Terdzo-DA-058

From Rinchen Terdzö

གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། ཚེ་སྒྲུབ་འཆི་མེད་སྙིང་པོའི་མཚམས་སྦྱོར་བདུད་རྩིའི་སྙིང་པོ་

grub thob chen po'i thugs tig las/_tshe sgrub 'chi med snying po'i mtshams sbyor bdud rtsi'i snying po

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle  གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ (Grub thob chen po'i thugs tig)
Volume 11 (ད) / Pages 955-964 / Folios 1a1 to 5b4

[edit]

༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། ཚེ་སྒྲུབ་འཆི་མེད་སྙིང་པོའི་མཚམས་སྦྱོར་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། འཆི་མེད་བདེ་ཆེན་རྡོ་རྗེའི་སྐུ །དངོས་གྲུབ་འདོད་རྒུའི་ཆར་འབེབ་ལ། །གུས་པས་གསོལ་བཏབ་ཚེ་སྒྲུབ་ཀྱི། །སྨིན་བྱེད་མཚམས་སྦྱོར་ཁྱེར་བདེར་དགོད། །འཆི་མེད་གྲུབ་པའི་དབང་ཕྱུག་ཆེན་པོའི་ཞལ་ལུང་གང་ཟག་ཕྲེང་བས་བར་མ་ཆད་པའི་ཟབ་གསང་དང་འབྲེལ་བར་འཆི་མེད་ཚེའི་དབང་བསྐུར་བསྒྲུབ་པ་ལ། སྟེགས་གཙང་མའི་དབུས་སུ་མཎྜལ་པདྨ་འདབ་བརྒྱད་དབུས་དང་ཕྱོགས་བཞིར་ཚོམ་བུས་སྤྲས་པའི་སྟེང་དུ་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་དང་ལྡན་པ། གཡས་སུ་ཐོད་པ་མཚན་ལྡན་དུ་ཆང་རྒོད་མངར་གསུམ་སྦྱར་བས་བཀང་བ། གཡོན་དུ་རིན་པོ་ཆེའི་སྣོད་དུ་ཚེའི་རིལ་བུ། མདུན་དུ་ཤེལ་རྡོ་མེ་ལོང་། རྒྱབ་ཏུ་ཚེ་མདའ་རྒྱན་ལྡན་རྣམས་བཀོད། ཕྱི་ནང་གི་མཆོད་གཏོར། ཚོགས་ཀྱི་ཡོ་བྱད་སོགས་ཕྲིན་ལས་ལ་ཉེ་བར་མཁོ་བ་རྣམས་ཀྱང་བཀོད་མཛེས་སུ་བཤམས་ཞིང་ཉེར་བསྡོག་བྱའོ། །དེ་ནས་ཐོག་མར་གསོལ་འདེབས་སྔོན་དུ་འགྲོ་བས་ཕྲིན་ལས་ཡེ་ཤེས་སྙིང་པོའི་སྐྱབས་སེམས་ནས་བསྟོད་པའི་བར་བདག་མདུན་ཆིག་རྫོགས་སུ་བཏང་། བསྟོད་པའི་རྗེས་སུ་ཛཔ྄་ཁང་ཕྱེས་ཏེ་ཚེ་སྒྲུབ་འཆི་མེད་སྙིང་པོ་ལྟར་དམིགས་གནད་དང་ལྡན་པས་རྩ་བསྙེན་དང་ཧྲཱིཿབཟླས་ཅི་འགྲུབ་བྱ། མཐར་ཚེ་བཅུད་བསྡུ་བའི་བཟླས་པའང་བརྒྱ་རྩ་ལས་མི་ཉུང་བ་བཟླས་ཏེ་ཚེ་འགུགས་གཏང་། མཆོད་བསྟོད་དང་ཡིག་བརྒྱས་ནོངས་པ་བཤགས། ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས་བྱ། ཚོགས་བྱིན་བརླབས་ལ་གཞུང་ལྟར་འབུལ། བདག་འཇུག་སྤྲོ་ན་དབང་ཆོག་ལྟར་བླང་། མི་ལྕོགས་ན་ཏིང་ངེ་འཛིན་གྱི་དབང་བླང་བ་སོགས་སྤྱི་འགྲེ་བྱའོ། །དབང་དངོས་ལ་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་མཚམས་བཅད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ་སྤྱི་བཤད་ཅི་རིགས་དང་ཁྱད་པར། དེ་ལ་འདིར་སྐབས་སུ་བབས་པ། སངས་རྒྱས་ཚེ་དཔག་མེད་པ་དང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དབྱེར་མེད་པ་སྙིགས་དུས་གདུལ་བྱའི་མགོན་དུ་སྤྲུལ་པའི་སྐུར་བཞེངས་པ། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཞེས་འཇིག་རྟེན་གསུམ་ན་ཉི་ཟླ་ལྟར་གྲགས་ཤིང་གྲུབ་པའི་ཆོ་འཕྲུལ་ཆེན་པོ་ཛམ་བུ་གླིང་ཁྱབ་པར་བསྟན་པས་གཞན་གྱིས་མ་དུལ་བའི་གདུལ་དཀའི་མི་དང་མི་མ་ཡིན་རྣམས་བཏུལ་པར་མཛད་པ། ཁྱད་པར་འཆི་མེད་ཚེ་ལ་དབང་བརྙེས་པའི་རིག་པ་འཛིན་པར་གྲུབ་པས་ལས་དག་པ་རྣམས་ཀྱི་སྣང་ངོར་ད་ལྟའང་མངོན་སུམ་དུ་བཞུགས་ནས་སྐལ་ལྡན་རྣམས་རྗེས་སུ་འཛིན་ཅིང་དངོས་གྲུབ་རྣམ་པ་གཉིས་སྩོལ་བར་མཛད་པ་དེ་ཉིད་ཀྱིས། འཇམ་མགོན་ཁྲི་ལྡེའི་རྣམ་རོལ་གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་བཅོ་ལྔ་པར་མངོན་སུམ་དུ་བསྩལ་པ། གཞན་ལས་ཁྱད་པར་དུ་འཕགས་པའི་ཟབ་ཆོས་ཐུན་མོང་མ་ཡིན་པ་གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་གི་ཆ་ལག་ཚེ་སྒྲུབ་འཆི་མེད་སྙིང་པོའི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དང་གྲུབ་ཐོབ་ཆེན་པོ་ཐ་དད་མེད་པ་ལ་དད་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སྙིང་པོའི་དཀྱིལ་འཁོར་ནས༔ སྐྱེ་འཆི་མེད་པའི་ཚེ་ཡི་དབང༔ སྒོ་གསུམ་རྡོ་རྗེར་སྨིན་བྱའི་ཕྱིར༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་རྗེ་གྲུབ་ཐོབ་ཆེན་པོ་ཐ་དད་མེད་པ་ལ་རྩ་གསུམ་ཆོས་སྲུང་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་སྡིག་པ་མི་དགེ་བའི་ལས་མཐའ་དག་བཤགས་པ་དང་། གཞན་དོན་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་སྡོམ་པ་བླངས་ཏེ་གསང་བ་སྔགས་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱད་པར་དམ་བཅའ་བ་དང་། དེ་ཐམས་ཅད་ཀྱང་འཁོར་གསུམ་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ལ་བཟླ་བ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལས་ཡེ་ཤེས་ཤར་བའི་སྐུ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་ལན་གསུམ། དེ་དག་གིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དབང་དངོས་ལ་ཐོག་མར་དབང་གི་གཞི་དགོད་པའི་སླད་དུ། ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ། རང་གི་ཤེས་རིག་མ་བཅོས་པའི་རང་མདངས་གྲུབ་པའི་དབང་ཕྱུག་འཆི་མེད་ཐང་སྟོང་རྒྱལ་པོ་གཞོན་ཚུལ་དཀར་དམར་མདངས་ལྡན་མཚན་དཔེ་ཡོངས་རྫོགས་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པ། ཕྱག་གཡས་རྡོ་རྗེ་དང་གཡོན་བདུད་རྩིས་བཀང་བའི་བྷནྡྷ་བསྣམས་ཤིང་ན་བཟའ་རས་དཀར་སླེ་བེར་གསོལ་བ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཆོས་སྐུ་སྣང་བ་མཐའ་ཡས། མགྲིན་པར་ལོངས་སྐུ་སྤྱན་རས་གཟིགས། ཐུགས་སྟོད་དུ་དབང་ཆེན་རྟ་མཆོག་རྒྱལ་པོ། ཐུགས་ཀའི་དབུས་སུ་སློབ་དཔོན་པདྨ་འབྱུང་གནས་དཀར་དམར་མདངས་ལྡན་རྡོ་རྗེ་ཐོད་པ་ཚེ་བུམ་གྱིས་མཚན་པ་བསྣམས་ཤིང་རྒྱན་ཆས་ཡོངས་སུ་རྫོགས་པའི་ཐུགས་ཀར་འོད་ལྔའི་དྲྭ་བའི་ཀློང་དུ་ཉི་ཟླའི་གྭའུའི་དབུས་སུ་ཡི་གེ་ཧྲཱིཿདཀར་པོ་འོད་ཟེར་འབར་བ། མཐའ་སྐོར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ། རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་གཙོ་བོའི་གནས་གསུམ་དུ་འབྲུ་གསུམ་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཕྱོགས་ཐམས་ཅད་དུ་འཕྲོས་པས། བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོ་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་འཆི་མེད་གྲུབ་པའི་དབང་ཕྱུག་ཆེན་པོའི་གསང་བ་གསུམ་གྱི་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །སྤོས་དུད་རོལ་མོ་དབྱངས་བཅས། ཨ༔ འོད་གསལ་དབུ་མའི་ཕོ་བྲང་ནས༔ ཤེས་རིག་ཐང་སྟོང་རྒྱལ་པོ་ལ༔ ཤར་གྲོལ་དུས་མཉམ་འཁོར་གྱིས་བསྐོར༔ མཉམ་ཉིད་ངང་ནས་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ལས་བྱང་ལྟར་བརྗོད་ལ་བྱིན་རླབས་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་མི་ཉམས་བརྟན་པར་གྱུར་པར་མོས། ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དེ་ནས་ཐོག་མར་ཚེ་བཅུད་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བདག་མདུན་འཆི་མེད་གྲུབ་པའི་དབང་ཕྱུག་གཙོ་དང་འཁོར་དུ་བཅས་པའི་སྐུ་ལས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་དང་ཕོ་ཉ་མགྱོགས་མ་ཉི་ཟེར་གྱི་རྡུལ་ལྟ་བུ་སྟེང་འོག་ཕྱོགས་མཚམས་ཁྱབ་པར་འཕྲོས། རང་རང་གི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང་། འབྱུང་བ་བཞིའི་དྭངས་བཅུད། འཇིག་རྟེན་ན་མངོན་པར་མཐོ་བ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་དགེ་ལེགས་ཀྱི་ཡོན་ཏན། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས། ཁྱད་པར་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐམས་ཅད་ཁ་དོག་སྣ་ལྔ་པའི་འཇའ་འོད་ཐིག་ལེ་ཟེར་ཐག་ཡིག་འབྲུའི་རྣམ་པར་བསྡུས་ཏེ་རང་རང་གི་བ་སྤུའི་བུ་ག་ནས་སིབ་སིབ་བྱུང་། སྙིང་གའི་ཚེ་རྟེན་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། མདའ་དར་གཡབ་ལ། ཨ༔ ཀ་དག་འགྱུར་མེད་ཕོ་བྲང་སོགས་ནས་སྔགས་བཅས་བརྗོད་ལ་ཚེ་འགུགས་བྱ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པས་འཆི་མེད་ཚེའི་དབང་བཞི་རིམ་པར་བསྐུར་བའི་ཐོག་མར་བུམ་པའི་དབང་སྤྱི་བོར་བསྐུར་བས། གདོས་བཅས་རྩ་ཁམས་ཀྱི་སྒྲིབ་པ་བྲལ། འཕོ་འགྱུར་མེད་པ་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཨ༔ བློ་བྲལ་བུམ་པའི་དཀྱིལ་འཁོར་དུ༔ ཟུང་འཇུག་འཆི་མེད་མགོན་པོ་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འགྱུར་མེད་རྡོ་རྗེའི་ཚེ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛ༔ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་སྦྱིན། སྐུ་སྐྱེ་འཆི་མེད་པ་རྡོ་རྗེ་ཚེའི་དབང་མཆོག་དམ་པ་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །བདུད་རྩིའི་དབང་མགྲིན་པར་བསྐུར་བས་སྲོག་རྩོལ་གྱི་བགྲོད་པ་དབུ་མའི་དབྱིངས་སུ་ཐིམ། གཞོམ་དུ་མེད་པ་རང་བྱུང་ནཱ་དའི་གསུང་ཐོབ་པར་མོས་ཤིག །བྷནྡྷའི་བདུད་རྩི་མགྲིན་པར་བཞག་ལ། ཨ༔ དབྱིངས་རིག་དབྱེར་མེད་ཀ་པཱ་ལར༔ བདེ་ཆེན་ཡུམ་ལྔའི་བདུད་རྩི་བསྐྱིལ༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ སྲོག་རྩོལ་དབུ་མར་ཐིམ་པར་ཤོག༔ མ་ཧཱ་སུ་ཁ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བདུད་རྩི་སྦྱིན། གསུང་འགག་པ་མེད་པ་རྡོ་རྗེ་ཚེའི་དབང་མཆོག་དམ་པ་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །ཚེའི་རིལ་བུའི་དབང་སྙིང་གར་བསྐུར་བས་སྐྱེ་འཆིའི་འཛིན་རྟོག་ཀ་དག་གི་དབྱིངས་སུ་གྲོལ། རང་བཞིན་རྟག་པ་དམ་པ་རྡོ་རྗེའི་ཐུགས་ཐོབ་པར་མོས་ཤིག །ཚེ་རིལ་སྙིང་གར་བཞག་ལ། ཨ༔ སྲིད་ཞིའི་དྭངས་མ་འདུས་པའི་བཅུད༔ སྣང་སྟོང་ཟུང་འཇུག་བདེ་བ་ཆེ༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ སྐྱེ་འཆིིའི་འཛིན་པ་རང་གྲོལ་ཤོག༔ ཛྙཱ་ན་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་ཚེ་རིལ་སྦྱིན། ཐུགས་གཡོ་བ་མེད་པ་རྡོ་རྗེ་ཚེའི་དབང་མཆོག་དམ་པ་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །ཤེལ་དང་མེ་ལོང་གི་བརྡས་མཚོན་ཏེ་གཞི་ཀ་དག་གི་དབྱིངས་ལས་ལམ་ལྷུན་གྲུབ་ཀྱི་སྣང་བ་ཅིར་ཡང་འཆར་བ་ཉིད་ཟུང་འཇུག་ཡེ་ཤེས་ཆེན་པོར་ལམ་དུ་བྱས་པས་ཆོས་ཅན་སྤྲོས་པའི་མཚན་མ་ཆོས་ཉིད་འགྱུར་བ་མེད་པའི་ཀློང་དུ་ཐིམ་ནས་ནམ་ཡང་འཕོ་འགྱུར་དང་བྲལ་བ་འཆི་མེད་རྡོ་རྗེའི་སྐུའི་བཙན་ས་ཟིན་པའི་དོན་རྟོགས་པར་གྱིས་ཤིག །ཤེལ་རྡོ་མེ་ལོང་བསྟན་ལ། ཨ༔ ཀ་དག་གཞི་ཡི་ཡེ་ཤེས་ལ༔ ལྷུན་གྲུབ་ལམ་གྱི་སྣང་བ་ཤར༔ ཟུང་འཇུག་བློ་བྲལ་ཆེན་པོའི་ངང༔ འཕོ་འགྱུར་མེད་པའི་དབང་ཐོབ་ཤོག༔ ཨ་ཨ་ཨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ དབྱིངས་རིག་ཟུང་འཇུག་གཤིས་ལུགས་མ་བཅོས་གཉུག་མ་བློ་འདས་ཆེན་པོའི་ངང་དུ་མཉམ་པར་འཇོག་འཚལ། ཅེས་དར་གཅིག་བཞག །ཡོན་ཏན་དང་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ་པ་རྡོ་རྗེ་ཚེའི་དབང་མཆོག་དམ་པ་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །དེ་ལྟར་འཆི་མེད་དོན་གྱི་དབང་བཞི་བསྐུར་པས། སྒྲིབ་པ་བཞི་དག །ལམ་བཞི་བསྒོམ་པ་ལ་དབང་། རྡོ་རྗེ་བཞི་ཡི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ཉིད་མི་ཉམས་ཤིང་བརྟན་པར་རྒྱས་འདེབས་པ་ལ། ལུས་ཀྱི་ནང་གང་བའི་ཚེའི་བཅུད་དང་དྭངས་མ་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་སྙིང་གའི་ཉི་ཟླའི་གའུའི་ནང་དུ་ཞུགས། དྭངས་སྲོག་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར། སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་རྡོ་རྗེ་ཚེའི་རིག་འཛིན་ཐོབ་པར་མོས་ལ་ཆོས་ཉིད་འཕོ་འགྱུར་མེད་པའི་ངང་དུ་མཉམ་གཞག་གི་ཕྱག་རྒྱའི་རྒྱས་ཐོབ་ཅིག ཨ༔ སྤྲོས་པས་སྣང་སྲིད་གང་བའི་ཚེ༔ བསྡུས་པས་ཐིག་ལེ་ཉག་གཅིག་ཀློང༔ འཕོ་འགྱུར་མེད་པར་རྒྱས་གདབ་བོ༔ རྣམ་ཀུན་མཆོག་ལྡན་དབྱིངས་སུ་ཨ༔ ཞེས་རྒྱས་གདབ་ལ་ཤིས་བརྗོད་རྒྱས་པར་སྤེལ་ཅིང་མེ་ཏོག་གི་ཆར་དབབ། དབང་གི་རྗེས་རིམ་དམ་ཚིག་བསྒྲག་བཟུང་སོགས་དང་། ཚོགས་ལ་རོལ་བ་ཕྱིན་གྱི་ཕྲིན་ལས་རྗེས་ཀྱི་བྱ་བ་རྣམས་ཀྱང་དེ་ཉིད་ལས་འབྱུང་བ་ལྟར་བྱས་པས་གྲུབ་བོ། །ཚེ་དབང་གྲུབ་པའི་དབང་ཕྱུག་དང་། །དབྱེར་མེད་རྡོ་རྗེའི་རིག་འཛིན་བརྙེས། །གང་འདུལ་ཕྲིན་ལས་མཐའ་ཡས་པས། ཁམས་གསུམ་སྐྱེ་དགུ་དབུགས་འབྱིན་ཤོག །ཅེས་པའང་ཟབ་ཆོས་འདིའི་ཐོག་མའི་སྣོད་ལྡན་བློ་གྲོས་མཐའ་ཡས་པའི་སྡེས་༧ཁྱབ་བདག་ཀུན་མཁྱེན་བླ་མ་རིན་པོ་ཆེའི་གསང་བ་གསུམ་གྱི་སྣང་བས་བྱིན་གྱིས་བརླབས་པའི་གདན་ས་ཆེན་པོ་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲར་སྤེལ་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).