ ཕྲེང་བ་ལྟ་བུའི་བཟླས་པ་ནི་ཐུགས་ཀའི་ས་བོན་ལ་སྔགས་ཀྱི་ཕྲེང་བས་བསྐོར་ནས་ཡི་གེ་ལ་སེམས་རྩེ་གཅིག་ཏུ་བྱས་ལ་བཟླས་པའོ༔ སྒྲ་ལ་དམིགས་པའི་བཟླས་པ་ནི་སྔགས་ཀྱི་སྒྲ་ཉིད་ལ་སེམས་གཏད་ལ་བཟླས་པ་བྱའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡི་དམ་ལྷ་སྒོམ་པའི་ཐུན་མཚམས་སུ་ཇི་ལྟར་བགྱི་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ བཟླས་པས་སྐྱོ་ན་རོལ་མོའི་སྒྲ་བསྒྲག་ཅིང་བསྟོད་པ་བྱའོ༔ ཡི་དམ་ལྷ་གཤེགས་སུ་གསོལ༔ བདག་ཉིད་ཐ་མལ་བའི་རྟོག་པས་གནས་པར་བྱའོ༔ དེ་ནས་སྒྲུབ་པའི་མཆོད་པ་བྱེད་པར་འདོད་ན༔ རྟེན་རྣམས་མདུན་དུ་བཀྲམ་ལ༔ དེའི་མདུན་དུ་དྲི་ཞིམ་པོའི་ཆུས་མ་དྷལ་བྱུགས་ཏེ་མེ་ཏོག་བཀྲམ་ལ༔ སྐད་ཅིག་གིས་བདག་ཉིད་ཡི་དམ་ལྷའི་ང་རྒྱལ་བྱས་ལ༔ སྙིང་ཁའི་ས་བོན་ལས་འོད་འཕྲོས་པས་ཕྱོགས་བཅུའི་ཆོས་དང་སྐུ་གཟུགས་རྣམས་སྤྱན་དྲངས་ལ་རྟེན་རྣམས་ལ་བསྟིམ༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༔ བླ་མ་དང་ཡི་དམ་ལྷ་དང་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་མདུན་དུ་བཞུགས་པར་བསམས་ལ་རང་གིས་ཅི་འབྱོར་བའི་མཆོད་པ་རྣམས་ཀྱིས་མཆོད་དེ༔ དེའི་མདུན་དུ་བདུན་རྣམ་དག་ལ་སོགས་པ་བྱས་ལ༔ སྐབས་དེར་ཡི་དམ་ལྷ་ལ་གཏོར་མ་དབུལ་བ་དང༔ ཆོས་སྐྱོང་མཆོད་པ་དང༔ ཆུ་གཏོར་གཏང་བ་དང༔ སཱཙྪ་གདབ་པ་ལ་སོགས་པ་བྱའོ༔ དེ་ནས་བདེ་བར་གཤེགས་པ་རྣམས་ཀྱི་བཀའ་བཀླག་པར་འདོད་ན་ཡང༔ སྐད་ཅིག་གིས་ལྕེ་སྟོང་པ་ཉིད་ལས་ཧཱུྃ༔ དེ་ལས་རྡོ་རྗེ་རྩེ་ལྔ་པར་བསམས་པ་ལ༔ རང་གི་ས་བོན་ལས་རྡོ་རྗེའི་བུ་གར་གང་ཁ་ཏོན་བྱེད་པའི་སྒྲ་དེ་བྱུང་བར་བསམ་ཞིང༔ བདག་གི་ལུས་ཀྱང་དུ་མར་གྱུར་པས་སྟོང་གསུམ་ལ་སོགས་པ་འཇིག་རྟེན་གྱི་ཁམས་དུ་མར་ཁྱབ་སྟེ༔ དེའི་ཁ་རེ་རེར་ཡང་རྡོ་རྗེའི་ལྕེ་དུ་མ་བསམས་ཏེ་བཀླགས་པས་སེམས་ཅན་ཐམས་ཅད་ཀྱིས་ཐོས་ནས་འཁོར་བ་ལས་གྲོལ་བར་བསམ་པ་ནི༔ སྤྱོད་ལམ་ཐུན་མཚམས་ཀྱི་རྣལ་འབྱོར་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བསྐྱེད་པའི་རིམ་པ་ལ་རྫོགས་པའི་རིམ་པས་རྒྱས་ཇི་ལྟར་བཏབ༔ སློབ་དཔོན་གྱིས་གསུང་པ༔ རྫོགས་པའི་རིམ་པ་སྒོམ་པར་འདོད་པའི་རྣལ་འབྱོར་པས༔ རང་ལྷའི་སྐུར་བསྒོམས་པ་ཐུན་གཏོང་བའི་ཚེ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ༔ དམ་ཚིག་སེམས་དཔའ་འོད་དུ་ཞུ་ནས་ཡི་དམ་ལྷ་དེའི་ས་བོན་ནམ་ཧཱུྃ་དུ་གྱུར་པའི་ཚེ༔ ཧཱུྃ་རིམ་གྱིས་ཐིག་ལེར་གྱུར༔ ཐིག་ལེ་དེ་ཡང་རིམ་གྱིས་ཕྲ་བར་གྱུར་ནས་སྟོང་པར་གནས་པ་དེའི་ངང་ལ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྟོང་གསལ་མི་རྟོག་པ་ཡོད་མེད་ཀྱི་མཐའ་དང་བྲལ་བ་ལ་གནས་པར་བྱའོ༔ ཡང་ན་བླ་མ་ལས་རྫོགས་པའི་མན་ངག་ཇི་ལྟར་ཐོབ་པ་བཞིན་ཡང་ཡང་དུ་གསལ་གདབ་པར་བྱའོ་གསུངས༔ དེ་ལྟར་སྒྲུབ་པ་ལ་ཐུན་གསུམ་མམ་བཞིར་ཉམས་སུ་བླངས་ན༔ སྐྱེ་བ་འདིའམ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར༔ སྲིད་པ་བར་མ་དོར་རྣལ་འབྱོར་ཆེན་པོར་ངལ་གསོ་སྟེ༔ ཡི་དམ་གྱི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་འགྱུར་རོ༔ གལ་ཏེ་བསྐྱེད་པའི་རིམ་པའི་རྩལ་མ་འབྱོངས་ན་ཡང༔ སྐྱེ་བ་ཕྱི་མ་ལ་རྣལ་འབྱོར་ཆེན་པོར་ངལ་གསོ་སྟེ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་གདོན་མི་ཟའོ༔ དེ་རྣམས་ནི་གང་ཟག་དབང་པོ་བརྟུལ་པོ་ཐ་མའི་དབང་དུ་བྱས་པ་སྟེ༔ རིམ་གྱིས་སྒོམ་པའི་ལམ་རིམ་དུ་གདམས་པའོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གང་ཟག་དབང་པོ་རབ་ཀྱིས་ཇི་ལྟར་བསྒོམ༔ སློབ་དཔོན་གྱིས་གསུང་པ༔ གང་ཟག་དབང་པོ་རབ་ཀྱིས་ལྷ་སྒོམ་པ་ནི༔ རིམ་ནས་རིམ་གྱིས་མི་བསྐྱེད་དེ་སྙིང་པོའམ་ཚིག་བརྗོད་པ་ཙམ་གྱིས་ཆུ་བུར་བརྡོལ་བའི་ཚུལ་དུ་སྐད་ཅིག་གིས་རང་བྱུང་དུ་གསལ་བ་ནི༔ ལྷ་དབྱིངས་ནས་སྤྱན་དྲང་བ་ཡང་དེ་ཉིད་དེ༔ བདག་ལྷར་གསལ་བ་དེ་དབྱིངས༔ ལྷ་སྣང་ལ་རང་བཞིན་མེད་པ་དེ་ཡེ་ཤེས༔ དབྱིངས་ཡེ་ཤེས་གཉིས་སུ་མེད་པས་ཀུན་རྫོབ་ཏུ་མ་འགགས་པར་ལྷར་སྣང་བ་ཡིན༔ ལྷ་ལ་རང་བཞིན་མེད་པའི་ངོ་བོ་སྟོང་པ་དེ་དོན་དམ་པ་ཡིན༔ དེ་ལྟར་ཀུན་རྫོབ་དོན་དམ་དབྱེར་མེད་པའོ༔ ལྷ་ཡབ་ལྟར་སྣང་བ་ཐབས༔ ཡུམ་ལྟར་སྣང་བ་ཤེས་རབ༔ ཐབས་ཤེས་རབ་དབྱེར་མེད་པ་ཡིན༔ ལྷར་སྣང་བ་བདེ་བ༔ ལྷ་ལ་རང་བཞིན་མེད་པ་སྟོང་པ༔ བདེ་སྟོང་དབྱེར་མེད༔ ལྷ་ལྷར་སྣང་བ་རིག་པ༔ ལྷ་སྣང་ལ་རང་བཞིན་མེད་པ་སྟོང་པ༔ རིག་སྟོང་དབྱེར་མེད་ཡིན༔ ལྷ་ལྷར་སྣང་བ་གསལ་བ༔ ལྷ་ལ་རང་བཞིན་མེད་པ་སྟོང་པ༔ གསལ་སྟོང་དབྱེར་མེད་ཡིན་ནོ༔ དེ་ལ་ལྷར་གསལ་བ་དེ་སྐུ་སྣང་ལ་རང་བཞིན་མེད་པས་བགྲེས་རྒུད་མི་མངའ་བ༔ གསུང་ལ་འགག་པ་མི་མངའ་བས་སྙིང་པོ་རྒྱུན་མི་འཆད༔ ཐུགས་ལ་སྐྱེ་འཆི་མེད་པས་ཆོས་ཉིད་རྒྱུན་ཆད་མེད༔ འགྲོ་འཆག་ཉལ་འདུག་སྤྱོད་ལམ་རྣམ་བཞིར་དེ་དང་མི་འབྲལ་བར་གསལ་བ་ནི༔ དབང་པོ་རབ་ཀྱི་ལམ་རིམ་ཡིན་ནོ་གསུངས༔ དེ་ཡང་ཤིན་ཏུ་དཀའ་སྟེ༔ སྔོན་སྦྱངས་ལས་འཕྲོ་ཅན་གྱི་སྤྱོད་ཡུལ་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡི་དམ་ལྷ་སྒོམ་པ་ལ་དང་པོ་ལྷ་ལ་སེམས་གཟུང་བའི་གདམས་པ་ཞིག་ཞུ་འཚལ་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དང་པོ་ལྷ་གསལ་བར་བྱ་བའི་མན་ངག་ལ༔ མདུན་དུ་བསྒོམ་ཡང་རུང་སྟེ༔ བླ་མའི་མན་ངག་ཐོབ་སྟེ་བླ་མས་སློབ་མ་བྱིན་རླབས་བྱ་བ་དང་བགེགས་བསྲུང་བ་བྱས་ལ༔ དེ་ནས་སྟན་བདེ་བ་ལ་འདུག་སྟེ་ཁམས་སྙོམས་པར་བྱས་ལ༔ ཡི་དམ་ལྷའི་བྲིས་སྐུ་མདུན་དུ་ལེགས་པར་བཀྲམ་ནས༔ ཅི་ལ་ཡང་མི་རྟོག་པར་ཅུང་ཟད་ཅིག་གནས༔ དེ་ནས་སྐུ་གཟུགས་ལ་དབུ་ནས་ཞབས་སུ་བལྟ༔ ཞབས་ནས་དབུ་ལ་རིམ་གྱིས་བལྟ༔ དེ་ནས་སྐུ་སྤྱིར་ཁྱབ་པར་བལྟ་ཞིང༔ སྐབས་སུ་མི་རྟོག་པ་ལ་བཞག་སྟེ་ངལ་གསོ༔ དེ་ལྟར་ཡང་དང་ཡང་དུ་ཉིན་གཅིག་བཞིན་དུ་བལྟས་ལ༔ དེའི་ནུབ་མོ་གཉིད་ཚིམས་པར་ལོག་ལ༔ ནམ་ལངས་ནས་ཡང་སྔར་བཞིན་དུ་བལྟ་ཞིང་ནུབ་མོ་ལྷ་མི་སྒོམ་པར་མི་རྟོག་པ་ལ་སེམས་བཞག༔ དེ་ནས་མ་བསྒོམ་པར་ལྷ་ཡིད་ལ་ཝལ་གྱིས་འབྱུང་སྟེ༔ མ་བྱུང་ན་ཡང་སྐུ་ལ་བལྟས་ལ་མིག་བཙུམས་ཏེ་མདུན་དུ་གཟུགས་བརྙན་དེ་ཉིད་གསལ་བར་བྱས་ལ༔ སེམས་སྔར་གྱི་དེ་ལས་མ་ཤོར་བར་འདུག་གོ༔ དེ་མི་གསལ་ན་ཡང་གཟུགས་བརྙན་ལ་བལྟས་ལ་གསལ་གདབ་སྟེ༔ རྣམ་རྟོག་གི་རྒྱུ་བ་བཅད་ལ་འདུག་གོ༔ དེ་ལྟར་བསྒོམས་པ་དེ་ལ་ཉམས་ལྔ་སྟེ༔ གཡོ་བའི་ཉམས་དང༔ ཐོབ་པའི་ཉམས་དང༔ གོམས་པའི་ཉམས་དང༔ བརྟན་པའི་ཉམས་དང༔ མཐར་ཕྱིན་པའི་ཉམས་སོ༔ དེ་ཡང་དེའི་ཚེ་སེམས་གནས་སུ་མི་འདོད་པར་རྟོག་པའི་འདུ་བྱེད་མང་དུ་རྒྱུ་བ་ནི་གཡོ་བའི་ཉམས་སོ༔ དེ་ནི་སེམས་ཟིན་པར་ཉེ་བ་སྟེ་རི་གཟར་གྱི་ཆུ་ལྟ་བུའོ༔ དེ་ནས་ཅུང་ཟད་ལྷར་གསལ་ཏེ་ལྷའི་དབྱིབས་དང་ཁ་དོག་དུས་གཅིག་ཏུ་ཝལ་ལེ་གསལ་ན་ཐོབ་པའི་ཉམས་ཏེ་རྫིང་ལྟ་བུའོ༔ དེ་ལྟར་གསལ་བ་དེ་རྒྱང་རིང་ཐུང་གང་དུ་བསྒོམས་ཀྱང་གསལ་ཞིང་ཐུན་སུམ་ཆའི་ཕྱེད་ཙམ་དུ་གནས་ནུས་ཤིང་རྟོག་པ་རགས་པ་མི་འགྱུ་ན་གོམས་པའི་ཉམས་ཏེ་ཆུ་ཀླུང་ལྟ་བུའོ༔ དེ་ལྟར་རྟོག་པ་མི་གསལ་བར་ལྷར་གསལ་བ་ལ་ཐུན་སྐྱོང་ནུས་པ་ནི་བརྟན་པའི་ཉམས་ཏེ་རི་རབ་ལྟ་བུའོ༔ དེ་ནས་ལྷའི་སྐུ་བ་སྤུ་མན་ཆད་ནས་ཕྱག་ཞབས་ཡན་ཆད་བཀྲ་ལམ་གྱིས་གསལ་ཞིང་རྟོག་པ་མི་འཕྲོ་བར་ཉིན་མཚན་ཕྱེད་བར་གནས་པ་ཡན་ཆད་མཐར་ཕྱིན་པའི་ཉམས་སོ༔ ཡང་རྣལ་འབྱོར་རང་གི་ཉམས་དང་སྦྱོར་ཅིག༔ ལྷ་མི་གསལ་བ་ཡུན་རིང་ན་ཁམས་འཁྲུགས་སུན་ཕྱུང་ཏིང་ངེ་འཛིན་ལ་བོགས་མི་ཐོན་ཞིང་རྟོག་པ་སླར་ཡང་མང་དུ་འབྱུང་ངོ༔ སྤྱིར་ན་ཐུན་ཆུང་ལ་གསལ་བ་གལ་ཆེ་སྟེ༔ སྣང་བ་དང་བཅས་པའི་ཉི་མ་དང་མར་མེ་ལ་སོགས་པ་ལ་བསྒོམ༔ གཉིད་སད་མ་ཐག་དང༔ མྱས་མྱོས་དང༔ རབ་རིབ་ལ་མི་བསྒོམ༔ ནུབ་མོ་གཉིད་ཚིམས་པར་ལོག་ལ༔ ཉིན་མོ་ཐུན་ཆུང་ངུ་ཆུང་ངུ་བརྒྱད་ལ་བསྒོམ༔ སྒོམ་གཏོང་ན་ཏིང་ངེ་འཛིན་གློ་བུར་བཏང་ན་འཆོར་བས་དལ་བུས་གསལ་བ་ལ་གཏང༔ སྒོམ་མ་ཐག་ཏུ་གསལ་ཝལ་གྱིས་འོང་ན༔ མཚན་མོ་ཡང་སྲོད་ཐོ་རངས་ལ་བསྒོམ༔ སྤྱིར་མ་སུན་ཙམ་དུ་གང་གསལ་བ་དེ་ལ་སེམས་གཏད་ལ༔ དེ་བརྟན་པར་གྱུར་པ་དང༔ སྐུ་རྫོགས་པར་གསལ་བར་བྱའོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷར་གསལ་བའི་དུས་རིང་ཐུང་གནས་པ་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དེ་ནི་གོང་ལྟར་གསལ་བ་ཐོབ་ནས༔ ཅུང་ཟད་བརྟན་པ་དང་ཡུན་རིང་དུ་གནས་པ་བྱ༔ བཟླས་པ་དང་ཐུན་ཚོད་ནི༔ དབུགས་ཀྱི་ཐུན་ཚད་ཙམ༔ ཕྱིའི་ཐུན་ཚད་ཆུ་ཚོད་གྲངས་ཀྱིས་བརྩིའོ༔ ཉིན་གཅིག་གི་ཐུན་ཚོད་ཀྱང་འབྱུང་སྟེ་བཞི་བཞི་ཉིན་མཚན་གང་རིགས་པ་ལ་གཟུང་ངོ༔ ཐུན་ཚོད་ཀྱི་དགོས་པ་ནི༔ ཁམས་མི་འཁྲུགས་པ་དང༔ སྒོམ་པའི་ཚད་ཟིན་པ་དང༔ ཏིང་ངེ་འཛིན་བོགས་ཆེ་བ་དང༔ ཡུན་རིང་དུ་གནས་པའོ༔ གྲངས་ནི་ངག་གིས་མི་བགྲང་སྟེ༔ ཡིད་ཀྱིས་ཕྲེང་བ་ལ་གཟུང༔ དེ་ནས་རིམ་གྱིས་མང་དུ་བསྲིང་ཞིང་གྲངས་ཚད་དེའི་བར་དུ་ངལ་མི་གསོ༔ གྲངས་དེའི་བར་དུ་བསྒོམ༔ གྲིབ་མའི་ཚོད་ནི༔ ཉིན་གཅིག་ལ་ཐུན་དྲུག་བཅུ་དྲུག་གམ་བརྒྱད་དུ་བཤད་དེ༔ གྲིབ་མའི་ཆ་དེ་རེ་རེར་ཕྱིན་པའི་བར་དུ་བསྒོམ༔ དེའི་ཚད་ཙམ་དུ་ངལ་གསོ༔ མདོར་ན་ཐུན་བརྒྱད་དུ་བསྒོམ་ཞིང་བརྒྱད་ངལ་གསོ་བ་སྤེལ་མར་ཤེས་པར་བྱའོ༔ དེ་ནས་བརྟན་པ་དང་ཐུན་ཆུང་གཉིས་གཉིས་བསྲིངས་ཏེ་སྒོམ༔ དེ་ནས་ཉི་མ་དང་ཉིན་ཞག་དང་ཟླ་བ་ཕྱེད་ལ་སོགས་པ་གནས་ནུས་སོ༔ མདོར་ན་ཐུན་ཇི་ལྟར་ཡིན་ཡང་མ་སུན་ཞིང་གསལ་ལ་རྟོག་པ་མེད་པ་མི་རྒྱུ་བ་དེའི་ངང་ལ་བགས་ཀྱིས་ཡུན་རིང་དུ་བསྲིང་ངོ༔ དེ་ནི་ལྷ་གསལ་བ་ཡུན་རིང་བར་བྱ་བའི་མན་ངག་གོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་བཅོས་པ་དེ་ལ་འགྱུར་བའི་སྐྱོན་ཇི་ལྟར་བཅོས་ཞུས་པས༔ སློབ་དཔོན་གྱིས་གདམས་པ༔ དེ་ལ་སྐྱོན་ངོས་གཟུང་བ་དང༔ བཅོས་ཐབས་གཉིས་སོ༔ ངོས་གཟུང་བ་ལ་སྤྱི་སྐྱོན་དང༔ ཁྱད་པར་གྱི་སྐྱོན་གཉིས་ལས༔ དང་པོ་སྤྱི་སྐྱོན་ལ༔ དམིགས་པ་བརྗེད་ངས་པ་དང༔ ལེ་ལོ་དང༔ དོགས་པ་དང༔ བྱིང་བ་དང༔ རྒོད་པ་དང༔ རྩོལ་བ་དང༔ མི་རྩོལ་བའོ༔ དེ་ལ་བརྗེད་ངས་པ་ནི་སྒོམ་པ་ཡེངས་པའོ༔ ལེ་ལོ་ནི་སྙོམས་ལས་སུ་བཞག་པའོ༔ དོགས་པ་ནི་གོལ་སར་ལྟུང་གི་དོགས་པའོ༔ བྱིང་བ་ནི་རྐྱེན་གྱིས་བྱིང་བ་དང་རང་བཞིན་གྱིས་བྱིང་བའོ༔ རྒོད་པ་ནི་རང་བཞིན་གྱིས་རྒོད་པ་དང་རྐྱེན་གྱིས་རྒོད་པ་དང་ཆེད་དུ་བྱས་པའི་རྒོད་པ་འོ༔ རྩོལ་བ་ནི་ལྷར་གསལ་བཞིན་དུ་ཆོག་མ་ཤེས་ཏེ་གསལ་བཏབ་པས་སླར་རྟོག་པ་སྐྱེ་བའོ༔ མི་རྩོལ་བ་ནི་ལྷ་མི་སྤང་པར་སྒོམ་བློ་མེད་པའོ༔ གཉིས་པ་ཁྱད་པར་གྱི་སྐྱོན་ལ་ནི་ལྷ་སྒོམ་པའི་ཚེ་རབ་རིབ་ཀྱི་སྐྱོན་དང༔ མགོ་མཇུག་ལོག་པ་དང༔ གྲིབ་མ་དང༔ སྐུའི་ཚད་འགྱུར་བ་དང༔ ཆ་ལུགས་འགྱུར་བ་དང༔ དབྱིབས་འགྱུར་བ་དང༔ གྲངས་འགྱུར་བ་དང༔ བཞུགས་ཚུལ་འགྱུར་བ་དང༔ སྐུ་མདོག་འགྱུར་བ་དང༔ ཁ་དོག་འབའ་ཞིག་ཏུ་སྣང་བ་དང༔ དབྱིབས་འབའ་ཞིག་ཏུ་སྣང་བ་དང༔ འཕྲེད་ལ་འདུག་པ་དང༔ རིམ་པས་ནུབ་པ་དང་སྐྱོན་བཅུ་གཉིས་ཡོད་གསུངས༔ ༔དེ་ལ་སྐྱོན་དེ་དག་བཅོས་པའི་ཐབས་བསྟན་པ་ནི༔ སྤྱི་སྐྱོན་བདུན་ལ་སྤོང་བའི་འདུ་བྱེད་བརྒྱད་པ་བརྟེན་ཏེ༔ དམིགས་པ་བརྗེད་པ་ལ་དྲན་པ་བརྟེན༔ ལེ་ལོའི་གཉེན་པོར་དད་པ་དང་བརྩོན་འགྲུས་བརྟེན༔ དོགས་པའི་གཉེན་པོར་མི་རྟོག་པ་བརྟེན༔ བྱིང་བའི་གཉེན་པོར་བྲོད་པ་བསྐྱེད་ཁྲུས་བྱ་ལུས་བཅག༔ རྒོད་ན་འཁོར་བ་ལ་སྐྱོ་བ་བསྐྱེད༔ སེམས་དྲན་པའི་ཐག་པས་བཅིངས་ལ་དམིགས་པའི་སྡོང་པོ་ལ་གདགས་སོ༔ མདོར་ན་བྱིང་རྒོད་ལ་ཤེས་བཞིན་གྱི་བྱ་ར་བ་བརྟེན༔ རྩོལ་འདོད་ན་བཏང་སྙོམས་བརྟེན༔ མི་རྩོལ་ན་བརྩོན་འགྲུས་ཀྱིས་གསལ་གདབ༔ ཁྱད་པར་ལྷའི་སྐྱོན་བཅོས་པ་ནི་རབ་རིབ་མག་མོག་གྲིབ་མ་ལྟར་སྣང་བ་གསུམ་ལ༔ སྟོང་ཉིད་མི་རྟོག་པ་བསྒོམས་པའི་རྗེས་ལ་བྲིས་སྐུ་ལ་ཞིབ་ཏུ་བལྟས་ལ་བསྒོམ༔ དེ་ཡང་མི་རྟོག་པ་དང་བྲིས་སྐུ་ལ་བལྟས་ཏེ་སྒོམ་པ་སྤེལ་ཞིང་བསྒོམ་མོ༔ སྐུ་ཚད་འགྱུར་བ་དང༔ ཆ་ལུགས་འགྱུར་བ་དང༔ བཞུགས་ཚུལ་འགྱུར་བ་དང༔ དབྱིབས་འགྱུར་བ་རྣམས་ལ་སྐུ་དེ་གདོས་པ་ཅན་དུ་བརྟན་པ་སྣ་བུག་ནས་ཕུག་རོན་འབྱུང་འཇུག་བྱེད་པ༔ ཡན་ལག་ལ་བྱ་དང་ལུག་དང་རི་དྭགས་རྩེ་བ་ལྡེར་སོ་ལྟ་བུར་བསྒོམ་མོ༔ གྲངས་འགྱུར་བ་ལ་དང་པོ་ལ་གཅིག་གམ་གཉིས་སམ་གྲངས་བཅད་པ་ལྟར་བྱ༔ ཁ་དོག་འབའ་ཞིག་སྣང་བ་ལ་དབྱིབས་གསལ་གདབ༔ ཁྲག་མཁྲིས་ལ་སོགས་པ་ཁམས་ཀྱི་ཚ་བས་སེར་པོ་དང་དམར་པོ་ལ་སོགས་པ་ཁ་དོག་འགྱུར་བ་ལ་ཁམས་གསོ་བའི་ཆོ་ག་བྱའོ༔ རིམ་པས་ནུབ་ན་ཞལ་ཕྱག་གསལ་བར་སེམས་གཟུང༔ མ་རྫོགས་པའི་སྐྱོན་ལ་སྐུ་ཡོངས་སུ་རྫོགས་པར་རྒྱན་དང་ཆ་ལུགས་རྫོགས་པར་གསལ་གདབ༔ ཡང་ན་གང་མ་རྫོགས་པ་དེ་གསལ་གདབ་བོ༔ མདོར་ན་སྐྱོན་གང་བྱུང་ཡང་དེ་ཉིད་ལ་ཡིད་མ་བྱུང་བར་བསྒོམ་མོ༔ དེ་ནས་སྟོང་པ་ཉིད་རྟོགས་པའི་རྗེས་ལ་ལྷའི་སྐུ་ལ་བལྟས་ཤིང་སེམས་གཏད་ལ་བསྒོམ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་དེ་དང་དབྲལ་ན་ཇི་ལྟར་བསླབ༔ སློབ་དཔོན་གྱིས་གསུང་པ༔ ལྷ་དང་དབྲལ་བའི་མན་ངག་ནི༔ ལྷ་སྒོམ་པའི་སྐྱོན་དེ་དག་མ་སེལ་བར་དུ་མི་རྟོག་པ་བསྒོམས་པས་ལྷ་གསལ་བར་བྱེད་པས་ལྷ་དང་མི་རྟོག་པ་སྤེལ་ཞིང་བསྒོམ༔ ལྷ་སྐྱོན་མེད་དུ་གསལ་ནས་མི་རྟོག་པ་དང་བྲལ་བར་ལྷ་རང་ཁོ་ན་བསྒོམ་མོ༔ ༔དེ་ནས་ལྷ་སློང་བ་ནི༔ སྐྱོན་མེད་དུ་གསལ་བ་ནས་དེ་ཉིད་ལངས་པར་བསྒོམ༔ འདུག་པ་དང༔ ཉལ་བ་དང༔ གན་རྐྱལ་དང༔ ཁ་སྦུབ་དང༔ རི་དང༔ ཐང་དང༔ ཉེ་བ༔ རིང་བ༔ རྡོའི་དཀྱིལ༔ ཆུའི་དཀྱིལ་ལ་སོགས་པ་གང་དུ་ཡང་བསྒོམ་པར་འདོད་ན༔ ལྷ་ལམ་དུ་སློངས་པ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་དང་བསྲེ་ན་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དེ་ཡང་ལྷ་དེ་སློངས་པ་རང་ལ་བསྟིམ༔ རང་སྐུ་རྒྱན་གཅིག་པའམ་དཀྱིལ་འཁོར་དང་ཞིང་ཁམས་རྫོགས་པར་བསྐྱེད་ལ་བསྒོམ༔ ༔དེ་ནས་ལྷ་དེ་དོན་ལ་སྦྱར་བ་ནི༔ བདག་ཉིད་རྟོག་པའི་ལྷ་དེ་བརྟན་པ་དང་རང་གི་སེམས་དང་རྣམ་པར་ཤེས་པའི་ཚོགས་བརྒྱད་ལྷའི་སྐུ་དང་ཡེ་ཤེས་སུ་ཤར་བ་ལས༔ དོན་དུ་རིག་པ་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་འབྲས་བུའི་ངོ་བོ་ཉིད༔ ལྷ་དེ་གང་ནས་ཀྱང་འོངས་པ་མེད་ཅིང༔ སྣང་ལ་རང་བཞིན་མེད་པས་གཉིས་སུ་མེད་པའི་སྐུའོ༔ དེ་ཡང་ལྷའི་སྐུར་སྣང་བ་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་སྣང་ལ་རང་བཞིན་མེད་པ་ནི་ཞེན་པ་མེད་པའོ༔ སེམས་ཉིད་ལྷ་རུ་སྣང་ཡང་རང་བཞིན་མེད་པར་རྟག་ཅིང་བསྟན་དུ་མེད་པས་ཆོས་ཀྱི་སྐུ་ཞེས་བྱ༔ དེ་ལྟར་དོན་ལ་སྦྱངས་པའི་རྣལ་འབྱོར་པས་སྒོམ་པའི་དམ་ཚིག་དྲུག་ལ་གནས་ཏེ༔ མན་ངག་སྟོན་པའི་བླ་མ་ལ་གདུང་བ་རྒྱུན་མི་གཅད་པ་དང༔ ཏིང་ངེ་འཛིན་གྱི་མཐུན་པ་རྣམས་བརྟེན་པ་དང༔ མི་མཐུན་པ་དོར་བ་དང༔ སྤྱོད་ལམ་ཀུན་ལ་ཏིང་ངེ་འཛིན་རྣམས་ཡལ་བར་མི་འདོར་བ་དང༔ ཡི་དམ་མི་སྤང་བར་མཐར་དབྱུང་བ་དང༔ ལྷ་གང་སྒོམ་པ་གསང་བ་དང༔ ཡི་དམ་ལྷ་ལ་སྤོང་ལེན་གྱི་སེམས་ཀྱིས་མི་བསྒོམ༔ ལྷ་གང་བསྒོམས་ཀྱང་སངས་རྒྱས་ཐམས་ཅད་སྒོམ་པ་ཡིན༔ སངས་རྒྱས་ཀྱང་རང་གི་སེམས་རྟོགས་པ་ལས་གུད་ན་བསྒོམ་རྒྱུ་མེད༔ ཡི་དམ་ལྷ་ཡང་སེམས་ཀྱི་སྣང་བ་ཡིན༔ ལོགས་ནས་བསྒྲུབ་ཅིང་བསྒོམ་རྒྱུ་ཞིག་མེད་པས་སངས་རྒྱས་ཐམས་ཅད་ཡི་དམ་ལྷ་ལ་འདུས༔ ཡི་དམ་ལྷ་མང་པོ་བསྒོམས་ཀྱང་སེམས་ཀྱི་སྣང་བ་ཡིན༔ ལྷ་གཅིག་བསྒོམས་ཀྱང་སེམས་ཀྱི་སྣང་བ་ཡིན་ནོ༔ དེ་རྣམས་ནི་ལྷ་དང་བསྲེ་ཞིང་ལྷ་དོན་ལ་སྦྱར་བའི་མན་ངག་ཡིན་ནོ་གསུང་ངོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་ལམ་དུ་ཁྱེར་ཞིང་ཇི་ལྟར་བསྒྲུབ་ཅེས་ཞུས་པ༔ སློབ་དཔོན་གྱིས་གསུང་པ༔ ལྷ་བསྒྲུབ་པ་ནི་ཐོག་མར་ལྷ་མདུན་དུ་གོམས་པར་བྱས་ལ༔ དེ་ནས་བདག་ལྷར་བསྒོམས་པའི་དམིགས་པ་བརྟེན་པ་དང༔ དེ་ཡན་ཆོད་བཟླས་བརྗོད་སྤང༔ དེ་ནས་སྒྲུབ་པའི་མ་དྷལ་བཤམས་ལ་མཆོད་པ་བཤམ༔ རང་སྟན་བདེ་བ་ལ་འདུག༔ མདུན་དུ་རྟེན་རྣམས་བཞུགས་ལ་བླ་མ་ཡི་དམ་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ལ་ཕྱག་བཙལ་བ་དང༔ མཆོད་པ་དང༔ བསྟོད་པ་དང༔ ཡན་ལག་བརྒྱད་པ་བྱ་སྟེ༔ ལྷ་འོད་དུ་ཞུ་ནས་བདག་ལ་ཐིམ་པས་བདག་ཡི་དམ་ལྷར་བསྐྱེད༔ མཚམས་གཅད༔ མཆོད་པ་བྱིན་གྱིས་བརླབ༔ ཏིང་ངེ་འཛིན་རྣམ་གསུམ་ལ་སོགས་པས་དཀྱིལ་འཁོར་ལྷ་དང་བཅས་པ་བསྐྱེད་ལ༔ དབང་བསྐུར་བྱིན་རློབ༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ་པ་དང༔ ཕྱག་དང་མཆོད་བསྟོད་བྱས་ལ༔ ཡེ་ཤེས་པ་མདུན་དུ་ཕྱེས་ལ་ཛཔ྄་བྱ༔ བཟླས་པ་རྫོགས་ནས་བསྟོད་པ་བྱ༔ མདུན་དུ་ཕྱེས་པ་བདག་ལ་བསྟིམ་ལ་བདག་ལྷའི་ང་རྒྱལ་གྱིས་ཉལ༔ ནངས་པར་སྐད་ཅིག་གིས་ལྷར་བསྐྱེད་ལ༔ གོང་བཞིན་གཞུང་བསྲང་ལ་བཟླས་པ་བྱའོ༔ བཟའ་བཏུང་བྱིན་གྱིས་བརླབས་ལ་ཚོགས་ཕུད་དབུལ༔ སྐུ་རྒྱན་གཅིག་པ་ལ་སྦྱོར་ཡང་དེ་ལྟར་བསྒྲུབ་བོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་བསྒྲུབས་པས་གྲུབ་རྟགས་དང་མཚན་མ་ཇི་ལྟར་འབྱུང་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ རྟགས་ལ་རྨིས་ལྟས་དང༔ དྲོད་ལྟས་དང༔ མཚན་ལྟས་དང༔ རྟགས་སོ༔ མཚན་ལྟས་ལྔ་ནི༔ དུ་བ་ལྟ་བུ་དང༔ སྨྲིག་རྒྱུ་ལྟ་བུ་དང༔ སྲིན་བུ་མེ་ཁྱེར་ལྟ་བུ་དང༔ དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༔ སྤྲིན་མེད་པའི་ནམ་མཁའ་ལྟ་བུ་སྟེ༔ དེ་དག་ནི་ཉམས་ཀྱི་རིམ་པ་སྟེ་དཔེར་བཤད་དོ༔ རྨིས་ལྟས་ནི༔ སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་སྐུ་སོ་སོར་བཞུགས་པར་མཐོང་བ་དང༔ སངས་རྒྱས་རྣམས་དང་བདག་མཚུངས་པར་མཐོང་བ་དང༔ བདག་ལྷར་གསལ་བའི་སྐུ་མདུན་རྒྱབ་མེད་པར་མཐོང་བ་དང༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལྷར་གསལ་བ་ལ་ཕྱག་འཚལ་ཞིང་མཆོད་པ་བྱེད་པར་མཐོང་བ་དང༔ སངས་རྒྱས་རྣམས་ཀྱིས་ཆོས་ཟབ་མོ་སྟེར་བ་དང་བཤད་པ་རྨིའོ༔ གཞན་ཡང་རྟག་པར་གཅེར་བུར་ཕྱུང་བ་བག་ཆགས་བྱང་བའི་རྟགས་དང༔ ནམ་མཁའི་སྐས་ལ་འཛེགས་པ་ལམ་སྣ་ཟིན་པའི་རྟགས་དང༔ སེང་གེ་དང་གླང་པོ་ཆེ་ལ་ཞོན་པ་ས་ནོན་པའི་རྟགས་དང༔ གཟུགས་བརྙན་ཞལ་འཛུམ་པ་ལ་སོགས་པ་ལུང་བསྟན་ཐོབ་པའི་རྟགས་དང༔ དེ་དག་ལ་སོགས་པ་རྨིས་ལྟས་བཟང་པོ་བྱུང་ཡང་དགའ་བྲོད་མི་བྱའོ་གསུངས༔ སྒོམ་པའི་དྲོད་ནི་ཕྱི་ནང་གསང་བ་གསུམ་ལས༔ ཕྱིའི་དྲོད་ནི་སྒོམ་པའི་ཚེ་རྡུལ་ཕྲན་དང་ཡི་གེ་དང་ཐུགས་ཕྱག་མཚན་དང༔ སྐུ་ཕྲ་མོ་ལ་སོགས་པའི་སྤྱོད་ཡུལ་རགས་པ་མཐོང་བའོ༔ མེ་དང་ཆུ་ལ་སོགས་པའི་ཁ་དོག་ལྔའི་སྐྱེ་མཆེད་རགས་པ་མཐོང་བའོ༔ ནང་གི་དྲོད་ནི་ལྷ་བསྒོམས་པས་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང༔ ལུས་ཤིང་བལ་ལྟར་ཡང་བ་དང༔ རྒས་ཤིང་རྒུད་པ་མེད་པའོ༔ གསང་བའི་དྲོད་ནི་ལྷ་སྒྱུ་མ་ཙམ་དུ་བསྒོམས་པས་ཡེ་ཤེས་རང་གསལ་ཏེ༔ སྙིང་རྗེ་མཉམ་པ་ཉིད་དུ་སྐྱེ་བ་དང༔ སོ་སོའི་སྤྱོད་ཡུལ་ཡེ་ཤེས་སུ་སྐྱེ་བའོ༔ རྟགས་ནི་ཕྱི་རྟགས་ནང་རྟགས་ལས༔ ཕྱི་རྟགས་སུ་འོད་བྱུང་བ་དང༔ ལྷའི་གཟུགས་བརྙན་འཛུམ་པ་དང༔ སྒྲ་ཆེན་པོ་དང༔ དྲི་ཞིམ་པོ་དང༔ མར་མེ་རང་འབར་བ་དང༔ བན་དྷ་མཁའ་ལ་འཕར་བ་དང༔ ཁམས་མི་བདེ་བ་མེད་པའོ༔ ནང་རྟགས་ནི་སྔར་བས་སྙིང་རྗེ་ཆེ་བ་དང༔ ཆགས་པ་ཆུང་བ་དང༔ ཕྱོགས་རིས་མེད་པ་དང༔ དམ་ཚིག་གཙང་ཞིང་བླ་མ་རྡོ་རྗེ་སྤུན་ལ་གདུང་བ་དང༔ འཁོར་འདས་ལ་རེ་དོགས་བྲལ་བ་དང༔ བདུད་ལ་ཉམ་མི་ང་བ་ལ་སོགས་པ་མང་དུ་འབྱུང་སྟེ༔ དེ་ལྟར་ཡང་དགའ་བྲོད་མི་བྱ་བར་བརྩོན་འགྲུས་བསྐྱེད་དོ༔ དེ་དག་ནི་ལྷ་བསྒོམས་པའི་དྲོད་རྟགས་འབྱུང་བ་རྣམས་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་བསྒོམས་པས་ཡོན་ཏན་ཅི་འབྱུང་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ བསྒོམས་པའི་ཡོན་ཏན་ནི༔ སྒྲིབ་པ་བྱང་བ་དང༔ ཚོགས་སྐྱེ་བའོ༔ ལྷ་བསྒོམས་པས་ཀུན་བརྟགས་ཟད་པའི་ཕྱིར་ལས་དང་ཉོན་མོངས་པའི་སྐྱེ་གནས་ཀྱི་སྒྲིབ་པ་འབྱང་བའོ༔ ཚོགས་སྐྱེ་བ་ནི༔ འབྲས་བུ་ལྔ་སྟེ༔ དེ་ཡང་ལམ་གྱི་འབྲས་བུ་རིག་འཛིན་བཞི་དང༔ མཐར་ཐུག་གི་འབྲས་བུའོ༔ རིག་འཛིན་ལ་གཉིས་ཏེ༔ ཡོན་ཏན་དང་ངོ་བོའོ༔ ཡོན་ཏན་ནི༔ མངོན་ཤེས་དྲུག་དང༔ ཆོ་འཕྲུལ་བཞིའོ༔ ངོ་བོ་ནི༔ རྣམ་པར་སྨིན་པའི་རིག་འཛིན་དང༔ ཚེ་ལ་དབང་བའི་རིག་འཛིན་དང༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་དང༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ༔ མཐར་ཐུག་གི་འབྲས་བུ་དེ་ལྟར་སྒོམ་པ་དེ་ལས་སུ་རུང་ན་ཤེས་རབ་ཆུང་ཡང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཐེ་ཚོམ་མེད་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ལམ་རྣམ་པ་ལྔ་སྦྱང་དགོས་པར་བཤད་ན༔ དེ་དང་ལྷའི་དཀྱིལ་འཁོར་རྫོགས་པར་སྒོམ་པ་ཇི་ལྟར་སྦྱར་ལགས༔ སློབ་དཔོན་གྱིས་གསུང་པ༔ རྣལ་འབྱོར་པ་ལྷའི་དཀྱིལ་འཁོར་སྒོམ་པ་ལ་ལམ་བཞི་སྟེ༔ སྦྱོར་བའི་ལམ་དང༔ མཐོང་བའི་ལམ་དང༔ སྒོམ་པའི་ལམ་དང༔ མཐར་ཕྱིན་པའི་ལམ་སྟེ༔ དེ་ཡང་ལམ་རིམ་པ་བསྙེན་སྒྲུབ་ཞར་ལ་སྦྱར་ཏེ༔ བསྙེན་པ་སྦྱོར་ལམ༔ ཉེ་བའི་བསྙེན་པ་མཐོང་ལམ༔ སྒྲུབ་པ་སྒོམ་ལམ༔ སྒྲུབ་པ་ཆེན་པོ་མཐར་ཕྱིན་པའི་ལམ་མོ༔ སྦྱོར་བའི་ལམ་ལ་བཞི་སྟེ༔ དྲོད་དེ་བཞིན་ཉིད་དང་སྒྱུ་མ་ལྟ་བུར་སྒོམ་པ་དང༔ རྩེ་མོ་ཕྲ་མོའི་ཏིང་ངེ་འཛིན་ཕྱག་རྒྱ་གཅིག་པ་སྒོམ་པ་དང༔ བཟོད་པ་སྣང་བ་རྣམ་འབྱེད་ཕྱག་རྒྱ་སྤྲོས་པ་སྒོམ་པ་དང༔ འཇིག་རྟེན་ཆོས་མཆོག་བར་ཆད་མེད་པའི་ལམ་དུ་ཚོགས་སྒྲུབ་པའོ༔ དེ་ཡང་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་སེམས་ཐོག་གནས༔ སེམས་མ་བཅོས་པ་ཆོས་ཉིད་ངང་གིས་མི་རྟོག་པར་བསྒོམ༔ དེ་ཡང་མངོན་དུ་མ་གྲུབ་བར་བསྒོམ༔ སྒྱུ་མ་ལྟ་བུ་ནི་སྐྱེ་བ་མེད་པའི་དབྱིངས་རང་སྣང་ཡིན་ཏེ༔ རང་བཞིན་དུ་གསལ༔ གསལ་བཞིན་དུ་རྣམ་པར་མི་རྟོག་པས༔ ནམ་མཁའི་འོད་ཀྱི་སྣང་བ་བཞིན་སྣང་སྟོང་དབྱེར་མེད་གསལ་ལ་མི་རྟོག་པ་དེ་བསྒོམ༔ དེ་ཉིད་ལས་སུ་རུང་ཞིང་མངོན་དུ་གྱུར་ནས་ཐེག་པ་ཆེ་ཆུང་གི་རིགས་ཕྱེད་དེ་དྲོད་འཐོབ༔ རྟགས་ཀྱང་ལུས་ལ་སྲོག་ཆགས་མི་ཆགས་པ་དང༔ ཕྱི་ནང་གི་དྲི་མ་དག་པ་དང༔ འདུ་བ་རྣམ་བཞིའི་ནད་དང་བྲལ་བ་དང༔ ལུས་ཀྱི་བཟོད་པ་ཐོབ་པ་ལ་སོགས་པ་ཕྱིར་མི་ལྡོག་པའི་རྟགས་བཅུ་གཅིག་འབྱུང་ངོ༔ རྩེ་མོ་ཕྲ་མོའི་ཕྱག་རྒྱ་གཅིག་པ་བསྒོམ་པ་ནི༔ ཕྲ་མོའི་ཏིང་ངེ་འཛིན་ཡི་དམ་ལྷ་གང་ཡིན་པའི་ཕྱག་རྒྱ་གཅིག་པ་ཡུལ་གསུམ་གསལ་བར་གོམས་པས༔ རྩེ་མོའི་དྲོད་ནི་ནང་གི་ཉོན་མོངས་པ་ལྔ་ཕྱིའི་ཡུལ་ལ་མི་སྐྱེ་ཞིང༔ ཕྱིའི་འབྱུང་བ་ལྔའི་གནོད་པས་མི་ཚུགས་པ་ནི་སེམས་དང་སྣང་བ་འདྲེས་པའི་རྟགས་སོ༔ བཟོད་པ་ལ་ཕྱག་རྒྱ་སྤྲོས་པ་བསྒོམ་པ་ནི་ཞི་ཁྲོ་རིགས་གསུམ་མམ་ལྔའམ༔ རིགས་ཀྱི་ཚོམ་བུའི་གྲངས་ལ་བསླབ༔ གོམས་ནས་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་འོད་དུ་འབར་ཏེ༔ སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡན་ཆད་དུ་རང་རིག་པ་གསལ་བས་མཐར་ཕྱིན་པའོ༔ བཟོད་པ་ཐོབ་ནས་སྣང་བ་རྣམ་འབྱེད་ལས་སུ་རུང་བའི་རྟགས་ནི༔ བྱེ་མ་ལ་གསེར་དུ་སྒྱུར་བ་དང༔ ས་སྐམ་ལས་ཆུ་དབྱུང་བ་དང༔ སོལ་དུམ་ལས་ལྗོོན་ཤིང་སྐྱེད་པ་དང༔ སྣང་བའི་དངོས་པོ་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་དབང་སྒྱུར་ནུས་པ་ནི་སེམས་ལ་དབང་ཐོབ་པའི་རྟགས་སོ༔ འཇིག་རྟེན་ཆོས་མཆོག་བར་ཆད་མེད་པའི་ལམ་དུ་ཚོགས་སྒྲུབ་པ་ནི༔ ཤིན་ཏུ་བརྟན་པར་གྱུར་ནས༔ ཡོ་བྱད་ལྔ་པོ་ལ་སོགས་པ་དང་ལྡན་པར་བྱས་ནས༔ སྒྲུབ་པ་དུས་ཚོད་དང་སྦྱར་ཏེ་ཆོས་ཉིད་བདེ་བ་ཆེན་པོའི་དོན་ཉམས་སུ་བླང་ངོ༔ དེ་ལ་ཏིང་ངེ་འཛིན་གྱི་རྩལ་ཆེ་ན༔ ཚེ་ལ་དབང་བའི་རིག་འཛིན་འཐོབ་སྟེ༔ ཟླ་དྲུག་བཅུ་གཉིས་བཅུ་དྲུག་གིས༔ དབང་སྒྱུར་རིགས་ཀྱི་དམ་པ་འཐོབ༔ ཅེས་འབྱུང་བས་ཚེ་ཉི་ཟླ་དང་མཉམ་པར་འགྱུར་བས༔ ལོ་བརྒྱ་བརྒྱ་ཞིང་ཕྱིར་བསྲིང་ནུས་པ་ཡིན་ནོ༔ ཏིང་ངེ་འཛིན་རྩལ་ཆུང་ན་རྣམ་པར་སྨིན་པའི་རིག་འཛིན་འཐོབ་སྟེ༔ བར་མ་དོ་ལ་ཡི་དམ་གྱི་ལྷའི་སྐུ་ཇི་ལྟ་བ་བཞིན་དུ་གྱུར་ནས༔ བསྐྱེད་རིམ་བརྟན་པའི་འབྲས་བུ་ཡིན་ནོ༔ ཉེ་བའི་བསྙེན་པ་མཐོང་ལམ་དུ་བསྟན་པ་ནི༔ ལྷག་མའི་ལུས་འདི་ཉིད་ཡེ་ཤེས་ཀྱི་ལུས་སུ་གྲུབ་ནས་ཟག་པ་ཟད་ནས་ལུས་མ་བོར་བར་ཚེ་ལ་དབང་བའི་རིག་འཛིན་སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ་སྟེ༔ མངོན་པར་ཤེས་པ་ལྔ་དང་ཆོ་འཕྲུལ་བཞི་ཐོབ་ནས་དོན་གྱི་མཚན་ཉིད་མངོན་དུ་བྱས་ཤིང༔ མཐོང་ལམ་དུ་ཆོ་འཕྲུལ་སྟོན༔ བསྐལ་པ་གྲངས་མེད་པར་སྣ་ཚོགས་སུ་སྤྲུལ་པས་གཞན་དོན་མཛད་ཀྱང་ཆགས་པ་མེད་པར་སྤྱོད་ཅིང༔ སྤྲུལ་པའི་སྐུ་ལ་ཆོས་ཉན་ཏེ་ཟག་པ་མེད་ཅིང་ལམ་ལས་ཕྱིར་མི་ལྡོག་པའོ༔ སྒྲུབ་པ་སྒོམ་ལམ་དུ་བསྟན་པ་ནི༔ སྒོམ་ལམ་ནི་འཇའ་ཚོན་ལྟ་བུའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ནས༔ དོན་གྱི་མཚན་ཉིད་ཉམས་སུ་ལེན་པའོ༔ དེ་ཡང་མཉམ་བཞག་ཏུ་རྒྱལ་བའི་དགོངས་པ་དང་ཁྱད་མེད་ཀྱང༔ རྗེས་ཀྱི་ཤེས་པ་ཡོད་པས་ཆེད་དུ་མཉམ་པར་འཇོག་དགོས༔ འདིར་མི་གཡོ་བའི་ཏིང་ངེ་འཛིན་ལ་གནས་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནོ༔ ཤིན་ཏུ་རྣལ་འབྱོར་ལས་མི་གཡོ་བའི་སྤྱོད་པ་སྟེ༔ མཉམ་བཞག་ལས་མ་གཡོས་པར་ཆོ་འཕྲུལ་སྣ་ཚོགས་བཀྱེ་ནས་གཞན་དོན་མཛད་ཅིང༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་དགོངས་པ་བརྡའི་སྒོ་ནས་ཆོས་ཉན་པའོ༔ སྒྲུབ་པ་ཆེན་པོ་མཐར་ཕྱིན་པའི་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན༔ སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཤས་ཆེར་མཉམ་ཡང་མཉམ་བཞག་གིས་བོགས་འབྱིན་མི་འབྱིན་གྱི་ཁྱད་པར་ཡོད་དོ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་སྐད་ཅིག་མ་ལ་བོགས་དབྱུང་དུ་ཡོད་པའོ༔ རྒྱལ་ཚབ་རྒྱུད་གཅིག་སྟོན་པར་བྱེད༔ མཐར་ཕྱིན་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ནས༔ རྩོལ་བ་མེད་པའི་ཆོ་འཕྲུལ་གྱི་རང་བཞིན་གྱིས་དོན་མཛད༔ ཆོས་ཀྱི་སྐུའི་ཞལ་མཐོང་ནས་བྱིན་རླབས་ཀྱིས་ཆོས་སྟོན་པ་ཉན་ཞིང་ཤེས་བྱའི་སྒྲིབ་པ་ཕྲ་མོ་སྦྱོང་བའོ༔ དེ་རྣམས་ནི་བསྙེན་སྒྲུབ་བཞི་དང༔ ལམ་ལྔ་དང༔ རིག་འཛིན་བཞིའི་ཐོབ་ལུགས་ལམ་རིམ་གྱིས་པ་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསང་སྔགས་ལ་ལམ་ཉེ་བར་བཤད་ན༔ ལམ་ཐོད་རྒལ་དུ་བགྲོད་དུ་མཆིས་སམ་མ་མཆིས་ཞུས་པས༔ སློན་དཔོན་གྱིས་གསུང་པ༔ ལམ་ཐོད་རྒལ་བ་ཡང་ཡོད་པར་བཤད་དེ༔ སྦྱོར་ལམ་མཐོང་ལམ་སྒོམ་ལམ་ཆིག་ཆོད་དུ་ཁྱེར་ནས་མཐར་ཕྱིན་པ་ཡང་སྲིད༔ རིམ་པས་བགྲོད་མི་དགོས་པར་ཁ་ཅིག་མཐོང་ལམ་ནས་སངས་རྒྱས་སར་འགྲོ་བ་ཡང་ཡོད༔ ཁ་ཅིག་སྒོམ་ལམ་ནས་སངས་རྒྱས་ཀྱི་སར་འགྲོ་བ་ཡང་ཡོད༔ ཁ་ཅིག་རིམ་གྱིས་བགྲོད་ནས་སངས་རྒྱས་ཀྱི་སར་འགྲོ་བ་ཡང་ཡོད༔ ཤེས་རབ་དང་ཏིང་ངེ་འཛིན་གྱི་རྩལ་ཆེ་ཆུང་གི་རིམ་པས་ཕྱེ་བའོ༔ དེ་ལྟར་གང་ཟག་བཞི་པོའི་རིམ་པས་ལམ་དུ་ཁྱེར་ལུགས་བཞི་པོ་དེ་ཀུན་ཀྱང༔ འབྲས་བུ་གསང་སྔགས་ཀྱི་ལུགས་ཀྱི་སྐྱེ་བ་ཕྱི་མ་བླང་བའི་ལམ་ལ་མི་ལྟོས་པར༔ ཚེ་འདི་ཉིད་ལ་འཁོར་བའི་ནད་དང་བྲལ་བར་བྱས་ནས༔ སྐྱེ་བ་ཕྱིས་མི་ལེན་པས་ཏིང་ངེ་འཛིན་གྱི་ས་ཐོབ་ནས་སྐུ་གསུམ་ལྷུན་གྱིས་གྲུབ་པར་འདོད་དོ༔ སྐྱེ་བ་གཅིག་གི་དབྱེ་བ༔ ས་ནོན་ན་ཆོས་ཀྱི་སྐུ་འཐོབ་པར་བྱ་བའི་ཕྱིར༔ ཆོས་སྐུའི་ལམ་གོམས་པར་བྱ་བའི་བློ་གྲོས་ཅན་ལ༔ དེ་ཁོ་ན་ཉིད་ལམ་དུ་ཁྱེར་བར་བསྟན་པ་དང༔ ཡེ་ཤེས་བླ་མའི་ས་ནོན་པ་དང༔ བདེ་ཆེན་གྱི་སྐུ་འཐོབ་པར་བྱ་བའི་ཕྱིར༔ བདེ་བ་ཆེན་པོའི་ལམ་ལ་སྦྱར་ཞིང་གོམས་པར་བྱ་བ༔ འདོད་ཆགས་ཅན་བདེ་བ་ལམ་དུ་ཁྱེར་བ་དང༔ འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པ་དང༔ གཟུགས་སྐུ་འཐོབ་པར་བྱ་བའི་ཕྱིར༔ ཞེ་སྡང་ཅན་སྒྲོལ་བ་ལམ་དུ་ཁྱེར་ཞིང་མཚན་མ་ཅན་ལ་ལྷ་ལམ་དུ་ཁྱེར་བ་བསྟན་པའོ༔ དེ་ལྟར་སྐུ་གསུམ་གྱི་ཞིང་ལ་སྦྱང་ཞིང་ས་གསུམ་ལ་གོམས་པར་བྱས་ལ༔ འབྲས་བུ་ཐམས་ཅད་རང་གི་སེམས་ལ་རྫོགས་པའི་ཕྱིར༔ སངས་རྒྱས་ལོགས་ན་མེད་པར་ཐག་གཅོད་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསང་སྔགས་ཀྱི་འབྲས་བུ་ཡེ་ཤེས་ལྔའི་ཐོབ་ཚུལ་ཇི་ལྟར་ལགས་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ གོང་ལྟར་དབང་པོའི་བྱེ་བྲག་དང་སྦྱར་ནས༔ ལམ་གྱི་སྦྱོར་ལུགས་བཞིའི་ཚུལ་དུ་བགྲོད་པས༔ མཐར་ཐུག་གི་འབྲས་བུ་ནི་སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཅན་དེ་ནི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཡེ་ནས་འདུས་མ་བྱས་པའི་གཉེན་པོ༔ མ་བྱུང་མ་སྐྱེས་གཟོད་ནས་དག་པ་སྐྱེ་འགག་མེད་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ དབྱིངས་དེ་ཉིད་དངོས་པོ་མེད་ཀྱང་རང་བཞིན་གྱིས་འོད་གསལ་ཞིང་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་སྣང་བ༔ རང་བཞིན་མེད་ཅིང་གསལ་ལ་རྟོག་པ་མེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ༔ དབྱིངས་མ་འགགས་པ་རང་བྱུང་གི་རིག་པ་ཡིན༔ རིག་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་སྣང་བ་མ་སྐྱེས་པ་དང་གཉིས་སུ་མེད་པས་མཉམ་པ་ཆེན་པོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ མཉམ་པ་ཉིད་གཉིས་སུ་མེད་པའི་ངང་ལས་མ་གཡོས་པར་ཆོས་སྤྱི་དང་ཁྱད་པར་རང་གི་མཚན་ཉིད་མ་འདྲེས་པར་ཡོངས་སུ་རྫོགས༔ མ་རིག་པའི་བག་ཆགས་སྤངས༔ རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར་བས་སོ་སོར་རྟོག་པའི་ཡེ་ཤེས་སོ༔ གོང་མ་ལྟར་གསལ་བའི་དུས་ན་དབྱེར་མེད་ཀྱི་ཡེ་ཤེས་སུ་གསལ་ཞིང་བདག་གཞན་གྱི་དོན་ལ་ནན་ཏན་དུ་ལྷུན་གྱིས་གྲུབ་པར་མཛད་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ༔ དེ་ལྟར་ཡེ་ཤེས་ལྔ་པོ་དེ་རིག་པའི་རྩལ་མ་འགགས་པས་སོ་སོར་འཆར་ཏེ༔ གཞི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་མ་གཡོས་སོ༔ ཀུན་གྱི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ནི་རང་ལ་ཡེ་ནས་གནས་ཏེ༔ དུས་གསུམ་དུ་རྣལ་འབྱོར་པ་དང་འདུ་འབྲལ་མེད་པ་ཡིན་ནོ༔ སྐུ་ལྔའི་འཆར་ལུགས་ནི༔ མ་བཅོས་པའི་ཆོས་ཉིད་རྣལ་མ་ཟབ་མོ་སྐྱེ་འགག་མེད་ཅིང་སྤྲོས་པ་དང་བྲལ་བ་ནི་ཆོས་ཀྱི་སྐུའོ༔ ཆོས་ཉིད་ངང་ལས་སྐུ་དང་ཡེ་ཤེས་གསལ་བས་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུའོ༔ ཡེ་ཤེས་ལས་ཐུགས་རྗེར་འཕྲུལ་ཅིང་ཅིར་ཡང་སྟོན་པས་སྤྲུལ་པའི་སྐུའོ༔ བྱང་ཆུབ་སེམས་མ་སྐྱེས་པའི་བདེ་བ་ཆེན་པོ་ནི་བདེ་ཆེན་གྱི་སྐུའོ༔ སྐུ་བཞི་པོ་དེ་ཡང་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གཅིག་པས་ངོ་བོ་ཉིད་ཀྱི་སྐུའོ༔ སྐུ་ལྔ་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱི་སྤྱི་གཟུགས་ཅན་ཞེས་བྱའོ༔ སྐུ་ལྔའི་ངོ་བོ་དེ་ཡང་རྣལ་

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).