Terdzo-DA-057

From Rinchen Terdzö
Revision as of 12:01, 28 September 2016 by Jeremi (talk | contribs) (Text replace - "’" to "'")
This page is under construction. Check back later for updated content.

གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྨིན་བྱེད་ཀྱི་ལག་ལེན་ཁྲིགས་སུ་བསྡེབས་པ་ལེགས་བཤད་སྙིང་པོ་

grub thob chen po'i thugs tig las/_smin byed kyi lag len khrigs su bsdebs pa legs bshad snying po

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle  གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ (Grub thob chen po'i thugs tig)
Volume 11 (ད) / Pages 927-954 / Folios 1a1 to 14b4

[edit]

༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྨིན་བྱེད་ཀྱི་ལག་ལེན་ཁྲིགས་སུ་བསྡེབས་པ་ལེགས་བཤད་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། སྲིད་ཞིའི་དབྱིངས་ན་མི་འཇིགས་པའི། །རྡོ་རྗེ་ནཱ་དའི་གད་རྒྱངས་ཅན། །ཆོ་འཕྲུལ་མཐའ་ཡས་དེར་བཏུད་ནས། །བྱིན་རླབས་སྙིང་པོའི་ལག་ལེན་དགོད། །དག་སྣང་གྲུབ་ཐོབ་ཐུགས་ཏིག་གི་སྒོ་ནས་སྐལ་ལྡན་རྗེས་སུ་འཛིན་པའི་རིམ་པ་ལ་དོན་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ཡོ་བྱད་ཀྱི་གཤོམ་ནི། བྱིན་རླབས་དང་ལྡན་པའི་གནས་སུ་སྟེགས་བཟང་པོར་མཎྜལ་པདྨ་འདབ་བཞིའི་དབུས་དང་ཕྱོགས་བཞིར་ཚོམ་བུ་བཀོད་པའི་སྟེང་དུ་ཁྲིའུའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་དང་བཅས་པ། མདུན་དུ་གྲུབ་ཐོབ་ཆེན་པོའི་སྐུ་བརྙན། རྡོ་རྗེ་དྲིལ་བུ། ཤེལ་རྡོ་དང་འཇའ་ཚོན་རི་མོ། གཡས་སུ་ཐོད་པའི་བདུད་རྩི་དང་དབྱངས་གསལ་སྔགས་བྱང་། གཡོན་དུ་རིག་མ་དང་མཁའ་འགྲོ་སྡེ་ལྔའི་ཙཀླི། ཁ་ཊྭཱཾ་ཌཱ་རུ་ཐོད་པ། རྒྱབ་ཏུ་གཏོར་ཆེན་དར་གདུགས་ཀྱིས་སྤྲས་པ་རྣམས་དང་། ཚེ་དབང་སྦྲེལ་ན་ཚེ་རིལ་དང་ཚེ་ཆང་ཡང་བཀོད། ཕྱི་ནང་གི་མཆོད་པ་ལག་ལེན་ལྟར་བཤམ། ཚོགས་གཏོར་དང་ཉེར་མཁོའི་ཡོ་བྱད་རྣམས་ཀྱང་ལེགས་པར་བསྡོག་གོ །གཉིས་པ་ལ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བརྩམ་ཕྲིན་ལས་མཐར་ཆགས་སུ་བཏང་། སྣང་སྲིད་གཞིར་རྫོགས་ཀྱི་གོ་རྟོགས་མེད་ན་བཟླས་པའི་སྐབས་སུ་ཛཔ྄་ཁང་ཕྱེས་ཀྱང་ཆོག་ལ་རྡོར་བཟླས་དང་། སྔགས་འཁོར་སྤྲོ་བསྡུའི་དམིགས་པ་སྤྱི་མཐུན་སྦྱར་ལ་བསྙེན་པ་ཅི་འགྲུབ་བཟླ། བུམ་བསྐྱེད་ཟུར་དུ་སྤྲོ་ན་གསལ་གདབ་ཚིག་སྤྱི་འགྲོ་བཅས་བསྙེན་པའི་སྔགས་བརྒྱ་རྩ་ཙམ་བཟླས་ལ། ཚེ་དབང་སྦྲེལ་སྐབས་ཚེ་སྒྲུབ་འཆི་མེད་སྙིང་པོ་ལྟར་དམིགས་གནད་དང་ལྡན་པས། རྩ་སྔགས་གཉིས་པོ་ཅི་འགྲུབ་དང་ལས་སྦྱོར་བཟླས་པའང་ཅི་རིགས་བྱས་ལ་ཚེ་འགུགས་བཏང་། མཐར་མཆོད་བསྟོད་འབུལ། བུམ་ལྷ་འོད་ཞུ་དང་ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས་ཀྱིས་བྱིན་བརླབས། ཚོགས་རྫས་རིགས་མཐུན་གྱི་བྱིན་རླབས་སྦྱར་ཞིང་འབུལ་ཚིག་གཞུང་གསལ་ཡིག་བརྒྱ་བརྗོད་པའི་བར་གྲུབ་ནས། ཏིང་ངེ་འཛིན་གྱི་དབང་བླང་བའམ་རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །དེ་ནས་དབང་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ཞིང་བདེན་སྟོབས་བརྗོད་པས་བསྐྲད། སྲུང་འཁོར་གསལ་བཏབ་ལ་མཚམས་བཅད། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་ཀྱི་ཁྱད་པར། དེ་ལ་འདིར་འཆད་པར་བྱ་བ། གསང་སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་རྙིང་མ་ལ་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་གྲགས་པ་ལས་འདིར་ཟབ་མོ་དག་སྣང་གི་ཆོས་སྡེ་ཡིན། དེ་ལའང་དངོས་གྲུབ་བརྙེས་པའི་རིག་འཛིན་རྩལ་འཆང་རྣམས་ལས་སྔ་ཕྱིར་བྱོན་པ་རྩ་བ་གསུམ་གྱི་སྨིན་གྲོལ་ལས་ཚོགས་མཐའ་ཡས་པ་མཆིས་པ་ལས། འདིར་བྱིན་རླབས་ཀྱི་རྩ་བ་ལམ་ཟབ་མོ་བླ་མའི་སྒྲུབ་ཐབས་ཀྱི་བྱེ་བྲག །རྒྱལ་དབང་པདྨ་འབྱུང་གནས་ཉིད་སླར་ཡང་རྩོད་དུས་སྐྱེ་དགུའི་མགོན་དུ་བྱོན་པ། འཕགས་པའི་ཡུལ་གྱི་མཆོག་གི་གྲུབ་པ་ཆེན་པོ་རྣམས་དང་གོ་འཕང་རྣམ་དབྱེར་མེད་པ་མཚན་མཆོག་ལྔ་ལྡན་འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་སྒྲུབ་ཐབས་ཚིག་ཉུང་དོན་ཟབ་བྱིན་རླབས་ཁྱད་པར་དུ་འཕགས་ཤིང། གྲུབ་ཆེན་ཉིད་ཀྱི་བཀའ་བབས་ཆེན་པོ་ལྔའི་གདམས་ངག་གི་སྙིང་པོ་ཡང་བཅུད་དུ་ཕྱུང་བ་འདིའང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྒྱུ་འཕྲུལ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་པཎ་ཆེན་བི་མ་ལ་དགེ་བའི་བཤེས་གཉེན་གྱི་གཟུགས་སུ་སྣང་བ་བཀའ་བབས་བདུན་གྱི་མངའ་བདག་ཐམས་ཅད་མཁྱེན་ཅིང་གཟིགས་པ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་གསང་མཚན་འོད་གསལ་སྤྲུལ་པའི་རྡོ་རྗེ་གང་ཉིད།དགུང་ལོ་བཅོ་ལྔ་པ་རབ་ཡིད་ཤིང་ཕོ་རྟ་ལོ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་བཞིའི་ཐོར་རངས་ལ་མནལ་ལམ་དུ་ས་ཆ་འདི་ཡིན་ངོ་མ་འཚལ་བའི་ཁང་བཟང་བཀོད་ལེགས་པའི་ནང་དུ། མཎྜལ་དམར་ཟླུམ་ཆེན་པོ་ཞིག་གི་སྟེང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་དབུས་གྲུབ་ཆེན་ཐང་རྒྱལ་མཁའ་འགྲོ་སྡེ་ལྔ་བཅས་པའི་མདུན་དུ་དབང་རྫས་རྣམས་བཀོད་པས་དབང་བསྐུར་ཅིང་གདམས་པ་བསྩལ། མནལ་ལས་སད་པ་ན་གྲུབ་ཆེན་ཉིད་མངོན་སུམ་དུ་མཇལ་ཞིང་གདམས་པ་ངོ་སྤྲོད་ཤློ་ཀ་གཅིག་བསྩལ་ནས་ཉིད་ལ་ཐིམ་པས་སྨིན་གྲོལ་གདམས་པའི་སྐོར་ཐུགས་ལ་ལམ་མེར་གསལ་བས་བཅོ་ལྔའི་ཉིན་གྲུབ་ཐོབ་ཐུགས་ཐིག་གི་ལས་བྱང་སོགས་གཏན་ལ་ཕབ་པར་མཛད། སླད་ནས་ཀྱང་བྱིན་རླབས་ཀྱི་ལྟས་ཡང་ཡང་དུ་བྱུང་བ་དང་། ལྟ་སྒོམ་སྤྱོད་པ་བོགས་འདོན་འབྲས་བུ་སྟེ་བཀའ་བབས་ལྔའི་གདམས་ངག་རིང་བརྒྱུད་བར་མ་ཆད་པ་གསན་ཅིང་ཉེ་བརྒྱུད་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཉིད། དགུང་གྲངས་ཞེ་བདུན་བཞེས་པའི་ཚེ་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལ་བརྟེན་འཆི་མེད་གྲུབ་པའི་གནས་མཆོག་བཀྲ་ཤིས་ཟླ་གམ་དབང་གི་ཕུག་པར་བདག་ཅག་སྐལ་ལྡན་མཆོག་གི་འདུས་པ་གསུམ་ལ་སྨིན་གྲོལ་བདུད་རྩི་ཐོག་མར་བསྩལ། རིམ་གྱིས་སྣོད་ལྡན་ཡོངས་ལ་སྤེལ་བར་མཛད་པའི་གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་གི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་ཉིད་ཁྱབ་བདག་གྲུབ་པའི་དབང་ཕྱུག་ཆེན་པོར་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཁྱབ་བདག་རྡོ་རྗེ་སེམས་དཔའ་དང༔ དབྱེར་མེད་དཔལ་ལྡན་བླ་མ་དགོངས༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་རྗེ་གྲུབ་ཐོབ་ཆེན་པོ་ཐ་དད་མེད་པ་ལ་རྩ་གསུམ་ཆོས་སྲུང་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་སྡིག་པ་མི་དགེ་བའི་ལས་མཐའ་དག་བཤགས་པ་དང་། གཞན་དོན་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་སྡོམ་པ་བླངས་ཏེ་གསང་བ་སྔགས་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱོད་པར་དམ་བཅའ་བ་དང་། དེ་ཐམས་ཅད་ཀྱང་འཁོར་གསུམ་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ལ་བཟླ་བ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལས་ཡེ་ཤེས་ཤར་བའི་སྐུ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་ལན་གསུམ། དེ་དག་གིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དབང་དངོས་ལ་བུམ་གསང་ཤེར་ཡེ་ཚིག་དབང་རིག་པ་རྩལ་གྱི་དབང་བཅས་རྣམ་པ་ལྔར་ཡོད་པ་ལས། དང་པོ་བུམ་པའི་དབང་གི་གཞི་དགོད་པ་ལ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་ལེགས་པར་བཅུན་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཟླ་བ་རི་དྭགས་ཀྲྀཥྞ་སཱ་རའི་པགས་པའི་གདན་གྱི་སྟེང་དུ། རང་རང་གི་ཤེས་རིག་མ་བཅོས་པའི་རང་མདངས་གྲུབ་པའི་དབང་ཕྱུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཞལ་རས་དཀར་ལ་སྣུམ་ཞིང་དབུ་སྐྲ་སིལ་བུར་ཡོད་པ། སྤྱན་དཀྱུས་རིང་ལ་ཞི་བ་སྙིང་རྗེའི་ཚུལ་གྱིས་གཟིགས་པ། ཕྱག་གཡས་སྐྱབས་སྦྱིན་ལས་མཐེབ་མཛུབ་སྦྱར་བ་ཆོས་འཆད་ཀྱི་རྣམ་པ། གཡོན་མཉམ་གཞག་མཛད་ཅིང་ན་བཟའ་རས་དཀར་གྱི་སླེ་བེར་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་ཀྱི་རང་འོད་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པའི་སྤྱི་བོར་ཆོས་སྐུ་སྣང་བ་མཐའ་ཡས་དམར་པོ་སྤྲུལ་སྐུའི་ཆ་ལུགས་ཅན། ཕྱག་མཉམ་གཞག་ལྷུང་བཟེད་འཛིན་ཅིང་ཞབས་སྐྱིལ་ཀྲུང་པད་ཟླ་ལ་བཞུགས་པ། མགྲིན་པར་ལོངས་སྐུ་སྤྱན་རས་གཟིགས་དཀར་པོ་ལོངས་སྤྱོད་རྫོགས་པའི་ཆས་ཅན་ཞལ་གཅིག་ཕྱག་བཞི་ཐལ་སྦྱར་ཤེལ་ཕྲེང་པད་དཀར་བསྣམས་ཤིང་ཞབས་སྐྱིལ་ཀྲུང་པད་ཟླ་ལ་བཞུགས་པ། ཐུགས་ཀར་རྟ་མགྲིན་དབང་ཆེན་དམར་གསལ་ཁྲོ་བོའི་ཆ་ལུགས་ཅན་ཞལ་གཅིག་ཕྱག་གཉིས་པས་དབྱུག་ཏོ་དང་སྡིག་མཛུབ་མཛད་པ། ཞབས་བརྐྱང་བསྐུམ་པད་ཉི་ལ་རོལ་པ། འཁོར་དུ་ཡེ་ཤེས་ཀྱི་ཌཱ་ཀི་སྡེ་ལྔ་དང་རིག་འཛིན་མཁའ་འགྲོ་རྒྱ་མཚོས་བསྐོར་བའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཡི་གེ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་ཅིང་ཐུགས་དམ་བསྐུལ་བས་ཐམས་ཅད་ཀྱང་གྲུབ་ཐོབ་ཆེན་པོའི་སྐུ་རྡོ་རྗེའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད། འབེབ་པའི་རྫས་དང་ཌཱ་དྲིལ་དབྱངས་དང་བཅས་ཏེ། ཨོཾ༔ ངོ་བོ་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་ལོངས་སྐུ་སྤྱན་རས་གཟིགས༔ ཐུགས་རྗེས་སྤྲུལ་སྐུ་ཐོད་ཕྲེང་རྩལ༔ དབྱེར་མེད་གྲུབ་པའི་ཧེ་རུ་ཀ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ གདན་གསུམ་ཚང་བའི་དཀྱིལ་འཁོར་ནས༔ སྣང་སྟོང་བུམ་པའི་དབང་བསྐུར་ཕྱིར༔ སྒྱུ་འཕྲུལ་དྲྭ་བར་རོལ་པའི་གར༔ མཚན་དཔེའི་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྣང་གྲགས་རིག་གསུམ་ལྷ་སྔགས་དང༔ ཆོས་སྐུའི་ཡེ་ཤེས་ཆེན་པོར་སྒྱུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཀཱ་ཡ་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབབ། དེ་ལྟར་དབང་གི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་གཉུག་མའི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་དང་སློབ་དཔོན་ལྷན་གཅིག་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་མངོན་པར་དབང་བསྐུར་བའི་ཆོ་ག་སྩོལ་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཨོཾ༔ ཀ་དག་གཞོན་ནུ་བུམ་སྐུའི་གྲོང་ཁྱེར་དུ༔ ལྷུན་གྲུབ་འཇའ་ཟེར་ཐིག་ལེའི་དཀྱིལ་འཁོར་ཤར༔ ཟུང་འཇུག་ཐུགས་རྗེ་བདུད་རྩིའི་དབང་བསྐུར་བས༔ ལུས་སྣང་སྤྲུལ་པའི་སྐུ་རུ་གནས་འགྱུར་ཤོག༔ རྩ་སྔགས་དང་། ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་སྦྱིན། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་ཁྱེད་རང་ལ་ཐིམ་པར་མོས་ཤིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ ཞེས་བརྟན་པར་བྱ། དེའི་རྗེས་སུ་འབྲེལ་པ་སྐུའི་བྱིན་རླབས་བྱ་བའི་སླད་དུ། མདུན་གྱི་གྲུབ་ཐོབ་ཆེན་པོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས་ཏེ་ལུས་ལ་ཐིམ་པས་འཆི་མེད་རྡོ་རྗེའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །སྐུ་རྟེན་སྤྱི་བོར་བཀོད་ལ། ཨ༔ གྲུབ་ཐོབ་ཆེན་པོའི་སྐུ་ཡི་དཀྱིལ་འཁོར་ནས༔ ཉེ་རྒྱུའི་བདེ་སྟེར་ཌཱ་ཀི་བཅུ་དྲུག་རོལ༔ རྩ་ཁམས་དྭངས་མའི་གཟུགས་སུ་མངོན་གྱུར་ནས༔ འཆི་མེད་རིག་འཛིན་གྲུབ་པའི་དབང་བསྐུར་རོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐབས་འདིར་བསྐྱེད་རིམ་བཤད་ཅིང་སེམས་འཛིན་པར་གསུངས་པས། འདི་ལྟར་བུམ་པའི་དབང་དང་སྐུའི་བྱིན་རླབས་ཐོབ་ཕྱིན་ཆད་སྣོད་བཅུད་ཐ་མལ་དུ་ལྟ་བའི་འཛིན་ཞེན་སྤངས་ཏེ་ཅིར་སྣང་ལྷའི་འཁོར་ལོར་ཤེས་པས་སྣང་སྟོང་བསྐྱེད་པའི་རིམ་པའི་ལམ་ཁྱེར་ལ་བརྩོན་དགོས། དེའང་སྐབས་འདིར་ནི་དབང་རབ་ཨ་ཏི་ཡོ་ག་དང་མཐུན་པའི་བསྐྱེད་ཚུལ་གསུངས་པས་འདི་ལྟར་ཉམས་སུ་བླང་བར་བྱ་སྟེ། ཆོས་ཅན་སྤྲོས་པའི་མཚན་མ་མཐའ་དག་ཀ་དག་སྤྲོས་བྲལ་གྱི་དབྱིངས་སུ་ཐིམ། དེའི་ངང་ལས་ལྷུན་གྲུབ་འོད་གསལ་གྱི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་འཇའ་ཟེར་ཐིག་ལེ་འཁྲིགས་པའི་དབུས་སུ་ཟུང་འཇུག་རང་རིག་གི་ངོ་བོ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། བདེ་སྟོང་དབུ་མའི་དབྱིངས་སུ་སྦྱོར་བའི་བརྡར་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ས་བཅུ་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པས་དབུ་སྐྲ་ལྕང་ལོ་ཐོར་ཚུགས་སུ་བཅིངས་པ། ཡེ་ཤེས་དང་ཡོན་ཏན་ཚད་མེད་པའི་བརྡར་ན་བཟའ་རས་དཀར་གྱི་སླེ་བེར་གསོལ་བ། སྐུ་གསུམ་གྱི་གོ་འཕང་བརྙེས་པས་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། རྟོག་ཚོགས་ཟད་སར་འཁྱོལ་བས་གཡོན་པས་མཉམ་གཞག་ཀ་པཱ་ལ་བདུད་རྩིས་བཀང་བ་བསྣམས་པ། འཆི་མེད་ཚེ་དབང་རིག་འཛིན་བརྙེས་པས་གཞོན་ནུ་བཅུ་དྲུག་གི་ལང་ཚོ་ཅན་མཚན་དང་དཔེ་བྱད་རྫོགས་པ། དོན་གཉིས་ལྷུན་གྲུབ་ཏུ་སྩོལ་བས་ཞབས་སྐྱིལ་ཀྲུང་པདྨ་ཉི་ཟླའི་གདན་ལ་བཞུགས་པའི་སྤྱི་བོར་རིགས་བདག་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན། མགྲིན་པར་ལོངས་སྐུ་སྤྱན་རས་གཟིགས་འགྲོ་འདུལ། ཐུགས་ཀར་རྟ་མགྲིན་དབང་ཆེན་ཁྲོ་ཆས་པད་དབྱུག་བསྣམས་པ། འཁོར་དུ་ཌཱ་ཀི་སྡེ་ལྔ་དང་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་སྤྲིན་འཁྲིགས་པ་ལྟ་བུས་བསྐོར་ནས་བཞུགས་པར་གསལ་ཐོབ་ལ་སེམས་འཛིན་པར་ཞུ། ཞེས་དར་གཅིག་སེམས་བཟུང་དུ་གཞུག །དེ་ལྟ་བུའི་བསྐྱེད་རིམ་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པའི་ཁྱད་པར་དང་ལྡན་པས་རིམ་པ་དང་པོའི་ཏིང་ངེ་འཛིན་མཐར་ཕྱིན་པར་བྱ་དགོས་པ་ཡིན་ནོ། །དེ་ལྟར་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་ཐུན་མོང་བསྐྱེད་པའི་རིམ་པ་དང་ཁྱད་པར་སྣང་སྟོང་སྤྲོས་བྲལ་ལྟ་བ་བློ་འདས་དབུ་མ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་དག་པ་བརྗོད། ཨོཾ༔ སྣང་སྲིད་སྣོད་བཅུད་འཁྲུལ་པ་དབྱིངས་སུ་དག༔ ཆོས་ཀུན་ཆོས་ཉིད་གཅིག་གི་རོལ་པར་སྨིན༔ ཕྱི་ནང་གཞན་གསུམ་དབྱེར་མེད་ཧེ་རུ་ཀ༔ གྲུབ་ཐོབ་ཆེན་པོའི་སྐུ་ཡི་བཀྲ་ཤིས་ཤོག༔ ཅེས་པས་མངའ་གསོལ་ཞིང་མེ་ཏོག་འཐོར་བ་ཕྱི་མ་རྣམས་ལའང་འགྲེ །གཉིས་པ་གསང་བའི་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར་པད་ཟླ་རི་དྭགས་ཀྱི་པགས་པའི་གདན་གྱི་སྟེང་དུ། རང་རིག་གི་ངོ་བོ་གྲུབ་པའི་དབང་ཕྱུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་བྱེ་རུ་ལྟར་དམར་ལ་དྭངས་པ། དབུ་སྐྲ་དམར་ནག་ལི་བ། སྤྱན་རྩ་དམར་ཟླུམ་ངར་གཟིགས་ཅན། ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ་བདུད་རྩིས་གང་བ་འཛིན་པ། ན་བཟའ་རས་དཀར་གྱི་སླེ་བེར་གསོལ་ཞིང་ཞབས་སྐྱིལ་ཀྲུང་འཇའ་ཟེར་གྱི་ཀློང་ན་བཞུགས་པའི་སྤྱི་བོར་ཆོས་སྐུ་མགྲིན་པར་ལོངས་སྐུ་ཐུགས་སྟོད་དུ་རྟ་མགྲིན་རྣམས་བཞུགས་པ། འཁོར་དུ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་ཅིང་ཐུགས་དམ་བསྐུལ་བས་ཐམས་ཅད་ཀྱང་གྲུབ་ཐོབ་ཆེན་པོའི་གསུང་རྡོ་རྗེའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད་ཅིག །ཨོཾ༔ ངོ་བོ་ཆོས་སྐུ་སོགས་གོང་ལྟར་ལ། ཚོགས་དང་བཅས༔ ཨེ་ཝཾ་མཉམ་སྦྱོར་དཀྱིལ་འཁོར་ནས༔ གསལ་སྟོང་གསང་བའི་དབང་བསྐུར་ཕྱིར༔ བདེ་ཆེན་དྲྭ་བར་རོལ་པའི་གར༔ སོར་རྟོག་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་སོགས་དང་། སྔགས་ཀཱ་ཡའི་མལ་དུ། ཝཱ་ཀ་ཛྙཱ་ན་སོགས་སྦྱར་ལ་དབབ། སྔགས་ཀྱིས་བརྟན། སློབ་དཔོན་གྲུབ་ཐོབ་ཆེན་པོ་རང་འོད་ཡེ་ཤེས་ཀྱི་མཁའ་འགྲོ་དང་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་དཀར་དམར་འདྲེས་པའི་རྒྱུན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་རྣམས་ཀྱིས་མྱོང་བ་ཙམ་གྱིས་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་ཐིམ། གསལ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །བྷནྡྷའི་བདུད་རྩི་སྦྱིན་ལ། ཨཱ༔ ཀློང་ལྔ་ཡུམ་གྱི་མཁའ་དབྱིངས་བྷནྡྷ་རུ༔ ཡེ་ཤེས་ལྔ་ལྡན་བྱང་ཆུབ་སེམས་ཀྱི་རྒྱུན༔ ཐབས་ཤེས་གཉིས་མེད་བདེ་བའི་དབང་བསྐུར་བས། རླུང་སྔགས་ལོངས་སྤྱོད་རྫོགས་སྐུར་གནས་འགྱུར་ཤོག༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་གསུང་གི་བྱིན་རླབས་བྱ་བའི་སླད་དུ། གྲུབ་ཐོབ་ཆེན་པོའི་མགྲིན་པ་ནས་གསུང་གི་བྱིན་རླབས་འདུས་པའི་ངོ་བོ་ཨཱ་དི་ཀཱ་དིའི་སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས་ཏེ་ངག་ལ་ཐིམ་པས་གཞོམ་མེད་རྡོ་རྗེའི་གསུང་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །དབྱངས་གསལ་ཡིག་འབྲུ་མགྲིན་པར་བཞག་ལ། ཨཱ༔ གྲུབ་ཐོབ་ཆེན་པོའི་གསུང་གི་དཀྱིལ་འཁོར་ནས༔ ཨེ་ཝཾ་ཟུང་འཇུག་རྡོ་རྗེའི་གླུ་བླངས་པས༔ ལས་རླུང་དབུ་མའི་གྲོང་དུ་ཕྱག་བྱས་ནས༔ གྲགས་སྟོང་བརྗོད་པ་བྲལ་བའི་དབང་བསྐུར་རོ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཐུན་མོང་བཟླས་པའི་ལུང་བླང་བའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དང་ཁྱེད་རང་གཉིས་ཀའི་ཐུགས་ཀར་པད་ཟླ་ལ་འཆི་མེད་པདྨ་འབྱུང་གནས་དཀར་དམར་མདངས་ལྡན་པད་ཞྭ་ཆོས་གོས་བེར་ཕྱམ་སོགས་རྒྱན་ཆ་ལུགས་རྫོགས་ཤིང་རྡོ་རྗེ་དང་བནྡྷ་བསྣམས་པའི་སྐུར་གསལ་བའི་ཐུགས་དབུས་ཉི་ཟླའི་གྭའུ་ཁ་སྦྱོར་བའི་ནང་དུ་ཧྲཱིཿཡིག་དཀར་ལ་དམར་བའི་མདངས་ལྡན་རེ་རེ་གསལ་ཐོབ། སློབ་དཔོན་གྱི་ཐུགས་སྲོག་ཧྲཱིཿཡིག་གི་མཐའ་སྐོར་དུ་སྔགས་ཕྲེང་གཡས་སུ་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་རིམ་པར་བརྒྱུད་དེ་ཐུགས་ཀའི་ཧྲཱིཿཡིག་གི་མཐར་འཁོད་པ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་མཆོད། སེམས་ཅན་རྣམས་ཀྱི་སྒྲིབ་གཉིས་སྦྱངས། ཚུར་འདུས་པས་བྱིན་རླབས་དང་དངོས་གྲུབ་མཐའ་དག་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ ལན་གསུམ། ཁྱད་པར་གྱི་བཟླས་པའི་ལུང་གི་སླད་དུ། ཐུགས་ཀའི་པདྨ་འབྱུང་གནས་ཀྱི་སྐུའི་དབུས་སུ་རྩ་དབུ་མ་མཚན་ཉིད་དང་ལྡན་པ། དེའི་ནང་དུ་རྡོ་རྗེའི་འབྲུ་གསུམ་དཀར་དམར་མཐིང་བའི་མདོག་ཅན་བརྩེགས་མར་གནས་པ་ལ་སེམས་གཏོད་ལ། རླུང་རང་བབ་ཀྱི་འཇུག་པ་ཨོཾ། གནས་པ་ཨཱཿ འབྱིན་པ་ཧཱུྃ་དང་སྦྱར་བའི་རྡོ་རྗེའི་བཟླས་པ་མཛོད་ཅིག །ཅེས་བྱས་ལ་རྡོར་བཟླས་ཉེར་གཅིག་གམ་བདུན་ཙམ་བྱར་གཞུག །འདི་ལྟར་གསང་བའི་དབང་དང་གསུང་གི་བྱིན་རླབས་ཐོབ་ཕྱིན་ཆད་སྤྱིར་རྡོ་རྗེའི་བཟླས་པ་ལ་བརྩོན་པ་དང་། ཁྱད་པར་རླུང་དང་གཏུམ་མོའི་རྣལ་འབྱོར་ལ་འབད་དགོས་པས་འདི་ལྟར་ཉམས་སུ་བླང་བར་བྱ་སྟེ། ཐོག་མར་ལུས་གནད་ཙོག་པུ་རྐང་མཐིལ་སྟན་ལ་གཏད། ལག་པ་གཉིས་བསྣོལ་བས་དཔུང་པའི་བར་ལྷུ་ལ་འཇུས། གྲུ་མོ་པུས་མོ་ལ་བཀལ། མགྲིན་པ་ཅུང་ཟད་དགྱེ་བའི་མེ་ཐབ་དྲུག་འཆིང་བཅའ། དམིགས་པའི་གནད་རང་ལུས་རྡོ་རྗེ་རྣལ་འབྱོར་མར་བསྒོམས་པའི་ནང་སྟོང་སང་ངེ་བའི་དབུས་དྲང་པོར་རྩ་དབུ་མ་ཁ་དོག་དམར་པོ་མཚན་ཉིད་བཞི་ལྡན་སྤྱི་གཙུག་ནས་གསང་གནས་ཀྱི་བར་ཟུག་པ། གཡས་སུ་རོ་མ་དམར་པོ། གཡོན་དུ་རྐྱང་མ་དཀར་པོ་གཉིས་ཀྱི་མར་སྣེ་དབུ་མར