Terdzo-NGI-019

From Rinchen Terdzö
Revision as of 15:30, 29 August 2016 by Jeremi (talk | contribs) (Text replace - "TSAGLI image gallery goes here" to "")
This page is under construction. Check back later for updated content.

དྲང་སྲོང་ལོཀྟྲི་ཞི་དྲག་གི་བསྙེན་ཡིག་མདོར་བསྡུས་གནད་དོན་རབ་གསལ་

drang srong lok+t+ri zhi drag gi bsnyen yig mdor bsdus gnad don rab gsal

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
in cycle  སྔགས་རྒོད་ལོཀྟྲི་པཱ་ལ་ (Sngags rgod lok+t+ri pA la)
Volume 34 (ངི) / Pages 249-281 / Folios 1a1 to 17b4

[edit]

༄༅། །དྲང་སྲོང་ལོཀྟྲི་ཞི་དྲག་གི་བསྙེན་ཡིག་མདོར་བསྡུས་གནད་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་གུ་ཧྱ་པ་ཏ་ཡེ། རིག་སྔགས་དམོད་པའི་གནམ་ལྕགས་ཀྱིས། །སྡེ་བརྒྱད་གདུག་པའི་བྲག་རི་གཞོམ། །གསང་བདག་རྣམ་རོལ་སྟོབས་པོ་ཆེ། །དྲང་སྲོང་ཞི་ཁྲོར་གུས་པས་འདུད། །གཏེར་ཁ་འོག་མའི་གཞུང་ཟབ་སྒོ །འབྲི་ལུགས་མན་ངག་ལྡེའུ་མིག་གིས། །ལེགས་ཕྱེས་རིག་འཛིན་བརྒྱུད་པར་བཅས། །གསང་མཛོད་འདི་ལ་བདེ་བླག་སྤྱོད། །དེ་ལ་རྒྱལ་བ་ཀུན་གྱི་གསང་བ་འཛིན་པ་དཔལ་ཆེན་ལག་ན་རྡོ་རྗེ་ཉིད་སྙིགས་དུས་མི་བསྲུན་སྡེ་བརྒྱད་གདུག་པ་ཅན་གྱི་དཔུང་ཚོགས། སྔགས་རྒོད་སྤུ་གྲི་རྣོན་པོ་དང་བདེན་ཚིག་དམོད་པའི་མཐུ་སྟོབས་ལྡོག་མེད་གནམ་ལྕགས་འབར་བས་བདེ་བླག་ཏུ་འཇོམས་པར་མཛད་པའི་སླད་དུ་དྲང་སྲོང་ཞི་ཁྲོའི་སྐུར་བཞེངས་པ། ཆེ་བའི་ངེས་ཚིག་བརྒྱད། རྒྱུད་ཀྱི་རྣམ་གྲངས་གསུམ། དོན་གྱི་མན་ངག་བརྒྱད་ལ་སོགས་པ་དང་ལྡན་པ་སྔགས་རྒོད་ལོཀྟྲི་པཱ་ལ་ཞེས་གྲགས་པའི་གདམས་སྐོར་གཏེར་ཁ་གོང་འོག་གཉིས་ཀྱི་བཀའ་སྲོལ་ལས་བྱུང་བ་ཉིད་ཉམས་སུ་ལེན་པ་ལ། ཐོག་མར་བསྙེན་པ་ལེགས་པར་ཐེམས་དགོས་པས། སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་འདི་ཉིད་ཀྱི་རིག་གཏད་ལེགས་པར་ནོས་པའི་སྒྲུབ་པ་པོས། བསྙེན་སྒྲུབ་ལ་འཇུག་པའི་སྔོན་རོལ་དུ། སཱཙྪ་དང་དྲང་སྲོང་ཞི་ཁྲོའི་ཆབ་གཏོར་ཚོགས་འཁོར་སོགས་བསོད་ནམས་གསོག་པ་དང་། རྡོར་སེམས་སྒོམ་བཟླས་མེ་མཆོད་བདག་འཇུག་སོགས་ཉམས་ཆག་སྦྱོང་བའི་རིམ་པ་སྤྱི་མཐུན་ཅི་འགྲུབ་བྱ། ལག་ལེན་དངོས་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་བསྙེན་སྒྲུབ་ཀྱི་ཚུལ། རྗེས་ལས་སྦྱོར་འཕྲོས་དོན་དང་བཅས་པའོ། །དང་པོ་ནི། སྒྲུབ་ཁང་བྱི་དོར་བྱས་ཤིང་རྒྱན་གྱིས་སྤྲས་པའི་ཕུགས་ལོགས་སུ་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་ངོས་སྟེགས་རིམ་པ་གཉིས་པའི་གོང་མར། རིན་པོ་ཆེའི་སྣོད་གཙང་མར་དྲང་སྲོང་ཞི་བའི་གཏོར་མ་ཆོས་དབང་གཏེར་གཞུང་ལས་གསུངས་པ་ལྟར་འཛོམ་ན་འབྲས་དང་ཟར་མ་སོ་བ་རྣམས་ཀྱི་ཕྱེ་མ་ཆུ་གཙང་འོ་མས་སྦྲུ། མ་འབྱོར་ན་འབྲུ་ཕྱེ་གཙང་མ་ལ་དཀར་ཟླུམ་པད་འདབ་བཞི་པ་རྒྱན་སྤྲོས་ཅི་མཛེས་ཅན་ལ་སྐུ་རྟེན་ཙཀླི་བཙུགས་ཤིང་དར་གདུགས་དཀར་པོ་ཕུབ། དཀར་གསུམ་མངར་གསུམ་ཤིང་ཏོག་ཟས་སྣ་དང་བཅས་པ་བཀོད། སྟེགས་འོག་མར་དྲག་པོའི་གཏོར་མ་ཟངས་ལྕགས་ཀྱི་སྣོད་དུ་དམར་གཏོར་ཟུར་གསུམ་འཁོར་རང་འདྲ་བརྒྱད་དང་མཐེབ་ཀྱུས་བསྐོར་བ་མེ་རིའི་རྒྱན་ལྡན་སྐུ་རྟེན་ཙཀླི་དར་གདུགས་མཐིང་ནག་དང་ཤ་ཁྲག་གིས་བརྒྱན་པའི་གཡས་གཡོན་དུ་ཆོས་སྐྱོང་སྤྱི་དང་གཏེར་གྱི་སྒེར་སྲུང་། མཁའ་རི། ཀླུ་བདུད། སྨྱོ་ཁ། ཤེལ་གིང་རྣམས་ཀྱི་གཏོར་མ། ཆད་བརྟན། སྨན་རག་ཕབས་གཏའ་ལྡན་པ་རྣམས་བཀོད། མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམ། དཀར་བགེགས་རྒྱལ་ཆེན་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་ཀྱིས་མཚོན་ཉེར་མཁོ་ཐམས་ཅད་འདུ་བྱ། འདི་ཉིད་ཀྱི་རྟེན་སོགས་བཞུགས་པ་ཙམ་གྱིས་སྙིགས་དུས་ཀྱི་སྡེ་བརྒྱད་དམ་འགོང་གདུག་པ་ཅན་གྱིས་འཚེ་མི་ནུས་པ་སོགས་ཤིན་ཏུ་ཟབ་ཅིང་གཉན་པའི་གནད་ཀྱིས། རྟག་ཆགས་ཀྱི་སྒྲུབ་ཁང་ལྟ་བུར་རྗེ་བཙུན་རཏྣ་ཡབ་སྲས་ཀྱི་བཞེད་པ་ལྟར་ཞར་བྱུང་རྟེན་གཏོར་བྱེད་པར་སྤྲོ་ན། དྲང་སྲོང་ཞི་བའི་གཏོར་མ་རྒྱུ་གོང་སྨྲོས་ལ། ཆང་དང་ཆོས་སྨན་སྦྱར་བ་དང་མར་གྱིས་བརྫིས་པའི་དཀར་ཟླུམ་ནང་ཁོང་སྟོང་དུ། སྲོག་ཤིང་དང་སྲུང་འཁོར་མདུན་དང་ཟློག་པ་རྒྱབ་ཕྱོགས་སུ་ཡོད་པ་མཆོད་རྟེན་བཅས་ལྟར་བྱ། རྩེར་སྐུ་རྟེན་རྒྱབ་ངོས་སྔགས་བྱང་དང་མེ་ལོང་དར་གདུགས་ཀྱིས་བརྒྱན། འབྲུ་སྨན་དར་ཟབ་ཤིང་ཏོག་རིན་པོ་ཆེ་སོགས་ཀྱིས་སྣོད་ཕྱུར་བུར་བཀང་། དགྲ་བགེགས་འགུགས་བསྟིམས་བྱས་པའི་མནན་ཟློག་ཙཀྲ་བཏིང་བ་ལ་བཞུགས་སུ་གསོལ་བའི་མདུན་དུ་མཆོད་གཏོར་གོང་སྨྲོས་ལྟར་བཞག །དེ་ལ་སྐུ་རྟེན་དང་དར་གདུགས་མི་དགོས་སོ། །གཉིས་པ་དངོས་གཞི་ནི། སྤྱིར་གཏེར་གཞུང་གཉིས་ལས་ལྷ་སྔགས་ཏིང་འཛིན་རྫས་དང་འཁོར་ལོའི་གནད་ཐེམས་སོགས་གསལ་བར་བསྟན་ཅིང་ཕྲིན་ལས་མདོར་བསྡུས་ཙམ་ལས་འདོན་ཆའི་ཚིག་རིས་རྒྱས་པར་མི་འབྱུང་བས། ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཡབ་སྲས་ཀྱིས་གསལ་བར་མཛད་པའི་རྗེས་འབྲངས་ཕྱིས་སུ་ཀུན་གཟིགས་ལྔ་པ་ཆེན་པོ་དང་། ཆོས་རྒྱལ་གཏེར་བདག་གླིང་པ་སོ་སོས་མཛད་པའི་ཡིག་ཆའི་ལུགས་སྲོལ་གཉིས་སུ་བྱུང་བ་གང་ལ་བརྟེན་ཀྱང་ཁྱད་པར་ཆེར་མེད་མོད། ཕྱི་མ་ཉིད་གཏེར་གཞུང་དང་རྗེ་རཏྣའི་གསུང་སོར་བཞག་ལས་ཁ་སྐོང་མང་པོས་མ་རྙོགས་པའི་ཁྱེར་བདེ་རྣམ་གསལ་དུ་བཞུགས་པས། འདིར་ཡང་ལས་བྱང་སྙིང་པོའི་དོན་གསལ་གཞིར་བཞག་གི་དབང་དུ་བྱས་ཏེ་དགོད་པ་ལ་གཉིས། ཞི་བར་བསྙེན་པ་དང་། དྲག་པོར་བསྒྲུབ་པའོ། །དང་པོ་ནི། གནས་ཁང་ཡོ་བྱད་རང་དང་བཅས་པ་ལ་ཁྲུས་དང་སྤོས་བདུག་སོགས་གཙང་སྦྲས་དག་པར་བྱས་ལ། ཇི་སྐད་དུ། བསྙེན་པའི་དུས་ནི་ཡར་ངོ་སྟེ། །ཚེས་གཉིས་གསུམ་བརྒྱད་སྔ་དྲོར་འཇུག །སྒྲུབ་པའི་དུས་ནི་མར་ངོ་ཡིན། །ཉ་འམ་བཅུ་བདུན་ཉིན་མོར་འཇུག །ལས་སྦྱོར་དུས་ནི་ཤི་ཁ་སྟེ། །བཅུ་དགུ་རྩ་གཅིག་ཕྱི་དྲོར་འཇུག །ཅེས་གསུངས་པ་ལྟར་རམ། དེང་སང་ཕྱག་ལེན་གྱི་རྒྱུན་བཞིན་ཕྱི་ཐུན་ནས་དབུ་བཙུགས་ཏེ་སྒྲུབ་པ་པོ་རྟེན་དང་ཞལ་སྤྲོད་དུ་འཁོད་ལ། ཐོག་མར་ཚིག་བདུན་སོགས་གསོལ་འདེབས་དང་བརྒྱུད་འདེབས་ཀྱིས་བྱིན་རླབས་བསྐུལ། དྲང་སྲོང་ཞི་བའི་ང་རྒྱལ་བཟུང་ལ་དཀར་གཏོར་སྤྱི་འགྲོ་གཏང་། སྒོ་དྲུང་དུ་ཐོ་དང་རྟེན་བཀོད་པ་ལ་རྒྱལ་ཆེན་བཞིར་བསྐྱེད་བསྟིམ་གཏོར་འབུལ་ཕྲིན་བཅོལ་བརྟན་བཞུགས་བྱ། དེ་ནས་ལས་བྱང་གི་དབུའི་སྐྱབས་སེམས་ཚོགས་གསག་རྣམས་ལན་གསུམ་གསུམ་གྲུབ་ནས། བགེགས་གཏོར་བཏང་ལ་དྲག་པོའི་ང་རྒྱལ་གྱིས་བཀའ་བསྒོ། ཡུངས་ཐུན་གུ་གུལ་དུད་པ་དྲག་སྔགས་དམོད་པ་བཅས་བརྗོད་ལ་བགེགས་བསྐྲད་ཅིང་སྲུང་འཁོར་བརྟན་པོར་བསྒོམ། བདག་གནས་ཡོ་བྱད་ལ་བྱིན་དབབ། ཕྱི་ནང་གསང་མཆོད་བྱིན་བརླབ། དེ་ནས་དྲང་སྲོང་ཞི་བའི་ལྷ་བསྐྱེད། རང་ལུས་ཐ་མལ་དྷཱུ་ཏིའི་ནང་། །ཞེས་པ་ནས། འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར། །ཞེས་པའི་བར་གྱིས་གསལ་ལེགས་པར་བཏབ་ནས། འོག་གི །རང་གི་གནས་གསུམ་ཨོཾ་དཀར་སོགས་ཀྱིས་གནས་གསུམ་བྱིན་བརླབ། དྲང་སྲོང་ཞི་བའི་ལྷ་ཚོགས་ཞེས་པའི་ཚིག་ཟུར་བསྒྱུར་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པ་ཡན་མཐར་ཆགས་སུ་བཏང་། དེ་ནས་བཟླས་ཕྲེང་བྱིན་བརླབས་ལ་གོང་གི་མངོན་རྟོགས་འཕྲོས། སྙིང་གར་ཉི་མའི་གདན་སྟེང་དུ། །སོགས་ཛཔ྄་དམིགས་དང་ལྡན་པས་ཞི་བསྙེན་ཅི་འགྲུབ་བཟླས་པའི་ཐུན་མཐར་ཁ་སྐོང་དབྱངས་གསལ་སོགས་དང་། ཡེ་ཤེས་ལྷ་ཚོགས་ཀྱིས་སྟོང་ཚིགས་མཆོད་བསྟོད་བྱ། ཡི་དམ་དྲང་སྲོང་གཏོར་འབུལ་འབྲི་གུང་པའི་གསུང་ལྟར་དང་། ཆོས་སྐྱོང་སྤྱི་དང་བྱེ་བྲག་གཏེར་སྲུང་གཏོར་འབུལ་གསུང་རྒྱུན་མ་ལྟར་ཁྱེར་བདེ་བས་ལེགས། ཚོགས་མཆོད་འབུལ་ཅིང་ལྷག་མ་བཙོན་དུ་གཟུང་། ཐུགས་དམ་བསྐུལ་བ་མི་དགོས། ཆད་བརྟན་བྱང་ལུགས་ལ་བསྙེན་སྒྲུབ་གྲུབ་ཀྱི་བར་མི་མཛད་ཀྱང་གཞན་དག་གིས་ཚོགས་མཆོད་རྗེས་འབྲེལ་དུ་གཏང་བར་སྣང་བས་གང་བདེ་བྱ་ཆོག །རྗེས་ཆོག་མཆོད་བསྟོད། ནོངས་བཤགས། ཚོགས་མགྲོན་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཡན་གྲུབ་ནས་དགེ་སྦྱོར་ཆག་མེད་ཀྱི་རིམ་པ་གཞན་ཡོད་ན་བྱ་ཞིང་ཉལ་བའི་རྣལ་འབྱོར་ལ་འཇུག །ཕྱིར་ཉིན་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས། རླུང་རོ་བསལ། ངག་བྱིན་རླབས་དང་བདུད་རྩི་མྱང་བ་སོགས་གྲུབ་ནས་བརྒྱུད་འདེབས། སྐྱབས་སེམས། ཚོགས་གསག །བགེགས་གཏོར་འདི་ཕྱིན་གཏང་མི་དགོས་པས། སྲུང་འཁོར་གསལ་བཏབ་ལ་བྱིན་འབེབ་ནས་བཟླས་པའི་བར་སྔ་ཉིན་ལྟར་ལ་ཐུན་གྲོལ་སྐབས་སྟོང་ཚིགས་འཕྲོས་བསྡུ་ལྡང་དང་དགེ་བསྔོ་བྱས་ཏེ་སྤྱོད་ལམ་ལ་འཇུག །སྔ་ཐུན་དགོང་ཐུན་སྲོད་ཐུན་གསུམ་ལ་སྐྱབས་སེམས་ཕྱིན་དེ་དང་འདྲ་བ་ལས། དགོང་སྲོད་གང་རུང་གི་མཇུག་ཏུ་ཡི་དམ་དང་སྲུང་མའི་གཏོར་འབུལ་མ་ཆག་པ་དང་། ཉ་སྟོང་བརྒྱད་གསུམ་སོགས་ལ་ཚོགས་མཆོད་རེའང་བྱའོ། །དེའི་དམིགས་རིམ་ལས་བྱང་གོང་འོག་རྣམས་ནི་སྤྱི་འགྲེ་དང་རང་གཞུང་ཚིག་དོན་ལྟར་ལ། ཁྱད་པར་ལྷ་བསྐྱེད་ཐོག་མར་རང་ཐ་མལ་དུ་གནས་པའི་ལུས་ཀྱི་ནང་དབུས་སུ་རྩ་དབུ་མ་ཕྱི་དཀར་ནང་དམར་ཡར་སྣ་ཚངས་བུག་དང་མར་སྣ་ལྟེ་འོག་ཏུ་སླེབ་པའི། གཡས་སུ་རོ་མ་དམར་པོ་དང་གཡོན་དུ་རྐྱང་མ་དཀར་པོ་གཉིས་ཀྱང་གཤིབས་ནས་ཡོད་པའི་ཡར་སྣེ་གུག་པ་སྣ་བུག་གཉིས་སུ་ཟུག་ཅིང་མར་སྣེ་ལྟེ་འོག་ནས་དྷཱུ་ཏིར་ཆུད་པ་སྤྱི་ལྟར་གསལ་བཏབ། སྙིང་ཐད་ཀྱི་དྷཱུ་ཏིའི་ནང་དུ་པདྨ་འདབ་བཞིའི་ལྟེ་བར་ཉི་ཟླའི་གདན་ལ་ཨ་དཀར་པོ་དང་། ལྟེ་བའི་ཐད་ཀྱི་དྷཱུ་ཏིའི་ནང་དུ་པདྨ་དམར་པོའི་ལྟེ་བར་ཨ་དཀར་པོ་གསལ་བའི་སྙིང་གའི་ཨ་ལས་འོད་ཟེར་ཟླ་བ་ཤར་བ་ལྟ་བུ་འཕྲོས། ལུས་ཀྱི་ནང་གང་། ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་མུན་ཁུང་དུ་ཉི་མ་ཤར་བ་ལྟར་སང་གིས་སྦྱངས་པར་བསམ་ལ་ཅུང་ཟད་མཉམ་པར་བཞག །ཡང་ལྟེ་བའི་ཨ་ཡིག་ལས་འོད་ཟེར་འཕྲོས། ལུས་ཐམས་ཅད་ལ་ཁྱབ། ནད་དང་གདོན་རིགས་ཐོགས་མེད་དུ་སྦྱངས་པས་ལུས་བདེ་བ་དང་ལྡན་པར་བསམ་ལ་མཉམ་པར་བཞག །ལུས་སྟོད་སྨད་ཁོལ་བུ་ལ་ནད་ཡོད་ན་ནད་མིག་དེ་ཀར་ཉི་མའི་སྟེང་དུ་ཨ་དཀར་པོ་ཡོད་པའི་འོད་ཀྱིས་བུ་ག་ཧར་བྱུང་དུ་དོད་ནས་ནད་དུག་རླངས་འཇའ་ཚོན་གྱི་རྣམ་པར་ཐོན་པའི་མིག་པ་ནན་ཏན་བྱ། དེའི་ངང་ནས་རང་ལུས་རྩ་གསུམ་དང་བཅས་པ་འོད་དུ་ཞུ་ནས་སྟོང་པར་གྱུར་པའི་ངང་ལས། སྐད་ཅིག་གིས་དྲང་སྲོང་དྲི་མེད་སྐུ་མདོག་སྔོ་སྐྱ་སྐེམ་ཞིང་རིད་ལ་ན་ཚོད་སྨིན་པའི་ཉམས། དབུ་སྐྲ་སྨིན་མ་ཨག་ཚོམ་དཀར་པོས་བྲང་གི་རྒྱ་མདོར་སླེབ་པ། རལ་པ་ཐོར་ཅོག་ཅན། རས་དཀར་གྱི་སྟོད་གཡོགས་སྨད་གཡོགས་གསོལ་བ། ཕྱག་མཚན་མངོན་རྟོགས་སུ་གུནྡྷེ་ཙམ་ལས་མ་བྱུང་ཡང་དེ་ནི་རིལ་བ་སྤྱི་བླུགས་ཀྱི་མིང་ཡིན་པས་གཡས་རིལ་བ་པུས་སྟེང་། གཡོན་ལུང་ཏང་གི་ཕྲེང་བ་འདྲེན་པ་བཞེད། གཞན་ཡང་། གཡས་གསེར་གྱི་རྡོ་རྗེ་ཕྱར་ཅིང་གཡོན་རིལ་བ་ཐུགས་ཀར་བསྣམས་པའམ་ལུང་ཏང་ཕྲེང་བ་འཛིན་པའང་སྣང་རུང་འདིར་སྔ་མ་ལྟར་ཆོག །སྙན་ལ་དུང་ལོང་ཤེལ་འོད་འཚེར་བས་བརྒྱན་ཅིང་ཞབས་སྐྱིལ་ཀྲུང་པདྨ་ཉི་ཟླའི་གདན་ལ་བཞུགས་པ། འཁོར་དུ་དམོད་པ་གྲུབ་པའི་དྲང་སྲོང་འབུམ་ཕྲག་གིས་བསྐོར་བར་བསྒོམ། བདག་མདུན་དབྱེར་མེད་དུ་བསྐྱེད་པའམ་ཛཔ྄་ཁང་ཙམ་དབྱེ་བ་རྙིང་མ་སྤྱི་ལུགས་ཡིན་པས་འདིར་ཡང་དེ་ལྟར་ཆོག་མོད། བརྒྱུད་པ་གོང་མ་འགའ་ཞིག་གིས་བདག་མདུན་ཐ་དད་དུ་མཛད་པས་དེ་ལྟར་ན་མངོན་རྟོགས་ཚིག་རིས་གཅིག་གིས་བདག་དང་རྟེན་གཏོར་གཉིས་ཀ་ལྷར་གསལ་གདབ། རྟེན་གཏོར་མེད་ན་གཏོར་མའི་སྟོད་ཀྱི་སུམ་ཆ་ལྷར་གསལ། སྨད་བདུད་རྩི་མཆོད་རྫས་སུ་དམིགས། ཡེ་ཤེས་གཞུག་པ་སོགས་དང་བཟླས་དམིགས་རྣམས་བདག་མདུན་གཉིས་ཀར་དུས་གཅིག་ཏུ་བྱའོ། །ལྷའི་རྣམ་པ་མེ་ལོང་གི་གཟུགས་བརྙན་ལྟར་སྣང་སྟོང་སྒྲིབ་མེད་ཤིན་ཏུ་གསལ་བ་དང་། རང་ཉིད་དྲང་སྲོང་དྲི་མེད་དངོས་ཀྱི་ང་རྒྱལ་བརྟན་པ་དང་། ཐམས་ཅད་ཀྱང་ངོ་བོ་སྟོང་པ་ལ་རྣམ་པ་ཡེ་ཤེས་ཀྱི་རང་རྩལ་གང་འདུལ་གཟུགས་སུ་ཤར་བའི་རྣམ་དག་དྲན་པ་གཞིར་བྱས་ནས་བཟླས་པའི་སྐབས་སུ། ཐོག་མར་ཕྲེང་བ་ལག་མཐིལ་གཡོན་པར་བསྐྱིལ། མདོ་འཛིན་སྟེང་དུ་ཡོད་པར་བྱས་ལ། བསང་སྦྱང་། སྟོང་པའི་ངང་ལས། མདོ་འཛིན་གསང་བདག་དྲང་སྲོང་ཞི་བ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་ལ་ཕྲེང་རྡོག་རྣམས་སྤྲུལ་པའི་དྲང་སྲོང་འབུམ་གྱིས་བསྐོར་བར་གྱུར་པའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པས་བསྟོད། ཏྲང་དུ་བརྒྱ་རྩའམ་ཅི་འགྲུབ་དང་དབྱངས་གསལ་རྟེན་སྙིང་རྣམས་ལན་གསུམ་གསུམ་བཟླ། ལྷ་འོད་དུ་ཞུ་སྟེ་ཕྲེང་བའི་རྣམ་པར་གྱུར། ཅེས་མོས་ལ་འགྱུར་སྔགས་རིགས་བརྗོད་ལ་ཕུས་བཏབ་སྟེ་བྱིན་བརླབ་བོ། །བཟླས་དམིགས་ནི། ལྷའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོ། དེ་མཐར་མདུན་ནས་གཡས་སྐོར་དུ་ཏྲཾ་དུའི་སྔགས་བཻ་ཌཱུརྻའི་ཕྲེང་བ་ལྟ་བུས་བསྐོར་བ། ཐམས་ཅད་འོད་ཟེར་འབར་བ་ལ་སེམས་གཏད་པ་ནི་བཟླས་པའི་གཞི་འཛིན་པའོ། །དེ་ལ་གསལ་སྣང་ཐོན་པ་ན། བཟླས་པའི་རྐྱེན་གྱིས་ས་བོན་དང་སྔགས་ཕྲེང་ལས་འོད་ཟེར་འཆར་ཁའི་ཟེར་ཐག་ལྟ་བུ་འཕྲོས། ལུས་ཀྱི་ནང་གང་། སྡིག་སྒྲིབ་ནད་གདོན་ཐམས་ཅད་སང་གིས་དག །འོད་ཟེར་ཐུགས་ཀ་ནས་ཕྱིར་འཕྲོས་པའི་རྩེ་ལ་མཆོད་པའི་ལྷ་མོ་མཆོད་རྫས་ཀྱི་བྱེ་བྲག་ཐོགས་པའམ། འོད་ཟེར་ཉིད་ཕྱི་ནང་གསང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར་ནས་ནམ་མཁའ་དང་མཉམ་པར་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སྤྱི་དང་། ཁྱད་པར་ནགས་ཚལ་དྲྭ་བ་ཅན་གྱི་ཕུག་སོགས་སུ་བཞུགས་པའི་གསང་བདག་དྲང་སྲོང་ཆེན་པོ་ལ་དགྱེས་མཆོད་ཕུལ་བས་ཟག་མེད་ཀྱི་བདེ་བས་ཤིན་ཏུ་མཉེས་ཏེ་ཐུགས་དམ་བསྐུལ། སྐུའི་བྱིན་རླབས་ཐམས་ཅད་དྲང་སྲོང་ཞི་བའི་སྐུ་ཆེ་ཆུང་སྣ་ཚོགས་པ། གསུང་རང་སྔགས་དང་ཨཱ་ལི་ཀཱ་ལིའི་ཕྲེང་བ་རང་སྒྲ་སྒྲོག་བཞིན་པ། ཐུགས་རིགས་ལྔའི་ཕྱག་མཚན་དང་རིལ་བ་བགྲང་ཕྲེང་ལ་སོགས་པའི་རྣམ་པར་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་བྱོན་ནས་རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་དག །དབང་དང་བྱིན་རླབས་ཐོབ། དྲང་སྲོང་ཆེན་པོའི་གསང་བ་གསུམ་དང་གཉིས་མེད་དུ་གྱུར། མདུན་བསྐྱེད་ལའང་ཐིམ་པས་བྱིན་རླབས་གཟི་བརྗིད་རབ་ཏུ་འབར་བར་བསམ་པ་བདག་དོན་བྱིན་རླབས་ཀྱི་བཟླས་པའོ། །ཡང་འོད་ཟེར་འཕྲོས་པས་སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། ཉན་རང་ལ་སོགས་པ་རྣམས་ཀྱང་ཤེས་སྒྲིབ་ལས་གྲོལ་བར་བྱས་ཏེ་ཐམས་ཅད་ཀྱང་གསང་བདག་དྲང་སྲོང་ཆེན་པོའི་གོ་འཕང་ལ་བཀོད་ནས། སྣོད་དག་པའི་ཞིང་ཁམས་བཅུད་ལྷའི་རང་བཞིན་དུ་གྱུར་པར་མོས་པ་གཞན་དོན་ཕྲིན་ལས་ཀྱི་བཟླས་པའོ། །མཐར་སྣང་བ་ལྷའི་སྐུ །སྒྲ་སྐད་སྔགས་ཀྱི་དབྱངས། དྲན་རྟོག་ཡེ་ཤེས་ཆེན་པོའི་རང་བཞིན་དུ་གྱུར་པར་མོས་ལ་བདག་གཞན་དབྱེར་མེད་འཁོར་འདས་རོ་མཉམ་དུ་ལ་ཟླ་བ་ནི་གཉིས་མེད་ཟུང་འཇུག་གི་བཟླས་པའོ། །དེའི་དང་པོ་ནི་འདི་ཉིད་ལ་ལྟོས་པའི་བསྙེན་པ་དང་ཕྱི་མ་གཉིས་སྒྲུབ་པའི་བརྡར་བཞག་ཏུ་རུང་མོད་ནང་གསེས་ཀྱི་ཐ་སྙད་ཙམ་དུ་ཟད་དོ། །བཟླ་ཚུལ་ནི། ཕྱི་ལྟར་ཛཔ྄་དབྱངས། ནང་ལྟར་ཤུབ་བུ། གསང་བ་རྡོ་རྗེའི་བཟླས་པ་གསུམ་དུ་སྤྱིར་བཤད་པ་ལས་འདིར་གོང་བས་ཐོས་ཙམ་གྱི་ཤུབ་བུར་བཟླ་བ་ཉིད་གཙོར་བྱའོ། །གྲངས་ཚད་ནི། གནད་གསུམ་སྙིང་འགྲེལ་གྱི་མན་ངག་ཏུ། ཐོག་མར་སྲོག་གི་སྙིང་པོ་འབུམ་ཕྲག་གམ་ཁྲི་ཚོ་གཅིག་བཟླ། ཞེས་འབྱུང་བས་རབ་འབྲུ་འབུམ། འབྲིང་འབུམ་ཕྲག་གསུམ། ཐ་མ་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ། བསྙེན་པ་གྲུབ་ཉེ་བ་ན་སྤྱི་མཐུན་ལས་བཞི་སྒྲུབ་པའི་དམིགས་པ་ནི། ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་འཕྲོས། སྡིག་སྒྲིབ་ནད་གདོན་རྐྱེན་དང་བར་གཅོད་ཐམས་ཅད་རྩད་ནས་ཞི། སེར་པོ་སྤྲོས་པས་ཚེ་བསོད་དཔལ་འབྱོར་བློ་དང་ཤེས་རབ་ཉམས་རྟོགས་ཀྱི་ཡོན་ཏན་རབ་ཏུ་རྒྱས། དམར་པོ་འཕྲོས་པས་རྩ་བ་གསུམ་གྱི་བྱིན་རླབས་ཁམས་གསུམ་ལྷ་འདྲེ་མི་གསུམ་དང་ཟས་ནོར་ཐམས་ཅད་དབང་དུ་བསྡུས། མཐིང་ནག་ཚ་ལ་རྩུབ་པས་ནང་གི་གཟུང་འཛིན་འཁྲུལ་རྟོག་ཉོན་མོངས་དུག་ལྔ་ཕྱིའི་དགྲ་བགེགས་དམ་སྲི་ཐམས་ཅད་སྐད་ཅིག་གིས་བརླགས་པར་བསྒོམ། དེའང་བསྙེན་གྲངས་ཇི་ཙམ་བྱེད་པའི་སུམ་ཆ་གཉིས་རང་བྱིན་བརླབ། སུམ་ཆ་གཅིག་གཞན་དོན་དང་ཟུང་འཇུག །བཅུ་ཆ་གཅིག་གི་ཁ་སྐོང་ལ་ལས་སྒྲུབ་ཀྱི་དམིགས་པ་བསྒོམ། འདི་སྐབས་ཐུན་མཐར་སྙིང་པོའི་གཤམ་དུ་ཤཱནྟིཾ་ཀུ་རུ་སོགས་ལས་བཞིའི་སྔགས་ཤམ་སྤྱི་འགྲོ་བཏགས་ཀྱང་གཞུང་གི་དགོངས་པར་མཐུན་པས་ལེགས། ཐུན་མཚམས་ཀྱི་སྤྱོད་ལམ་ཉལ་བ་ཆུ་ལ་སོགས་པ་ནི་དེ་དག་དངོས་སྒོམ་པའི་དོན་མིན་གྱི། ཉལ་བའི་དུས་སུ་ཆུ་སྟེ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་བཞིན་དུ་ལུས་སེམས་མེ་རེ་ཀློད་ནས་ཆམ་གྱིས་འཇོག །ལྡང་བའི་དུས། ནགས་ལ་མེ་འབར་བ་ལྟར་ཧར་གྱིས་ལངས་ཏེ་དམིགས་མེད་ཀྱི་ངང་ནས་ཡི་དམ་གྱི་སྐུར་གསལ་ལམ་སྟེ་བཞེངས། འགྲོ་བའི་དུས་རླུང་འཚུབས་དྲག་པོ་འུར་སྒྲ་བཅས་ཐོགས་མེད་དུ་རྒྱུ་བ་བཞིན་ཡི་དམ་གྱི་ང་རྒྱལ་དང་རིག་རྩལ་ངར་དང་ལྡན་པས་གང་ལའང་ཐོགས་རྡུགས་མེད་པར་འགྲོ། སྡོད་པའི་དུས། རྡོ་རྗེའི་བྲག་རི་ཆེ་བརྗིད་སྲ་མཁྲེགས་བརྟན་པ་བཞིན་གཞན་གྱིས་བརྫི་ཞིང་བསྐྱོད་པར་མི་ནུས་པའི་ང་རྒྱལ་དང་བཅས་ཏེ་སྡོད་པ་ནི་དྲག་པོ་ལའང་ཤེས་པར་བྱའོ། །གཉིས་པ་ཁྲོ་སྒྲུབ་ནི། དེ་ལྟ་བུའི་ཚུལ་གྱིས་ཞི་བསྙེན་སྔ་དྲོ་གྲུབ་པའི་ཕྱི་དྲོ་མཆོད་པ་གསར་དུ་བརྗེ་བའམ་ཁ་གསོ། བགེགས་གཏོར་ཚོགས་ཆས་སོགས་འདུ་བྱ། འདིར་རྒྱུད་ལས། བདུད་ཆས་ཞུགས་ཏེ་དྲག་སྔགས་བཟླ༔ ཞེས་མན་ངག་ཉེར་བདུན་པའི་དགོངས་པ་ལྟར་སྔགས་པ་བདུད་ཆས་སུ་ཞུགས་པ་ནི། གོང་མ་རྣམས་ཀྱི་ཕྱག་ལེན་ཟློག་བསད་ཁོ་ནའི་སྐབས་ལས་མི་མཛད་ཀྱང་། སྐབས་དེར་མེད་ཀ་མེད་དང་བསྙེན་སྒྲུབ་ལ་སྤྱི་འགྲེའི་སྟབས་བདེ་ཙམ་ལ་དགོངས་པར་མངོན་པས་ཆེད་དུ་གཉེར་ན་ཟློག་བསད་ཀྱི་ཡི་གེར་གསལ་བ་ལྟར་བྱ། གང་ལྟར་ཐུན་འགོར་གསོལ་འདེབས་སྐྱབས་སེམས་ཚོགས་གསག་རྣམས་གྲུབ་ནས་བགེགས་གཏོར་བཏང་ལ་བཀའ་བསྒོས་ཏེ་དམོད་སྔགས་བཅས་བསྐྲད། སྲུང་འཁོར་གསལ་འདེབས་ནན་དུ་བྱ། བྱིན་འབེབ་མཆོད་བརླབ་དང་། དྲང་སྲོང་ཞི་བའི་བསྐྱེད་བཟླས་གཞུང་གི་དཀྱུས་ལྟར་བཏང་ལ་སྙིང་པོ་སུམ་བརྒྱའམ་བརྒྱ་རྩ་ཙམ་བཟླ། དེ་ནས་ཁྲོ་བོའི་བསྐྱེད་ཆོག་ནས་བརྩམ་དམ་བདར་དཔང་གསོལ་ཡན་བཏང་། ཕྲེང་བ་བྱིན་རླབས་དང་བཟླས་དམིགས་བཅས་རྩ་བསྙེན་ཅི་འགྲུབ་བཟླ། ཐུན་མཐར་སྤྲོ་ན་སྤྱི་ལྟར་སྟོང་ཚིགས་མཆོད་བསྟོད་བྱ། དྲག་དམིགས་བཅས་སྤུ་གྲི་རིང་མོའི་དྲག་སྔགས་ས་འཚུབས་ཆེ་དུས་ཉེར་གཅིག་ཙམ་དང་རྒྱུན་དུ་བདུན་རེ་ཙམ་བཟླ། ཐུན་སྔགས་དམིགས་བསལ་སྐབས་མ་གཏོགས་མི་སྦྱར། དེ་མཐར་དམོད་པ་བརྗོད་ལ་ཐལ་རྡེབ་བྱ། གཏོར་འབུལ་ཚོགས་མཆོད་ནས་ཤིས་བརྗོད་བར་སྔར་ལྟར་གྱིས་གྲུབ། སྲོད་ཐུན་ལ་སྐྱབས་སེམས་ཚོགས་གསག །བགེགས་བསྐྲད་བོར་བའི་སྲུང་འཁོར་ནས་བཟླས་པ་ཐལ་རྡེབ་བར་བྱས་ལ། དེ་ནས་བསྡུ་ལྡང་དང་བསྔོ་སྨོན་ལ་འཇུག །ཉིན་ཕྱི་མ་རྣམས་ནི་ཐུན་བཞིར་གཅོད་ཚུལ་སོགས་ཞི་བའི་སྐབས་ཀྱིས་འགྲེ་ཤེས་པར་བྱའོ། །བསྒོམ་དོན་ནི། ཐོག་མར་ཞི་བ་བསྒོམས་པ་ཉིད་འོད་དུ་ཞུ་སྟེ་གདན་གསེར་ལས་གྲུབ་པའི་དྲག་པོའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་པདྨ་ཉི་ཟླའི་གདན་ལ། རང་ཉིད་སྐད་ཅིག་གིས་གསང་བདག་ཞེ་སྡང་རྡོ་རྗེ་མཐིང་ནག་ཤིན་ཏུ་ཁྲོས་ཤིང་མི་སྡུག་པའི་ཉམས་ཅན་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་ཞིང་ཡན་ལག་རགས་པ། རྒྱན་མེད་གཅེར་བུ་ཞལ་རབ་ཏུ་གདངས་པའི་མཆེ་བའི་བར་ནས་ཁྲག་རྒྱུན་ཆིལ་ཆིལ་འབབ་པ། དྲག་པོའི་རྐན་སྒྲ་ཏོག་ཅིང་དབུ་སྐྲ་ཁམ་ནག་གྱེན་དུ་གཡེང་བ། ཕྱག་བཞིའི་དང་པོ་གཉིས་གནམ་ལྕགས་ཀྱི་ཐོ་བ་དང་རལ་གྲི་འཕྱར་བ། འོག་མ་གཉིས་ཕྱག་མཐིལ་གནམ་ལྕགས་ལ་སོར་མོ་རྣམས་ཀྱི་རྩེར་གནམ་ལྕགས་ཀྱི་སྡིག་པ་མགོ་དགུ་པ་འཕྲོ་བ། ཞབས་འདོར་ཐབས་བརྐྱང་བསྐུམ་དུ་བགྲད་ཅིང་རང་འདྲའི་ཁྲོ་ཆུང་ཉི་ཟེར་གྱི་རྡུལ་ལྟར་འཕྲོ་བ། སྐུ་ལས་སྐྱེས་པའི་མེ་ཕུང་གི་ཀློང་དུ་སྤྲུལ་པའི་སྡེ་བརྒྱད་ཆ་ལུགས་དང་བཞོན་པ་སྣ་ཚོགས་པ་དྲག་པོའི་ང་རོ་སྒྲོག་ཅིང་མཐུ་སྟོབས་རྫུ་འཕྲུལ་ཚད་མེད་པའི་འཁོར་གྱིས་བསྐོར་བ། དབུ་གཙུག་ཏུ་དྲང་སྲོང་ཞི་བ། དེའི་སྤྱི་བོར་པད་འབྱུང་མཐིང་གསལ་རྡོར་དྲིལ་འཛིན་ཅིང་ཡུམ་དཀར་མོ་ལ་འཁྱུད་པ་ལོངས་སྐུའི་ཆས་ཅན། ཐུགས་ཀར་ཧྲཱིཿཡིག་ལས་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་པདྨ་དང་ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་རང་འདྲ་བ་གསུངས་པ་ནི་སྤྱི་མཐུན་ལྟར་ཡང་ཆོག་མོད། རྒྱུད་ཀྱི་དངོས་བསྟན་ལྟར་ཡང་ལེགས་པས་གསང་བདག་ཁྲོ་བོ་མཐིང་ནག །གཡས་རྡོ་རྗེ་ཕྱར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། སྟག་ཤམ་དང་སྦྲུལ་རྒྱན་ཅན། ཞབས་བརྐྱང་བསྐུམ་མེ་འོད་ཀློང་དུ་བཞུགས་པའི་ཐུགས་རིན་ཆེན་ཟུར་བརྒྱད་སྨུག་པོ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་ཉི་དཀྱིལ་ལ་ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་ནག་གསལ་ཞིང་འོད་འཚེར་བ། ལྕེ་རྩའི་ཕྱོགས་ཀྱི་མ་རྐན་ཨ་དཀར་པོ་འོད་དུ་ཞུ་བ་ལས་ཟླ་དཀྱིལ་ཉ་གང་བའི་སྟེང་དུ་ཨ་དཀར་པོ་ལ་ཞི་སྔགས་ཏྲཾ་དུས་གཡས་སུ་བསྐོར་བ། དེའི་སྟེང་དུ་ལྕེ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལེབ་ཆགས་སུ་གནས་པའི་ལྕེ་རྩེའི་རྭ་རྣམས་གདེངས་ཤིང་རྩ་བའི་རྭ་རྣམས་ཅུང་ཟད་ཟུམ་པ། ལྟེ་བ་སྦུབས་སྟོང་གི་ནང་དུ་ཉི་གདན་ལྟེ་བར་ཧཱུྃ་མཐིང་ནག་ལ་མདུན་ནས་བརྩམ་སྟེ་རྩ་སྔགས་གཡས་སུ་བསྐོར་བ། སྔ་ཕྱི་གཉིས་ཀའི་ས་བོན་སྔགས་ཕྲེང་གི་དབུ་གྱེན་འགྲེང་ཡ་རྐན་ཕྱོགས་སུ་གཏད་ཅིང་འོད་ཟེར་འཕྲོ་བ། ལྕེ་རྩེའི་ཕྱོགས་ཀྱི་རྭ་དགུའི་རྩེ་མོར་ཕཊ་ཡིག་དམར་པོ་རེ་རེས་མཚན་པ་ལས་མེ་བུན་བུན་མཆེད་ཅིང་ཚྭ་ཚྭ་ཐོར་ཐོར་ཚག་སྒྲ་དང་བཅས་ཏེ་རྒྱུག་པར་བསྒོམས་ལ་གནས་གསུམ་བྱིན་བརླབ་སོགས་གཞུང་ལྟར་བྱ། ལས་སྦྱོར་བཅས་དང་འབྲེལ་བའི་སྐབས་མཆོད་རྟེན་སོགས་སྲུང་འཁོར་ཕྱི་ནང་མངོན་རྟོགས་དང་སྦྲེལ་ནས་བསྒོམ་དགོས་ཀྱང་། ཐོག་མའི་བསྙེན་སྒྲུབ་ཀྱི་སྐབས་འདིར་ནི་དེ་དག་མི་དགོས་པས་འདིར་ཡང་འབྲི་ལུགས་རྒྱུན་ཁྱེར་སོར་བཞག་མཛད་པའོ། །ཆེ་བའི་ང་རྒྱལ་བསྐྱེད་པའི་སྐབས། དྲག་པོ་གནམ་ཐོག་གི་རྒྱུད་ལས། འགྲོ་བ་འདི་རྣམས་ཐམས་ཅད་ཀུན༔ བྲན་དང་གཡོག་ཏུ་བསམ་པར་བྱ༔ ཞེས་དང་། མན་ངག་གཏེར་གཞུང་ལས་ཀྱང་རྒྱས་པར་བཤད་པ་ལྟར། རང་ཉིད་སྲིད་གསུམ་སྐྱེ་འགྲོ་ཐམས་ཅད་ཀྱི་རྗེ་བོ། སྲོག་འཕྲོག་དྲེགས་བྱེད་ཀུན་གྱི་བདག་པོ། དེ་ཐམས་ཅད་ཀྱི་སྲོག་སྙིང་བདག་ལ་ཡོད་ཅིང་། དེ་རྣམས་ལྟ་ཅི་སྨྲོས་ལྷ་ཡེ་ཤེས་པ་ཐམས་ཅད་ཀྱང་རང་གི་བཀའ་འོག་ན་ཡོད་པས་མདོར་ན་འཁོར་འདས་ཐམས་ཅད་ཀྱི་བདག་པོ་ཆེ་བཙན་འགྲན་ཟླ་དང་བྲལ་བ་ང་ལས་ཆེ་བ་སུའང་མེད་སྙམ་པའི་ང་རྒྱལ་བརྟན་པོ་ལ་དུས་རྟག་ཏུ་གནས་དགོས་ཤིང་། དེ་ལྟ་བུའི་ངང་ནས་ལྕེ་རྡོ་རྗེ་རྩེ་དགུ་པའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་བུན་གྱིས་བྱུང་བ་རྭ་རྩེའི་ཕཊ་རྣམས་ལ་ཕོག །དེ་རྣམས་ལས་ཛཿདམར་པོ་རེ་རེ་བྱུང་བ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་རྣོ་མྱུར་ངར་ལྡན་བསམ་གྱིས་མི་ཁྱབ་པ་འཕྲོས་པས་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་སྙིང་ནས་དྲངས་ཏེ་དབང་མེད་དུ་བཀུག །ངུད་མོའི་སྒྲ་དང་བཅས་མདུན་དུ་འཁོད་པའམ་གནམ་ལྕགས་ཀྱི་བྲུབ་ཁུང་ཁ་དོག་ལ་གཏིང་ཟབ་པའི་ནང་དུ་བཅུག་པའི་སྤྱི་གཙུག་ཏུ། སླར་ཡང་ལྕེའི་ཧཱུྃ་ལས་སྤྲོས་པའི་གནམ་ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་ཤིན་ཏུ་ལྕི་ཞིང་མེ་འབར་བ་རེ་རེ་བཞག་སྟེ་མནན་པས་འགུལ་འཁྱོག་མི་ནུས་པ་འདར་ཕྲིལ་ཕྲིལ། དངང་ཡེད་ཡེད། ངུ་ཙིར་ཙིར་འཁོད་པར་བསམ་ལ་ཆེ་བསྐྱེད་བརྗོད་པས་དྲེགས་པ་སྡེ་བརྒྱད་ཐམས་ཅད་ཀྱི་སྲོག་བདག་ཉིད་ཀྱི་དབང་དུ་གྱུར་པར་བསམ། དཀྱུས་སུ་ཛཿཡིག་གི་དམིགས་པ་མི་གསལ་བ་ནི་མན་ངག་ཞལ་ལ་ལྟོས་པའི་དབང་དུ་མཛད་ཀྱི་ཚེ་འགུགས་དང་དགྲ་བགེགས་འགུགས་པ་སོགས་གང་གི་སྐབས་སུའང་མན་ངག་གི་གནད་འདི་གལ་ཆེ་བར་གསུངས། གཟུ་དཔང་སྐབས་དམིགས་པ་ནི་གཞུང་གསལ་ལྟར་རོ། །དེ་ནས་བཟླས་པའི་སྐབས་སུ་ཐོག་མར་བགྲང་ཕྲེང་བྱིན་བརླབ་གོང་སྨྲོས་ཞི་བ་ལྟར་ལ། ལྷ་བསྐྱེད་ཁྱད་པར། མདོ་འཛིན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པདྨ་ཉི་ཟླ་དང་བཅས་པའི་སྟེང་དུ་གསང་བདག་ལོཀྟྲི་པཱ་ལ་མཐིང་ནག་གཅེར་བུ་དྲག་ཏུ་ཁྲོས་པ། ཕྱག་བཞིའི་དང་པོ་གཉིས་ཐོ་བ་དང་རལ་གྲི །ཐ་མ་གཉིས་གནམ་ལྕགས་ཐལ་མོ་རྡེབ་པ། ཞབས་འདོར་སྟབས་སུ་བགྲད་པའི་འཁོར་དུ་ཕྲེང་རྡོག་རྣམས་སྤྲུལ་པའི་དྲང་སྲོང་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་སུ་གྱུར་པའི། ཞེས་གནས་གསུམ་བྱིན་བརླབ་སོགས་བྱས་ལ་དྲག་སྔགས་བཟླས་པས་བྱིན་བརླབ། ཞི་དྲག་སྦྲེལ་མའི་སྐབས་ཞི་བའི་བསྐྱེད་ཆོག་མི་བྱ་བར་ཐོག་མ་ནས་འདི་ལྟར་བྱས་པས་ཆོག །བཟླས་པ་དངོས་ལ། འདི་ཉིད་ཀྱི་རྒྱུད་ལས། དྲང་སྲོང་སྔགས་རྒོད་བཟླ་བའི་ཚེ༔ གནས་པ་རྩ་ལ་ཤེས་པར་བྱ༔ འདྲེན་པ་དཀྱིལ་དུ་ཤེས་པར་བྱ༔ གཅོད་པ་ལྕེ་ལ་ཤེས་པར་བྱ༔ མན་ངག་སེམས་ལ་ཤེས་པར་བྱ༔ ཞེས་ཐུན་མོང་མིན་པའི་གནད་བཞི་གསུངས་པའི་ངོས་འཛིན་ཉང་གཏེར་རྩ་རྒྱུད་ཀྱི་མཆན་དང་ཆོས་དབང་གཏེར་གཞུང་གནད་གསུམ་སྙིང་འགྲེལ་དང་ལས་ཁ་ཚར་རྣམས་ལ་འདྲ་མིན་བག་ཙམ་མཆིས་ཀྱང་དོན་གྱི་གནད་ཚང་ལ་མ་ནོར་ཕྱིན་བཤད་ཚུལ་ཇི་ལྟར་བྱས་ཀྱང་ཁྱད་མེད་ལ། འདི་ཉིད་ལ་རང་དབང་ཐོབ་པའི་བཀའ་བབ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཞབས་ཀྱིས་ལས་ཁ་ཚར་གྱི་མན་ངག་དང་མཐུན་པར། ལྕེའི་ཧཱུྃ་གི་འོད་ཀྱིས་སྡེ་བརྒྱད་བཀུག་པའི་སྤྱི་བོར་རྒྱ་གྲམ་བཞག་པ་དང་པོའི་དོན། ཡང་འོད་ཟེར་འཕྲོས་པས་སྡེ་བརྒྱད་ཀྱི་སྲོག་ཡིག་ཕྲོགས་ཏེ་རྡོ་རྗེའི་ལྟེ་བའི་གདན་དུ་བྱས་པ་གཉིས་པའི་དོན། རྡོ་རྗེའི་རྩེ་མོའི་ཕཊ་ལས་འཕྲོས་པའི་མེ་ཕུང་གིས་དགྲ་བགེགས་ཚར་བཅད་པ་གསུམ་པའི་དོན་དུ་གསལ་བར་གསུངས། སྐབས་དོན་དཀྱུས་སུ་བཀོད་པ་ལྟར་ན། གཙོ་བོ་ཀ་དག་རང་བྱུང་གི་གནས་ལུགས་རིག་སྟོང་ཟང་ཐལ་ཆེན་པོའི་ངང་དུ་མ་བཅོས་སོར་བཞག་ལྷུག་པར་སྐྱོང་བ་གཞིར་བྱས་ཏེ། ཐུགས་ཀའི་ཡེ་ཤེས་སེམས་དཔའི་དྭངས་སྲོག་ཧཱུྃ་སྔོན་ཤིན་ཏུ་གསལ་བ་ལ་ཐུན་དང་ཐུན་མཚམས་ཀུན་ཏུ་སེམས་གཏོད་པ་ནི་མན་ངག་སེམས་ཀྱི་གནད། མ་རྐན་ཟླ་དཀྱིལ་ལ་ཨ་དཀར་ཏྲང་དུས་བསྐོར་བ་ནི་འདྲེན་པ་དཀྱིལ་གྱི་གནད། དེ་སྟེང་ལྕེ་རྡོ་རྗེའི་ལྟེ་བར་ཧཱུྃ་སྔགས་ཕྲེང་གིས་བསྐོར་བ་གནས་པ་རྩའི་གནད་དུ་མཁས་པ་དག་བཞེད་པ་བཞིན་མཆན་གྱིས་གསལ་བ་དང་། གཅོད་པ་ལྕེའི་གནད་ནི་གཏེར་ཁ་གོང་འོག་ཞལ་མཐུན་གསལ་བར་གསུངས་པ་ལྟར་གོང་སྨྲོས་འབྲི་ལུགས་དང་འདྲའོ། །གང་ལྟར་ཐོག་མར་དེ་དག་གསལ་ལེགས་པར་བཏབ་ནས་ལྕེ་གནམ་ལྕགས་རྡོ་རྗེའི་ལྟེ་བའི་ཧཱུྃ་དང་སྔགས་ཕྲེང་ལ་སེམས་རྩེ་གཅིག་ཏུ་གཏད་དེ་རྩ་སྔགས་བཟླས་པའི་རྐྱེན་གྱིས། དེ་དག་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུ་ཀུན་ཏུ་འཕྲོས་པས་རྩ་གསུམ་མཆོད་ཅིང་བྱིན་རླབས་བསྡུ་བ་སོགས་ཞི་བའི་སྐབས་ལྟར་ལ། སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམས་དྲག་པོར་བསྒྱུར་ཏེ། བདག་དོན་བྱིན་རླབས་ཀྱི་བཟླས་དམིགས་བསྙེན་པ་ཇི་ཙམ་བྱེད་པའི་སུམ་ཆ་གཅིག་ཙམ་བྱ། གཞན་དོན་ཕྲིན་ལས་སྐབས་འདིར་མི་དགོས། ཟུང་འཇུག་བཟླས་པ་བསྐྱེད་རིམ་སྤྱིའི་གྲུབ་མཐའ་ཡིན་པས་ཐུན་མཚམས་སུ་བྱ། སུམ་ཆ་གཉིས་ལ་ཐུན་འགོར་དམིགས་པ་སྔ་མ་ཁྱུག་ཙམ་དང་། དངོས་གཞི་རྡོ་རྗེའི་ལྟེ་བའི་ཧཱུྃ་འོད་སྤྲོས་པ་སོགས་ཀྱིས་སོ་སོའི་སྲོག་ཡིག་སྙིང་གར་ཡོད་པའི་སྡེ་བརྒྱད་ཐམས་ཅད་མདུན་དུ་བཀུག་ཚུལ་ཆེ་བསྐྱེད་སྐབས་ལྟར་ལ། དེ་རྣམས་མདུན་དུ་སྐྲག་འདར་བྲེད་དངང་དང་བཅས་པས་ཐལ་མོ་སྦྱར་ནས་འཁོད་པ་ལ། འོད་ཟེར་སྔར་ལྟར་སྤྲོས་པས་སྡེ་བརྒྱད་དེ་དག་ལ་ཕོག་སྟེ་སྤྱིའི་སྲོག་ཡིག་ཏྲི། བྱེ་བྲག་སྒོས་སྲོག་ལྷའི་ཨ་དཀར་པོ། གཤིན་རྗེའི་ཡ། མ་མོའི་མ། བདུད་ཀྱི་དུ། དེ་གསུམ་ནག་པོ། གཟའི་རུ་ཁྲ་བོ། བཙན་དང་རྒྱལ་པོའི་ཙ་དམར་པོ། གནོད་སྦྱིན་དང་སྲིན་པོའི་ཤ་སེར་པོ། ཀླུ་དང་ས་བདག་གི་ན་སྔོ་སྐྱ་རྣམས་རང་དབང་མེད་པར་དྲངས་པས་སོ་སོའི་ཁ་ནས་ལྷུད་ལྷུད་བྱུང་བ་ཚུར་བཀུག །རྡོ་རྗེའི་ལྟེ་བའི་ཧཱུྃ་གི་གདན་དུ་ལེབ་ཆགས་སུ་འཁོད་པའམ་ཉི་གདན་ལ་ཐིམ་པས་ངོ་བོ་སྡེ་བརྒྱད་ལ་རྣམ་པ་ཉི་གདན་དུ་གྱུར་ནས་སྲོག་གཏའ་མར་ཚུད་པས། སྡེ་བརྒྱད་རྣམས་ཀྱིས་ཕྱག་འཚལ་ཞིང་ཅི་གསུང་བཀའ་བཞིན་བསྒྲུབ་པར་ཁས་བླངས་བྲོ་བོར་བར་བསམ་ལ་ཆེ་བའི་ང་རྒྱལ་དྲག་ཏུ་བསྐྱེད་ལ་བཟླ། ཐུན་མཐར་དྲག་སྔགས་ཀྱི་དམིགས་པ་ནི། ཅུང་ཟད་སྤྲོ་ན། མདུན་དུ་གནམ་ལྕགས་ཀྱི་ཁང་སྒྲོམ་གྲུ་གསུམ་གཏིང་ཟབ་པ་ནད་དུག་མཚོན་ཆའི་བུ་ཡུག་འཚུབས་པའི་ནང་དུ་ནྲྀ་དང་ཏྲི་ལས་བར་དུ་གཅོད་པའི་དགྲ་བགེགས་རྣམས་ཉམ་ཐག་པའི་ཚུལ་གྱིས་དངོས་སུ་འཁོད་པ་ལ། ལྕེའི་རྡོ་རྗེའི་རྭ་རྩེའི་ཕཊ་རྣམས་ལས་གནམ་ལྕགས་རྡོ་རྗེ་མེ་འབར་བའི་ཐུན་ཆར་སེར་དྲག་བརྒྱབ་པ་ལྟར་ཚག་སྒྲ་འུར་རྒྱངས་དང་བཅས་ཏེ་གནོད་བྱེད་ཀྱི་སྟེང་དུ་ཕབ་པས་རྩ་སྦུར་མེ་ཕུང་གིས་བཅོམ་པ་ལྟར་རྗེས་ཤུལ་ཙམ་ཡང་མི་དམིགས་པར་གྱུར་པར་བསམ། བསྡུ་ན་བྲུབ་ཁུང་མི་བསྒོམ་པར་དགྲ་བགེགས་གང་ན་གནས་པའི་སྟེང་དུ་རྡོ་རྗེའི་མེ་ཆར་ཕབ་པས་འཐུས་ཏེ་གཞུང་འདིར་དངོས་བསྟན་ལྟར་རོ། །དམོད་མོའི་ཐལ་རྡེབ་ཀྱི་དམིགས་པ་ནི་གཞུང་ཚིག་ཏུ་གསལ། གྲངས་ཚད་རབ་འབུམ་ཕྲག་བཅུ་སྟེ་བྱེ་བ། འབྲིང་སུམ་འབུམ། ཐ་མ་འབུམ་ཕྲག་གཅིག་འགྲོ་ངེས་པ་བྱ། དུས་ཀྱི་ཚད་ནི། རྒྱུད་ལས། རབ་ནི་ཞག་བདུན་དག་གིས་འགྲུབ༔ འབྲིང་ནི་བཅུ་བཞི་དག་གིས་འགྲུབ༔ ཐ་མ་ཉི་ཤུ་རྩ་གཅིག་གིས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་འབྱུང་། རྟགས་ཚད་ནི། སྤྱིར་དངོས་ཉམས་རྨི་ལམ་དུ་སྐུ་གསུང་ཐུགས་རྟགས་མཐོང་བའམ་རྙེད་པ་སོགས་དང་། བྱེ་བྲག་རྒྱུད་ལས་གསུངས་པ། རང་ལ་ཉི་མ་ཤར་བ། མཆོད་རྟེན་རྩེར་འཛེགས་པ། རང་ལུས་ལས་འོད་འབྱུང་བ། མཁའ་ལ་འཕུར་བ། མཚོན་རྣོན་ཐོགས་པ། གནོད་བྱེད་སྲོག་ཆགས་སྦལ་ལྕོང་སོགས་བསད་ཅིང་ཟ་བ། ལུས་ལས་རྣག་ཁྲག་དང་སྲོག་ཆགས་ཕྱིར་ཐོན་པ། ལྕེ་ལས་མེ་སྟག་འཕྲོ་བ་སོགས་བཟང་བའི་འགྲུབ་རྟགས་དང། ཕྱར་ནག་གྱོན་ཅིང་འདམ་ཆུར་ཉལ་བ། མཚོན་ཆ་ཆག་པ། ཚུར་ལ་རྒོལ་བའི་རིགས་སོགས་གོང་ལས་ཟློག་པའི་རིགས་རྣམས་ངན་ཅིང་། བཟང་པོ་ལ་དགའ་བྲོད་དང་ངན་པ་ལ་ཡི་མུག་མི་བྱ། གང་ལའང་རེ་དོགས་སྤངས་ནས་ངན་རྟགས་བྱུང་སྐབས་དམོད་པ་དང་ཐལ་རྡེབ་ནན་དུ་བྱ། འོན་ཀྱང་དེང་སང་དུས་དབང་གི་དུས་རྟགས་ལ་ཚད་བཟུང་ངེས་རྙེད་དཀོན་པས། གྲངས་བསྙེན་གཙོར་བྱ། དེའང་ནུས་པ་ཐོན་ངེས་བྱེད་ན་གཞུང་བཤད་ཉིད་བཞི་འགྱུར་དུ་བཟླ་ནུས་ན་ངེས་པར་ཇི་སྐད་བཤད་པའི་འབྲས་བུ་འབྱིན་པར་འགྱུར་རོ། །ནུས་པའི་ཚད་ཀྱང་རྒྱུད་ལས། བྱ་དང་ཁྱི་ལ་བཏབ་ན་ཡང༔ ལིང་གིས་སོང་ན་འགྲུབ་པའི་རྟགས༔ ཅེས་པས་དེ་དག་ལ་ལྷའི་ང་རྒྱལ་གྱིས་དྲག་སྔགས་བཟླས་པའི་ཕུ་བཏབ་པའམ་སྡིགས་མཛུབ་གཏད་པ་ཙམ་གྱིས་ཤི་བའམ་དྲན་མེད་དུ་འགྱུར་བ་དང་། སླར་དྲན་པ་གསོ་བའང་ཚེགས་མེད་དུ་འགྲུབ་པ་ནི་མཐར་ཕྱིན་པ་སྟེ། དེའི་ཡོན་ཏན་རྒྱུད་ལས། འདི་ལྟ་བུ་ཡི་སྔགས་རྒོད་འདིས༔ ཉི་ཟླའི་འོད་ཀྱང་འཕྲོག་པར་ནུས༔ དཔག་བསམ་ཤིང་ཡང་གཅོད་པར་ནུས༔ ལྷ་སྲིན་སྡེ་བརྒྱད་འཆི་བར་ནུས༔ མི་དང་འབྱུང་པོ་སྨྲོས་ཅི་དགོས༔ ཞེས་བརྟན་གཡོའི་དངོས་པོ་ཐམས་ཅད་བརླག་པར་བྱེད་ནུས་པར་གསུངས་ཤིང་། དེ་ཙམ་མ་བྱུང་ཡང་སྤྱིར་སྒོམ་བཟླས་བྱས་པའི་ཡོན་ཏན་གཞུང་རྩ་བར། བསམ་དང་དྲན་དང་བཟླས་ཙམ་གྱིས༔ བར་གཅོད་སེལ་བར་ཐེ་ཚོམ་མེད༔ ཅེས་གསུངས་པས། སྙིགས་དུས་ནག་ཕྱོགས་ཤུགས་བདོ་བའི་སྡེ་བརྒྱད་འབྱུང་པོ་མ་རུངས་པ་རྣམས་ཀྱི་གཉེན་པོར་ཡི་དམ་གཞན་གང་ལས་ཀྱང་ཟབ་ཅིང་རྣོ་མྱུར་དང་ལྡན་པ་རིག་འཛིན་བརྒྱུད་པའི་ཉམས་མྱོང་གིས་གྲུབ་པས་བློ་གཏད་འཆའ་ནུས་པ་ཡོད་ན་འདྲེ་ངན་རྣམས་ཀྱི་དབང་དུ་མི་འཆོར་ངེས་པར་སྣང་ངོ་། །གསུམ་པ་རྗེས་ལ་གཉིས། ལས་སྦྱོར་དང་། འཕྲོས་དོན་ནོ། །དང་པོ་ནི། དེ་ལྟར་བསྙེན་སྒྲུབ་ལེགས་པར་གྲུབ་པའི་རྗེས་སུ། སྲུང་བ་དང་ཟློག་བསད་ཐུན་མོང་བ་ཙམ་གྲུབ་ན་ལེགས་པས་དེ་དག་གི་ཡིག་ཆ་རྡོ་རྗེའི་ཐོག་འབེབ་ལྟར་འགྲུབ་ན་པུ་རིའི་བཅས་བསྒྲིག །མི་འགྲུབ་ན་པུ་རིའི་ཚབ་གཏོར་མ་ལ་བརྟེན་པ་སོགས་དེར་གསལ་ལྟར་བདུན་གསུམ་སོགས་སམ་བདུན་གཅིག་གིས་མཐའ་རྟེན་པ་བསྒྲུབས་ཟིན་པའི་ཕྱིར་ནངས་ཐོར་ཐུན་ལ་ལས་བྱང་ཚོགས་སྐོང་དང་འབྲེལ་བར་དངོས་གྲུབ་ལེན་ཆོག་བྱ་ཞིང་རྗེས་རིམ་མཐར་རྒྱས་སུ་གཏང་། ཐོ་འགྲོལ་གནས་སྲུང་སོགས་སྤྱི་དང་མཐུན། སྲུང་ཟློག་དེ་ཙམ་ཡང་མི་འགྲུབ་ན་ལས་སྦྱོར་གྱི་ས་བཅད་ཙམ་དུ་ཆོས་རྒྱལ་རཏྣའི་གསུང་ལས་འབྱུང་བ་སྤྲོས་མེད་ཀྱི་ཉམས་ལེན་ནི། བསྙེན་ཚད་གྲུབ་པའི་ཐོར་ཐུན་དང་སྔ་ཐུན་ལ་དྲག་པོའི་རྩ་སྔགས་བཟླ་བ་ཡན་ཁྱུག་ཙམ་བཏང་ནས་སྲུང་དམིགས་ནི། ཡི་དམ་ཐུགས་ཀར་རིན་པོ་ཆེའི། །གུར་ཁང་ནང་གི་དབུས་དག་ཏུ། །རང་སེམས་དྲི་མེད་འོད་ཟེར་བསྒོམ། །མདུན་དུ་བླ་མ་སློབ་དཔོན་བསམ། །གཡས་སུ་ཕོ་དང་གཡོན་དུ་མོ། །རྒྱབ་ཏུ་བསྲུང་བྱ་ནོར་སོགས་གསལ། །འོག་ཏུ་ས་མཁར་ཡུལ་ཞིང་རྣམས། །གསལ་ལ་མ་འདྲེས་རྫོགས་པར་གྱུར། །ཨོཾ་ལོཀྟྲི་པཱ་ལ་ནན་སྲུངས། ས་ག་པཱ་ཤ་ནན་སྲུངས། ནཱ་ག་དུ་དུ་ནན་སྲུངས། མ་མཾ་མ་མཾ་སྲུངས། ཙིར་ཙར་ཙིར་ཙར་སྲུངས། བཾ་རུ་ལུ་བཾ་རུ་ལུ་སྲུངས། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སྲུངས། ཧོ་ར་ཧོ་ར་སྲུངས། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །ནྲྀ་བྷྲཱུྃ་ཧཱུྃ་ཛཿ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་བཟླ་ཞིང་ཐུན་མཐར་དྲག་སྔགས་རིང་མོ་ཐལ་རྡེབ་སོགས་སྔར་ལྟར། དགོང་ཐུན་ལ་དྲག་པོའི་རྩ་སྔགས་འཕྲོས་སུ་ཟློག་དམིགས་ནི། རང་ཉིད་ཁྲོ་བོའི་མཐའ་ཕྱག་གཉིས། །གནམ་ལྕགས་ལག་མཐིལ་སྡིགས་མཛུབ་དབུས། །དགྲ་བགེགས་བྱད་མ་ལྷར་བཅས་གསལ། །ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་ཟློག །ས་ག་པཱ་ཤ་ནན་བྷྱོ་ཟློག །ནཱ་ག་དུ་དུ་ནན་བྷྱོ་ཟློག །མ་མཾ་མ་མཾ་བྷྱོ་ཟློག །ཙིར་ཙར་ཙིར་ཙར་བྷྱོ་ཟློག །བཾ་རུ་ལུ་བཾ་རུ་ལུ་བྷྱོ་ཟློག །རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་བྷྱོ་ཟློག །ཧོ་ར་ཧོ་ར་བྷྱོ་ཟློག །ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོ་ཟློག །ཅེས་བཟླ། མཐར་ནི་ཐལ་མོ་བརྡབས་པ་ཡིས། །བྱད་མ་བཅོམ་པའི་ཤ་དང་ཁྲག །དགྲ་བགེགས་བྱད་མ་ཁོ་རང་གི །ལྷ་སྲུང་དག་གིས་ཟོས་པར་བསམ། །ཐམས་ཅད་རྩ་སྦུར་བསྲེགས་པ་ལྟར། །རྗེས་ཤུལ་མེད་པར་བསྲེགས་པར་བསྒོམ། །སྔགས་ལན་གསུམ་དང་ཐལ་རྡེབ་བྱ། སྤུ་གྲི་ཕྱིན་སྔར་ལྟར་རོ། །སྲོད་ཐུན་ལ་རྩ་སྔགས་འཕྲོས་སུ་བསད་དམིགས་ནི། རང་ཉིད་ཁྲོ་བོའི་ལག་མཐིལ་དབུས། །དགྲ་བགེགས་ཕོ་མོ་དངོས་སུ་གསལ། །བདེན་བརྗོད་བཅས་འགུགས་གཞུག་ཚིག་བརྗོད་པའམ་དམིགས་པ་དྲག་ཏུ་བྱ། བསད་སྔགས་བཟླས་པས་སོར་སྡིག་རྣམས། །ཟ་རྔམས་ཁ་གདངས་མཆེ་གཙིགས་པས། །དགྲ་བོའི་ཤ་ཟོས་ཁྲག་འཐུང་སྟེ། །གནམ་ལྕགས་ཐལ་མོས་གཟུགས་ཕུང་ཀུན། །ལྷག་མེད་རྡུལ་བཞིན་བརླགས་པར་གྱུར། །ཨོཾ་ལོཀྟྲི་པཱ་ལ་ནན་སོད། ས་ག་པཱ་ཤ་ནན་སོད། ནཱ་ག་དུ་དུ་ནན་སོད། མ་མཾ་མ་མཾ་སོད། ཙིར་ཙར་ཙིར་ཙར་སོད། བཾ་རུ་ལུ་བཾ་རུ་ལུ་སོད། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སོད། ཧོ་ར་ཧོ་ར་སོད། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་སོད། ནྲྀ་ཏྲི་མཱ་ར་ཡ་རྦད་ཡཱ། ཅེས་བཟླ། ཐུན་མཐར་སྤུ་གྲི་སོགས་སྔར་བཞིན་ནོ། །འདི་དག་གི་ཚེ་ཐུན་མཚམས་ལ་འཇུག་པ་ན། རང་ལུས་གནམ་ལྕགས་རྡོ་རྗེ་ནི། །ཡར་རྩེ་ནམ་མཁའི་མཐོངས་ལ་ཐུག །མར་རྩེ་དབང་ཆེན་གཞི་ལ་རེག །རྩེ་མོ་རབ་ཏུ་རྣོ་ངར་ལྡན། །བྱད་མའི་ལྕེ་ཡིས་བྲང་ཁེབས་དབུས། །སྙིང་དབུས་ནྲྀ་བཅས་དཀྱིལ་དུ་གཟེར། །རྩེ་མོའི་བར་དུ་བྱད་མ་ཡི། །ཆོས་སྐྱོང་ལྷ་སྲུང་ཕོ་ཉར་བཅས། །ལྟེ་བར་ཞེ་སྡང་རྡོ་རྗེ་ནི། །སེམས་དཔའ་སུམ་བརྩེགས་ལྟ་བུའི་ཚུལ། །ཕྱག་རྡོར་དྲང་སྲོང་དང་བཅས་བསམ། །ཡར་གྱི་རྭ་རྩེའི་ནང་དུ་ནི། །བླ་མ་སངས་རྒྱས་བྱང་སེམས་དང་། །རྩེ་མོར་བྱ་ཁྱུང་ནག་པོ་ནི། །སྦྲུལ་གདུག་བཟུང་ཞིང་འབར་དབུས་གནས། །ཐམས་ཅད་བདག་ལ་སྲུང་བ་ཡི། །འདུན་པ་རྩེ་གཅིག་ངང་ལ་བཞག །ཏྲང་དུ་ལོཀྟྲི་བརྒྱ་རྩས་བརྟན། །ཞེས་པ་ལྟར་བྱ། དེ་ལྟ་བུའི་ལས་སྦྱོར་ཞག་གསུམ་བདུན་སོགས་གྲུབ་པའི་ཕྱིར་ནངས་དངོས་གྲུབ་ལེན་ཆོག་མདོར་བསྡུས་རིགས་མཐུན་གྱི་གཞུང་གང་ལ་བརྟེན་ཀྱང་ཆོག་མོད། སྤྲོས་པ་ལ་དགྱེས་པ་རྣམས་ཀྱི་ལུགས་ལྟར་ན། སང་ཉིན་གྲོལ་རྒྱུའི་དགོང་ཐུན་སྐབས་དཀྱིལ་འཁོར་མདུན་དུ་ཚེ་འབྲང་། ཚེ་རིལ་ཆང་། དཀར་མངར་ཤིང་ཏོག་ཤ་ཆང་སོགས་དངོས་གྲུབ་ཀྱི་རྫས་ཅི་འབྱོར་བཤམ། ཐུན་མཇུག་ཏུ་སྒྲུབ་གཏོར་ལྷར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་སྟེ་བདག་དང་བསྒྲུབ་རྫས་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ། སྔགས་ཤམ་དུ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་ཅི་འགྲུབ་བཟླས་ལ་བྱིན་བརླབ། གྲོལ་ནངས་ལས་བྱང་བཟླས་པ་དངོས་གཞི་ཡན་བཏང་། དྲག་སྔགས་དང་ཐལ་རྡེབ་མི་དགོས། གཏོར་འབུལ་དང་ཚོགས་ཐ་མའི་བར་སོང་ནས། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཞེས་དང་། དྲག་སྔགས་ཀྱིས་བགེགས་བསྐྲད་ལ་ལས་བྱང་ལྟར་སྲུང་འཁོར་བསྒོམ། བྱིན་འབེབ་ཀྱིས་དངོས་གྲུབ་ཀྱི་དམ་རྫས་ལ་བྱིན་དབབ། རང་ཉིད་གསང་བདག་ཏུ་གསལ་བའི་གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་གནས་པ་ལས་འོད་ཟེར་གློག་གི་ཞགས་པ་ལྟར་རྣོ་ཞིང་མྱུར་བར་སྤྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བརྟན་གཡོ་སྣོད་བཅུད་མ་ལུས་པའི་ཚེ་བསོད་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ལུས་པ་བསྡུས། དངོས་གྲུབ་ཀྱི་དམ་རྫས་རྣམས་ལ་ཐིམ་པར་གྱུར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ནྲྀ་ཛཿཧཱུྃ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་བཟླས་རྗེས། ཧཱུྃ། ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས། །བདག་ཉིད་རིག་འཛིན་སྒྲུབ་པ་པོས། །ཛཔ྄་བསྙེན་གྲངས་སུ་ཐེམས་ཟིན་གྱིས། །བསྐྱེད་རྫོགས་དྲོད་ཚད་ཐོབ་ཟིན་གྱིས། །ཐུགས་དམ་གཉན་པོ་བསྐངས་ཟིན་གྱིས། །སྒྲུབ་པའི་ཞག་གྲངས་ཐེམས་ཟིན་གྱིས། །རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ། །དངོས་གྲུབ་འབྱུང་བའི་དུས་ལ་བབས། །དམ་ཅན་ཐུགས་དམ་བདག་བསྐུལ་གྱིས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། །དམ་བཅའ་མ་གཡེལ་དེང་དགོངས་ལ། །དངོས་གྲུབ་དམ་པ་ད་ལྟར་སྩོལ། །ཅེས་ལན་གསུམ་བརྗོད་ལ་དངོས་གྲུབ་ལེན་པ་ནི། ཧོཿ ནམ་མཁའི་ཁམས་མཉམ་བཅོམ་ལྡན་གསང་བའི་བདག །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིན། །གསུང་གི་དངོས་གྲུབ་འགགས་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོག་མཉམ་པའི་ངང་། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཆེན་གཏེར། །ཕྲིན་ལས་དངོས་གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་རྣམ་གཉིས་དགོས་འདོད་ཡིད་བཞིན་ནོར། །ཇི་ལྟར་བསམ་པའི་དངོས་གྲུབ་བསྩལ་དུ་གསོལ། །གནས་སྐབས་ནད་གདོན་བར་གཅོད་ལ་སོགས་པ། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དབང་། །མངའ་ཐང་སྙན་གྲགས་འདོད་རྒུ་རྒྱས་པ་དང་། །མོས་བཞིས་ཁམས་གསུམ་སྲིད་གསུམ་ལྷ་མིའི་ནོར། །ཡིད་ལ་གང་འདོད་དབང་དུ་འདུ་བ་དང་། །བསྟན་དང་བླ་མར་དོ་བསྡོ་རང་ལ་འཚེ། །དགྲ་བགེགས་གང་བྱུང་དྲག་པོས་བསྒྲལ་བ་སོགས། །རྣམ་བཞིའི་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །མཐར་ཐུག་བདག་དོན་ཕུན་ཚོགས་གསང་བའི་བདག །ཡེ་ཤེས་སེམས་དཔའི་གོ་འཕང་མྱུར་ཐོབ་ཅིང་། །གཞན་དོན་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །གང་ལ་གང་འདུལ་གཟུགས་སྐུའི་ཆོས་བསྟན་ནས། །རྫོགས་པའི་སངས་རྒྱས་ས་ལ་རབ་འགོད་པའི། །དོན་གཉིས་ཕུན་ཚོགས་དངོས་གྲུབ་དེང་སྩོལ་ཅིག །ཅེས་དང་སྒྲུབ་གཏོར་ཞི་དྲག་དཔྲལ་བ་སོགས་གནས་བཞིར་གཏུགས་ལ། ཨོཾ་གུ་ཧྱ་པ་ཏི་མ་ཧཱ་རྀ་ཥི། ཞེས་པ་རེ་རེའི་མཇུག་ཏུ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཕ་ལ་ཧོཿ ཞེས་བཏགས་པ་བརྗོད་ལ་དངོས་གྲུབ་ཀྱི་རྫས་རྣམས་ལོངས་སྤྱད། ཚོགས་ལ་རོལ་ཅིང་ལྷག་མ་ཕྱི་རོལ་དུ་གཏང་། སྲུང་མའི་གཏོར་འབུལ། ཆད་བརྟན་རྟ་བྲོའི་བར་དང་། མཆོད་ཁ་གསོས་ལ་གཏང་རག་མཆོད་བསྟོད། ཁ་སྐོང་དབྱངས་གསལ་སོགས། ནོངས་བཤགས། གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་བཅས་སོ་སོར་རྒྱས་པར་བྱ། མཚམས་ཁོང་དེ་ཉིད་དུ་བཟླས་པའི་བཅུ་ཆའི་ཁ་སྐོང་གི་སྦྱིན་སྲེག་ཀྱང་འགྲུབ་ན་ལེགས་པས་ཞི་བ་ལས་ཐམས་ཅད་པ་ལྟར་ཏིལ་ལ་གྲངས་གཟུང་། སྐབས་དེར་མ་འགྲུབ་ན་ནམ་བདེར་བགྱིས་པས་ཀྱང་ཆོག །ཐོ་དྲུང་རྒྱལ་ཆེན་ལ་གཏོར་འབུལ་སོགས་བགྱིས་ཏེ་ཕྱི་མཚམས་བཀྲོལ་ལ་རིམ་གྱིས་བག་གསེང་བར་བྱའོ། །གཉིས་པ་འཕྲོས་དོན་ནི། འདི་ཉིད་ཀྱི་བསྙེན་སྒྲུབ་ལེགས་པར་ཐེམས་ནས་རྩ་རྒྱུད་ལེའུ་བཅུ་བདུན་པ་དང་། གཞུང་ཚན་ཉེར་བདུན་པ་མན་ངག་དང་བཅས་པ་ལས་བཤད་པའི་ལས་རབ་འབྱམས་སྤྱི་དང་། བྱེ་བྲག་སྲུང་ཟློག་བསད་མནན་ཁྱད་པར་བ་རྣམས་སྒྲུབ་པ་ལ་དབང་བ་ཡིན་ཞིང་། དྲང་སྲོང་ཞི་བ་ལ་བསྟེན་པའི་ཚེ་ནོར་ཐུན་མོང་དུ་སྒྲུབ་པ་དང་། ཤེས་རབ་སྒྲུབ་པ་སོགས་ནི་འབྲི་གུང་པ་ཡབ་སྲས་ཀྱི་གསུང་ལས་ཤེས་པར་བྱ། དཀྱུས་སུ་ཉེར་མཁོ་ཚེ་སྒྲུབ་པའི་གདམས་ངག་ནི། ཞི་བའི་བསྙེན་པ་ཐེམས་ནས་ཐོག་མར་ཏྲཾ་དུ་བརྒྱ་རྩ་ཙམ་བཟླ། དེ་ནས། ཐུགས་ཀར་ཉི་ཟླའི་གྭའུའི་དབུས་སུ་ཏྲཾ་དཀར་པོའི་མཐར། ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿམ་མ་ཨཱ་ཡུཿཚེ་བྷྲཱུྃ་ནྲྀ་ཛཿ ཞེས་བྱ་བ་མུ་ཏིག་གི་ཕྲེང་བ་ལྟ་བུས་བསྐོར་བ་ལས་འོད་ཟེར་འཕྲོས། བརྟན་གཡོ་སྣོད་བཅུད་མ་ལུས་པའི་ཚེ་བཅུད་རོ་ནུས་ཡོན་ཏན་ཐམས་ཅད་བསྡུས་ཏེ་རང་གི་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་པར་དམིགས་ལ་བཟླས་པ་ཅི་ལྟར་འོས་པ་བྱ། ཚེ་འགུགས་སྤྲོ་ན་སྤྱི་འགྲེ་བྱང་གཏེར་ལྟ་བུ་ཅུང་ཟད་ཁ་བསྒྱུར་བའམ་བུ་ལོད་རིན་བཟང་གིས་མཛད་པ་ལྟར་བྱ། ཞི་བ་འདིའང་ཆོས་དབང་གཏེར་གཞུང་ལས། སྲུང་བའི་དུས་ལྷའི་དྲང་སྲོང་དྲི་མེད་དཀར་པོ། །ཟློག་པའི་དུས་མིའི་དྲང་སྲོང་ལེགས་ལྡན་དམར་སེར། བསད་པའི་དུས་མུ་སྟེགས་བྲམ་ཟེ་མཐིང་ནག་ཏུ་བསྒོམ་པར་གསུངས་པ་དང་། ཕྱག་མཚན་ཡང་ཟློག་པའི་སྐབས་གཡས་གསེར་གྱི་རྡོ་རྗེ་ཕྱར་བ་དང་། བསད་པ་ལ་གསེར་གྱི་སྤུ་གྲི་བསྣམས་པའི་དམིགས་པ་སྤོས་ན་གནད་དུ་འགྲོ་བར་སྣང་། དྲག་པོ་ལའང་ཞལ་གསུམ་ཕྱག་དྲུག་པར་བསྒོམ་ཚུལ་སོགས་ཀྱང་སྣང་མོད། ཕྱག་བཞི་པའི་སྐབས་འདིར་ཡང་ཕྱག་ཐ་མ་གཉིས་ཟློག་བསད་སྦྲགས་མ་ལ་དཀྱུས་ལྟར་དང་། སྲུང་བ་ལ་མཆོད་རྟེན་རེ་རེ། མནན་པ་ལ་རི་རབ་བཏེགས་པ། ཟོར་གྱི་སྐབས་སུ་ཟོར་རྫས་ཐོགས་པ། རྒྱུན་གྱི་ཟློག་པ་ལ་གནམ་ལྕགས་ཐལ་མོ་བསྒྱུར་བ་མན་ངག་ཏུ་འདུག་གོ །པུ་རིའི་བསྒོམ་དོན་སྐབས་སུ། བྱང་ཆེན་མཆོད་རྟེན་གྱི་གདན་ཁྲིའི་ཤར་ལྷོར་ཛཿལས་སྟག་གདོང་མ། ལྷོ་ནུབ་ཧཱུྃ་ལས་སྤྱང་གདོང་མ། ནུབ་བྱང་བཾ་ལས་ཕག་གདོང་མ། དེ་གསུམ་སྔོན་མོ། བྱང་ཤར་ཧོཿལས་ཕག་གདོང་མ་ལྗང་གུ །གཡས་རྣམས་ལྕགས་ཀྱུ་ཞགས་སྒྲོག་དྲིལ་བུ། གཡོན་ཐམས་ཅད་ལྕགས་ཕུར་མེ་འབར། བྲེའི་ཕྱོགས་བཞིའི་རྡོར་སེམས་སོགས་དང་སྟེང་དུ་རྣམ་སྣང་བཅས་གཡས་རྣམས་རང་རྟགས་གཡོན་རྣམས་ཕུར་བུ། རྣམ་སྣང་དབུ་གཙུག་ཚེ་དཔག་མེད་དམར་པོ་གཡས་བུམ་པ་གཡོན་འཁོར་ལོ་འཛིན་པ། དེ་ཐམས་ཅད་ཁྲོ་ཞིང་གཏུམ་པ་རིན་པོ་ཆེའི་རྒྱན་ལྡན་བཞེངས་སྟབས་སུ་སྲུང་བ་ལ་ཞལ་ནང་གཟིགས་སྲུང་སྔགས་སྒྲོག་ཅིང་། ཟློག་པ་ལ་ཕྱིར་གཟིགས་ཟློག་སྔགས་དང་དམོད་མོ་དྲག་ཏུ་སྒྲོག་ཅིང་བཞུགས་པར་བསྒོམ། ཕྱི་རོལ་སྲུང་འཁོར་ཡང་སྤྲོ་ན་ཐུགས་སྲོག་ཧཱུྃ་ལས་རིགས་ལྔ་དང་འབྱུང་བའི་ས་བོན་རྣམས་རིམ་པར་སྤྲོས་པ་ལས་བསྐྱེད་པ་དང་། བར་མཚམས་རྣམས་སུ་ཁྲོ་བོ་ཁྲོ་མོ་སོ་སོའི་རང་མདོག་ཕྱག་མཚན་འཛིན་པས་གཏམས་པ་སོགས་ཀྱང་བསྒོམ་པར་བཤད་མོད། དམིགས་པའི་རྣམ་པ་རྒྱས་བསྡུས་ཇི་ལྟར་ཡང་གསལ་ཞིང་བརྟན་པ་ཁོ་ན་གནད་དུ་ཟབ་བོ། །གཞན་མཚམས་ཀྱི་སྐབས་སུ་གལ་ཆེ་བའི་སྤང་བླང་རྣམས་ནི་སྤྱི་ལྟར་ཤེས་པས་ལག་ཏུ་ལེན་པ་གལ་ཆེའོ། །དྲང་སྲོང་བདེན་མཐུའི་དམོད་པ་ཐོགས་མེད་གྲུབ། །བསྟན་འགྲོར་སྡང་བའི་མི་དང་མི་མིན་ཀུན། །ཉིན་བྱེད་གཟི་ཡིས་མུན་པ་ལྟར་བཅོམ་ནས། །ཕན་བདེའི་སྣང་བས་འཛམ་གླིང་ཀུན་ཁྱབ་ཤོག །ཅེས་པའང་ཉེར་མཁོར་མཐོང་ནས་བརྗོད་དོན་རྣམ་གསལ་སྙིང་པོར་དྲིལ་ཏེ། དྲག་སྔགས་བཀའ་བབས་ཀྱི་ལུང་བཟང་ཐོབ་པ་དུས་ཞབས་ཀྱི་རིག་སྔགས་འཆང་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་བྱེ་བྲག་བཛྲ་ཙིཏྟ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).