Terdzo-THA-017

From Rinchen Terdzö
Revision as of 13:40, 4 October 2016 by Mort (talk | contribs)
This page is under construction. Check back later for updated content.

ཟབ་བདུན་རྩ་གསུམ་སྐོར་ལས། གུ་རུ་བདེ་བ་ཆེན་པོའི་ཕྲིན་ལས་དབང་ཆོག་དང་བཅས་པ་བདེ་ཆེན་བཅུད་འདྲེན་

zab bdun rtsa gsum skor las/_gu ru bde ba chen po'i phrin las dbang chog dang bcas pa bde chen bcud 'dren

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ (Zab bdun rtsa gsum tshe'i zab pa)
parent cycle  ཐུགས་དམ་ཟབ་པ་སྐོར་བདུན་ (Thugs dam zab pa skor bdun)
Volume 10 (ཐ) / Pages 253-268 / Folios 1a1 to 8b5

[edit]

༄༅། །ཟབ་བདུན་རྩ་གསུམ་སྐོར་ལས། གུ་རུ་བདེ་བ་ཆེན་པོའི་ཕྲིན་ལས་དབང་ཆོག་དང་བཅས་པ་བདེ་ཆེན་བཅུད་འདྲེན་ཞེས་བྱ་བ་བཞུགས་སོ། ། བདེ་ཆེན་བདུད་རྩིའི་བཅུད་འབེབས་པས། །སྡུག་བསྔལ་ཟུག་རྔུ་འཇོམས་མཛད་པ། །གུ་རུའི་མཚན་དཔེ་སྙིང་དབུས་སུ། །བཀོད་ནས་ཟབ་མོའི་གདམས་གསལ་བྱ། །འདི་ཉིད་ཀྱི་ཕྲིན་ལས་ཁོ་ན་གཏང་བ་ལ་རྟེན་ཡོད་ན་བཀྲམ་པའི་མདུན་དུ་ཕྱི་ནང་གི་མཆོད་པ་ཚོགས་ཀྱི་ཡོ་བྱད་ཙམ་བཤམས་པས་ཆོག་ལ། དབང་བསྐུར་དང་འབྲེལ་ན། སྟེགས་གཙང་མར་མཎྜལ་ལ་པདྨ་འདབ་བརྒྱད་ལྟེ་བར་ཚོམ་བུ་གཅིག་བཀོད་པའི་དབུས་སུ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་སྤྲས་པའི་ཁར་ཐོད་པ་བདུད་རྩིས་བཀང་བའི་སྟེང་དུ་མེ་ལོང་སིནྡྷུར་བརྡལ་བ་ལ་བཾ་ཡིག་སྔགས་ཕྲེང་གིས་བསྐོར་བ་བཞག །དེ་སྟེང་འཕྲུལ་སྟེགས་ལ་བརྩེགས་པའམ་གཡས་གཡོན་གང་བདེར་སྐུ་ཚབ་བདེ་བ་ཆེན་པོ། །གཏོར་མ་རིན་ཆེན་ཟུར་བརྒྱད་རྒྱན་ལྡན་བཤམ། སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ། ལས་བུམ། སྔོན་གཏོར་ཚོགས་ཀྱི་རྫས་སོགས་ཕྲིན་ལས་ལ་དགོས་པ་ཐམས་ཅད་ཚོགས་པར་བྱའོ། །དེ་ནས་ཕྲིན་ལས་ཀྱི་ཐོག་མར་ཚིག་བདུན་སོགས་གསོལ་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནི། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ བདེ་བ་ཆེན་པོའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། སྔོན་གཏོར་བྱིན་རླབས་སྔགས་བསྔོས་སྤྱི་ལྟར་བྱ། ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ བྱིན་འབེབ་དང་མཆོད་རྫས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔ ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ལྷ་བསྐྱེད་པ་ནི། རང་སེམས་མ་བཅོས་སྟོང་པའི་ངང་ཉིད་ལས༔ སྣང་སྲིད་ཆོས་ཀུན་ཆོས་འབྱུང་ཆེན་པོར་རྫོགས༔ དེ་དབུས་པདྨ་ཉི་ཟླ་བམ་རོའི་སྟེང༔ རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་མ༔ དམར་གསལ་རྣ་ལྟག་གཡས་ན་ཕག་ཞལ་རྔམ༔ གྲི་ཐོད་འཛིན་ཅིང་ཞབས་གཉིས་གར་སྟབས་སྒྱུར༔ རུས་པའི་རྒྱན་ལྡན་དར་གྱི་ཅོད་པན་འཕུར༔ དེ་ཡི་པང་དུ་ཐབས་མཆོག་དཔའ་བོ་ནི༔ རྟ་མགྲིན་དཀར་པོ་དབུ་གཙུག་རྟ་ཞལ་བཞད༔ རུས་པའི་རྒྱན་ལྡན་ཡུམ་དང་གཉིས་མེད་འཁྲིལ༔ བདེ་དྲོད་མེ་ཕུང་འཁྲིགས་པའི་ཀློང་དུ་གསལ༔ རང་གི་སྙིང་གར་ཙིཏྟ་རིན་པོ་ཆེ༔ པདྨ་འདབ་བརྒྱད་ཅུང་ཟད་ཁ་བྱེའི་ནང༔ ཟླ་བའི་སྟེང་དུ་རང་རིག་བདེ་བར་གཤེགས༔ གུ་རུ་བདེ་བ་ཆེན་པོ་དཀར་དམར་མདངས༔ མཛེས་པའི་ཉམས་ལྡན་ཁྲོ་འཛུམ་བརྗིད་ཆགས་པ༔ གསང་གོས་ཕོད་ཀ་ཆོས་གོས་རིན་ཆེན་བརྒྱན༔ པད་ཞྭ་བེར་སྨུག་ལྷུབ་གསོལ་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་སྟེང་ན་ཐོད་པ་འོད་འབར་ནང༔ བདེ་གཤེགས་ཀུན་གྱི་བྱང་སེམས་འདུས་པ་ཡི༔ བདེ་བ་ཆེན་པོ་ཡི་གེ་བཾ་དུ་གསལ༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ སྤྱན་འདྲེན་མཆོད་བསྟོད་ཀྱི་འཕྲིན་ལས་ནི། ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་གུ་རུ་བདེ་བ་ཆེ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱི༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི༔ གུ་རུ་བདེ་བ་ཆེ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེ་གང་འདུལ་སྤྲུལ་སྐུས་འགྲོ་དོན་མཛད༔ བདེ་བ་ཆེན་པོ་བླ་མའི་སྐུ་ལ་བསྟོད༔ ཛཔ྄་སྐུལ་བ་ནི། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཏིང་འཛིན་ནི། བཾ་ལས་བདུད་རྩིའི་རྒྱུན་བབས་ཐོད་པ་གང༔ འཕྱུར་ཞིང་ལུད་པས་སྙིང་གི་ནང་གང་བའི༔ བདེ་བ་ཆེན་པོ་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་གུ་རུ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཞེས་བདག་མདུན་དབྱེར་མེད་ཀྱི་ངང་ནས་བཟླས་པ་ཅི་འགྲུབ་བྱ། རྟོགས་པ་དམན་ན་ཛཔ྄་ཁང་དབྱེ། མདུན་བསྐྱེད་བཾ་ཡིག་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབ་ཅིང་དབང་རྫས་རྣམས་བྱིན་གྱིས་བརླབ་པའི་དམིགས་པ་སྤྱི་ལྟར་བྱས་ལ་སྙིང་པོ་བཟླ། མཐར་མཆོད་བསྟོད་ཕུལ་ལ་ཡིག་བརྒྱ་བརྗོད། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་དང་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ལ་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། མཚམས་སྦྱོར་གྱི་ཁྱད་པར། འདིར་གང་གསན་པར་བྱ་བའི་ལོ་རྒྱུས་མདོར་བསྡུས་པ་ནི་ལྷ་སྲས་དམ་འཛིན་རྣམ་རོལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་ཟབ་པ་སྐོར་བདུན་གྱི་ཆོས་སྡེ་ཟངས་བྱང་མའི་སྐོར་སོགས་མདོ་ཁམས་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ནང་ཚན་རྩ་གསུམ་ཚེའི་ཟབ་པའི་ཆ་ལག་གུ་རུ་བདེ་བ་ཆེན་པོའི་་་་་་་སྨིན་བྱེད་བསྒྲུབ་པ་སྟེ། དེའི་ཚུལ་ཡང་གཏེར་གཞུང་ལས། སིནྡྷཱུའི་མཚོ་ལས་འཁྲུངས་པའི་པད་འབྱུང་བདག༔ སྒྱུ་རྩལ་སྦྱངས་པས་བློ་ལྡན་མཆོག་སྲེད་དེ༔ རྒྱལ་སྲིད་བཟུང་བས་པདྨ་རྒྱལ་པོར་གྲགས༔ རབ་ཏུ་བྱུང་བས་དགེ་སློང་པདྨ་སཾ༔ སྤྱོད་པ་བསྐྱངས་པས་ཉི་མ་འོད་ཟེར་ཏེ༔ སངས་རྒྱས་བསྟན་པའི་བདག་པོ་ཤཱཀྱ་སེང༔ མུ་སྟེགས་རྩོད་ཟློག་འཕགས་པ་སེང་གེ་སྒྲ༔ ལྷ་སྲིན་བཏུལ་པས་རྡོ་རྗེ་གྲོ་ལོད་རྩལ༔ ཆོས་འཁོར་བསྐོར་བས་པདྨ་ལེགས་བཤད་རྒྱལ༔ མཐའ་འཁོབ་འདུལ་བས་རྡོ་རྗེ་དྲག་པོ་རྩལ༔ གསང་སྔགས་དོན་སྟོན་གུ་རུ་ཀུན་ཏུ་བཟང༔ སྲིན་པོའི་ཁ་གནོན་པདྨ་ཐོད་ཕྲེང་སོགས༔ སྐུ་གཅིག་མཚན་བརྒྱ་རྣམ་པ་ཅིར་བསྟན་ཀྱང༔ ངོ་བོ་བདེ་བ་ཆེན་པོ་འདི་ཡིན་པས༔ ཞེས་གུ་རུའི་མཚན་དང་སྐུའི་རྣམ་འགྱུར་ཐམས་ཅད་ཀྱི་འཕྲོ་གཞི་རྩ་བའི་ལྷ་ཡིན་ཞིང་། འདི་ཉིད་བསྒོམ་བཟླས་བྱས་པའི་ཕན་ཡོན་ཀྱང་གཞུང་ལས། འདིས་ནི་གནས་སྐབས་སེམས་ཀྱི་སྡུག་བསྔལ་དང༔ སྙིང་རླུང་སྙིང་གཟེར་སྨྱོ་འབོག་རྣམ་རྟོག་འཚུབས༔ བྱིང་རྨུགས་འཐིབས་དང་རྩ་རླུང་གེགས་རྣམས་སེལ༔ ལུས་སེམས་བདེ་ཞིང་རྩ་རླུང་ཐིག་ལེ་རྒྱས༔ ལོངས་སྤྱོད་ནོར་འདུ་འཁོར་མང་བཀྲ་ཤིས་ཤིང༔ ནད་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་འགྱུར༔ མཐར་ཐུག་བདེ་བ་ཆེན་པོའི་ཡེ་ཤེས་བརྙེས༔ འོག་མིན་པདྨ་དྲྭ་བར་རྫོགས་སངས་རྒྱས༔ ཞེས་གསུངས་པ་ལྟར་དགོས་པ་ཆེན་པོ་དང་ལྡན་པའི་གདམས་ངག་ཟབ་མོའི་སྨིན་བྱེད་བསྒྲུབ་པ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་དད་མོས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བདེ་ཆེན་ཡེ་ཤེས་བླ་མ་ལྷས༔ དཀྱིལ་འཁོར་ཆེན་པོར་འཇུག་པ་དང༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ༔ བླ་མ་གུ་རུ་བདེ་བ་ཆེན་པོ་ལ་རྩ་གསུམ་རྒྱལ་བ་རྒྱ་མཚོས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སོགས་ལན་གསུམ། ཡན་ལག་བདུན་པའི་དོན་རྗེས་སུ་དྲན་པས་གསག་སྦྱང་སྤེལ་གསུམ་བྱ་བའི་འདུན་པས་འདིའི་རྗེས་ཟློས། ཧོ༔ བླ་མ་རྩ་གསུམ་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ བྱང་ཆུབ་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ ལན་གསུམ། སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་གསུམ་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམས་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དེ་ལྟར་རྒྱུད་དག་པར་བྱ་བ་སྔོན་དུ་སོང་ནས། དབང་གི་གཞིར་གྱུར་པ་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་བཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་ཧྱ་གྲཱི་བ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་བ་སོགས། སློབ་མ་མི་དམིགས་སྟོང་པའི་ངང༔ དབང་ཆེན་རྟ་མགྲིན་སྐུ་མདོག་དམར༔ གྲི་ཐོད་འཛིན་ཅིང་གར་བསྒྱུར་བ༔ ཐུགས་ཀར་གཡུང་དྲུང་གཡོན་དུ་འཁོར༔ སྟེང་དུ་ཕག་མོ་གར་བྱེད་པ༔ བསྒོམ་ཞིང་སློབ་དཔོན་བདེ་བ་ཆེ༔ དངོས་ཡིན་སྙམ་དུ་མོས་གུས་ཀྱི༔ གདུང་ཤུགས་དྲག་པོ་བསྐྱེད་པའི་མཐུས༔ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་དམར༔ ཕྱོགས་བཅུའི་སངས་རྒྱས་ཞིང་ཀུན་འཕྲོས༔ ཁྱད་པར་རྔ་ཡབ་དཔལ་རི་ནས༔ ཨོ་རྒྱན་བཞུགས་པའི་ཐུགས་ཀར་ཕོག༔ ཐམས་ཅད་ཐུགས་དམ་བསྐུལ་བྱས་ཏེ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམས༔ ཆར་ལྟར་བབས་ཏེ་སློབ་མ་ཡི༔ བ་སྤུའི་ཁུང་བུ་ནས་ཞུགས་ཏེ༔ ལུས་གང་སྙིང་གའི་ཕག་མོ་ལ༔ སིབ་སིབ་ཐིམ་པས་ཡེ་ཤེས་བསྐྱེད༔ བཟོད་མེད་བདེ་བ་འབར་བར་གྱུར༔ རོལ་མོ་དང་སྤོས་ཀྱིས་བསྐུལ་ལ་སྤྲོ་ན་སྤྱན་འདྲེན་ཚིགས་བཅད་དབྱངས་བཅས་བརྗོད། བསྡུ་ན་ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ཡང་ཡང་བརྗོད་པས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་བྱིན་བསྡུ། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་པའམ་མེ་ཏོག་འཐོར་བ་དང་བཅས། ཏིཥྛ་བཛྲ༔ ཞེས་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནས་དངོས་གཞིའི་དབང་བསྐུར་བ་ལ། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲད་དེ་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་པས་སློབ་དཔོན་དང་གུ་རུ་བདེ་བ་ཆེན་པོ་དབྱེར་མེད་པས་དབང་རྣམས་རིམ་པར་་བསྐུར་བར་མོས་ཤིག །རྣམ་བུམ་ལ་སོགས་པའི་དབང་རྫས་རྣམས་འོག་གི་ཚིག་མཚུངས་སུ་གནས་གསུམ་དུ་བཞག་ཅིང་བུམ་ཆུ་དང་དབང་རྫས་སྦྱིན་པ་སོགས་ཕྱག་ལེན་ལྟར་བྱ་བཞིན། ཨོཾ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་བུམ་པ་ཟླུམ༔ རིག་རྩལ་གཟུགས་སྐུ་འགག་མེད་བཅུད་དུ་འཁྱིལ༔ སྐུ་ཡི་བྱིན་རླབས་བུམ་པའི་དབང་བསྐུར་པས༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཀཱ་ཡ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པས་བུམ་དབང་། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན་པ་གསང་དབང་། སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲད་པ་ནི། སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚོན་པའི་བུམ་པ་ཟླུམ་པོ་སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་བསྐུར་བས། དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ལུས་ལྷར་སྨིན་པར་བྱེད་པ་སྐུ་བུམ་པ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །ཐོད་པའི་བདུད་རྩི་ཐོགས་ལ། ཨཱ༔ བྷནྡྷ་ཟླུམ་པོ་བདེ་ཆེན་ཡུམ་གྱི་མཁར༔ རིག་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གཏམས༔ གསུང་གི་བྱིན་རླབས་གསང་བའི་དབང་བསྐུར་པས༔ གསལ་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཝཱ་ཀ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ནས་བདུད་རྩི་བླུད་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། གཞི་ཉོན་མོངས་ལྔ་ངོ་བོ་ཤ་ལྔ་ཡེ་ཤེས་ལྔར་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པར་མཚོན་པ་བདུད་རྩིས་བཀང་སྟེ་དབང་བསྐུར་བས་རྣམ་རྟོག་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ངག་སྔགས་སུ་སྨིན་པར་བྱེད་པ་གསུང་གསང་བ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །མེ་ལོང་གི་དཀྱིལ་འཁོར་ཐོགས་ལ། ཧཱུྃ༔ ཆོས་དབྱིངས་རྣམ་ཐར་གསུམ་ལྡན་མེ་ལོང་ཟླུམ༔ དགའ་བཞིའི་རིག་རྩལ་མ་འགག་སྔགས་ཀྱིས་བརྒྱན༔ ཐུགས་ཀྱི་དགོངས་པ་གསུམ་པའི་དབང་བསྐུར་པས༔ བདེ་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་མེ་ལོང་སྤྱི་བོར་བཞག་ཅིང་དཔྲལ་བར་ཐིག་ལེ་བཀོད་པ་བུམ་དབང་། མགྲིན་པར་བཞག་ཅིང་ཐིག་ལེ་བྱས་པ་གསང་དབང་། སྙིང་ཁར་བཞག་ཅིང་ཐིག་ལེ་བྱས་ཏེ་རིག་པ་གསལ་ལ་མ་འགག་པར་ངོ་སྤྲད་པ་ནི། སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ། ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཟུགས་བརྙན་ཅི་ཡང་ཤར་བར་མཚོན་པའི་ཚོམ་བུ་སྔགས་བཅས་ཀྱིས་བརྒྱན་པས་དབང་བསྐུར་བས་གསལ་བ་ལ་སྟོང་པས་རྒྱས་ཐེབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང། སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ཡིད་ཐུགས་སུ་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གཏོར་ཆེན་ཐོགས་ལ། ཧྲཱི༔ གཏོར་མ་ཟླུམ་པོ་དབྱིངས་ཀྱི་གཞལ་ཡས་སུ༔ རང་བྱུང་རིག་པ་ལྷ་ཡི་ཚོགས་རྣམས་བཞུགས༔ ཡོན་ཏན་ལྷུན་རྫོགས་བརྡ་ཡི་དབང་བསྐུར་པས༔ རིག་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ དྷརྨ་དྷཱ་ཏུ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ལྟར་གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་གཏོར་ཟན་མྱོང་བ་གསང་དབང་། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ནི། དབྱིངས་སྟོང་པ་ཉིད་མཚོན་པའི་གཏོར་སྣོད་དུ། རིག་པ་ཡེ་ཤེས་ལྔ་མཚོན་པའི་གཏོར་ཆེན་རྩ་བ་གསུམ་གྱི་རྣམ་པས་དབང་བསྐུར་བས། བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་རྫོགས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། སྤངས་རྟོགས་ཡོངས་རྫོགས་སུ་བྱེད་པ་ཡོན་ཏན་གཏོར་མ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །སྐུ་ཚབ་ཐོགས་ལ། ཧོ༔ ཆོས་དབྱིངས་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ༔ རིག་གདངས་སྤྲུལ་པའི་དཀྱིལ་འཁོར་བསམ་ཡས་ཤར༔ ཕྲིན་ལས་རིག་རྩལ་དོན་གྱི་དབང་བསྐུར་པས༔ དབྱིངས་རིག་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཛྙཱ་ན་དྷཱ་ཏུ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧོ༔ དེ་ལྟར་སྐུ་འབག་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི། རང་རིག་གི་ངོ་བོ་སྒྲིབ་གཉིས་ཀྱི་འཆིང་བས་ཡེ་ནས་གོས་མ་མྱོང་བ་མཚོན་བྱ་དོན་གྱི་ཀུན་བཟང་པདྨ་འབྱུང་གནས་དང་རོ་གཅིག་ཏུ་བཞུགས་ཀྱང་། རྣམ་འགྱུར་གློ་བུར་བའི་དྲི་མ་སྦྱང་བའི་ཕྱིར་མཚོན་བྱེད་བརྡ་ཡི་བླ་མས་བདག་དང་སློབ་མའི་རྒྱུད་བྱིན་གྱིས་བརླབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། འགྲོ་འདུལ་ལས་རབ་འབྱམས་འགྲུབ་པ་ཕྲིན་ལས་སྐུ་འབག་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །དེ་རྣམས་ཀྱི་སྒོ་ནས་རྩ་བའི་དབང་རྣམ་པ་ལྔ་ལ་ནང་གསེས་ཀྱི་ལྡོག་ཆ་དབང་བཞིའི་ངེས་པས་ཕྱེ་བའི་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་སྟེ། བླ་མའི་དབང་ཆེན་རབ་འབྱམས་ཆིག་རྫོགས་སུ་བསྐུར་བས་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་འགྱུར་བ་ཡིན་ནོ། །ཤིས་པ་བརྗོད། དེ་དག་གིས་གུ་རུ་བདེ་བ་ཆེན་པོ་ལ་བརྟེན་པའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླངས། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱས་ལ་མཐར་དབྱུང་། རྗེས་ཚོགས་མཆོད་འབུལ་བ་སྤྲོ་ན། རཾ་ཡཾ་ཁཾ། བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་དངོས་འཛིན་སྦྱངས༔ འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩིར་བསྒྱུར༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ འོད་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ བདག་ཅག་ཚོགས་གསག་སྒྲིབ་པ་སྦྱོང་སླད་དུ༔ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ངོ་བོ་ཡེ་ཤེས་བདུད་རྩིའི་སྤྲིན༔ རྣམ་པ་འདོད་ཡོན་ལྷ་མོས་ནམ་མཁའ་གང༔ ཟག་མེད་བདེ་བ་ཆེན་པོའི་ལོངས་སྤྱོད་འདིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ ཐོགས་མེད་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང༔ ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས༔ འགལ་ཞིང་ཉམས་པར་གྱུར་པ་ཐམས་ཅད་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ དཔལ་ཆེན་ཐུགས་སྤྲུལ་རྡོ་རྗེའི་གིང་ཀ་རས༔ གཟུང་འཛིན་གདོན་བགེགས་ཚོགས་རྣམས་བཀུག་ཅིང་བསྟིམས༔ འོད་གསལ་དབྱིངས་སུ་བསྒྲལ་པའི་ཤ་ཁྲག་རུས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབས༔ སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ༔ བྷྱོ༔ དཔལ་གྱི་བཀའ་ཉན་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ སྔོན་ཚེ་གཡར་དམ་བཅས་པ་བཞིན༔ བར་ཆད་ཀུན་སོལ་མཐུན་རྐྱེན་སྤེལ༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕུལ། རྗེས་ཆོག་མཆོད་བསྟོད་དང་ནོངས་བཤགས་བྱ། རྟེན་ཡོད་ན་མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད། ཧཱུྃ་ཧཱུྃ་ཧཱུྃ༔གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ༔ཀྱིས་གཉུག་མའི་ལྷ་སྐུར་ལྡང་། བསྔོ་སྨོན་དང་ཤིས་བརྗོད་ནི། ཧོ༔ རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ལ་དགེ་ལེགས་སུ་བྱའོ། །འདི་ཉིད་གཏེར་ཆེན་མཆོག་གྱུར་གླིང་པ་སྡེ་དགེའི་རྒྱལ་ཁབ་ཏུ་བཞུགས་པའི་སྐབས་དགོས་པའི་དབང་གིས་རྩ་བ་ཙམ་གཏན་ལ་ཕབ་ཅིང་། དབང་བསྐུར་ཐུགས་ཐོག་ནས་བསྩལ་པ་ཟབ་དབང་ཐུན་མོང་མ་ཡིན་པ་ཞིག་སྣང་ཡང་དེ་སྐབས་ཡི་གེར་འཁོད་པ་མ་བྱུང་། ཕྱིས་སུ་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཤོག་སེར་གཟིགས་ནས་དབང་ཆོག་བརྡ་བསྒྱུར་དང་དབང་བསྐུར་འདི་ལྟར་བཀའ་དྲིན་བསྩལ་པ་སྟེ། བདག་བསྐྱེད་ཙམ་ལ་གཏེར་གཞུང་ཁོ་ནས་འཐུས་ཤིང་། སྔོན་དུ་སྐྱབས་སེམས་དང་། རྗེས་སུ་བསྡུ་ལྡང་དགེ་བསྔོ་རྣམས་སྦྱར། དེའང་སྐྱེས་པས་ཉམས་སུ་ལེན་ན་ཡབ་རྟ་མགྲིན་ལ་ཡུམ་ཕག་མོས་འཁྱུད་པ་བསྐྱེད། བུད་མེད་ཀྱིས་ཉམས་སུ་ལེན་ན་གོ་ལྡོག་ལྷ་སྐྱེད་གཞུང་བཞིན་བྱ་བ་ཞལ་རྒྱུན་ནོ། །དབང་བསྐུར་སྐབས་ཕྲིན་ལས་མེད་ཀ་མེད་དུ་སོང་བས་ཐུགས་སྒྲུབ་ཕྲིན་ལས་སྙིང་པོས་ཁ་བསྐངས་པའོ། །སྙིང་ལ་ཉལ་བའི་སྡུག་བསྔལ་ནད། །བདེ་ཆེན་བདུད་རྩིས་བཅུད་འདིས་གསོས། །བྱང་ཆུབ་དགའ་བ་རྒྱས་པ་ཡིས། །སྲིད་པའི་ཟུག་རྔུ་འབྱིན་གྱུར་ཅིག །གདམས་ཟབ་ཁྱད་པར་ཅན་འདི་ཉིད་རྒྱུན་ལ་ཕན་པའི་ལྷག་མོས་ཀྱིས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).