་ཚུད་པ། གནས་བཞིར་འཁྲིལ་བའི་རྩ་མདུད་ཀྱི་རྣམ་པ་ལ་ཡར་སྣེ་སྤྱི་བོ་ནས་རྩ་ཕྲན་བཞི་བཞིར་གྱེས་ཏེ་ཐུར་དུ་གུག་པའི་རྩེ་ཁའི་གཡས་གཡོན་གཉིས། སྣ་བུག་དང་མིག་དང་རྣ་བ་གཉིས་རྣམས་སུ་ཟུག་པ། བཤང་སྒོར་རླུང་གི་མདའ་གཞུ་སྔོན་པོ་མདེལ་རྩེ་དབུ་མར་ཚུད་པའི་རྩེ་མོར་རཾ་ལས་གཏུམ་མོའི་མེ་རྩ་རྩེ་ཕྲ་བ། རྐེད་པ་ལྡིར་བ། ཁ་དོག་དམར་བ། རེག་བྱ་ཚ་བ་སྟེ་ཆོས་བཞི་ལྡན། སྤྱི་གཙུག་གི་དབུ་མའི་ནང་དུ་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་བསྟན་རྣམས་གསལ་ཐོབ། དེ་ནས་རླུང་རོ་དལ་བུས་ལན་གསུམ་བསལ། སྟེང་རླུང་དལ་བུས་དྲངས། འོག་རླུང་ཡར་འཐེན་ནས་ལྟེ་འོག་ཏུ་ཁ་སྦྱར་བའི་རྐྱེན་གྱིས་བཤང་སྒོའི་རླུང་གཡོས་གཏུམ་མོ་སྦར། གཟུག་མོ་བྱི་ཐུར་གྱི་དབྱིབས་འདྲ་བའི་མེ་ལྟེ་འོག་ཏུ་འབར། ཡང་རླུང་རིམ་པར་བཟུང་བས་ལྟེ་བ་དང་། སྙིང་གར་འབར་བའི་དྲོད་ཀྱིས་སྤྱི་བོའི་ཧཾ་གཡོས་ཏེ་ཐིག་ལེའི་རྒྱུན་མུ་ཏིག་གི་ཕྲེང་བ་ལྟ་བུ་བབ། སྙིང་གའི་མེ་ལ་ཕོག་པས་སོར་སྒྲ་དང་བཅས་པར་གྱུར་ཏེ་བདེ་དྲོད་མཐར་ཐུག་སྐྱེས་པར་མོས་ཤིག་བྱས་ལ་རླུང་འཛིན་ཏུ་གཞུག །རྩ་བའི་ཉམས་ལེན་དེ་འབྱོངས་ནས་གཏུམ་མོ་གོས་སུ་གྱོན་པ། ཟས་སུ་ཟ་བ། གདན་དུ་འདིང་བའི་ཡན་ལག་རྣམས་ཀྱང་གོམ་པར་བྱ་དགོས་ཤིང་། གཞན་ཡང་སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་སངས། འོད་གསལ་གཏི་མུག་རང་སངས་ཏེ་རྩ་བའི་ཆོས་བཞི་དང་། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་སྟེ་ཡན་ལག་གི་ཆོས་གཉིས་དང་བཅས་བོགས་འདོན་ཐབས་ལམ་ཆེན་པོའི་རྣལ་འབྱོར་རྣམས་གཞུང་ནས་ཇི་སྐད་གསུངས་པ་ལྟར་ཉམས་སུ་ལེན་པར་བྱ་དགོས་སོ། །དེ་ལྟར་ན་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རླུང་དང་གཏུམ་མོའི་རྣལ་འབྱོར་སོགས་ཐབས་ལམ་ཟབ་མོས་བོགས་འདོན་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཨོཾ༔ སྣང་སྲིད་སྣོད་བཅུད་སོགས་ཤིས་བརྗོད་གོང་བཞིན་ལ་སྐུའི་མལ་དུ་གསུང་ཞེས་བསྒྱུར། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར་པད་ཟླ་རི་དྭགས་ཀྱི་པགས་པའི་གདན་གྱི་སྟེང་དུ། རང་རིག་གི་ངོ་བོ་གྲུབ་པའི་དབང་ཕྱུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཨིནྡྲ་ནཱི་ལའི་མདོག་ཅན། དབུ་སྐྲ་དམར་ལྗང་སྤྱི་བོར་འཁྱིལ་པ། སྤྱན་རྡོ་རྗེའི་ལྟ་སྟངས་ནམ་མཁར་གཟིགས་པ། ཕྱག་གཉིས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་མཛད་པ། ན་བཟའ་རས་དཀར་གྱི་སླེ་བེར་གསོལ་ཞིང་ཞབས་སྐྱིལ་ཀྲུང་འཇའ་ཟེར་གྱི་ཀློང་ན་བཞུགས་པའི་སྤྱི་བོར་ཆོས་སྐུ་མགྲིན་པར་ལོངས་སྐུ་ཐུགས་སྟོད་དུ་རྟ་མགྲིན་རྣམས་བཞུགས་པ། འཁོར་དུ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་ཅིང་ཐུགས་དམ་བསྐུལ་བས་ཐམས་ཅད་ཀྱང་གྲུབ་ཐོབ་ཆེན་པོའི་ཐུགས་རྡོ་རྗེའི་རྣམ་པར་བྱོན་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད་ཅིག ཨོཾ༔ ངོ་བོ་ཆོས་སྐུ་སོགས་གོང་ལྟར་ལ། ཚོགས་དང་བཅས༔ རྣམ་ཐར་གསུམ་ལྡན་དཀྱིལ་འཁོར་ནས༔ བདེ་སྟོང་ཤེས་རབ་དབང་བསྐུར་ཕྱིར༔ ཡེ་ཤེས་དྲྭ་བར་རོལ་པའི་གར༔ དགའ་བཞིའི་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་སོགས་དང་། སྔགས་ཙིཏྟ་ཛྙཱ་ན་སོགས་སྦྱར་ལ་དབབ། སྔགས་ཀྱིས་བརྟན། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིགས་ལྡན་མ་རྡོ་རྗེ་སྙེམས་མའི་ངོ་བོ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་བྱུང་བ་བརྟུལ་ཞུགས་ཀྱི་དོན་དུ་སྦྱིན་པར་མོས་ཤིག །རིག་ཙག་གཏད་ལ། ཧཱུྃ༔ རྣམ་ཀུན་མཆོག་ལྡན་སྣ་ཚོགས་གཟུགས་འཆང་མ༔ ཡིད་འོང་ལས་ཀྱི་ཕྱག་རྒྱ་འདི་གཏད་ཅིང༔ བདེ་སྟོང་ཟུང་འཇུག་ཆེན་པོར་དབང་བསྐུར་བས༔ ཐིག་ལེ་ཆོས་ཀྱི་སྐུ་རུ་གནས་འགྱུར་ཤོག༔ ཀརྨ་མུ་དྲ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་ཐུགས་ཀྱི་བྱིན་རླབས་བྱ་བའི་སླད་དུ་གྲུབ་ཐོབ་ཆེན་པོའི་ཐུགས་ཀ་ནས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གཟུགས་མཁའ་འགྲོ་སྡེ་ལྔ་སྤྲོས་ཏེ་སྔར་བྱིན་པའི་རིག་མ་ལ་ཐིམ་པ་ཉིད་པང་དུ་འཁོད་པར་མོས་ཤིག །མཁའ་འགྲོ་སྡེ་ལྔའི་སྐུ་བརྙན་ལག་གཡོན་དུ་སྦྱིན་ལ། ཧཱུྃ༔ གྲུབ་ཐོབ་ཆེན་པོའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་བཙུན་མོའི་སྒྱུ་མ་ལ་རོལ་པས༔ ཡེ་ཤེས་ཕྱག་རྒྱ་ཆེན་པོའི་ཐིག་ལེ་རུ༔ འཁོར་འདས་གཉིས་སུ་མེད་པའི་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱེད་རང་རྣམས་ཐུགས་རྡོ་རྗེ་དང་རིག་མ་རྡོ་རྗེ་སྙེམས་མར་གསལ་བ་སོགས་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས། འདོད་ཆགས་ཆེན་པོའི་འགྲོས་ལས་སྐྱེས་པའི་ཡས་བབས་རྒྱུ་དང་མས་བརྟན་འབྲས་བུ་སྟེ་ལུགས་འབྱུང་ལུགས་ལྡོག་གི་དགའ་བ་བཅུ་དྲུག་ཉམས་སུ་མྱོང་། ལྷན་ཅིག་སྐྱེས་པ་འཕོ་མེད་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ལ་རང་ངོ་སྐྱོངས་ཤིག །ཅེས་ཅུང་ཟད་འཇོག །དེ་ལྟར་ན་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་འོག་སྒོ་བདེ་བ་ཆེན་པོ་གཞན་ལུས་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཨོཾ༔ སྣང་སྲིད་སྣོད་བཅུད་སོགས་ཤིས་པ་བརྗོད་ལ། ཐུགས་ཞེས་བསྒྱུར། བཞི་པ་ཚིག་དབང་རིན་པོ་ཆེའི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར་པད་ཟླ་རི་དྭགས་ཀྱི་པགས་པའི་གདན་གྱི་སྟེང་དུ། རང་རིག་གི་ངོ་བོ་གྲུབ་པའི་དབང་ཕྱུག་ཡོན་ཏན་རྡོ་རྗེ་མི་འགྱུར་རྡོ་རྗེའི་སྐུ་བཙོ་སྦྱངས་གསེར་གྱི་མདོག་ལྟ་བུ། དབུ་སྐྲ་སེར་ལ་འཇམ་པ། སྤྱན་གཉིས་ཐད་ཀར་གཟིགས་པ་ཤིན་ཏུ་དགྱེས་པའི་ཚུལ་ཅན། ཕྱག་གཡས་མཆོག་སྦྱིན་དང་གཡོན་ནོར་བུ་དགའ་བ་འཁྱིལ་པ་བསྣམས་པ། ན་བཟའ་རས་དཀར་གྱི་སླེ་བེར་གསོལ་ཞིང་ཞབས་སྐྱིལ་ཀྲུང་འཇའ་ཟེར་གྱི་ཀློང་ན་བཞུགས་པའི་སྤྱི་བོར་ཆོས་སྐུ་མགྲིན་པར་ལོངས་སྐུ་ཐུགས་སྟོད་དུ་རྟ་མགྲིན་རྣམས་བཞུགས་པ། འཁོར་དུ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་ཅིང་ཐུགས་དམ་བསྐུལ་བས་ཐམས་ཅད་ཀྱང་གྲུབ་ཐོབ་ཆེན་པོའི་ཡོན་ཏན་རྡོ་རྗེའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད་ཅིག ཨོཾ༔ ངོ་བོ་ཆོས་སྐུ་སོགས་གོང་ལྟར་ལ། ཚོགས་དང་བཅས༔ སྤྲོས་པ་བྲལ་བའི་དཀྱིལ་འཁོར་ནས༔ རིག་སྟོང་གཉུག་མའི་དབང་བསྐུར་ཕྱིར༔ འོད་གསལ་དྲྭ་བར་རོལ་པའི་གར༔ བློ་བྲལ་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་སོགས་དང་། སྔགས་གུ་ཎ་ཛྙཱ་ན་སོགས་སྦྱར་ལ་དབབ། སྔགས་ཀྱིས་བརྟན། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས། རང་གི་རིག་པ་སྐད་ཅིག་མའི་རང་ངོ་ཤེས་པ་ཙམ་ལས་བཅོས་བསྒྱུར་གྱིས་མ་བསླད་པར། གདོད་མ་ཉིད་ནས་ཀ་དག་ཆོས་སྐུ་ཁྱབ་བདལ་ཆེན་པོ་ཡིན་པ་ལ་ཡིན་པའི་ངེས་ཤེས་བསྐྱེད་ལ་མཉམ་པར་ཞོག་ཅིག །ཅེས་བརྡ་སྤྲད་ཅིང་སློབ་དཔོན་གྱིས་ཀྱང་དེ་ལྟར་བྱས་ལ། ཨ༔ ཆོས་ཀུན་ངོ་བོ་རིག་སྟོང་ནམ་མཁའི་དབྱིངས༔ གང་ཤར་རང་གྲོལ་མ་བཅོས་ལྷུག་པའི་ངང༔ སྤང་བླང་བྲལ་ཐོབ་མེད་པར་དབང་བསྐུར་བས༔ ཀུན་གཞི་ཡེ་ཤེས་ཆེན་པོར་གནས་འགྱུར་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ ཞེས་ཅུང་ཟད་མཉམ་པར་བཞག །དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པའི་མཐའ་རྟེན་དུ་གཞན་དོན་རབ་འབྱམས་ལ་དབང་བསྒྱུར་བའི་ཕྱིར། ལག་གཡས་སུ་ཐབས་ཀྱི་རང་བཞིན་རྡོ་རྗེ་གཡོན་དུ་ཤེས་རབ་ཀྱི་རང་བཞིན་དྲིལ་བུ་བྱིན་པ་དོན་དྲན་བཞིན་པས་བླངས་ཏེ་ཟུང་འཇུག་མཚོན་པའི་འཁྱུད་རྒྱ་བྱས་པས། ཁ་སྦྱོར་གྱི་ཡན་ལག་ཡོངས་སུ་རྫོགས་ཏེ་རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་དུ་མངའ་གསོལ་བར་མོས་ཤིག །རྡོར་དྲིལ་གཏད་ཅིང་འཁྱུད་རྒྱ་བྱར་གཞུག་ལ། ཨ༔ གྲུབ་ཐོབ་ཆེན་པོའི་ཡོན་ཏན་དཀྱིལ་འཁོར་ནས༔ ཐབས་ཤེས་ཟུང་འཇུག་ཀ་དག་གཉུག་མའི་ངང༔ འགྲོ་ཀུན་གདོད་མའི་དབྱིངས་སུ་དབུགས་དབྱུང་བའི༔ སྲིད་ཞིའི་མཐའ་ལས་འདས་པའི་དབང་བསྐུར་རོ༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ དེ་ནས་ཐུན་མོང་མ་ཡིན་པའི་ལྟ་སྒོམ་སྤྱོད་འབྲས་བཞི་པོའི་ངོ་སྤྲོད་གདབ་པ་ཡིན་པས་རྡོ་རྗེའི་ཚིག་རྐང་འདི་ལ་གསན་འཚལ༔ ཨ༔ ལྟ་བ་བློ་འདས་གདོད་མའི་བབས༔ སྒོམ་པ་མ་བཅོས་ལྷུག་པར་བཞག༔ སྤྱོད་པ་རང་གྲོལ་གཉུག་མའི་ངང༔ འབྲས་བུ་གཞི་སྣང་ཆེན་པོར་རྫོགས༔ གཟུང་བའི་ཡུལ་ལ་མི་རྟོག་ཅིང༔ འཛིན་བྲལ་རིག་པ་རྗེན་པའི་ངང༔ སྤང་བླང་བསལ་བཞག་བྲལ་བ་ནི༔ སངས་རྒྱས་ཀུན་གྱི་གསང་བ་འོ༔ ཨ་ཨ་ཨ༔ ཞེས་རྡོ་རྗེའི་མགུར་གྱི་ཚུལ་དུ་དལ་བུར་ལན་གསུམ་སོགས་ངོ་སྤྲོད་ཐེབ་པར་གདབ་དགོས་པས། དེའི་དོན་རྒྱས་པར་བཀྲོལ་བའམ། མདོར་བསྡུས་ན། དེའང་དབང་གི་དོན་བསྒོམ་པས་ཉམས་སུ་བླངས་ཏེ་ལམ་གྱི་བགྲོད་པ་མཐར་ཕྱིན་དགོས་པ་ཡིན་པས། བསྒོམ་པར་བྱ་བའི་ཡུལ་ལྟ་བ་ནི། རྟོག་གེ་དང་སོ་སོ་སྐྱེ་བོའི་བློ་རྟོག་ཡིད་དཔྱོད་ཀྱི་ཡུལ་ལས་འདས་པ་ཆོས་ཐམས་ཅད་ཀྱི་གཤིས་ལུགས་གདོད་མའི་རང་བབས་སྤྲོས་པ་ཀུན་དང་བྲལ་བའི་དབྱིངས་རང་བྱུང་གི་རིག་པ་དང་ཟུང་དུ་འཇུག་པ་ཡིན་ལ། དེ་ཉིད་སྒོམ་པའི་ཚུལ་དབྱིངས་རིག་སྟོང་གསལ་དེ་ཉིད་རང་ངོ་ཤེས་པའི་དྲན་པས་གསལ་འདེབས་ཙམ་གྱིས་བསྐྱང་བ་ལས་སྒོམ་འདོད་ཀྱི་བློ་ཡིས་བཟོ་བཅོས་དང་བྲལ་བར་གཤིས་ལུགས་རང་བབས་ཀྱི་ངང་དུ་ལྷུག་པར་བཞག །སྒོམ་པའི་གྲོགས་སྤྱོད་པ་ཚོགས་དྲུག་གི་ཡུལ་སྣང་གང་ཤར་ལ་འཛིན་ཞེན་གྱིས་མ་བསླད་པས་ངོ་བོའི་དབྱིངས་སུ་རང་གྲོལ་བ་ཆུ་ལ་རི་མོ་བྲིས་པ་བཞིན་དུ་གདོད་ནས་མ་སྐྱེས་པ་གཉུག་མའི་ངང་དུ་ཁྱེར་བས། བསྒོམས་པའི་འབྲས་བུ་གདོད་མའི་གྲོལ་གཞི་དབྱིངས་སྣང་ལྷུན་འབྱམས་ཆེན་པོར་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་རྫོགས་ཏེ་མངོན་པར་བྱང་ཆུབ་པར་འགྱུར་བ་ཡིན་ལ། མདོར་ན་མཐར་ཐུག་གི་སྒོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ན། ཕྱི་གཟུང་བའི་ཡུལ་སྣང་ལ་མི་རྟོག །ནང་འཛིན་ཞེན་གྱི་རྟོག་པ་དང་བྲལ་བའི་རང་བྱུང་གི་རིག་པ་རྗེན་པ་ཁ་ཡན་དུ་བསྐྱངས་པས། རྒྱ་འབྱམས་ཆེན་པོའི་ལྷུམས་སུ་ཚུད་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྤང་བླང་དང་བསལ་བཞག་མེད་པའི་མཉམ་པ་ཉིད་ཀ་དག་ཆེན་པོའི་དབྱིངས་སུ་ལ་བཟླ་བ་ནི། དུས་གསུམ་གྱི་སངས་རྒྱས་མ་ལུས་པའི་གསང་བ་མཐར་ཐུག་པ་ལགས་པས་དེ་ལྟ་བུའི་དོན་ལ་ཉམས་ལེན་སྙིང་པོར་དྲིལ་དགོས་པས། ད་ལྟའི་སྐབས་འདིར་ཡང་ལྟ་སྒོམ་སྤྱོད་འབྲས་དབྱེར་མེད་རིག་པ་མ་བཅོས་གཉུག་མའི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་དཔོན་སློབ་གཉིས་ཀས་དར་གཅིག་མཉམ་པར་བཞག །དེ་ལྟར་ཚིག་གིས་མཚོན་ཏེ་དོན་གྱི་དགོངས་པ་ངོ་སྤྲོད་པ་ལ་བརྟེན་ནས་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་ཀ་དག་ཁྲེགས་ཆོད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསྒོམ་པ་ལ་དབང་། འབྲས་བུ་མི་འགྱུར་རྡོ་རྗེའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཨོཾ༔ སྣང་སྲིད་སྣོད་བཅུད་སོགས་ཤིས་པ་བརྗོད་ལ། ཡོན་ཏན་ཅེས་བསྒྱུར། ལྔ་པ་རིག་རྩལ་ཐོད་རྒལ་གྱི་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར་པད་ཟླ་རི་དྭགས་ཀྱི་པགས་པའི་གདན་གྱི་སྟེང་དུ། རང་རིག་གི་ངོ་བོ་གྲུབ་པའི་དབང་ཕྱུག་ཕྲིན་ལས་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་ལྗང་སེར་གྱི་མདོག་ཅན་གཞོན་ཞིང་རྒྱས་པ། དབུ་སྐྲ་ཁམས་སྔོན་ཐུར་དུ་འཕྱངས་པ། སྤྱན་གཉིས་ཞི་དྲག་ཕྱེད་མའི་ཚུལ་གྱིས་ཅུང་ཟད་ཁྲོ་བ་བཞད་ཞལ་ཤིན་ཏུ་མཛེས་པ། ཕྱག་གཡས་སྐྱབས་སྦྱིན་གྱིས་རྡོ་རྗེ་ཐུགས་ཀར་བསྣམས་ཤིང་། གཡོན་མཉམ་གཞག་དྲིལ་བུ་འཛིན་པ། ན་བཟའ་རས་དཀར་གྱི་སླེ་བེར་གསོལ་ཞིང་ཞབས་སྐྱིལ་ཀྲུང་འཇའ་ཟེར་གྱི་ཀློང་ན་བཞུགས་པའི་སྤྱི་བོར་ཆོས་སྐུ་མགྲིན་པར་ལོངས་སྐུ་ཐུགས་སྟོད་དུ་རྟ་མགྲིན་རྣམས་བཞུགས་པ། འཁོར་དུ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་ཅིང་ཐུགས་དམ་བསྐུལ་བས་ཐམས་ཅད་ཀྱང་གྲུབ་ཐོབ་ཆེན་པོའི་ཕྲིན་ལས་རྡོ་རྗེའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད་ཅིག །ཨོཾ༔ ངོ་བོ་ཆོས་སྐུ་སོགས་གོང་ལྟར་ལ། ཚོགས་དང་བཅས༔ མངོན་སུམ་རིག་པའི་དཀྱིལ་འཁོར་ནས༔ ཚོར་སྟོང་ངོ་བོའི་དབང་བསྐུར་ཕྱིར༔ ཟུང་འཇུག་དྲྭ་བར་རོལ་པའི་གར༔ སྣང་བཞིའི་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་སོགས་དང་། སྔགས་ཀརྨ་ཛྙཱ་ན་སོགས་སྦྱར་ལ་དབབ། སྔགས་ཀྱིས་བརྟན། ཤེལ་དང་འཇའ་ཚོན་བསྟན་ལ། རྡོ་རྗེ་སེམས་དཔའི་མེ་ལོང་དང་ཁ་དོག་ལྔ་ལྡན་འཇའ་རིས་ཀྱི་བརྡས་མཚོན་ཏེ་གཞི་དབྱིངས་ཀ་དག་ཆེན་པོ་ལས་འོད་གསལ་ལྷུན་གྲུབ་ཀྱི་སྣང་བ་ཚད་མེད་པར་འཆར་བའི་དོན་གོ་བར་གྱིས་ཤིག༔ ཧོ༔ ནང་གསལ་ཐིམ་ལ་མ་རྨུགས་ཤེལ་གོང་ལས༔ ཕྱིར་གསལ་རྡོ་རྗེ་ལུག་རྒྱུད་འཇའ་ཚོན་ཤར༔ དབྱིངས་རིག་ཟུང་འཇུག་ཆེན་པོར་དབང་བསྐུར་བས༔ ཅིར་སྣང་ཡེ་ཤེས་གཅིག་ཏུ་གནས་འགྱུར་ཤོག༔ ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ ཀ་དག་གི་གཞི་དབྱིངས་ནང་གསལ་ཐིམ་ལ་མ་རྨུགས་པ་ཤེལ་འོད་ནང་དུ་བསྡུས་པ་ལྟ་བུ་ལས། ཡེ་ཤེས་ཀྱི་རང་རྩལ་ཕྱིར་གསལ་དུ་སྣང་བ། ཤེལ་འོད་ཉི་མའི་རྐྱེན་ལས་ཁ་དོག་སྣ་ཚོགས་སུ་འཆར་བ་ལྟར་འཁོར་འདས་ཀྱི་སྣང་ཆ་རྣམ་པ་ཅིར་ཡང་ཤར་བ་སྟེ། ཤར་ཙམ་ཉིད་ནས་རང་བཞིན་མེད་པར་གཞི་ཀ་དག་དང་ལམ་ཐོད་རྒལ་ཟུང་འཇུག་གིས་ལམ་དུ་བྱས་པས་གདོད་མའི་གྲོལ་ས་ཡེ་ཤེས་ཟང་ཐལ་ཆེན་པོའི་སྦུབས་སུ་བཙན་ས་ཟིན་པར་འགྱུར་རོ། །རྗེས་འབྲེལ་དུ་སྟོང་ཉིད་ཆོས་སྒྲ་སྒྲོག་པའི་ཌཱ་མ་རུ། ཟག་མེད་བདེ་བ་སྐྱོང་བའི་ཀ་པཱ་ལ། སྐུ་གསུམ་མཛད་པ་བཅས་མཚོན་པའི་ཁ་ཊྭཱཾ་ག་གཏད་པས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའི་བརྟུལ་ཞུགས་ལ་དབང་བརྙེས་པར་མོས་ཤིག །ལག་གཡས་གཡོན་དུ་ཌཱ་རུ་དང་ཐོད་པ། མཆན་གཡོན་དུ་ཁ་ཊྭཱཾ་གཏད་ལ། ཧོ༔ གྲུབ་ཐོབ་ཆེན་པོའི་ཕྲིན་ལས་དཀྱིལ་འཁོར་ནས༔ བརྟུལ་ཞུགས་སྤྱོད་པས་གནས་ཡུལ་ཀུན་ཉུལ་ཏེ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱི༔ ཡིད་ཀྱི་བརྟན་པ་འཕྲོག་པའི་དབང་བསྐུར་རོ༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ལྟར་རིག་པ་རྩལ་གྱི་དབང་ཐོབ་པ་དེ་ཉིད་་ཉམས་སུ་ལེན་པ་ན། འདུ་འཛིས་དབེན་པའི་གནས་སུ་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་སྟེ། བཞུགས་སྟངས་གསུམ་ལ་གཞི་བཅའ། ལྟ་སྟངས་གསུམ་གྱིས་གནད་གཅུན་ནས་གཏོད་པའི་འབེན་ལ་གཟིར། རླུང་སེམས་དབྱིངས་སུ་ཟད་པའི་གནད་ལ་བསླབ། ཀ་ཏི་ཤེལ་གྱི་སྦུ་གུར་གནས་པའི་རིག་གདངས་རྒྱང་ཞགས་ཆུའི་སྒྲོན་མའི་ལམ་ནས་ཐོན་ཏེ། ཡུལ་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འཇའ་ཐིག་གི་གཟུགས་བརྙན་སྣ་ཚོགས་པ་ཡུལ་ཅན་རྡོ་རྗེ་ལུ་གུ་རྒྱུད་དབང་པོའི་མངོན་སུམ་དུ་འཆར་བ་ཉིད་བརྩོན་པས་གནད་ལ་གཟིར་བས། ཉམས་སྣང་གོང་དུ་འཕེལ། རིག་པ་ཚད་ལ་ཕེབས། ཆོས་ཉིད་ཟད་སར་འཁྱོལ་ཏེ་རིང་པོར་མི་ཐོགས་པར་ཁམས་གསུམ་གྱི་འཁྲུལ་པ་རུ་ལྡོག་པར་འགྱུར་རོ། །དེ་ལྟར་ན་དབྱིངས་རིག་ཟུང་འཇུག་མཚོན་པར་བྱེད་པ་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་རིག་རྩལ་ཐོད་རྒལ་གྱི་དབང་ཐོབ། ཤེས་ཉམས་ཡིད་དཔྱོད་ཀྱི་དྲི་མ་དག །ལམ་ལྷུན་གྲུབ་སྣང་བ་བཞིའི་ཡེ་ཤེས་ཉམས་སུ་ལེན་པ་ལ་དབང་། འབྲས་བུ་མངོན་པར་བྱང་ཆུབ་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཨོཾ༔ སྣང་སྲིད་སྣོད་བཅུད་སོགས་ཤིས་པ་བརྗོད་ལ། ཕྲིན་ལས་ཞེས་བསྒྱུར། དེ་ལྟར་རྩ་བའི་དབང་བསྐུར་རྒྱས་པ་གྲུབ་པའི་དབང་དོན་རྒྱུད་ལ་བརྟན་པར་བྱེད་པ་གཏོར་མའི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་དུ་མཛོད། གཏོར་སྣོད་དབྱིངས་ཀྱི་རང་བཞིན་འཇའ་ཟེར་ཐིག་ལེ་ལུག་རྒྱུད་འཁྲིགས་པའི་དབུས་སུ་གཏོར་མ་རང་གྲོལ་རིག་པ་དང་པོའི་སངས་རྒྱས་གྲུབ་པའི་དབང་ཕྱུག་ཆེན་པོ་གཞོན་ཚུལ་དཀར་དམར་མདངས་ལྡན་མཚན་དཔེ་ཡོངས་རྫོགས་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པ། ཕྱག་གཡས་རྡོ་རྗེ་དང་གཡོན་བདུད་རྩིས་བཀང་བའི་བནྡྷ་བསྣམས་ཤིང་རས་དཀར་གྱི་སླེ་བེར་གསོལ་བ། ཞབས་སྐྱིལ་ཀྲུང་པད་ཉི་ཟླ་བའི་གདན་ལ་བཞུགས་པའི་སྤྱི་བོར་ཆོས་སྐུ་སྣང་བ་མཐའ་ཡས། མགྲིན་པར་ལོངས་སྐུ་སྤྱན་རས་གཟིགས། ཐུགས་ཀར་དབང་ཆེན་རྟ་མཆོག་རྒྱལ་པོ། འཁོར་དུ་ཡེ་ཤེས་ཀྱི་ཌཱ་ཀི་སྡེ་ལྔ། དཔའ་བོ་མཁའ་འགྲོ་རིག་འཛིན་བརྒྱུད་པའི་ཚོགས་དང་བཅས་པ་ཞལ་མངོན་སུམ་དུ་བཞུགས་པའི་སྐུའི་གནས་ལྔ་ནས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་བར་མ་ཆད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཆེན་པོའི་བྱིན་རླབས་གཅིག་ཅར་དུ་ཞུགས་པའི་སྟོབས་ཀྱིས་དབང་ལྔའི་ཡེ་ཤེས་འཕེལ་ཞིང་བརྟན་པར་གྱུར་པའི་མོས་པ་མཛོད་ཅིག །དབང་གཏོར་ཐོགས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱི༔ ངོ་བོ་ཀུན་བཟང་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་ལོངས་སྐུ་འཆི་མེད་སྤྱན་རས་གཟིགས༔ ཐུགས་རྗེ་སྤྲུལ་སྐུ་རྟ་མགྲིན་དབང་གི་རྒྱལ༔ སྐུ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ དབྱེར་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་པ༔ བཀའ་བབས་བརྒྱུད་ལྡན་རིག་འཛིན་ཚོགས་རྣམས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས༔ སྐལ་ལྡན་སློབ་མ་རྣམས་ལ་བྱིན་གྱིས་རློབས༔ དབང་ལྔའི་ཡེ་ཤེས་སྨིན་ཅིང་ལམ་ལྔ་འབྱོངས༔ སྐུ་ལྔའི་འབྲས་བུ་མྱུར་དུ་ཐོབ་ནས་ཀྱང༔ རང་གཞན་དོན་གཉིས་མཐར་ཕྱིན་དངོས་གྲུབ་སྩོལ༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གྲུབ་ཐོབ་ཆེན་པོའི་གསང་གསུམ་ཕྲིན་ལས་དང་བཅས་པའི་ཡོན་ཏན་རྒྱུད་ལ་རྫོགས། གཏོར་རྫས་དངོས་གྲུབ་ཀྱི་བགོ་སྐལ་དུ་བྱིན་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་མོས་ཤིག་བྱས་ལ་གཏོར་མའི་ཆ་ཤས་དང་བདུད་རྩི་སྦྱིན། ཚེ་དབང་སྦྲེལ་ན་སྐབས་འདིར་མཎྜལ་གསོལ་གདབ་ནས་བརྩམ་རྒྱས་གདབ་བར་ཟུར་དུ་འབྱུང་བ་ལྟར་མཐར་ཆགས་སུ་བསྐུར། དེས་སྨིན་བྱེད་དབང་གི་རིམ་པ་གྲུབ་ནས་གྲོལ་བྱེད་ཁྲིད་ཀྱི་རིམ་པ་གདམས་ངག་འབོགས་པ་ནི་རྡོ་རྗེའི་ཚིག་རྐང་འདི་ལ་གསན་པར་ཞུ། ཐུབ་དབང་རྡོར་འཆང་སོགས་དལ་བུར་བརྗོད་ཅིང་སྤྲོ་ན་མཇུག་ཏུ་བསྒོམ་དོན་ཙམ་མདོར་བསྡུས་བརྗོད་ཀྱང་ལེགས། དེ་ལྟར་སྨིན་གྲོལ་གྱི་གདམས་པ་ཆིག་རྫོགས་སུ་གྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་བས་ཤིས་བརྗོད་ཅི་རིགས་པ་བྱས་ལ་མེ་ཏོག་དང་རོལ་མོའི་སྒྲ་སྦྱར། རྗེས་དམ་ཚིག་བསྒྲག་པ་ནས་བཟུང་། གཏོང་རག །མཎྜལ། ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་པ་བརྗོད་པའི་བར་ཡང་ལས་བྱང་ལྟར་བགྱིས་པས་ལེགས་པར་འགྲུབ་བོ། །ཡེ་ཤེས་མཆོག་ཏུ་མི་འགྱུར་བས། །རྟོག་པའི་དྲྭ་བ་ཀུན་བསྡོམས་ཏེ། །གྲུབ་ཐོབ་ཆེན་པོའི་གསང་གསུམ་དང་། །དབྱེར་མེད་སྨིན་གྲོལ་མཐར་ཕྱིན་ཤོག །འདི་ཉིད་རྩ་གཞུང་རྡོ་རྗེའི་ཚིག་རྐང་དུ་གྱུར་པས་གནད་དོན་ཤིན་ཏུ་ཁྲོལ་བར་དཀའ་རུང་ཁྱབ་བདག་གཏེར་ཆེན་བླ་མ་ཉིད་ལ་གསོལ་བ་བཏབ་ཅིང་ཞལ་ལུང་ཞིབ་མོར་ཞུས་པའི་དོན་ལེགས་པར་བཀོད་པ་པོ་ནི། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་ཏེ་རྫོང་སར་བཀྲ་ཤིས་ལྷ་རྩེར་བྲིས་པ་དགེ་ལེགས་འཕེལ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).