Terdzo-KA-006

From Rinchen Terdzö
Revision as of 12:23, 24 February 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྻའི་ཕྲེང་བ

zab mo'i gter dang gter ston grub thob ji ltar byon pa'i lo rgyus mdor bsdus bkod pa rin chen bai DUr+Ya'i phreng ba
Alternate Title: གཏེར་སྟོན་བརྒྱ་རྩའི་རྣམ་ཐར (gter ston brgya rtsa'i rnam thar)

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
Volume 1 (ཀ) / Pages 341-765 / Folios 1a1 to 213a4

[edit]

༄༅། །ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྻའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བུདྡྷཱདི་པདྨཱ་ཀ་ར་པཱ་དཱ་ཡ། སྟོབས་བཅུའི་བདག་ཉིད་སྲས་དང་བཅས་པའི་གསང་གསུམ་ཡོན་ཏན་ཕྲིན་ལས་་་་་ཀུན། །གཅིག་བསྡུས་སྙིགས་མའི་འགྲོ་ལ་སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །ཕྱོགས་བཅུ་དུས་བཞིའི་དབྱིངས་སུ་བསམ་ཡས་རྣམ་པར་ཐར་པའི་སྤྲིན་བཀོད་པ། །དཀོན་མཆོག་ཀུན་འདུས་པད་འབྱུང་ཞབས་ལ་མི་ཕྱེད་གུས་པས་ཕྱག་བགྱིའོ། །ཤེས་རབ་ཕར་ཕྱིན་བདེ་ཆེན་དགྱེས་པའི་གར། །གུ་རུ་ཉིད་དང་དགོངས་མཉམ་གསང་མཛོད་འཛིན། །བོད་འབངས་སྐྱོབ་པའི་ཡུམ་གཅིག་བཀའ་དྲིན་ཅན། །དབྱིངས་ཕྱུག་མཚོ་རྒྱལ་སྙིང་གི་ཟེའུ་འབྲུར་བསྟི། །འཇམ་མགོན་ཆོས་རྒྱལ་ཁྲི་ལྡེ་ཡབ་སྲས་དང་། །འཇིག་རྟེན་མིག་གཅིག་རྣམ་སྣང་ལོ་ཙཱ་སོགས། །པདྨས་རྗེས་བཟུང་མཁས་ཤིང་གྲུབ་པའི་མཆོག །འགྲན་བྲལ་བསྟན་སྐྱོང་རྣམས་ལ་གུས་ཕྱག་འཚལ། །སྨོན་ལམ་དབང་གིས་རྣམ་འཕྲུལ་མཐའ་ཡས་པས། །བསྟན་ཞབས་གཏེར་སྐྱོང་གངས་ཅན་རིས་མེད་པ། །སྐྱོབ་པའི་དཔུང་གཉེན་ཉང་རལ་ཆོས་དབང་སོགས། །སྤྲུལ་པའི་གཏེར་སྟོན་རིམ་བྱོན་རྣམས་ལ་འདུད། །དེ་ཀུན་ངོ་མཚར་གསང་བ་ཟབ་མོ་དང་། །དེ་བསྟན་འཛིན་སྤེལ་སྐྱོང་བའི་བཀའ་བབས་པ། །དོན་གཉིས་མཐར་ཕྱིན་སྣ་ཚོགས་ཕྲིན་ལས་ཀྱིས། །བསྟན་འགྲོའི་མགོན་གྱུར་ཀུན་ཀྱང་བསྔགས་པར་བགྱི། །འཕགས་པའི་རྣམ་ཐར་ཀུན་གསལ་ཡངས་པའི་མཐའ། །བྱིས་བློའི་ཁབ་ཀྱི་བུ་གར་དྲངས་པའི་གཏམ། །ངོ་མཚར་མིན་ཀྱང་དད་ལྡན་སྤྲོ་བསྲིང་ཕྱིར། །ཉུང་ངུའི་ཚིག་གིས་ཕྱོགས་ཙམ་མཚོན་པར་བྱ། །བསམ་བརྗོད་ལས་འདས་ཡེ་ཤེས་ཡངས་པའི་གར། །གཅིག་དང་དུ་མའི་མཐའ་འདས་སྒྱུར་བའི་གསང་། །བྱིས་བློས་ཆ་ཙམ་དཔོག་པར་ནུས་མིན་ཀྱང་། །མོས་པས་ལྷུར་བླངས་སྒྲོ་སྐུར་མེད་པར་བརྗོད། །དེའང་གངས་ཅན་གྱི་ལྗོངས་འདིར་སྟོན་པ་ཐུབ་པའི་དབང་པོའི་ཞལ་ཚབ་མཁན་སློབ་ཆོས་གསུམ་དང་སྤྲུལ་པའི་ལོ་པཎ་རྣམས་ཞལ་འཛོམ་ནས་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་མཛད་པ་ནི་སྔ་འགྱུར་རྙིང་མ་སྟེ། དེ་ལ་མཚན་ཉིད་ཀྱི་ཐེག་པ་བཀའ་འཁོར་ལོ་གསུམ་དགོངས་འགྲེལ་དང་བཅས་པ་རྣམས་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབ་པ་དང་། ཕྱི་རྒྱུད་སྡེ་གསུམ་གྱི་རྒྱུད་དགོངས་འགྲེལ་མན་ངག་དང་བཅས་པའང་སྔ་འགྱུར་གྱི་སྐབས་སུ་བྱུང་མོད། འདིར་སྐབས་སུ་བབས་པའི་འཆད་བྱ་གསང་སྔགས་རྡོ་རྗེ་ཐེག་པ་ནང་གི་རྒྱུད་ལ་སྔ་འགྱུར་བའི་ལུགས་སུ་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་ཆོས་སྡེ་སྟེ་བབས་སོ་ཆེན་པོ་གསུམ་དུ་སྡུད་པར་མཛད་པའི། དང་པོ་ལ་ཡོ་ག་སྡེ་གསུམ། དེ་རེ་རེ་ལ་རྒྱུད་ལུང་མན་ངག་གི་རིམ་པ་མཐའ་ཡས་པ་བཞུགས་པ་ལས་བོད་དུ་སྙིང་པོ་ཙམ་བྱོན་པའི་དབང་དུ་བྱས་ན། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལའང་སྡེ་གསུམ་དུ་ཕྱེ་བའི་གསང་བ་མན་ངག་སྡེ་ལ་རྒྱུད་བཅུ་བདུན། སྤྱི་ཏི་དང་ཡང་ཏིའི་རྒྱུད་རྣམས་ཀྱི་མན་ངག་སྙིང་ཐིག་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐོར་རྣམས། སློབ་དཔོན་པདྨ། བི་མ་ལ་མི་ཏྲ། བཻ་རོ་ཙ་ན་རྣམ་པ་གསུམ་གྱི་བཀའ་སྲོལ་ལས་བྱུང་ཞིང་། དེ་དག་ལས་བི་མའི་གསང་སྐོར་རྣམས་བཀར་བརྒྱུད་ཅིང་ཕལ་ཆེར་གཏེར་ནས་བྱོན་པ་ཡིན་ལ། ནང་ཀློང་སྡེའི་རྒྱུད་རྣམས་ཀྱི་མན་ངག་སློབ་དཔོན་ཤྲཱི་སིཾ་ཧའི་དགོངས་ཉམས་ལོ་ཆེན་བཻ་རོས་སྤང་མི་ཕམ་མགོན་པོ་ལ་བསྩལ་བའི་རྣ་བརྒྱུད་རྡོ་རྗེ་ཟམ་པའི་གདམས་སྐོར་དང་། ཕྱི་སེམས་སྡེ་ལ་རྒྱུད་སེམས་སྨད་བཅོ་བརྒྱད་ཀྱི་མན་ངག་བཻ་རོ་དང་གཡུ་སྒྲ་སྙིང་པོ་ལས་གཙོ་བོར་བརྒྱུད་དེ། ཉང་ལུགས། ཨ་རོ་ལུགས། ཁམས་ལུགས་སུ་གྲགས་པ་སྟེ་སྡེ་གསུམ་པོའི་བརྒྱུད་འཛིན་ཕུང་པོ་འོད་སྐུར་དེངས་པ་གྲངས་མེད་པ་བྱོན་ཅིང་གྲོལ་བ་དྲུག་ལྡན་གྱི་གདམས་པ་རྣམས་ཀྱང་གཙོ་བོར་འདི་ལས་བྱུང་བ་དང་ཟབ་ཁྱད་མངོན་སུམ་དུ་སྟོན་པའི་ཆོས་བསྟན་པ་ཀུན་གྱི་སྙིང་པོར་གྱུར་པ་ཡིན་ལ། འདི་དག་གི་སྒྲུབ་བརྒྱུད་གཙོ་བོར་ཀུན་མཁྱེན་དྲི་མེད་འོད་ཟེར་བརྒྱུད་པ་དང་བཅས་པའི་ཐུགས་རྗེས་ད་ལྟའི་བར་རིམ་རྒྱས་སུ་གྱུར། ལུང་ཨ་ནུ་ཡོ་ག་ཀུན་འདུས་རིག་པའི་མདོ་སོགས་ཀྱི་མན་ངག་ཚོགས་ཆེན་འདུས་པ་ཡན་ལག་དང་བཅས་པའི་སྨིན་གྲོལ་རྣམས་རྒྱ་བལ་བྲུ་ཤའི་སློབ་དཔོན་བཞི་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་གསན་ཏེ་བཀའ་བབ་ཀྱི་སློབ་མ་རྣམས་ལ་གནང་སྟེ་རིམ་པར་ཟམ་མ་ཆད་པར་བྱོན། རྒྱུད་མ་ཧཱ་ཡོ་ག་ཏྲནྟྲ་སྡེ་བཅོ་བརྒྱད་པོ་དང་ཐམས་ཅད་ཀྱི་རྩ་བ་སྒྱུ་འཕྲུལ་གསང་བ་སྙིང་པོ་ཡན་ལག་དང་བཅས་པ། རྩ་རྒྱུད་ཀྱི་བཤད་བཀའ། སྨིན་གྲོལ་གྱི་གདམས་པ་རྣམས་སློབ་དཔོན་སངས་རྒྱས་གསང་བ་དང་པཎ་ཆེན་བི་མ་ལ། ལོ་ཙཱ་བ་རྨ་གཉགས་རྣམས་ལས་བརྒྱུད་དེ་རྒྱུད་བཤད་སྨིན་གྲོལ་ཉམས་ལེན་དང་བཅས་པ་རྒྱ་ཆེར་འཕེལ། སློབ་དཔོན་ཧཱུྃ་ཆེན་ཀ་རས་གནུབས་ནམ་མཁའི་སྙིང་པོ་ལ་གནང་བའི་ཡང་དག །གུ་རུ་རིན་པོ་ཆེས་སྐལ་ལྡན་སོ་སོ་ལ་གནང་བའི་ཕུར་པ་དང་། གནུབས་ཆེན་ལས་བརྒྱུད་པའི་གཤེད་སྐོར་གྱིས་མཚོན་སྒྲུབ་སྡེ་རྣམས་ཀྱི་རྒྱུད་དང་གདམས་ངག་གི་བཀའ་སྲོལ་ཡང་མཐའ་ཡས་པ་བྱུང་ཞིང་དེ་དག་སོ་སོའི་བརྒྱུད་འཛིན་གྲུབ་ཐོབ་བར་མ་ཆད་པ་བྱོན་པ་སྤྱི་དང་། ཁྱད་པར་རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་རྨ། །བར་དུ་གཉགས། ཐ་མ་གནུབས་ལ་བབས་ཞེས་གྲགས་པའི་བརྒྱུད་འཛིན་སྔགས་འཆང་གི་རྒྱལ་པོ་སོ་ཟུར་རྣམས་ལས་རྒྱུན་མ་ཆད་པར་བྱུང་སྟེ་དར་རྒྱས་སུ་གྱུར་ཀྱང་བར་སྐབས་ནས་རྒྱུན་སྲོལ་ཇེ་ཕྲར་སོང་སྟེ་བཤད་རྒྱུན་ལག་ལེན་ཕལ་ཆེར་དབྱིངས་སུ་ཐིམ་པར་ཉེ་བ་ན། གཏེར་ཆེན་འགྱུར་མེད་རྡོ་རྗེ་སྐུ་མཆེད་ཀྱི་ཐུགས་བསྐྱེད་དང་ཐུགས་རྩོལ་ཆེན་པོས་རྒྱུན་གང་བཞུགས་ཐམས་ཅད་འབད་པས་གསན་ཅིང་སྒྲུབ་དཀྱིལ་གྱི་ཡིག་ཆ་ཁྱད་པར་ཅན་མང་པོ་གསར་བསྐྲུན་དང་སོ་སོའི་སྒྲུབ་མཆོད་ཀྱི་རྒྱུན་བཙུགས། སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་པའི་སྲོལ་རྒྱ་ཆེར་སྤེལ་བས་མཚོན། རྙིང་མ་བཀའ་མ་སྤྱི་དང་། ཁྱད་པར་མདོ་དང་སྒྱུ་འཕྲུལ་གྱི་བསྟན་པ་རྨང་ནས་གསོས་པའི་བཀའ་དྲིན་ལས་དེང་སང་སྔ་འགྱུར་གྱི་ཆོས་གྲྭ་རྣམས་སུ་བཀའ་མའི་མཚན་སྒྲོག་པའང་བྱུང་བར་སྣང་བ་ལས། སྔར་སྨོས་པ་དེ་དག་གི་སྨིན་གྲོལ་བཤད་བཀའ་དང་བཅས་པའི་རྒྱུན་ཁོ་བོས་ཀྱང་འབད་པས་ནོས་ཤིང་བཀའ་མའི་ཆོས་འབྱུང་གཞན་དག་ཏུ་རྒྱ་ཆེར་གསལ་བས་འདིར་འཕྲོས་དོན་ཙམ་དུ་མདོར་སྨོས་པའོ། ༈ །ད་ནི་དངོས་དོན་ཟབ་མོ་གཏེར་གྱི་ཆོས་དང་འབྲེལ་བའི་ལོ་རྒྱུས་མདོར་བསྡུས་དགོད་པ་ལ་དོན་གསུམ། ཡིད་ཆེས་པའི་ལུང་དང་གཏན་ཚིགས། བསྟན་པ། དེའི་སྟོན་པ་ཞལ་སློབ་དང་བཅས་པའི་མཛད་ཚུལ། འབྱིན་པ་པོའི་གང་ཟག་རྣམས་ཀྱི་རྣམ་ཐར་དགོད་པའོ། །དང་པོ་ནི། ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། སེམས་ཅན་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ། །ཞེས་པས་གཏེར་གྱི་ངོ་བོའམ་རང་བཞིན་བསྟན་ཅིང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་སྟོང་དུ་ཏིང་ངེ་འཛིན་འདི་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་རོ། །རྒྱས་པར་བྱེད་པར་འགྱུར་རོ། །དེའི་འོག་ཏུ་སའི་ཁུང་དུ་སོང་བར་འགྱུར་རོ། །ཡང་དེ་ལོ་ལྔ་བརྒྱ་པ་ཐ་མ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མར་གྱུར་པ། དམ་པའི་ཆོས་འཇིག་པར་གྱུར་པ། དགེ་སྦྱོང་འཇིག་པར་གྱུར་པ། དམ་པའི་ཆོས་སྤང་བར་གྱུར་པ། སེམས་ཅན་འཇིག་པར་གྱུར་པ། རྒྱལ་སྲིད་འཁྲུག་པར་གྱུར་པ། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་དམས་པའི་དུས་ལ་བབ་པ། ཚུལ་ཁྲིམས་འཆལ་བའི་ཕྱོགས་འཕེལ་བའི་དུས་ལ་བབ་པ། དམ་པའི་ཆོས་ཀྱི་ཕྱོགས་དམས་པའི་དུས་ལ་བབ་པ། དམ་པ་མ་ཡིན་པའི་ཕྱོགས་ཀྱི་ཆོས་འཕེལ་བའི་དུས་ལ་བབ་པ། ཟད་པའི་དུས་ལ་བབ་པ་ན། སེམས་ཅན་གང་མདོ་སྡེ་འདི་ལྟ་བུ་ཐོབ་པར་འགྱུར་བའི་ཕྱིར་དགེ་བའི་རྩ་བ་འབར་བ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། དགེ་བའི་རྩ་བ་སྨིན་པ། ས་བོན་བཏབ་པའི་སེམས་ཅན་རྣམས་ནི་ཅུང་ཟད་ཅིག་འབྱུང་སྟེ། སེམས་ཅན་དེ་ལྟ་བུ་དེ་དག་གི་དོན་དུ་འདི་ལྟ་སྟེ་སངས་རྒྱས་ཀྱི་མཐུས་ཏིང་ངེ་འཛིན་འདི་སའི་ཁུང་ནས་ཐོན་ཏེ་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་རོ། །རྒྱས་པར་བྱེད་པར་འགྱུར་རོ། །ཞེས་སོགས་དང་། ང་ནི་ཕྱི་དུས་མྱ་ངན་ང་འདས་ཚེ། སྐུ་གདུང་ཐམས་ཅད་རྒྱས་པར་བྱས་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །བྲིས་ཏེ་སྒྲོམ་ཀྱི་ནང་དུ་བཅུག་ནས་ཀྱང་། །མཆོད་རྟེན་ས་དང་བྲག་དང་རི་དག་དང་། །ལྷ་དང་དེ་བཞིན་ཀླུ་ཡི་ལག་དག་ཏུ། །མདོ་སྡེ་བཞག་པ་བྱས་ནས་དེ་དག་རྣམས། །ལྷ་ཡི་བརྟུལ་ཞུགས་འདྲ་བ་བྱ་ཕྱིར་འགྲོ །དེ་དག་ཕྱི་མའི་དུས་ཚེ་སོ་སོའི་རིགས། །ཐམས་ཅད་བོར་ཏེ་སླད་དུ་བབས་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར། །ཞེས་ཡི་གེ་བྲིས་ནས་སྒྲོམ་དུ་བཅུག་པས་གཏེར་ཆོས་དང་གཏེར་སྣོད། མཆོད་རྟེན་སོགས་ཀྱི་གཏེར་གནས། ལྷ་ཀླུའི་ལག་ཏུ་བཞག་པས་གཏེར་སྲུང་། སོ་སོའི་རིགས་བོར་ནས་སླད་དུ་སངས་རྒྱས་བྱང་ཆུབ་བཟུང་བས་གཏེར་སྟོན། བསམ་པ་ཇི་བཞིན་བྱས་པས་འགྲོ་དོན་མཛད་ཚུལ་གསལ་བར་བསྟན་པ་དང་། དེ་བཞིན་དུ་བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་གཏེར་རི་དང་། རིའི་སུལ་ཤིང་གི་ནང་དུ་བཅུག་པ་དག་ཡོད་དོ། །གཟུངས་དང་ཆོས་ཀྱི་སྒོ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་པས་ཀྱང་གཏེར་ཆོས། གཏེར་གནས། འདོན་པ་པོའི་གང་ཟག་བཅས་ལེགས་པར་བསྟན་ཅིང་། བསམ་པ་ཕུན་སུམ་ཚོགས་པ་ལ་ནི། གལ་ཏེ་སངས་རྒྱས་མི་བཞུགས་ཀྱང་ནམ་མཁའི་དཀྱིལ་དང་རྩིགས་པ་དང་ཤིང་རྣམས་ལས་ཆོས་འབྱུང་ངོ་། །ཞེས་པས་གནམ་ཆོས་སོགས་ཀྱང་བསྟན་པ་དང་། གཞན་ཡང་ཡོངས་སུ་གྲགས་པ་དང་མ་གྲགས་པའི་མདོ་རྒྱུད་ཅི་རིགས་པ་ལས་གཏེར་གྱི་ངོ་བོ། ངེས་ཚིག །རྣམ་གྲངས། དགོས་པ་སོགས་ཡང་ནས་ཡང་དུ་བསྟན་པ་ནི་འཕགས་བོད་གཉིས་སུ་ཡོངས་སུ་གྲགས་པ་ལས། བོད་ཡུལ་ལྟ་བུའི་གང་ཟག་རེ་རེས་གསར་དུ་བཅོས་པ་མིན་པ་དང་། དོན་གྱི་དབང་དུ་བྱས་ན། སྟོན་པ་སྐུ་གསུམ་གྱི་བསྟན་པ་ཐམས་ཅད་དགོངས་བརྒྱུད་བརྡའ་བརྒྱུད་སྙན་བརྒྱུད་ལས་བྱུང་བས་ཐམས་ཅད་གཏེར་ལས་མ་འདས་ཤིང་། ཐུན་མོང་མཆོག་གི་སྤྲུལ་སྐུ་ཐུབ་པའི་དབང་པོའི་གསུང་རབ་རྣམས་ཀྱང་བཀའ་བསྡུ་རིམ་པར་བྱུང་བའི་རྗེས་སུ་ཐེག་ཆེན་གཙོ་བོར་གྱུར་པའི་སྡེ་སྣོད་ཕལ་མོ་ཆེ་ལྷ་ཀླུ་ལ་སོགས་པའི་གནས་ཐ་དད་པ་རྣམས་སུ་བྱོན་ཅིང་མི་སྣང་བར་གྱུར་ལ། རྒྱུད་སྡེ་རྣམས་ནི་རྡོ་རྗེ་འཛིན་པ་དང་མཁའ་འགྲོ་མ་རྣམས་ཀྱིས་བསྡུས་ཤིང་ཨོ་རྒྱན་དྷརྨ་གཉྫོ་སོགས་སུ་རྒྱས་བཏབ་སྟེ་གཉེར་དུ་མཛད་པ་ལས། ཕྱིས་དུས་སུ་བབས་པའི་ཚེ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སྒྲིབ་སེལ་སོགས་བྱང་སེམས་རྣམས་ལས་སེམས་ཙམ་གྱི་སློབ་དཔོན་རྣམས་ཀྱིས་བླངས་པ་དང་། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་སྤྱན་དྲངས་པ་སོགས་མང་ལ། གྲུབ་ཆེན་ས་ར་ཧ། རྟ་མཆོག །མཚོ་སྐྱེས། ལཱུ་ཡི་པ། ཙི་ལུ་པ་སོགས་མཆོག་གི་དངོས་གྲུབ་བརྙེས་པ་རིམ་པར་བྱོན་པ་རྣམས་ཀྱིས་གསང་འདུས་བདེ་དགྱེས་དུས་འཁོར་གཙོ་བོར་གྱུར་པའི་རྒྱུད་སྡེ་སྤྱན་དྲངས་པ་ཐམས་ཅད་ཟབ་གཏེར་ཁོ་ན་ཡིན་པས་རྒྱ་གར་དང་གངས་ཅན་ཡུལ་གྱི་ཁྱད་པར་དང་། གང་ཟག་རྣམས་འབྱོན་སྔ་ཕྱིའི་དུས་ཚོད་ཙམ་ལས་སྒོ་ཐམས་ཅད་ནས་དོན་གཅིག་པར་ཤེས་པར་བྱའོ། །གཏེར་དུ་སྦེད་པའི་དགོས་པའང་། ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས། ཀུན་དགའ་བོ་གང་གི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་ལ་བྲིས་ཏེ་གཏེར་དུ་སྦས་ནས་མཆོད་ན་དེའི་ཚེ་འདི་ཉིད་ལ་ཐོབ་པ་བཅུ་རབ་ཏུ་འཐོབ་བོ། །བཅུ་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པས་གསུང་མཐོང་བའི་གཏེར་དང་། ལྷ་མིའི་རྣམ་པ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར་དང་། ཕྱིར་མི་ལྡོག་པའི་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལེགས་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པ་ལོངས་སྤྱོད་པའི་གཏེར་དང་། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་གཟུགས་ཀྱི་གཏེར་དང་། གཡོག་མི་འབྱེད་པ་གཡོག་གི་གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པ་དྲན་པའི་གཏེར་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པ་མི་འཇིགས་པའི་གཏེར་དང་། སེམས་ཅན་ཉེ་བར་འཚོ་བ་བསོད་ནམས་ཀྱི་གཏེར་རོ། །ཞེས་དང་། ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔ སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང༔ སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན༔ ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན༔ འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས༔ ཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམས༔ སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་ཀུན༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཞེས་སོགས་གཏེར་ཁ་གཞན་ལས་ཀྱང་མཐའ་ཡས་པ་འབྱུང་བ་ལྟར་རོ། །འདི་དག་གི་རྩོད་སྤོང་། འཐད་སྒྲུབ། དགོས་པ་ཕན་ཡོན་ཤིན་ཏུ་རྒྱས་པ་ནི་གཏེར་ཆེན་རཏྣ་གླིང་པའི་གཏེར་འབྱུང་ཆེན་མོ་སོགས་སུ་གསལ་བ་ལྟར་རོ། །གཉིས་པ་ནི། བོད་ཀྱི་ཡུལ་འདིར་བསྟན་པའི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་ཟབ་མོ་གཏེར་གྱི་ཕྲིན་ལས་ཀྱིས་གདུལ་བྱ་མཐའ་ཡས་པ་འདུལ་བར་མཛད་པ་པོ་ནི། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཏེ། སློབ་དཔོན་ཆེན་པོ་འདི་ཉིད་ལམ་རིམ་བགྲོད་ཀྱི་གང་ཟག་གམ། ས་ལ་གནས་པའི་འཕགས་པ་ཙམ་མ་ཡིན་པར་མི་དང་མི་མ་ཡིན་གདུལ་དཀའ་བ་རྣམས་ཐབས་སྣ་ཚོགས་པས་འདུལ་བའི་སླད་དུ་སངས་རྒྱས་འོད་དཔག་མེད་དང་མཉམ་མེད་ཤཱཀྱའི་རྒྱལ་པོ་སོགས་སྤྲུལ་པའི་སྐུར་བསྟན་པ་ཡིན་པས་དེའི་རྣམ་པར་ཐར་པ་འཕགས་ཆེན་རྣམས་ཀྱིས་ཀྱང་ཆ་ཙམ་བརྗོད་པར་མི་ནུས་མོད། མདོ་ཙམ་སྨོས་ན། ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཀ་དག་གི་གྲོལ་གཞིར་གདོད་ནས་རང་བཞིན་གྱིས་མངོན་པར་བྱང་ཆུབ་པ་ཐོག་མའི་མགོན་པོ་འོད་མི་འགྱུར་བའི་མཚན་ཏུ་གྲགས་ཤིང་། རང་སྣང་ལོངས་སྐུ་ཚངས་པ་རྔ་སྒྲའི་ཞིང་ཁམས་སུ་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ངེས་པ་ལྔ་ལྡན་གྱི་བཀོད་པ་འབྱམས་སུ་ཀླས་པ་རང་ཤར་བའི་རྩལ་ལས། ཕྱི་གསལ་ཕྱེད་སྣང་རང་བཞིན་སྤྲུལ་པ་སྐུ་ཚངས་ཆེན་གྱི་ཞིང་གིས་བསྡུས་པའི་རིགས་ལྔའི་སངས་རྒྱས་ཀྱི་ཞིང་སྐུའི་བཀོད་པ་ཚད་མེད་པ་ས་བཅུའི་དབང་ཕྱུག་རྣམས་ལ་སྣང་བ་དེ་དག་གུ་རུ་ཉིད་ཀྱི་ཡེ་ཤེས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྤྲིན་་་་་་་ བཀོད་པའི་ཕྱིར་པདྨ་ཀུན་ཏུ་འཆང་ཞེས་བྱ་བ་དང་། དེ་དག་ལས་འགྲོ་འདུལ་སྤྲུལ་པ་སྐུའི་ཆོ་འཕྲུལ་གྱི་རྣམ་རོལ་ཕྱོགས་བཅུའི་ཞིང་ཁམས་ཚད་མེད་པ་རྣམས་དང་། བྱེ་བྲག་མི་མཇེད་ཀྱི་འཇིག་རྟེན་འདི་ཉིད་ཁོ་ནར་མཚན་ངེས་པར་བསྟན་པ་མདོ་སྔགས་སྟོན་པ་བརྒྱ་རྩས་འཇིག་རྟེན་གྱི་ཁམས་ལྔ་བཅུའི་སྒྲོན་མེ་མཛད་ཅིང་། དེ་རེ་རེའི་ཕྱོགས་མཚམས་ཀྱི་འཇིག་རྟེན་རྣམས་སུ་གུ་རུ་མཚན་མཆོག་བརྒྱད་པོ་རེ་རེ་བཞིན་སྤྲུལ་ནས་འགྲོ་བ་འདུལ་བར་གསུངས་པ་དང་། ཁྱད་པར་གྱི་བཀོད་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་གཟིགས་པ་ལས་ཤར་ཕྱོགས་སུ་གུ་རུ་རྡོ་རྗེ་གངས་ཅན་མཚོའི་བ་སྤུའི་ཁུང་བུ་རེ་རེར་ཞིང་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་གུ་རུ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་སྤྲུལ་པ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེས་ཀྱང་གདུལ་བྱ་བྱེ་བ་ཕྲག་བརྒྱ་བརྒྱ་འདུལ་བའི་མཛད་པ་སྟོན་ཅིང་། དེ་བཞིན་དུ་དབུས་དང་ཕྱོགས་གཞན་རྣམས་སུའང་དེ་དང་འདྲ་བའི་རིགས་བཞིའི་བཀོད་པ་སྟོན་པ་སོགས་ཚད་མེད་པར་གསུངས་པ་དང་། བྱེ་བྲག་འཛམ་བུའི་གླིང་འདི་ཁོ་ནར་འགྲོ་འདུལ་སྤྲུལ་པ་སྐུའི་ཕྱོགས་གཅིག་བསྟན་པ་ལའང་གདུལ་བྱའི་སྐལ་པ་དང་དབང་པོའི་ཁྱད་པར་གྱིས་མཐོང་ཚུལ་ཐ་དད་པར་སྣང་སྟེ། ཕུར་པ་བཀའ་མའི་ལོ་རྒྱུས་སོགས་དང་འཕགས་ཡུལ་ཕལ་ཆེར་དུའང་ཨོ་རྒྱན་གྱི་རྒྱལ་པོའམ་བློན་པོ་ཞིག་གི་སྲས་སུ་འཁྲུངས་པར་བཤད་པ་དང་། གཏེར་མའི་ཕྱོགས་ཕལ་མོ་ཆེར་རྫུས་སྐྱེས་ཀྱི་རྣམ་ཐར་ཤ་སྟག་འབྱུང་ཞིང་། ཁ་ཅིག་ཏུ་མ་ལ་ཡ་གནམ་ལྕགས་ཡོད་པའི་རི་རྩེར་ཐོག་བབས་སུ་བྱོན་པའང་བཤད་ལ། དེ་རེ་རེ་ལའང་ངོ་མཚར་བའི་རྣམ་པར་ཐར་པ་གཅིག་ཏུ་མ་ངེས་པ་མཐའ་ཡས་པ་མཆིས་པ་ནི། ཇི་སྐད་དུ། རྣམ་ཐར་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་དགུ༔ མ་འོངས་དམ་ལྡན་དོན་དུ་བཀོད་ནས་སྦས༔ ཞེས་གསུངས་པས་མཚོན། སོ་སྐྱེའི་བློའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་ཉིད་ནའང་གདུལ་བྱ་ཁ་ཅིག་ལ་སྣང་བའི་དབང་དུ་བྱས་ནས་གཏེར་མའི་ཕྱོགས་སུ་གྲགས་ཆེ་བ་བརྫུས་སྐྱེས་ཀྱི་རྣམ་ཐར་ས་བོན་ཙམ་བརྗོད་ན། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལ་ཤར་དང་ལྷོ་དང་བྱང་གསུམ་དུ་རྒྱ་མཚོ་ཆེན་པོ་རེ་ཡོད་པ་ལས་ལྷོ་དང་ནུབ་ཏུ་ཉེ་བ་སྲིན་ཡུལ་དང་ཐག་ཉེ་བའི་རྒྱ་མཚོའི་གླིང་དུ། སངས་རྒྱས་ཀྱི་བྱིན་རླབས་ལས་བྱུང་བའི་པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་པའི་སྦུབས་སུ་བདེ་ལྡན་ཞིང་གི་མགོན་པོའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཧྲཱིཿས་མཚན་པ་ཞིག་སྤྲོས་པ་ལས་ཁྱེའུ་ཆུང་ལོ་བརྒྱད་པའི་ན་ཚོད་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རྡོ་རྗེ་དང་པདྨ་འཛིན་པ་ཞིག་ཏུ་སྤྲུལ་ཏེ་བཞུགས་ཤིང་། ལྷ་དང་མཚོ་གླིང་གི་མཁའ་འགྲོ་མ་རྣམས་ལ་ཟབ་མོའི་ཆོས་སྟོན་པར་མཛད། དེའི་ཚེ་ཡུལ་དེའི་རྒྱལ་པོ་ཨིནྡྲ་བོ་དྷི་ལ་སྲས་མེད་པས་དཀོན་མཆོག་མཆོད་ཅིང་དཀོར་མཛོད་སྦྱིན་པ་བཏང་པས་ཟད་དེ་རྒྱ་མཚོའི་གླིང་ནས་ཡིད་བཞིན་གྱི་ནོར་བུ་བླངས། ཚུར་བྱོན་པའི་ལམ་ཁར་ཆོས་བློན་ཏྲིག་ན་འཛིན་གྱིས་ཐོག་མར་མཇལ། དེ་ནས་རྒྱལ་པོས་མཇལ་ཏེ་སྲས་ཀྱི་སྐལ་པར་བྱས་ཏེ་ཕོ་བྲང་དུ་སྤྱན་དྲངས། པདྨ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ། ནོར་བུའི་མཐུ་ལས་བྱུང་བའི་རིན་པོ་ཆེའི་ཁྲི་སྟེང་ལ་བཞུགས་སུ་གསོལ། ཟས་གོས་རིན་པོ་ཆེའི་ཆར་གྱིས་སྐྱེ་བོ་ཐམས་ཅད་ཚིམ་པར་བྱས། གཞོན་ནུའི་རོལ་རྩེད་ཀྱིས་གདུལ་བྱ་མཐའ་ཡས་པ་སྨིན་པར་མཛད། མཁའ་འགྲོ་འོད་འཆང་མ་ཁབ་ཏུ་བཞེས་ཏེ་ཨོ་རྒྱན་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་རྒྱལ་པོ་ཐོར་ཅོག་ཅན་དུ་གྲགས། དེའི་ཚེ་རྒྱལ་སྲིད་བཟུང་བས་གཞན་དོན་རླབས་ཆེན་མི་འགྲུབ་པར་དགོངས་ནས་ཡབ་ལ་ཞུས་ཀྱང་མ་གནང་བར་རྩེད་མོའི་གར་མཛད་པས་རྩེ་གསུམ་ཤོར་བའི་བརྫུ་བག་གིས་བདུད་བློན་གྱི་བུ་དབྱིངས་སུ་སྤར། བུ་བསད་པའི་ཁྲིམས་ཀྱིས་དུར་ཁྲོད་དུ་སྤྱུགས་པས་བསིལ་བའི་ཚལ། དགའ་བའི་ཚལ། སོ་ས་གླིང་རྣམས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་ན་མཁའ་འགྲོ་བདུད་འདུལ་མ་དང་ཞི་བ་འཚོས་དབང་བསྐུར་བྱིན་གྱིས་བརླབས། དུར་ཁྲོད་ཀྱི་མཁའ་འགྲོ་རྣམས་དབང་དུ་བསྡུས་པའི་ཚེ་ཤཱནྟ་རཀྵི་ཏ་ཞེས་གྲགས། དྷ་ན་ཀོ་ཥའི་མཚོ་གླིང་དུ་བྱོན་ཏེ་གསང་སྔགས་མཁའ་འགྲོའི་བརྡའ་སྐད་ཀྱིས་བསྒྲུབས་པས་མཚོ་གླིང་གི་མཁའ་འགྲོ་དབང་དུ་འདུས། རྩུབ་འགྱུར་ཚལ་དུ་སྤྱོད་པ་མཛད་པས་རྡོ་རྗེ་ཕག་མོས་ཞལ་བསྟན་བྱིན་གྱིས་བརླབས། རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་སྐར་ཐམས་ཅད་དམ་ལ་བཏགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བསྩལ་ཏེ་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས་སོ། །དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་པས། མི་རྣམས་ཀྱིས་ཁྱོད་སུ་ཡིན་དྲིས་པ་ལ། རང་བྱུང་གི་སངས་རྒྱས་ཡིན་པར་ཞལ་གྱིས་བཞེས་པ་ཡིད་མ་ཆེས་ཏེ་སྐུར་བ་བཏབ་པ་ན། དགོས་པའི་དབང་མང་དུ་གཟིགས་ནས་ཟ་ཧོར་གྱི་ཡུལ་དུ་བྱོན་ཏེ་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་བས་མཚན་ཤཱཀྱ་སེང་གེར་གྲགས། ཡོ་གའི་རྒྱུད་རྣམས་ཚར་བཅོ་བརྒྱད་གསན་པས་དེ་ཉིད་དུ་ལྷ་རྣམས་ཀྱི་ཞལ་མཐོང་། ཡེ་ཤེས་མཁའ་འགྲོ་གསང་བ་ཡེ་ཤེས་དགེ་སློང་མའི་རྣམ་པར་སྣང་བ་ཀུན་དགའ་མོ་ལ་དབང་ཞུས་པས་ཧཱུྃ་ཡིག་ཏུ་བསྒྱུར་ཏེ་ཞལ་དུ་མིད། ཁོང་པའི་ནང་དུ་ཕྱི་ནང་གསང་བའི་དབང་རྫོགས་པར་མཛད་ནས་པདྨོར་བཏོན་པས་སྒྲིབ་པ་གསུམ་སྦྱངས་པའི་ཚུལ་མཛད། རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་པ་སྡེ་བརྒྱད། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ། ཤྲཱི་སིཾ་ཧ་ལས་རྫོགས་ཆེན་གཙོ་བོར་གྱུར་པའི་འཕགས་ཡུལ་གྱི་མཁས་གྲུབ་དུ་མ་ལས་མདོ་རྒྱུད་རིག་པའི་གནས་ཐམས་ཅད་གསན་ཅིང་སྦྱངས་པའི་ཚུལ་བསྟན་པས་ཆོས་ཐམས་ཅད་ཚར་རེ་རེས་མཁས་པར་མཁྱེན། མ་བསྒྲུབ་པར་ཡང་ལྷ་རྣམས་ཞལ་གཟིགས། མཚན་བློ་ལྡན་མཆོག་སྲེད་དུ་གྲགས་ཏེ་རྣམ་པར་སྨིན་པའི་རིག་འཛིན་མཐར་ཕྱིན་པའི་ཚུལ་བསྟན་པའོ། །དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་མནྡྷ་ར་བ་ཞེས་མཁའ་འགྲོའི་མཚན་དང་ལྡན་པ་དེ་དབང་དུ་བསྡུས་ནས་སྒྲུབ་རྟེན་གྱི་ཕྱག་རྒྱ་མོར་ཁྲིད་ནས་བྲག་ཕུག་མཱ་ར་ཏི་ཀར་ཚེའི་སྒྲུབ་པ་ཟླ་བ་གསུམ་མཛད་པས་མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ནས་དབང་བསྐུར། ཉིད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་གནང་བས་ཚེ་ལ་དབང་བའི་རིག་པ་འཛིན་པའི་དངོས་གྲུབ་བརྙེས། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་གྲུབ་ནས་ཟ་ཧོར་གྱི་རྒྱལ་ཁམས་འདུལ་བའི་དོན་དུ་གཤེགས་ཏེ་བསོད་སྙོམས་མཛད་པས་རྒྱལ་བློན་རྣམས་ཀྱིས་མེ་ལ་བསྲེགས་པ་ན། ཏིལ་མར་མཚོར་འཁྱིལ་བའི་དབུས་སུ་པདྨའི་སྡོང་པོའི་རྩེར་ཡབ་ཡུམ་གཉིས་བཞུགས་པའི་རྫུ་འཕྲུལ་བསྟན་ནས་དད་པ་ལ་བཀོད། ཐམས་ཅད་ཆོས་ལ་བཙུད་ནས་ཕྱིར་མི་ལྡོག་པའི་ས་ལ་བཞག །སླར་ཨོ་རྒྱན་རྒྱལ་ཁམས་འདུལ་བའི་ཕྱིར་བསོད་སྙོམས་ལ་ཕེབས་པས་ཡུལ་མི་རྣམས་ཀྱིས་ངོ་ཤེས་ཏེ་སྔོན་གྱི་བདུད་བློན་ལ་སོགས་པ་རྣམས་ཀྱིས་ཙནྡན་གྱི་མེ་ལ་བསྲེགས་པས་མཚོ་དབུས་པདྨའི་སྡོང་པོར་ཡབ་ཡུམ་གཉིས་བཞུགས་ཏེ་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བར་མཚོན་ཕྱིར་ཐོད་ཕྲེང་སྐུ་ལ་གསོལ་བའི་རྫུ་འཕྲུལ་བསྟན་པས་པདྨ་ཐོད་ཕྲེང་རྩལ་དུ་གྲགས། རྒྱལ་པོའི་བླ་མཆོད་ལོ་བཅུ་གསུམ་མཛད། རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྨིན་གྲོལ་བསྩལ་ཏེ་རྒྱལ་པོ་ཡབ་ཡུམ་སོགས་ལས་ཅན་ཐམས་ཅད་མཆོག་གི་རིག་འཛིན་གྲུབ། མཚན་པདྨ་རྒྱལ་པོར་གྲགས། སྤྱོད་ཡུལ་རྣམ་པར་འཕྲུལ་པའི་མདོ་ལས་ལུང་བསྟན་པ་བཞིན། རྒྱལ་པོ་མྱ་ངན་མེད་པ་འདུལ་བའི་སླད་དུ་དགེ་སློང་དབང་པོའི་སྡེ་ཞེས་བྱ་བར་སྤྲུལ་ཏེ་ཕྱིར་མི་ལྡོག་པའི་དད་པ་ལ་སྦྱར་ནས་ཛམ་བུའི་གླིང་དུ་ནུབ་གཅིག་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བཞེངས། མུ་སྟེགས་ཀྱི་རྒྱལ་པོ་བསྟན་པ་ལ་གནོད་པའི་སྟོབས་ལྡན་འགའ་ཞིག་གནས་སྤར་བ་དང་ཐབས་ཀྱིས་བཏུལ། རྒྱལ་པོ་གཅིག་གིས་དུག་དྲངས་པས་མ་ཚུགས་ནས་ཆུ་བོ་གངྒཱ་ལ་བསྐྱུར་བས་ཆུ་གྱེན་དུ་བསྐྱིལ་ཞིང་། ནམ་མཁའ་ལ་གར་མཛད་པས་ཁྱེའུ་ཆུང་མཁའ་ལྡིང་རྩལ་དུ་གྲགས། གཞན་ཡང་དགྱེས་རྡོར་གྱི་རྒྱུད་སྤྱན་འདྲེན་པ་པོ་སློབ་དཔོན་མཚོ་སྐྱེས། བྲམ་ཟེ་ས་ར་ཧ། ཌོམྦི་ཧེ་རུ་ཀ །བི་རཱུ་པ། ནག་པོ་སྤྱོད་པ་ཆེན་པོ་ལ་སོགས་པའི་སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་དུ་མའང་བསྟན་ཅིང་། སྐུ་ལ་རྫོགས་པ་སོགས་དུར་ཁྲོད་ཆེན་པོ་རྣམས་སུ་བྱོན་ཏེ་མཁའ་འགྲོ་རྣམས་ལ་གསང་སྔགས་ཀྱི་ཆོས་བསྟན། ཕྱི་ནང་གི་དྲེགས་པ་ཐམས་ཅད་ཀྱི་སྲོག་སྙིང་བླངས་ནས་བསྟན་སྲུང་དུ་བཀོད་པ་སོགས་མཛད་པའི་ཚེ་མཚན་ཉི་མ་འོད་ཟེར་དུ་གྲགས། རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་བསྟན་པ་ལ་རྒོལ་བ་རྩོམ་པའི་ཚེ་རྩོད་པ་དང་ནུས་པ་འགྲན་པས་སློབ་དཔོན་ཉིད་རྒྱལ། ཁོང་རྣམས་ཀྱིས་ངན་སྔགས་སྒྲུབ་པའི་ཚེ་མཁའ་འགྲོ་བདུད་འདུལ་མས་ཕུལ་བའི་དྲག་སྔགས་ཀྱིས་ཕྱིར་ཟློག་སྟེ་ཐོག་ཆེན་ཕབ་ནས་སྟོན་པ་རྣམས་བསྒྲལ། གྲོང་ཁྱེར་མེས་བསྲེགས། ལྷག་མ་སངས་རྒྱས་ཀྱི་བསྟན་ལ་བཙུད་ནས་ཆོས་ཀྱི་རྒྱལ་མཚན་དགུང་དུ་སྒྲེང་བའི་ཚེ་སེང་གེ་སྒྲ་སྒྲོག་ཏུ་གྲགས་ཏེ་འདི་ཡན་ཆད་ཟག་པ་གསུམ་ཟད་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་གྱི་ཚུལ་དུ་བཞུགས་པ་ཡིན་ནོ། །དེ་ནས་རྒྱ་བལ་མཚམས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བལ་པོའི་རྒྱལ་པོ་དགེ་འཛིན་གྱི་སྲས་མོ་བལ་མོ་ཤཱཀྱ་དེ་མ་ལ་སྒྲུབ་རྟེན་མཛད་ནས་དཔལ་ཡང་དག་གི་སྒོ་ནས་མཆོག་སྒྲུབ་པའི་ཚེ་འདྲེ་སྲིན་མཐུ་བོ་ཆེ་གསུམ་གྱིས་བར་ཆད་བྱས་ཏེ། ལོ་གསུམ་དུ་ཆར་མ་བབས། ནད་དང་མུ་གེ་བཏང་བ་ལ། རྒྱ་གར་དུ་བླ་མ་རྣམས་ལས་བར་ཆད་འདུལ་བའི་ཆོས་ལེན་པར་བཏང་བས་ཕུར་པའི་རྒྱུད་ལུང་མི་ཁུར་གཉིས་བརྫངས་པ་ཕེབས་པ་ཙམ་གྱིས་བར་ཆད་རང་བཞིན་གྱིས་ཞི། ཆར་བབས་ཤིང་ནད་མུག་རྒྱུན་ཆད་ཡབ་ཡུམ་གཉིས་མཆོག་གི་དངོས་གྲུབ་བརྙེས་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་སྐུར་བཞུགས་སོ། །ཡང་དག་དངོས་གྲུབ་ཆེ་ཡང་ཚོང་པ་དང་འདྲ་བར་བར་ཆད་མང་བ་ལ་ཕུར་པ་སྐྱེལ་མ་འདྲ་བར་མེད་དུ་མི་རུང་བར་གཟིགས་ནས་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་མང་དུ་མཛད། ཕུར་སྲུང་བཅུ་དྲུག་སོགས་སྲིད་པ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་དམ་ལ་བཏགས་ཏེ་སྲུང་མར་བཞག །གཞན་ཡང་དུས་སྐབས་ཅི་རིགས་པར། ཨོ་རྒྱན་གྱི་གླིང་ཕྲན་ཧུ་རྨུ་ཛུ་དང་། སི་ཀོ་ཛྷར་དང་། དྷ་མ་ཀོ་ས་དང་། རུགྨ་སོགས་དང་། ཏི་ར་ཧུ་ཏི་སོགས་ཐ་རུའི་རྒྱལ་ཁམས་དང་། ཀཱ་མ་རཱུ་ལ་སོགས་པ་རྣམས་སུ་སྐལ་པ་དང་འཚམས་པར་ཆོས་སྟོན་པ་དང་། ཐུན་མོང་གི་དངོས་གྲུབ་ཀྱིས་སེམས་ཅན་མང་པོ་ལ་ཕན་བཏགས། ཆུ་མེད་པ་རྣམས་སུ་ཆུ་བཏོན། ཆུ་ཆེན་པོ་ས་འོག་ཏུ་བཅུག །རྒྱ་གར་ཤར་ལྷོ་དབུས་གསུམ་དུ་མུ་སྟེགས་པའི་ལྷ་རྟེན་རེ་རང་བྱུང་དུ་བྱུང་བ་རྣམས་ཀྱིས་ནང་པའི་བསྟན་པ་ལ་ཤིན་ཏུ་གནོད་པའི་ཚེ། དེ་གསུམ་ཀ་རྡོ་རྗེ་ཕུར་བུའི་ནུས་པས་ཚར་བཅད། ཀཉྩའི་ཡུལ་དུ་ནང་པའི་སྡེ་ཤིན་ཏུ་དར་བ་ལ་དུ་རུཥྐའི་རྒྱལ་པོས་དམག་དྲངས་ཏེ་ཆུ་ཀླུང་ནཱི་ལར་གྲུར་ཞུགས་པའི་ཚེ་སློབ་དཔོན་གྱིས་སྡིགས་མཛུབ་མཛད་པས་གྲུ་ལྔ་བརྒྱ་ཆུར་བྱིང་། ཕྱིན་ཆད་དུ་རུཥྐའི་གནོད་པ་རྒྱུན་ཆད། འགྲོ་ལྡིང་བའི་ཡུལ་དུ་བྱོན་པའི་དུས་ཚོད་ངེས་པ་ཅན་མི་གསལ་ཡང་ཡུལ་དེའི་མཁའ་འགྲོ་མ་སོགས་མི་མ་ཡིན་དང་མི་རྣམས་རིམ་པར་བཏུལ། གཙུག་ལག་ཁང་བཞེངས་སུ་བཅུག །སློབ་དཔོན་འདིའི་བཀའ་སྲོལ་གྱི་དགྱེས་རྡོར། ཟླ་གསང་ཐིག་ལེ། ཡང་དག །རྟ་མགྲིན། ཕུར་པ། མ་མོ་གཙོ་བོར་གྱུར་པའི་རྒྱུད་སྡེ་བཞིའི་ཉན་བཤད་སྒོམ་གསུམ་ད་ལྟའི་བར་དུ་དར་ཞིང་རྒྱས་པར་བཞུགས། དེའི་ལོ་རྒྱུས་རྣམས་སུ་ཡུལ་དེ་ནས་ལྷོ་ནུབ་སྲིན་ཡུལ་དུ་བཞུད་པར་བཤད། འདི་དག་ནི་རྒྱ་གར་གྱི་གཏམ་ཁུངས་མ་རྣམས་སུ་འབྱུང་ཞིང་ཡོངས་སུ་གྲགས་པ་ཡིན་ལ། སྤྱིར་ལོ་སུམ་སྟོང་དྲུག་བརྒྱ་རྒྱ་གར་ན་བཞུགས་ཤིང་བསྟན་འགྲོའི་དོན་མཛད་པར་གསུངས་མོད། མཁས་པ་རྣམས་ཀྱིས་ཕྱེད་ལོའི་དབང་དུ་བྱས་པའམ་མང་ཚིག་ཙམ་དུ་བཞེད་པའང་སྣང་ངོ་། །གཞན་ཡང་ཧོར་དང་རྒྱ་རྣམས་འདུལ་བ་ལ་རྒྱལ་པོ་མངོན་ཤེས་ཅན་དང་། རྣལ་འབྱོར་པ་སྟོབས་ལྡན་དུ་སྤྲུལ་པ་དང། ཞང་ཞུང་ཡུལ་དུ་ཏ་བི་ཧྲི་ཙ་ཞེས་རང་བྱུང་གི་ཁྱེའུར་སྤྲུལ་ནས་རྫོགས་ཆེན་སྙན་བརྒྱུད་ཀྱི་གདམས་པས་སྐལ་ལྡན་མང་པོ་འོད་ལུས་སུ་བསྐྱལ་བས་མཚོན་ཡུལ་དང་སྐད་རིགས་མི་གཅིག་པ་རྣམས་སུ་གང་འདུལ་གྱི་ཕྲིན་ལས་སྣ་ཚོགས་པས་སྐྱེ་དགུ་རྣམས་ཐར་ལམ་དུ་བཀོད་པའི་ཕྲིན་ལས་ནི་ཚད་བཟུང་དུ་མེད་པའོ། །བོད་ཡུལ་འདིར་ཇི་ལྟར་བྱོན་པའི་ཚུལ་ནི། འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་ཉི་ཤུ་བཞེས་པ་ན་དམ་ཆོས་རྒྱ་ཆེར་སྤེལ་བའི་ཐུགས་འདུན་སྐྱེས་ཏེ་རྒྱ་གར་ནས་མཁན་པོ་བོ་དྷི་སཏྭ་སྤྱན་དྲངས། རྟེན་འབྲེལ་དང་དགེ་བ་བཅུའི་ཆོས་བཤད། དགུང་ལོ་ཉེར་གཅིག་པ་ལ་གཙུག་ལག་ཁང་གི་རྨང་བཏིང་བ་ལ་བོད་ཀྱི་ལྷ་འདྲེ་རྣམས་ཀྱིས་བར་ཆད་བྱས་ཏེ་བརྩིག་ཏུ་མ་སྟེར་བ་ལ་མཁན་པོས་ལུང་བསྟན་པ་ལྟར་རྒྱལ་པོས་བང་ཆེན་མི་ལྔ་སློབ་དཔོན་ཆེན་པོ་སྤྱན་འདྲེན་ཕོ་ཉར་བཏང་། སློབ་དཔོན་གྱིས་ཀྱང་དུས་མཁྱེན་ཏེ་བལ་ཡུལ་ནས་བོད་དུ་རིམ་པར་ཕེབ་པའི་ལམ་ཞོར་དུ། མང་ཡུལ་ནས་བཟུང་མངའ་རིས། དབུས་གཙང་། མདོ་ཁམས་ཡན་གྱི་བོད་ཡུལ་མ་ལུས་པར་རྫུ་འཕྲུལ་གྱི་བཀོད་པས་ཞབས་ཀྱིས་བཅགས་ནས། བརྟན་མ་བཅུ་གཉིས། མགུར་ལྷ་བཅུ་གསུམ། དགེ་བསྙེན་ཉེར་གཅིག་གཙོ་བོར་གྱུར་པའི་མི་མ་ཡིན་མཐུ་བོ་ཆེ་ཐམས་ཅད་དམ་ལ་བཏགས་ཤིང་སྲོག་སྙིང་བླངས། བྲག་དམར་འོམ་བུའི་ཚལ་དུ་མངའ་བདག་དང་མཇལ་འཛོམ་མཛད། ཧས་པོ་རིར་བྱོན་ནས་ལྷ་སྲིན་ཐམས་ཅད་བཀའ་འོག་ཏུ་བསྡུས། བསམ་ཡས་ཀྱི་རྨང་བཏིང་ནས་བཞེངས་པས་ལྷ་འདྲེ་རྣམས་ཀྱིས་ཀྱང་གྲོགས་དན་བྱས་ཏེ་ལོ་ལྔ་ལ་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རི་དང་བཅས་པའི་ཚུལ་དུ་ཡོད་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། བཙུན་མོ་གསུམ་གྱི་གླིང་གསུམ་དང་བཅས་པ་གྲུབ། རབ་གནས་མཛད་པའི་ཚེ་བྱིན་རླབས་ཀྱི་ལྟས་ངོ་མཚར་བ་ལྔ་བྱུང་། དེ་ནས་མངའ་བདག་གིས་ཆོས་བསྒྱུར་ནས་སངས་རྒྱས་ཀྱི་བསྟན་པ་བཙུགས་པར་དགོངས་ཏེ་བོད་ཕྲུག་ཤེས་རབ་ཅན་རྣམས་ལ་ལོ་ཙཱ་བསླབ། རྒྱ་གར་ནས་སྡེ་སྣོད་འཛིན་པ་གཞན་ཡང་སྤྱན་དྲངས་ཏེ་མཁན་པོ་ལས་ཐོག་མར་སད་མི་མི་བདུན་རབ་ཏུ་བྱུང་ཞིང་རིམ་པར་རབ་བྱུང་གི་སྡེ་བཀོད། མཁན་སློབ་གཉིས་སོགས་པཎྜི་ཏ་རྣམས་དང་། བཻ་རོ་ཙ་ན། སྐ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་རྣམས་ཀྱིས་མདོ་སྔགས་ཀྱི་བཀའ་མ་ལུས་པ་རྣམས་དང་། དགོངས་འགྲེལ་གྱི་བསྟན་བཅོས་གཙོ་ཆེ་བ་རྣམས་བོད་སྐད་དུ་བསྒྱུར། བཻ་རོ་དང་ནམ་མཁའི་སྙིང་པོ་སོགས་རྒྱ་གར་དུ་བཏང་ནས་བཻ་རོས་ཤྲཱི་སིཾ་ཧ་ལས་རྫོགས་ཆེན། ནམ་སྙིང་གིས་ཧཱུྃ་ཀ་ར་ལས་ཡང་དག་གི་ཆོས་གསན་ཅིང་སོ་སོས་གྲུབ་པའང་ཐོབ་ནས་བོད་དུ་སྤེལ། རྒྱལ་པོས་སློབ་དཔོན་ཉིད་ལ་རྡོ་རྗེ་ཐེག་པའི་སྨིན་གྲོལ་སྩོལ་བར་གསོལ་བ་བཏབ་པས་བསམ་ཡས་མཆིམས་ཕུར་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་རྗེ་འབངས་རྣམ་དགུ་སྨིན་པར་མཛད་ནས་སོ་སོར་བཀའ་བབས་ཀྱི་གཉེར་གཏད་པས་དགུ་པོས་ཀྱང་སོ་སོའི་རིགས་དང་མཐུན་པའི་དངོས་གྲུབ་ཐོབ། གཞན་ཡང་ལྷོ་བྲག་མཁར་ཆུ་གཞོ་སྟོད་ཏི་སྒྲོ་ལ་སོགས་པའི་གནས་རྣམས་སུ་མངའ་བདག་ཡབ་སྲས། འབངས་རིགས་ཉེར་ལྔ་གཙོ་བོར་གྱུར་པའི་སྐལ་ལྡན་རྣམས་ལ་ཡོ་ག་རྣམ་པ་གསུམ་དང་འབྲེལ་བའི་ཟབ་ཆོས་ཐུན་མོང་མ་ཡིན་པ་དཔག་ཏུ་མེད་པ་གནང་། བོད་ཡུལ་དུ་ལོ་བརྒྱ་དང་བཅུ་གཅིག་བཞུགས་པ་ནི་ཕྱེད་ལོའི་དབང་དུ་བྱས་ན། ཁྲི་སྲོང་དགུང་ལོ་ཉེར་གཅིག་ལ་གུ་རུ་བོད་དུ་ཕེབས། དྲུག་ཅུ་རྩ་དགུ་པ་ལ་རྒྱལ་པོ་འདས། དེ་རྗེས་ལོ་ཤས་བཞུགས་ནས་སྲིན་ཡུལ་དུ་ཕེབས་པར་བཤད་པས་ལོ་ཧྲིལ་པོ་ལྔ་བཅུ་རྩ་ལྔ་དང་ཟླ་བ་དྲུག་བཞུགས་པ་ཡིན་པས་ཁྲི་སྲོང་བཞུགས་པའི་ཚེ་ལོ་བཞི་བཅུ་རྩ་བརྒྱད། གཤེགས་རྗེས་ལོ་བདུན་དང་ཟླ་བ་དྲུག་བཞུགས་པར་གསལ། བདུད་བློན་རྣམས་ནུས་པ་ལ་སྐྲག་ནས་གཤེགས་པར་ཞུས་པས་བསམ་ཡས་སུ་ལོ་བརྒྱད་བཞུགས་རྗེས་མང་ཡུལ་ལ་ཁ་ནས་འཕུར་ཏེ་བཞུད་པ་ནི་སྤྲུལ་པ་ཡིན་ལ། མཆོད་ཡོན་ལྐོག་ཏུ་བཀའ་བགྲོས་ཏེ་སྐུ་དངོས་མཚོ་རྒྱལ་སོགས་ལས་ཅན་གྱི་འཁོར་དང་བཅས་བོད་ཡུལ་གྱི་ས་གཞི་རྟ་རྨིག་ཙམ་ཡང་མ་ལུས་པ་ཞབས་ཀྱིས་བཅགས། མངའ་རིས་སྐོར་དུ་གངས་བྲག་ཉི་ཤུ། དབུས་གཙང་དུ་སྒྲུབ་གནས་ཉེར་གཅིག །མདོ་ཁམས་གནས་ཆེན་ཉེར་ལྔ། སྟོད་སྨད་བར་གསུམ་གྱི་སྦས་ཡུལ་རྒྱལ་པོ་གསུམ། ལུང་ལྔ། ལྗོངས་གསུམ། གླིང་གཅིག །དེ་རེ་རེ་ལའང་རྩ་བ་དང་ཡན་ལག་མེ་ཏོག་འབྲས་བུའི་ཚུལ་དུ་ཡོད་པ་ལ་སོགས་པ་གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། ཕྱིས་སུ་དབོན་སྲས་བདུད་ཀྱི་སྤྲུལ་པས་བསྟན་པ་བསྣུབ་པར་མཁྱེན་ནས་རྒྱལ་པོ་ལ་མ་འོངས་བའི་ལུང་བསྟན་མང་པོ་བསྩལ། མཆོད་ཡོན་བཀའ་བགྲོས་ཏེ་གསང་སྔགས་ཀྱི་བསྟན་པ་མི་ནུབ་པ་དང་། རྟོག་གེ་བས་བསླད་ཅིང་བཅོས་སུ་མེད་པས་བྱིན་རླབས་མི་ཡལ་བ་དང་གདུལ་བྱ་རིམ་པར་འབྱུང་བ་སོགས་ལ་དགོངས་ནས་རྒྱལ་པོའི་བླ་གཏེར་བརྒྱ་དང་། ཐུགས་གཏེར་ཆེན་པོ་ལྔ། ཟབ་པའི་གཏེར་ཆེན་ཉེར་ལྔ་གཙོ་བོར་གྱུར་པའི་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས། འདོན་པའི་དུས། འདོན་པ་པོའི་གང་ཟག །ལས་ཅན་ཆོས་བདག་སོགས་ལུང་བསྟན་རེ་རེ་བཞིན་བསྩལ། མོན་ཁ་ནེ་རིང་སེང་གེ་རྫོང་སོགས་སྟག་ཚང་མིང་ཅན་བཅུ་གསུམ་དུ་ཁྲོ་བོ་འཆོལ་བ་འཇིགས་སུ་རུང་བའི་སྐུར་བཞེངས་ནས་བོད་ཀྱི་ལྷ་སྲིན་དྲེགས་པ་ཅན་ཆེ་ཕྲ་ཐམས་ཅད་དམ་ལ་བཞག་ཅིང་གཏེར་གྱི་སྲུང་མར་གཉེར་དུ་གཏད་པའི་ཚེ་རྡོ་རྗེ་གྲོ་བོ་ལོད་དུ་གྲགས། ཕྱི་རབས་ཡིད་ཆེས་པའི་ཕྱིར་དུ་བུམ་ཐང་རྡོ་རྗེ་བརྩེགས་པ་སོགས་ལ་སྐུ་རྗེས། གནམ་མཚོ་ཕྱུག་མོ་སོགས་ལ་ཕྱག་རྗེས། སྤ་གྲོའི་བྲག་དཀར་སོགས་ལ་ཞབས་རྗེས། གཞན་ཡང་སྒྲུབ་གནས་ཐམས་ཅད་དུ་གུ་རུ་ཡབ་ཡུམ་གྱི་ཕྱག་ཞབས་ཀྱི་རྗེས་སོགས་ངོ་མཚར་ཅན་གྱི་བཀོད་པ་གྲངས་ལས་འདས་པ་བཞག །ལྷ་སྲས་མུ་རུབ་བཙན་པོ་བཏང་ནས་བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ། ཀ་ཅ་རྣམས་ཁྱེར་བའི་རྗེས་སུ་རྒྱལ་པོ་ཤིང་བྱ་ཅན་འབྲངས་ནས་འོང་བ། གུ་རུ་དྲག་པོའི་སྐུར་བསྟན་ཏེ་དམ་ལ་བཏགས་ཏེ་གཙུག་ལག་ཁང་གི་དཀོར་སྲུང་ལ་བསྐོས། ཁྲི་སྲོང་གཤེགས་པའི་རྗེས་སུ་མུ་ཏིག་བཙན་པོ་རྒྱལ་སར་བཀོད། ཁྲ་འབྲུག་ཏུ་བཀའ་འདུས་སྒྲུབ་ཆེན་མཛད་ནས་རྒྱལ་སྲས་ལྷ་རྗེ་ལ་ཟབ་ཆོས་ཀྱི་གཉེར་གཏད། གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་འབྱོན་ནས་འགྲོ་བ་འདུལ་བར་ལུང་བསྟན། བོད་དུ་སྨིན་པར་མཛད་པའི་སློབ་མའི་རྣམ་གྲངས་ནི་བསམ་གྱིས་མི་ཁྱབ་ཀྱང་སྔ་ཐོག་རྗེ་འབངས་ཉེར་གཅིག །བར་དུ་རྗེ་འབངས་ཉེར་ལྔ། ཕྱིས་སུ་རྗེ་འབངས་བཅུ་བདུན་དང་ཉེར་གཅིག་རྣམས་གཙོ་བོ་ཡིན་ལ། ཡེར་པའི་འོད་ལུས་གྲུབ་པ་བརྒྱད་ཅུ། ཆུ་བོ་རིའི་སྒོམ་ཆེན་བརྒྱ་དང་བརྒྱད། ཡང་རྫོང་གི་སྔགས་པ་སུམ་ཅུ། ཤེལ་བྲག་གི་རྟོགས་ལྡན་ང་ལྔ། མཁའ་འགྲོ་མ་ཉི་ཤུ་རྩ་ལྔ། རྣལ་འབྱོར་མ་བདུན་ལ་སོགས་པ་རྣམས་དང་། ཨ་མེས་བྱང་ཆུབ་འདྲེ་བཀོལ། རྒྱུས་བྱང་ཆུབ་གཞོན་ནུ། རོག་བན་ནམ་མཁའ་ཡེ་ཤེས། ཉང་དེ་བཞིན་གཤེགས་པ། སྤང་རྗེ་བཙན་ཁྲོམ། ཤ་མི་གོ་ཆ། ངབ་མི་དང་ངབ་འབྲེ། ལྕེ་རྒྱ་མཚོ་གྲགས།འབྲེ་ཤེས་རབ་གྲགས་ལ་སོགས་པ་དང་། རླངས། རྔོག །མཁོན། རོག །འགོས། སྤང་། སོ། ཟུར། གནུབས། རྒྱུས། སྐྱོ་ལ་སོགས་པའི་གདུང་རིགས་གྲུབ་པ་ཐོབ་པ་བར་མ་ཆད་པ་ལས་ཕྱིས་གསར་མའི་སྐྱེས་ཆེན་མང་དུ་བྱོན་པ་དེ་དག་གི་མེས་པོ་རྣམས་སློབ་དཔོན་ཆེན་པོའི་ཞབས་ལ་ཐུག་པ་ཁོ་ནའོ། །དེ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་པར་ཉེ་བ་ན་བོད་ཀྱི་རྒྱལ་བློན་འབངས་དང་བཅས་པ་རྣམས་ཀྱིས་བཤོལ་བཏབ་ཀྱང་མ་ཐེབས། རེ་རེ་བཞིན་དུ་ཞལ་གདམས་དང་ཐུགས་བརྩེའི་བསླབ་བྱ་རྒྱས་པར་བསྩལ། གུང་ཐང་གི་ལ་ཐོག་ནས་སེང་གེའམ་རྟ་མཆོག་ལ་ཆིབས། ལྷ་རྣམས་ཀྱིས་མཆོད་པའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་རྔ་ཡབ་གླིང་དུ་ཕེབ། ཟངས་མདོག་དཔལ་རིའི་རྩེ་མོར་སྲིན་པོའི་རྒྱལ་པོ་རཀྵ་ཐོད་ཕྲེང་གནས་སྤར་ཏེ་དེའི་གསོབ་ཏུ་ཞུགས། ཕོ་བྲང་པདྨ་འོད་ཀྱི་བཀོད་པ་བསམ་ལས་འདས་པར་སྤྲུལ། སྲིན་པོའི་གླིང་བརྒྱད་དུའང་སྤྲུལ་པ་རེ་རེ་རྒྱལ་པོའི་ཚུལ་དུ་བཞུགས་ནས་སྒྲུབ་ཆེན་བཀའ་བརྒྱད་ལ་སོགས་པའི་ཆོས་སྟོན། ཛམ་བུའི་གླིང་གི་མི་རྣམས་སྲོག་གི་འཇིགས་པ་ལས་བསྐྱབས། ད་ལྟ་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་དྲུག་པའི་རྒྱལ་ཚབ་ཀྱི་ཚུལ་དུ་འཇིག་རྟེན་འདི་མ་སྟོང་གི་བར་དུ་གཡོ་བ་མི་མངའ་བར་བཞུགས་སོ། །དུས་རྟག་པར་བོད་ལ་ཐུགས་རྗེས་དགོངས་ཏེ་སྤྲུལ་པས་དོན་མཛད། འདུལ་བའི་བསྟན་པ་འཇིག་པའི་ཚེ་ནའང་སྔགས་པ་རྣམས་ཀྱི་ནང་དུ་སྤྲུལ་པ་རེ་རེ་བྱོན། སྐལ་པ་དང་ལྡན་པའི་གང་ཟག་འོད་ལུས་འགྲུབ་པའང་མང་དུ་འབྱུང་། མ་འོངས་པ་རྒྱལ་བ་བྱམས་པ་འཇིག་རྟེན་དུ་བྱོན་པའི་ཚེ་སློབ་དཔོན་ཉིད་རྒྱལ་སྲས་འགྲོ་བ་ཀུན་འདུལ་ཅེས་བྱ་བར་སྤྲུལ་ནས་སྐལ་ལྡན་རྣམས་ལ་གསང་སྔགས་ཀྱི་ཆོས་བསྟན་པར་གསུངས་ཏེ་གདུལ་བྱ་ཐུན་མོང་བ་ཁ་ཅིག་གི་སྣང་ངོ་དང་མཐུན་པའི་ལོ་རྒྱུས་ཕྱོགས་རེའི་དབང་དུ་བྱས་་་་་་པའོ། །དེ་ལྟ་བུའི་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་གང་དེའི་བཀའ་བབས་ཐུགས་སྲས་ཀྱི་གཙོ་བོ་རྗེ་མངའ་བདག་ཁྲི་སྲོང་། འབངས་ཉེར་ལྔ། ཐུགས་ཀྱི་གཟུངས་མ་ལྔ་བཅས་ཀྱི་རྣམ་ཐར་ས་བོན་ཙམ་སྨོས་ན། དཔལ་བསམ་ཡས་མཆིམས་ཕུའི་ཡང་དབེན་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་རྗེ་འབངས་རྣམས་ལ་དབང་བསྐུར་བའི་ཚེ་གསེར་སྲང་བཅུ་རེ་ལ་མེ་ཏོག་བྱས་ཏེ་དཀྱིལ་འཁོར་ལ་ཕུལ་བས་་་་་་གང་དུ་མེ་ཏོག་ཕོག་པའི་ལྷ་སོ་སོར་བཀའ་བབས་པ་སོགས་ཀྱིས་གྲུབ་པ་ཐོབ་པའི་རྗེ་འབངས་ཉེར་ལྔར་གྲགས་པ་བྱུང་སྟེ། འདི་དུས་ལྷ་སྲིན་རྣམས་ཀྱིས་སློབ་དཔོན་ལ་ཐོ་འཚམས་ཕྱིར་ཀླད་ཀྱི་རྫ་མོ་སྙིལ་བ་སློབ་དཔོན་གྱིས་ཧཱུྃ་ཞེས་གསུངས་པས་རྫ་མོ་ཉིལ་བ་ཡར་ལོག་སྟེ་ཡི་གེ་ཧཱུྃ་གི་གཟུགས་སུ་གནས་པར་དེང་སང་རྫ་མོ་ཧཱུྃ་འདྲ་མར་གྲགས་སོ། །འདིར་ཁྲི་སྲོང་རྣམ་འཕྲུལ་དབང་པོའི་སྡེས། ཐུགས་སྲས་མི་རྗེ་འབངས་རིགས་ཉེར་ལྔ་ཞེས་གསུངས་པའི། མི་རྗེ་ཁྲི་སྲོང་ལྡེའུ་བཙན་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། ས་འོད་བཟང་པོ་ཞེས་ལུང་བསྟན་པ་ལྟར། རྗེ་སྲོང་བཙན་སྒམ་པོ་ནས་རྒྱལ་རབས་བཞི་པ་མེས་ཨག་ཚོམ་དང་རྒྱ་མོ་བཟའ་ཀོང་ཇོ་ཕྱི་མའི་སྲས་སུ་ཆུ་ཕོ་རྟ་ལོའི་དཔྱིད་ཟླ་ར་བའི་ཚེས་བརྒྱད་སྐར་མ་རྒྱལ་ལ་སྐུ་བལྟམས། དགུང་ལོ་བཅུ་བདུན་གྱི་བར་དུ་རྒྱལ་ཐབས་གཙོ་བོར་མཛད། དེ་ནས་དམ་པའི་རིགས་སད་དེ་ཐོག་མར་གཙུག་ལག་ཁང་ཆེན་པོ་བཞེངས་པར་བཞེད་པས་ཆོས་བློན་འགོས་དང་བགྲོས་ཏེ་གཡོའི་ཚུལ་གྱིས་ལས་ཐབས་ཀྱི་གདམས་ཁ་བསྐུར་བ་ན། ཐམས་ཅད་ཀྱིས་གཙུག་ལག་ཁང་བརྩིགས་པར་གྲོས་འཆམ་ནས་ས་འདུལ་གྱི་ཆེད་བོད་ཀྱི་ཐུབ་དབང་གཉིས་པ་མཁན་ཆེན་ཞི་བ་འཚོ་གདན་དྲངས་ནའང་དགོས་པའི་དབང་གིས་ས་གཞི་མ་ཐུལ་བ་ལྟར་མཛད་ནས་ལུང་བསྟན་པ་ལྟར་སློབ་དཔོན་ཆེན་པོ་སྤྱན་དྲངས། བོད་ཁམས་ཀྱི་ནག་ཕྱོགས་གདུག་པ་ཅན་རྣམས་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་མནན། ཅི་བགྱིའི་འབངས་སུ་རྩིས་ལ་ཕབ། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལ་བརྟེན་ནས་ས་གཞི་ལས་སུ་རུང་བར་གནང་། ནམ་མཁར་རྡོ་རྗེའི་གར་མཛད་པའི་གྲིབ་མ་གར་བྱུང་སར་རྩིགས་རྨང་བཏིང་། ཉིན་པར་མི་དང་མཚན་མོ་མི་མ་ཡིན་གྱིས་ལས་བྱས་པས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལོ་ལྔའི་ཁོང་དུ་གེགས་མེད་དུ་འབྱོངས། རབ་ཏུ་གནས་པའི་མེ་ཏོག་འཐོར་ཅིང་རྫུ་འཕྲུལ་གྱི་མཐུ་ཆེན་པོ་བསྟན། སློབ་དཔོན་ཆེན་པོས་ལུང་བསྟན་པ་ལྟར་ལོ་ཙཱ་བ་བཻ་རོ། །སྐ་ཅོག་ཟུང་གདན་དྲངས་ནས་སྒྲ་བསྒྱུར་སློབ་ཏུ་བཅུག་པས་ཚེགས་མེད་པར་མཁྱེན། སྦ་ཡེ་ཤེས་དབང་པོ་སོགས་སད་མི་མི་བདུན་རབ་ཏུ་བྱུང་བཅོལ་ནས་སངས་རྒྱས་ཀྱི་བསྟན་པའི་སྲོལ་དང་པོར་གཏོད། རྒྱལ་པོ་མདོ་བཅུ་སོགས་མདོ་རྒྱུད་ཅི་རིགས་པའང་བསྒྱུར། བཻ་རོ་དང་ནམ་མཁའི་སྙིང་པོ་སོགས་རྒྱ་གར་དུ་བཏང་ནས་ཆོས་ཀྱི་སྐྱེས་བླངས། ཁྱད་པར་སྐ་ཅོག་རྨ་གསུམ་ཕོ་ཉར་བཏང་ནས་པཎ་ཆེན་བི་མ་ལ་སྤྱན་དྲངས། ལོ་ཆེན་བཻ་རོ་རྒྱལ་མོ་ཚ་རོང་དུ་ཕེབ་པའང་སླར་བྱོན། དེ་ལྟ་བུའི་མཁན་སློབ་བི་མ་ལ་སོགས་པཎ་ཆེན་བརྒྱ་རྩ་ཞལ་འཛོམ། བཻ་རོ་སྐ་ཅོག་སོགས་ཞུས་ཆེན་དང་སྒྱུར་བྱེད་དང་མཆན་བུའི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་མཚམས་སྦྱར་ཏེ་སྡེ་སྣོད་རྒྱུད་སྡེ། དགོངས་འགྲེལ་གྱི་བསྟན་བཅོས་བཅས་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབས་པས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པར་མཛད་པའི་བཀའ་དྲིན་དང་ཕྱག་རྗེས་བསམ་གྱིས་མི་ཁྱབ། བྱེ་བྲག་ཏུ་བཀའ་མའི་ལོ་རྒྱུས་སྦ་བཞེད་སོགས་སུ་རྒྱལ་བློན་རྣམས་ལ་དཔལ་གསང་བ་འདུས་པའི་རིམ་པ་སྟེ་དབང་བསྐུར་མཛད། མན་ངག་ལྟ་བའི་ཕྲེང་བ་བཤད། ཆོས་དང་དྲག་སྔགས་ཀྱི་དཔེ་མང་པོ་རྗེ་ལ་སྦས། ཞེས་པ་ཙམ་ལས་མི་འབྱུང་བ་ནི་ཐུན་མོང་གི་གདུལ་བྱའི་སྣང་ངོར་དེ་ལྟར་ཡིན་མོད། ཐུན་མོང་མ་ཡིན་པ་མངའ་བདག་རྗེ་འབངས་སོགས་སྐལ་ལྡན་རྣམས་ལ་བླ་རྫོགས་ཐུགས་གསུམ་དང་། སྒྲུབ་སྡེ་བརྒྱད་སྤྱི་བྱེ་བྲག་གིས་མཚོན་རྩ་གསུམ་ཆོས་སྲུང་རབ་འབྱམས་ཀྱི་རྒྱུད་དང་གདམས་ངག་ལས་ཚོགས་སོགས་མཐའ་ཡས་པ་བཀའ་བསྩལ་ཅིང་ཕལ་ཆེར་མཆོད་ཡོན་གཉིས་ཀྱིས་བཀའ་བགྲོས་ཏེ་མ་འོངས་པའི་དུས་ལ་དགོངས་ནས་ཟབ་གཏེར་དུ་རྒྱས་བཏབ། བྱེ་བྲག་ཏུ་བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་གི་ཕུག་པར་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་གསན་པ་ན། མངའ་བདག་གི་མེ་ཏོག་དབུས་སུ་བབས་པས། གསང་མཚན་ཚངས་པ་ལྷའི་མེ་ཏོག་རྩལ་དུ་གནང་། ཆེ་མཆོག་བདེ་གཤེགས་འདུས་པའི་བཀའ་བབས་ཏེ། ཏིང་ངེ་འཛིན་ལས་མི་གཡོ་བར་ལྷུན་གྲུབ་ཀྱི་དགོངས་པ་སྐྱེས། མཁན་པོ་བོ་དྷི་སཏྭ་ལས་མདོ་ཕྱོགས་གསན་པས་ཤེར་ཕྱིན་གྱི་རྟོགས་པ་འཁྲུངས་ནས་བཀའ་ཡང་དག་པའི་ཚད་མ་ཞེས་པའི་བསྟན་བཅོས་དང་། འབུམ་གྱི་ཊཱིཀ་སོགས་བསྟན་བཅོས་མང་པོ་མཛད། སྤྲུལ་པའི་དམག་བྱེ་བ་ཕྲག་བཅུ་གཉིས་བཏང་སྟེ་རྒྱ་གར་མཆོད་རྟེན་པདྨ་ཅན་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་ལེན་པ་དང་། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པར་མཛད་དེ། ཆོས་ཀྱི་རྒྱལ་པོ་འདི་ནི་བསིལ་ལྡན་ཁ་བའི་ལྗོངས་འདིར་རྒྱལ་བསྟན་ཉིན་བྱེད་འདྲེན་པའི་ཤིང་རྟ་གཅིག་པུ་པར་གྱུར་པ་དེའོ། །དེ་ལྟ་བུའི་འཇམ་པའི་དབྱངས་མི་རྗེའི་ཚུལ་དུ་རྣམ་པར་རོལ་པ་དེའི་ཐུགས་བསྐྱེད་དང་ཕྲིན་ལས་མཐའ་ཡས་པས་བོད་ཁམས་ལ་བཀའ་དྲིན་མཚུངས་ཟླ་མེད་པ་དེ་ཉིད་ཞིང་ཁམས་གཞན་དུ་གཤེགས་པའི་དུས་སྔ་ཕྱི་མི་འདྲ་བ་མང་ནའང་རྣམ་ཐར་ཆེན་མོ་ལྟར་ན་ལྔ་བཅུ་རྩ་དགུ་ལ་གཤེགས་པར་གསུངས། གང་ལྟར་ཡང་དག་པའི་སྐྱེ་སྲིད་བརྒྱུད་མར་བཟུང་ནས་འབྲས་བུ་མཐར་ཕྱིན་པའི་སྐུ་སྤྲུལ་ཉང་། གསུང་སྤྲུལ་ཆོས་དབང་སྟེ་གཏེར་ཁ་གོང་འོག་གཉིས་དང་། ཐུགས་སྤྲུལ་མངའ་རིའི་པཎ་ཆེན་པདྨ་དབང་རྒྱལ། ཡོན་ཏན་སྤྲུལ་པ་གནས་གསར་བ་མདོ་སྔགས་གླིང་པ་མཁྱེན་བརྩེའི་དབང་ཕྱུག་དང་། དཔལ་བཀྲ་ཤིས་སྟོབས་རྒྱལ། ཕྲིན་ལས་ཀྱི་སྤྲུལ་པ་རྒྱལ་དབང་ལྔ་པ་རྡོ་རྗེ་ཐོགས་མེད་རྣམས་ཡོངས་གྲགས་དང་། གཞན་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལའང་བདུན་རེ་སོགས་མཐའ་ཡས་པ་འབྱུང་བར་གསུངས། མདོར་ན་གཏེར་འབྱིན་གྱི་གང་ཟག་ཕལ་མོ་ཆེ་མངའ་བདག་ཡབ་སྲས་དང་ལོ་ཆེན་བཻ་རོའི་སྤྲུལ་པར་ཞལ་གྱིས་བཞེས་པས་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་དུ་སྣང་ངོ་། །ཆོས་རྒྱལ་འདི་ཉིད་ཀྱི་སྲས་ལ་བཞེད་སྲོལ་མི་འདྲ་བ་མང་དུ་འདུག་ཀྱང་ཡོངས་གྲགས་ལྟར་ན། ཆེ་བ་མུ་ཁྲི་བཙད་པོའམ་མུ་ནེ་བཙན་པོ། འབྲིང་པོ་མུ་རུམ་བཙད་པོའམ་ལྷ་སྲས་དམ་འཛིན་རོལ་པ་ཡེ་ཤེས་རྩལ། ཆུང་བ་མུ་ཏིག་བཙད་པོའམ་སད་ན་ལེགས་མཇིང་ཡོན་གསུམ་དུ་ངེས་ཤིང་གསུམ་ཀའང་སློབ་དཔོན་ཆེན་པོའི་ཐུགས་སྲས་སུ་གྱུར་པ་ལས། མུ་ནེའི་རྣམ་འཕྲུལ་འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་དང་ཕྱིས་སུ་ཡོངས་དགེ་མི་འགྱུར་རྡོ་རྗེ་སོགས་ཡིན་པར་གསུངས། མུ་རུམ་ནི་ལྷ་སྲས་ལོ་ཙཱ་བ་ཞེས་མཁས་གྲུབ་གཉིས་ལྡན་མཐར་འོད་དུ་ཡལ་སྐད། གང་ལྟར་ཡང་དེའི་རྣམ་འཕྲུལ་རིག་འཛིན་སངས་རྒྱས་གླིང་པ། ལྷ་བཙུན་སྔོན་མོ། ཞིག་གླིང་འོད་གསལ་སྒྱུ་མ། མཆོག་གྱུར་བདེ་ཆེན་གླིང་པའི་བར་མང་དུ་བྱོན། མུ་ཏིག་བཙད་པོའི་རྣམ་འཕྲུལ་གུ་རུ་ཇོ་ཙེ་སོགས་ཡིན་ལ། མུ་ཏིག་གི་སྲས་ལྔ་བྱུང་བའི་ནང་ནས་རལ་པ་ཅན་གྱིས་ཆོས་ཀྱི་རྒྱལ་སྲིད་བསྐྱང་ཞིང་གསུང་རབ་རྣམས་སྐད་གསར་བཅད་ཀྱིས་དག་ཐེར་མཛད། འོན་ཅང་རྡོའི་ལྷ་ཁང་བཞེངས་པ་སོགས་དམ་པའི་ཆོས་ཤིན་ཏུ་དར་ཞིང་རྒྱས་པར་མཛད། རྒྱལ་སྲས་ལྷ་རྗེའམ་སྔགས་འཆང་མཆོག་གྲུབ་རྒྱལ་པོར་གྲགས་པ་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་རྣམ་འཕྲུལ་དུ་ཨོ་རྒྱན་ཆེན་པོས་ལུང་བསྟན། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་གཏད་པ་སོགས་ཐུགས་སྲས་ཀྱི་དྭངས་མར་གྱུར། འདི་ཉིད་འགའ་ཞིག་གིས་ཆོས་རྒྱལ་ཁྲི་སྲོང་གི་སྐྱེ་བ་དེ་མ་ཐག་པར་ཡང་བཤད། སྐུ་ན་ཕྲ་མོ་ནས་གཤེགས་མོད། སློབ་དཔོན་ཆེན་པོའི་ཐུགས་རྗེ་རྨད་དུ་བྱུང་བ་ལ་བརྟེན་ནས། སྤྲུལ་པའི་གཏེར་སྟོན་ཐམས་ཅད་ཀྱི་ཐོག་མ་སངས་རྒྱས་བླ་མ། རྒྱ་ལོ་ཙཱ་བ་རྡོ་རྗེ་བཟང་པོ། མང་ཡུལ་ཉི་མ་སེང་གེ་སོགས་ནས་གཙོ་བོར་གྱུར་པ་ཡར་རྗེ་ཨོ་རྒྱན་གླིང་པ་ནས་ཆོས་རྗེ་གླིང་པ་ཡན་སྐྱེ་བ་བཅུ་གཉིས་བར་གཏེར་སྟོན་རྐྱང་པའི་སྐྱེ་བ་བཞེས་ནས། བཅུ་གསུམ་པ་གར་དབང་འཆི་མེད་རྡོ་རྗེ་ལ་བཞེད་པ་དང་། རིག་འཛིན་འཇིགས་མེད་གླིང་པ་ལ་བཞེད་པ་པའང་ཡོད་མོད། རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་ནི་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་བཀའ་བབས་བདུན་གྱི་མངའ་བདག་རྗེ་བླ་མ་རིན་པོ་ཆེ་པདྨ་མདོ་སྔགས་གླིང་པ་ཉིད་དུ་ངེས་པའོ། ༈ །བངས་རིགས་ཉེར་ལྔ་ལས། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ནི། གནུབས་རོང་ཡུལ་དུ་འཁྲུངས། ཨོ་རྒྱན་ཆེན་པོས་བཀའ་བརྒྱད་ཀྱི་དབང་བསྐུར་བའི་སྐབས། མེ་ཏོག་སྐུ་གཤིན་རྗེར་ཕོག །སྦྲགས་ཀྱི་ཡང་རྫོང་དུ་སྒྲུབ་པ་མཛད་པས་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་གཟིགས། བྲག་ལ་ཕུར་པ་བཏབ་པ་དང་། ཉི་ཟླ་གདན་དུ་བཏིང་བ་སོགས་གྲུབ་པའི་རྟགས་མཚན་མངོན་སྣང་དུ་སྟོན་པར་ནུས། རྒྱ་གར་དང་བལ་ཡུལ་དུ་ལན་བདུན་བྱོན། མདོ་སྒྱུ་སེམས་གསུམ་གྱི་བཀའ་བབས། བལ་པོ་བ་སུ་དྷ་ར་ལས་མངོན་སྤྱོད་ཀྱི་ལས་མང་དུ་ཞུས་ཤིང་དྲག་པོའི་ཕྲིན་ལས་མང་དུ་མཛད། ཁྱད་པར་དུ་རྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བཤིགས་པའི་དུས་སློབ་དཔོན་འདིས་རྒྱལ་པོ་སྡིག་ཅན་སྐྲག་པར་མཛད་དེ། རྒྱལ་པོས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས་ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་ཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོའོ་ཆོས་མཛོད་ཅིག་ཟེར།ད་རུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་ཕ་རིའི་བྲག་ལ་བསྣུན་པས་ཚལ་པར་སོང་། དེར་རྒྱལ་པོ་འཇིགས་ཤིང་སྐྲག་ནས་ཁྱེད་འཁོར་བཅས་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་རྣམས་ལ་གནོད་པ་མ་བྱུང་བ་ཁོང་གི་དྲིན་དུ་མངོན་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱི་ལའང་ཕན་པ་ཆེར་བྱུང་ངོ་། །ཚེའི་རིག་འཛིན་བརྙེས་པས་མངའ་བདག་དཔལ་འཁོར་བཙན་གྱི་བར་དུ་བཞུགས་པར་གྲགས། མཐར་ཐུགས་སྲས་ཡོན་ཏན་རྒྱ་མཚོ་དང་། དགེ་བའི་མཆེད་བཅོ་ལྔ་སོགས་སྨིན་པར་མཛད་ནས་ལྕང་ལོ་ཅན་དུ་གཤེགས། སྔ་འགྱུར་བཀའ་མའི་བབས་སོ་ཆེན་པོའི་སྲོལ་འཛིན་པའི་ཤིང་རྟ་ཆེན་པོའོ། །འདིའི་རྣམ་འཕྲུལ་གཏེར་སྟོན་དུམ་པ་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་དང་། ཨོ་རྒྱན་དྲི་མེད་ཀུན་དགའ་སོགས་སྔ་ཕྱིར་མང་དུ་བྱུང་ངོ་། ༈ །ངན་ལམ་རྒྱལ་བ་མཆོག་དབྱངས་ནི་དབུ་རུ་འཕན་ཡུལ་དུ་འཁྲུངས། རུས་ངན་ལམ། མཁན་པོ་བོ་དྷི་སཏྭ་ལས་རབ་ཏུ་བྱུང་སྟེ། བོད་འདིར་རབ་བྱུང་གི་སྔ་བ་སད་མི་མི་བདུན་གྱི་གྲས་ཡིན། སྐུ་ཤིན་ཏུ་བཙུན་པར་གྲགས་ཏེ། སྦ་བཞེད་ཀྱི་ལོ་རྒྱུས་ལས་རབ་ཀྱི་མི་དགུ་འདྲེན་པ་ན། བཙུན་པའི་རབ་ནི་ངན་ལམ་ལྷ་ཆུང་གཉིས། ཞེས་འབྱུང་ངོ་། །མེ་ཏོག་གསུང་རྟ་མགྲིན་ལ་ཕོག །དབེན་རྩར་སྒྲུབ་པ་མཛད་པས་ཡུལ་གསུམ་གྱད་དུ་གྱུར་ཏེ་དབུ་གཙུག་ནས་རྟ་མགོ་ཐོན་ཞིང་རྟ་སྐད་འཚེར་བ་བྱུང་། ཚེའི་རིག་འཛིན་བརྙེས་པས། མངའ་བདག་དཔལ་འཁོར་བཙན་གྱི་དུས། རྨ་བན་བྱང་ཆུབ་བློ་གྲོས་སྟོང་དུ་འབྲོ་རྣམས་ཀྱིས་མི་ཤ་ལ་བཀུམ་པ་རྒྱལ་པོར་སྐྱེས་ཏེ་མངའ་བདག་ལ་གནོད་པ་ལ། རྒྱལ་བ་མཆོག་དབྱངས་ཀྱིས་རྒྱལ་པོ་རྩེ་མདོས་མཛད་ནས། བཙན་པོ་བསྙུན་ལས་གྲོལ་བར་མཛད། མདོས་དེའི་སྨྲེང་མཁར་ཆུར་གཏེར་དུ་སྦས་པ་དུས་ཕྱིས་ཁམས་པ་དར་བེར་ཅན་གྱིས་གཏེར་ནས་བཏོན་པར་གྲགས། འདིའི་རྣམ་འཕྲུལ་གུ་རུ་ཚེ་བརྟན་རྒྱལ་མཚན་དང་། རྒྱ་སྟོན་པདྨ་དབང་ཕྱུག་སོགས་བྱོན་ཅིང་། གྲུབ་ཆེན་ཀརྨ་པཀྴིས་ཀྱང་འདི་ཉིད་ཀྱི་རྣམ་འཕྲུལ་དུ་ཞལ་གྱིས་བཞེས་ཏེ་འཇིག་རྟེན་ཡོངས་སུ་གྲགས་སོ། ༈ །དགེ་སློང་ནམ་མཁའི་སྙིང་པོ་ནི། རུས་གནུབས། འཁྲུངས་ཡུལ་གཉལ་སྨད་ཉང་དཀར་མདའ་ཤམ་བུར་འཁྲུངས། མཁན་པོ་ལས་རབ་ཏུ་བྱུང་། རྟེན་དགེ་སློང་། སློབ་དཔོན་ཆེན་པོས་དབང་བསྐུར་དུས་མེ་ཏོག་ཡང་དག་ཐུགས་ལ་ཕོག་པས་གྲུབ་པའི་མཚན་མ་བརྙེས་ཏེ་ཉི་ཟེར་ལས་གཤེགས་བཞུད་མཛད། ལོ་ཙཱ་ལེགས་པར་སྦྱངས་ནས་རྒྱ་གར་ལ་བྱོན། སློབ་དཔོན་ཧཱུྃ་ཀ་ར་སོགས་པཎ་གྲུབ་མང་པོ་དང་མཇལ། དབང་དང་གདམས་པ་མང་པོ་གསན་ནས་བོད་དུ་བྱོན། བོན་བློན་རྣམས་ཀྱི་ཕྲ་མས། རེ་ཞིག་ལྷོ་བྲག་མཁར་ཆུར་བྱོན། སྐབས་ཤིག་འཁྲུངས་ཡུལ་གྱི་ཉེ་འཁོར། བྲག་དམར་ཞེས་བྱ་བའི་ཕུག་པར་བཞུགས་པ་ན། གཅུང་པོ་འཇིག་རྟེན་འཛིན་པ་ཞིག་ཡོད་པ་དེ། ཞིང་ལ་འདེབས་རྒྱུའི་ས་བོན་མེད་དེ། སློབ་དཔོན་ལ་ཞུ་བར་ཕྱིན་པས། ཁྱོད་འཇིག་རྟེན་པ་ལ་ས་བོན་མེད་ན། ང་རི་ཁྲོད་འགྲིམ་པ་ལ་ས་བོན་གང་ལས་འོང་། འོན་ཀྱང་འདི་གཏོར་ལ་སོ་ནམས་བྱེད་པ་བཞིན་གྱིས། མི་ལ་ངོ་ཚ་གསུངས་ནས་རྡེའུ་ཕད་བུ་གང་གནང་བ་དེ། གཅུང་པོས་ཀྱང་བཀའ་བཞིན་བྱས་པས། ཡུལ་མི་གཞན་ལས་ལྷག་པའི་ལོ་ཐོག་སྐྱེས། ཡང་ལན་གཅིག་གནས་དེ་ནས། གཉལ་སྨད་ཀྱི་དགེ་རིའི་རྩེར་ནམ་མཁའ་ལ་འཕུར་ནས་བྱོན་པ་ན། ལམ་དུ་ཕྱག་ཕྲེང་ཟག་པ། ཉང་སྨད་མཁར་ཐང་དཀྱིལ་དུ་ལྷུང་བ། ནམ་མཁའ་ནས་རྫུ་འཕྲུལ་གྱི་ཕྱག་བརྐྱངས་ནས་བླངས་པས། ས་ལ་ཕྱག་སོར་ལྔའི་རྗེས་བྱུང་བར་མེ་ཏོག་ལྔ་སྐྱེས། དེ་ལ་མཁའ་འགྲོ་སྡེ་ལྔ་དང་། འབྱུང་བ་བཞིའི་ལྷ་མོས་མཆོད་རྟེན་ལྔ་བཞེངས་པ་ད་ལྟ་ཡང་ཡོད། དགྱེ་རི་སྤྱང་དམར་ཕུག་པར་བཞུགས་སྐབས། དགྱེ་རིའི་འདབ་དེས་སྤེ་དྲིལ་གྱི་གཞོན་པ་མང་པོས་བཟའ་བཅའ་སྣ་ཚོགས་ཁྱེར་ནས་རི་བལྟས་ལ་ཕྱིན་པ་ན། དགེ་སློང་དང་མཇལ། ཁོང་ཚོས་ཚོགས་འཁོར་ཞུས་པས། འགྲོ་ཁར་བྱིན་རླབས་ཡིན་གསུངས་ནས། མི་རེ་ལ་རྡེའུ་དམར་པོ་འགའ་རེ་གནང་བས། ཕལ་ཆེར་གྱིས་ཕོས། གཅིག་གིས་མདའ་དོང་དུ་བླུགས་ནས་འོངས། ཕྱིས་མདའ་བཏོན་པ་ན་གཡུ་ཐོན། སྔར་སློབ་དཔོན་གྱིས་རྡེའུ་གནང་བ་དེ་དངོས་གྲུབ་ཡིན་པར་ཤེས་ནས། གཞན་ཚོ་ལ་བཤད་པས། རྡེའུ་ཕོས་པར་འགྱོད་ནས། སླར་སློབ་དཔོན་ལ་དངོས་གྲུབ་ཞུ་བར་ཕྱིན་པས། ཕུག་པའི་ནང་ན་སློབ་དཔོན་ནི་མེད་པར་སྤྱང་ཀི་དམར་པོ་ཞིག་མཐོང་བས། སྤྱང་དམར་ཕུག་པར་གྲགས། སྔར་གྱི་གཡུ་དེ་རྣམས་ལ་ཐོད་པ་དྲུག་དམར། རྩད་པོ་བརྒྱད་དཀར། སྐར་མ་མིག་བཞི་སོགས་གཡུ་མིང་ཅན་འགའ་བྱུང་བར་གྲགས། ཡང་ལོ་རྒྱུས་གཞན་ཞིག་ཏུ། སློབ་དཔོན་ལ་ནང་རེ་བཞིན་བུད་མེད་ཞིག་གིས་ཞོ་རྫིའུ་རེ་ཕུལ་བས་སྐབས་ཤིག་སློབ་དཔོན་གྱིས་ཞོ་སྣོད་རྡེ་འུས་བཀང་ནས་གནང་བས་མོས་ཀྱང་དངོས་གྲུབ་ཡིན་པར་ཤེས་ནས་ཁྱིམ་དུ་ཁྱེར་ཏེ་ཞག་འགའ་ཞིག་ནས་བལྟས་པ་རྡེའུ་ཐམས་ཅད་གཡུ་རུ་སོང་འདུག་ཟེར་བའང་སྣང་། ལྷོ་བྲག་མཁར་ཆུར་དཔལ་གྱི་ཕུག་རིང་ལ་སོགས་པར་སྒྲུབ་པ་མཛད་པས་ཡི་དམ་མང་པོའི་ཞལ་གཟིགས་ཤིང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་ནས། ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། འདིའི་རྣམ་འཕྲུལ་མང་པོ་བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་དང་། ཕྱིས་སུ་རིག་འཛིན་ཚེ་དབང་ནོར་བུ་སོགས་གཏེར་སྟོན་ཅི་རིགས་པར་བྱོན། གསང་ཡུམ་མཁའ་སྤྱོད་གྲུབ་པ་ཤེལ་དཀར་རྡོ་རྗེ་མཚོའི་རྣམ་ཐར་རྒྱས་པ་པདྨ་གླིང་པའི་བླ་མ་ནོར་བུ་རྒྱ་མཚོར་གསལ། ༈ གཉགས་ལོ་ཡེ་ཤེས་གཞོན་ནུ་ནི། འཁྲུངས་ཡུལ་ཡར་ལུང་ཤེར་པའམ་འཕྱོས། རུས་ལས་མིང་དུ་ཆགས་པ་གཉགས་སྟག་སྒྲ་ལྷ་སྣང་། སྲུ་བཟའ་མགོན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། མགྲིན་པ་ན་སྨེ་བ་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་ཡོད། མཚན་རྒྱལ་བའི་བློ་གྲོས་སུ་བཏགས། མཁན་ཆེན་བོ་དྷི་སཏྭ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁྱེན་རབ་བསམ་གྱིས་མི་ཁྱབ་པས་མདོ་སྔགས་ཀྱི་ཆོས་མང་དུ་བསྒྱུར། སློབ་དཔོན་ཆེན་པོ། བི་མ་ལ། བཻ་རོ། གཡུ་སྒྲ་རྣམས་བསྟེན་པས་བཀའི་ཆུ་བོ་བཞི་འདུས་པས། སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབས་ཞེས་འབྱུང་། གཙོ་བོར་ཕུར་པ་ལ་མངོན་རྟགས་བརྙེས་པས་རྫུ་འཕྲུལ་གྱི་མཐུ་གྲུབ། ཕུར་པ་གཉགས་ལུགས་ཞེས་ཕྱིས་ཀྱི་བར་དུ་དར་རྒྱས་ཆེ་བ་དང་། སློབ་དཔོན་ཆེན་པོས་བཀའ་བརྒྱད་ཀྱི་དབང་བསྐུར་དུས་རྒྱལ་པོ་དང་ལྷན་ཅིག་དབུས་ཀྱི་ཆེ་མཆོག་ལ་མེ་ཏོག་ཕོག་པས། གསང་མཚན་དྲི་མེད་ཟླ་ཤར་ཏེ་བདུད་རྩི་སྨན་གྱི་བཀའ་བབས། སྒྲུབ་གནས་ཡར་ལུང་ཤེལ་བྲག་ནས་རྫུ་འཕྲུལ་གྱིས་སྒྲུབ་ཆུ་བཏོན་པ་ད་ལྟའང་ཡོད། ཡང་ངན་ལམ་རྒྱལ་བ་མཆོག་དབྱངས་དང་ལྷན་ཅིག་ཡེར་པར་སྒྲུབ་པ་མཛད་པས་གྲུབ་པ་ཐོབ་སྟེ་བྱ་རོག་ཞིག་ཏུ་བརྫུས་ནས་གྲོགས་པོའི་རྩར་བྱོན་པས་རྒྱལ་བ་མཆོག་དབྱངས་ཀྱིས་ཀྱང་ངོ་མཁྱེན་པས། སླར་རྔ་མོ་ཆུང་ངུ་ཞིག་ཏུ་སྤྲུལ་ནས་བསྐོར་བ་ལན་གསུམ་བྱས་ནས་མཆོག་དབྱངས་ལ་སྤྱང་རབ་བྱུང་གསུངས་སྐད་དེ། དབེན་པ་དེར་དེང་སང་ཡང་བྱ་རོག་རྫོང་དུ་གྲགས། བཀའ་བབས་མི་བརྒྱད་ཀྱི་དུས་གཉགས་མི་བགྲང་བའང་འདུག་སྟེ། དབང་པོའི་སྡེས་ཀྱང་བགྲང་བར་མ་གནང་ཡང་འདིར་བཀའ་བརྒྱད་བདེར་འདུས་ལྟར་བྲིས་སོ། །གང་ལྟར་ཡང་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་མངའ་བདག་ཏུ་གྱུར། སློབ་མ་སོག་པོ་དཔལ་གྱི་ཡེ་ཤེས་སོགས་དཔལ་གྱི་བུ་བརྒྱད་དུ་གྲགས་པ་དང་། དབོན་རྒྱུད་རྣམས་ལས་ཀྱང་ཕྲིན་ལས་རྒྱ་ཆེར་བྱུང་། འདིའི་རྣམ་འཕྲུལ་ཡར་སྟོད་ར་མོ་ཤེལ་སྨན་དང་། བྱ་རོང་ཨེ་ཡི་སྨན་པ་ཉི་འོད་གསལ་སོགས་སྤྲུལ་པའི་གཏེར་སྟོན་ཅི་རིགས་པ་བྱོན་པར་སྣང་། ༈ དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་ནི། འདིའི་འཁྲུངས་ཡུལ་དང་། ཡབ་ཡུམ་གྱི་མཚན་སོགས་ལ་ནི་མི་འདྲ་བ་མང་དུ་སྣང་ཡང་ཐང་ཡིག་ལྟར་ན། ཡབ་ནམ་མཁའ་ཡེ་ཤེས་དང་། ཡུམ་གནུབས་མོ་དགེ་བ་འབུམ་གྱི་སྲས་སུ་སྦྲགས་ཀྱི་གྲོང་མོ་ཆེར་འཁྲུངས། རུས་མཁར་ཆེན་ཏེ། འཁྲུངས་ཡུལ་དེར་སྐུ་གཞོན་ནུའི་དུས་ཀྱི་ཞབས་རྗེས་དང་། བླ་མཚོ་ཆུང་ངུ་ཞིག་ཀྱང་ཡོད། སྔོན་རྒྱལ་པོའི་བཙུན་མོ་ཡིན་ཡང་སློབ་དཔོན་ལ་དབང་ཡོན་དུ་ཕུལ་བས་གུ་རུའི་ཐུགས་ཀྱི་གཟུངས་མར་གྱུར། སློབ་དཔོན་དང་མཇལ་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་མོད། མེ་ཏོག་ཕུར་པའི་དཀྱིལ་འཁོར་ལ་ཕོག་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་ཞལ་གཟིགས་ཤིང་གྲུབ་པ་བརྙེས་པས་ཕ་མེས་ཀྱི་ཟ་འདྲེ་བཏུལ། བསད་གསོ་གྲུབ་པས། མཚོན་གྱིས་བསད་པའི་མི་རོ་གསོན་པོར་སློང་ནུས། གཞོ་སྟོད་ཏི་སྒྲོར་ཟབ་ཆོས་མཁའ་འགྲོ་སྙིང་ཐིག་སོགས་གྲུབ་པའི་གནས་ཆེན་རྣམས་སུ་ཨོ་རྒྱན་ཆེན་པོ་ལས་ཟབ་ཆོས་མཐའ་ཡས་པ་གསན་ཅིང་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། སྐུ་གཞོན་དུས་ཆོས་ལ་བར་ཆད་བྱེད་པའི་བདུད་བློན་ཤ་ཏ་ཟེར་བ་དམྱལ་བར་སོང་བས་དེ་འདྲེན་པའི་ཕྱིར་དམྱལ་བའི་ཡུལ་དུ་བྱོན་ནས་དམྱལ་བའི་ལྕགས་ཁང་གི་རྩར་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་དཀྱིལ་འཁོར་བཞེངས་པས་ལྕགས་ཁང་སིལ་གྱིས་ཞིག་ནས་ཤ་ཏས་གཙོས་པའི་དམྱལ་བའི་སེམས་ཅན་ཐམས་ཅད་དྲངས་ཏེ་དམྱལ་ཁམས་ལན་གཅིག་སྟོངས་པར་མཛད། སློབ་དཔོན་ཆེན་པོའི་གསུང་གསང་བསམ་གྱིས་མི་ཁྱབ་པའི་ཆོས་སོ་ཅོག་གི་བཀའི་བསྡུ་བ་མཛད་ཅིང་། བོད་ཡུལ་དུ་ལོ་ཉིས་བརྒྱར་འགྲོ་དོན་བསྐྱངས་ནས་སྐུ་དེ་ཉིད་མ་སྤངས་པར་ས་སྤྱོད་ཟངས་མདོག་དཔལ་རིར་གཤེགས་ཏེ་གུ་རུའི་ཐུགས་ཀྱི་གཟུངས་མར་བཞུགས་ཤིང་བོད་ཡུལ་འགྲོ་ལ་བཀའ་དྲིན་འགྲན་ཟླ་མེད་པའི་མ་གཅིག་ཡིད་བཞིན་ནོར་བུ་དེའོ། །གཤེགས་ལོ་སོགས་ལའང་སྣ་ཚོགས་སྨྲ་བར་སྣང་ཡང་འདིར་ཡོངས་གྲགས་ལྟར་བྱས་ལ། གུ་རུའི་བཀའ་ཐམས་ཅད་གཏེར་དུ་སྦེད་པ་སོགས་ཕལ་ཆེར་ཡང་ཡེ་ཤེས་མཁའ་འགྲོ་འདི་ཉིད་ཀྱིས་མཛད་པ་ལ་བརྟེན་ནས་སྤྲུལ་པའི་གཏེར་སྟོན་ཆེན་པོ་རྣམས་རྗེས་སུ་བཟུང་ཞིང་ལུང་བསྟན་དབང་བསྐུར་དབུགས་དབྱུང་། འགའ་ཞིག་གི་གསང་བའི་གྲོགས་སུ་རྣམ་པར་འཕྲུལ་པ་སོགས་མཐའ་ཡས་ཤིང་དངོས་ཀྱི་སྤྲུལ་པའང་། ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་དང་། མཁའ་འགྲོ་མ་ཀུན་དགའ་འབུམ་སོགས་སྤྲུལ་པའི་གཏེར་སྟོན་ཆེན་མོ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པས་མཚོན་ངོ་མཚར་བསམ་གྱིས་མི་ཁྱབ་བོ། ༈ །འབྲོག་མི་དཔལ་གྱི་ཡེ་ཤེས་ནི། གདུང་རུས་འབྲོག་མི་ཡིན། ཡར་འབྲོག་སྒང་དུ་འཁྲུངས། ལོ་ཙཱ་མཁས་པར་མཁྱེན་པས་མ་མོའི་རྒྱུད་སོགས་མདོ་སྔགས་མང་དུ་བསྒྱུར། སློབ་དཔོན་ཆེན་པོས་དབང་བསྐུར་གནང་དུས་མེ་ཏོག་བླ་མེད་ཧེ་རུ་ཀའི་དཀྱིལ་འཁོར་ལ་ཕོག་སྟེ་སྲིད་པ་མ་མོའི་བཀའ་བབས། སྲིད་པ་བདེ་འགྲོའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་ཤིང་སྣང་སྲིད་མ་མོ་ཐམས་ཅད་བྲན་ཏུ་འཁོལ། ཡར་སྟོད་ཤམ་པོ་གངས་རི་ལ་སྒྲུབ་གནས་མཛད་པས། ལྷ་ཆེན་ཤམ་པོའི་སྲོག་གི་བླ་རྡོ་ལྷ་ཀླུ་མིའི་རིན་པོ་ཆེ་བཅོ་ལྔའི་རྒྱུ་ལས་གྲུབ་པ་དྲོད་རྟ་རྔ་ཙམ་རྒྱུན་དུ་ཡོད་པ་ཞིག་གཏེར་དུ་བཅོལ་བ་ཕྱིས་སོ་སྐལ་ལྡན་རྡོ་རྗེས་བཏོན་པར་གྲགས། སྐུའི་རྟེན་རིག་སྔགས་འཆང་ཆེན་པོའི་ཚུལ་དུ་བཞུགས་པ་ཡིན་པས་གདུང་དང་དབོན་རྒྱུད་ཀྱང་སྔགས་འཆང་གྲུབ་བརྙེས་དང་ལོ་ཙཱ་བ་སོགས་མང་དུ་བྱོན་ཅིང་གདུང་རིགས་ད་ལྟའང་ཡོད། སྤྲུལ་པའི་གཏེར་སྟོན་ཆེན་པོ་ར་ཤག་ཆོས་འབར་དུ་གྲགས་པའང་འདི་ཉིད་དང་ལོ་ཆེན་བཻ་རོ་ཟུང་དུ་འཇུག་པའི་སྤྲུལ་པ་དང་། ཁ་རག་བདེ་ཆེན་གླིང་པ་སྔ་ཕྱི་བར་གསུམ་གྱིས་མཚོན་རྣམ་འཕྲུལ་ཅི་རིགས་བྱོན་པར་མངོན། ༈ རླངས་དཔལ་གྱི་སེང་གེ་ཕྱི་མ་ནི། ལྷ་གཟིགས་རླངས་ཀྱི་གདུང་ལས། ཡབ་ཨ་མེས་བྱང་ཆུབ་འདྲེ་འཁོལ་ཞེས་ལོ་བརྒྱད་ནས་ཨོ་རྒྱན་དུ་བྱོན་པ་དང་། སྲིན་པོ་བཏུལ་བ་དང་། གླིང་རྗེ་གེ་སར་གྱིས་གླིང་ཡུལ་དུ་གདན་ལན་གཉིས་དྲངས་ནས་ཕྱོགས་བཞིའི་འདྲེ་ཆེན་པོ་བཞི་བཏུལ་ཅིང་། ལྷ་སྲིན་བྲན་དུ་འཁོལ་བ་དེ་དང་། ཡུམ་ཇོ་མོ་སྐལ་ལྡན་མ་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བར་འཁྲུངས། རྫུ་འཕྲུལ་དང་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ། ཁྱད་པར་སློབ་དཔོན་ཆེན་པོའི་ཐུགས་སྲས་སུ་གྱུར། དབང་བསྐུར་ཞུས་དུས་མེ་ཏོག་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་ལ་ཕོག་པས་དྲེགས་པའི་བཀའ་བབས། དྲེགས་ཚོགས་ལྷ་སྲིན་ཐམས་ཅད་བྲན་དང་གཡོག་ཏུ་བཀོལ་ནུས། སྒྲུབ་གནས་སྤ་གྲོ་སྟག་ཚང་དུ་བཅོམ་ལྡན་འདས་དྲེགས་པ་ཀུན་འདུལ་གྱི་ལྷ་ཞལ་གཟིགས་ཤིང་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ཡིན་ནོ། །རླངས་ལྷ་གཟིགས་ཀྱི་གདུང་ལས་སྡེ་སྲིད་ཕག་མོ་གྲུ་པ་ཞེས་སྣེའུ་གདོང་པ་རྣམས་བྱུང་། འདིའི་རྣམ་འཕྲུལ་སྤྲུལ་པའི་གཏེར་སྟོན་རྭ་སྟོན་སྟོབས་ལྡན་རྡོ་རྗེ་སོགས་ཅི་རིགས་བྱོན། ༈ ལོ་ཆེན་བཻ་རོ་ཙ་ན་ནི། གདུང་པ་གོར། འཁྲུངས་ཡུལ་ཕྱོགས་གཉིས་སྣང་སྟེ་ཐང་ཡིག་ལས་སྙེ་མོར་བཤད་ཀྱང་། བཻ་རོ་ཉིད་ཀྱི་འདྲ་འབག་ལས། ཉང་ཆུ་གཙང་ཆུ་འདྲེས་པ་ཞེས་འབྱུང་བས། ད་ལྟ་ཕོ་བྲང་ཆེན་པོ་བསམ་འགྲུབ་རྩེའི་ཆུའི་ཤར་ཁ། ཟངས་དཀར་ཟེར་བའི་གྲོང་ཡོད་པ་དེ་ཉིད་དང་ཉེ་བའི་ཐང་དུ་འཁྲུངས་པར་གསལ་ཞིང་། གནས་དེ་ཉིད་ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རྡོ་ལ་གསལ་བར་ཡོད་དོ་ཟེར། ཡབ་པ་གོར་རྡོ་རྗེ་རྒྱལ་པོ། པ་གོར་ཧེ་འདོད་ཁུ་བོ་ཡིན་པར་བཞེད། ཐང་ཡིག་ནས་ཡབ་ཡིན་པར་གསུངས། ཡུམ་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་སྲས་སུ་འཁྲུངས། སྐུ་གཞོན་ནུའི་དུས་འཁྲུངས་ཡུལ་བྲག་པོ་ཆེའི་རི་ཕན་ཚུན་དུ་འཕུར་ནས་རྫུ་འཕྲུལ་གྱིས་གཤེགས་བཞུད་མཛད། སད་མི་མི་བདུན་གྱི་ནང་དུ་མཁན་པོ་ལས་རབ་ཏུ་བྱུང་། མཚན་བཻ་རོ་ཙ་ན་རཀྵིཏ་སྟེ་རྣམ་པར་སྣང་མཛད་སྲུང་བ་ཞེས་བཏགས། སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན་ཏེ་བསིལ་ལྡན་མྱུ་གུས་དཀྲིགས་པའི་ལྗོངས་འདི་ན་སྔ་ཕྱིར་བྱོན་པའི་མཁས་པ་སུས་ཀྱང་འགྲན་བཟོད་པ་མེད། ཆོས་རྒྱལ་ཁྲི་སྲོང་གི་བཀས་བསྐུལ་ཏེ་གཙང་བན་ལེགས་གྲུབ་དང་ལྷན་ཅིག་རྒྱ་གར་དུ་བྱོན། པཎ་ཆེན་ཤྲཱི་སིཾ་ཧ་སོགས་ཉེར་ལྔ་མཇལ་ཞིང་གསང་སྔགས་ཀྱི་ཟབ་ཆོས་མང་དུ་གསན། ཁྱད་པར་ཤྲཱི་སིཾ་ཧ་ལས་རྫོགས་པ་ཆེན་པོ་སེམས་ཀློང་གཙོར་གྱུར་མཐའ་དག་ནོས་ཤིང་ཐུགས་ཉམས་སུ་བཞེས་པས་དགོངས་པ་དབྱེར་མེད་དུ་གྱུར། སླར་རྐང་མགྱོགས་ཀྱི་རྫུ་འཕྲུལ་མཐུས་བོད་དུ་བདེ་བར་བྱོན་ནས་མངའ་བདག་ཁྲི་སྲོང་རྗེས་སུ་བཟུང་བའི་སྐབས། བདུད་བློན་རྣམས་ཀྱིས་དབྱེན་བཅོས་པ་དང་སྔོན་གྱི་སྨོན་ལམ་ལ་བརྟེན་རྒྱལ་མོ་ཚ་རོང་དུ་གཤེགས་པའི་ཚུལ་བསྟན། ཕྱོགས་དེར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད། ཁྱད་པར་ལེགས་གྲུབ་ཀྱི་སྐྱེ་བ་དེ་མ་ཐག་པ་གཡུ་སྒྲ་སྙིང་པོ་རྗེས་སུ་བཟུང་བས་ཐུགས་སྲས་མཆོག་ཏུ་གྱུར། སླར་ཡུལ་དབུས་སུ་ཕེབས་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། སློབ་དཔོན་རིན་པོ་ཆེ་ལས་བཀའ་བརྒྱད་ཀྱི་དབང་གསན་པའི་ཚེ་མེ་ཏོག་དམོད་པ་དྲག་སྔགས་ལ་ཕོག་པས་དྲེགས་པའི་བཀའ་བབས། བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་ཀྱི་བཀའི་བསྡུ་བ་ཆེན་པོ་མཛད། སློབ་དཔོན་ཉིད་དང་དགོངས་པ་མཉམ་པར་བསྔགས། སྟོབས་ལྡན་ནག་པོའི་ཞལ་གཟིགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་དངོས་གྲུབ་བརྙེས། དྲག་སྔགས་ཀྱི་དམོད་པས་བསྟན་པའི་དགྲ་བོ་བསྒྲལ། ཁྱད་པར་རྒྱལ་པོའི་བཙུན་མོ་དམར་རྒྱན་མར་མཛེ་ཐོད་རྒལ་བཏང་བ། སློབ་དཔོན་པདྨའི་ཐུགས་རྗེས་གསོས་པའི་ལོ་རྒྱུས་ཡོད་ལ། དེ་དུས་བཻ་རོས་བཙུན་མོར་རྦད་རྒྱུའི་ཀླུ་དེ་དེང་སང་མི་འཁོག་ཞུགས་འབྱུང་ཡང་བཙུན་མོའི་གྲིབ་ཀྱིས་ངག་ལྐུག་ནས་བླང་དོར་སྨྲ་རུ་མེད་པས་མཆོད་པ་བཞེས་ལུགས་ལ་པྲ་བརྟག་བྱེད་པ་ཡོད། བཻ་རོ་ཡན་ཆད་འདི་དག་ལ་བཀའ་བབས་མི་བརྒྱད་དམ་དགུ་ཞེས་ཟེར། དེ་ལྟ་བུའི་ནམ་མཁའི་མཐའ་དང་མཉམ་པའི་ལོ་ཙཱ་བ་ཆེན་པོ་འདི་ནི་སློབ་དཔོན་རིན་པོ་ཆེའི་ཐུགས་སྲས་རྗེ་འབངས་གྲོགས་གསུམ་ཞེས་རྗེ་མངའ་བདག་རྒྱལ་པོ། འབངས་བཻ་རོ་ཙ་ན། གྲོགས་ཡེ་ཤེས་མཚོ་རྒྱལ་ཞེས་གྲགས་ཤིང་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར་པ་ལ་བརྟེན་ནས་ཟབ་ཆོས་ཕལ་ཆེར་གྱི་བཀའ་བབས་པའི་རྒྱུས། སྐུའི་སྤྲུལ་པ་གཏེར་ཆེན་རྡོ་རྗེ་གླིང་པ། ཀུན་སྐྱོང་གླིང་པ། མཆོག་ལྡན་མདོ་སྔགས་གླིང་པ། ཕྲེང་པོ་ཤེས་རབ་འོད་ཟེར། གསུང་གི་སྤྲུལ་པ་རིག་འཛིན་གཏེར་བདག་གླིང་པ། ཐུགས་ཀྱི་སྤྲུལ་པ་རོང་སྟོན་བདེ་ཆེན་གླིང་པ་སོགས་གངས་ཅན་མཐའ་དབུས་ཀུན་ཏུ་ཡོངས་སུ་གྲགས་པ་དང་མ་གྲགས་པའི་སྤྲུལ་པའི་གཏེར་སྟོན་མཐའ་ཡས་པར་སྤྲུལ་ནས་སྔ་འགྱུར་བསྟན་པ་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པའི་ཚུལ་ཞིབ་པར་འོག་ཏུ་གཏེར་འབྱུང་གི་སྐབས་སུ་གསལ་བ་ལྟར་རོ། ༈ །རྒྱལ་མོ་གཡུ་སྒྲ་སྙིང་པོ་ནི། རྒྱལ་མོ་ཚ་རོང་མདོ་གཞེར་རྒྱལ་ཁབ་ཏུ་འཁྲུངས། ལོ་ཆེན་བཻ་རོས་རྗེས་སུ་བཟུང་ཞིང་། མཁས་པ་དང་གྲུབ་པའི་ཕུལ་དུ་ཕྱིན། ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་གྲངས་སུ་བྱོན་ཞིང་། སློབ་དཔོན་ཆེན་པོའི་དྲུང་དུ་མན་ངག་ལྟ་བའི་ཕྲེང་བ་ལ་སོགས་མནོས་ཤིང་། སྐུ་གསེར་གྱི་རྡོ་རྗེར་སྤྲུལ་པ་སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས། ཐེག་མཆོག་རྫོགས་པ་ཆེན་པོའི་ལྟ་དགོངས་ཀློང་དུ་གྱུར། སེམས་ཀློང་སོགས་ཀྱི་བསྟན་པའི་སྲོག་ཤིང་ཆེན་པོའོ། །འདིའི་རྣམ་འཕྲུལ་སྨིན་གླིང་ལོ་ཙཱ་བ་དྷརྨ་ཤྲཱི་སོགས་བསྟན་པ་ལ་བྱ་བ་བྱེད་ནུས་པ་མང་དུ་བྱོན་ཅིང་། བྲག་གསུམ་གཏེར་སྟོན་རྡོ་རྗེ་ཐོགས་མེད་དམ་བསྟན་འཛིན་ཟླ་འོད་རྡོ་རྗེ་སོགས་གཏེར་སྟོན་ཡང་ཅི་རིགས་པ་བྱོན་པར་མངོན། ༈ སྣ་ནམ་རྡོ་རྗེ་བདུད་འཇོམས་ནི། གཙང་རོང་གི་ཕྱོགས་ཞང་བློན་སྣ་ནམ་གྱི་རིགས་སུ་འཁྲུངས། གཞོན་དུས་ཆོས་རྒྱལ་ཁྲི་སྲོང་གི་ཆོས་བློན་མཛད། ཕྱིས་སློབ་དཔོན་ཆེན་པོ་ལ་སྔགས་ཀྱི་སྒོར་ཞུགས་ཕྱིན་ཆད་སྔགས་འཆང་ཆེན་པོར་བཞུགས་པ་ལ། རྡོ་རྗེ་ཕུར་པའི་སྒོ་ནས་གྲུབ་པ་བརྙེས་པ་ཞིག་སྟེ། ཧས་པོ་རིའི་ཡང་གོང་དུ་བྲག་ལ་ཕུར་པ་བཏབ་པའི་རྗེས་ད་ལྟ་ཡང་ཡོད། བསམ་ཡས་མཁན་སློབ་ཆོས་གསུམ་གྱིས་རབ་གནས་སྐབས་སུ་རྡོ་རྗེ་བདུད་འཇོམས་ཀྱི་ཡེ་ཤེས་ཀྱི་གཟིགས་པས་མགུལ་ཕུར་བྲག་ལ་གཟིར། རླུང་སེམས་ལ་དབང་འབྱོར་བས་བྲག་ཁུང་གསེང་ཆུང་ངུ་ཞིག་ནས་ཟང་ཐལ་གྱིས་དོན་ཏེ་ཤར་མར་བསམ་ཡས་སུ་ཕེབས་ཤུལ་བྲག་ཁུང་གསེང་ནི་དེང་སང་ཡང་ངོ་འཕྲོད་པ་ཡོད། རྫུ་འཕྲུལ་གྱིས་བར་སྣང་ཁམས་ལ་ཐོགས་པ་མེད་པར་གླིང་བཞི་སྐད་ཅིག་ལ་བསྐོར་ནུས་པ་སོགས་ངོ་མཚར་བའི་མཛད་པ་མཐའ་ཡས། འདིའི་སྒྲུབ་གནས་བྲག་དམར་ཀེའུ་ཚང་ཞེས་པ་གཙང་རོང་ཆེན་དང་ཡར་འབྲོག་མཚམས་སུ་རོང་གི་བྲག་དམར་ཀེའུ་ཚང་ཞེས་ཡོངས་གྲགས་སུ་ཡོད། རྣམ་འཕྲུལ་གཙོ་བོ་བྱང་གཏེར་རིག་འཛིན་རྒོད་ལྡེམ། འཇམ་དབྱངས་བླ་མ། རིག་འཛིན་ལེགས་ལྡན་རྗེ་སོགས་རིག་འཛིན་ཆེན་པོ་རིམ་བྱོན་དང་། གཞན་ཡང་བལ་པོ་ཨ་ཧཱུྃ་སོགས་ད་ལྟའི་བར་དུ་སྦས་མངོན་གྱི་གཏེར་སྟོན་འགའ་ཞིག་བྱོན་པར་གསལ་ལོ། ༈ །སློབ་དཔོན་ཡེ་ཤེས་དབྱངས་ནི། ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ཀྱི་གཏེར་ཡིག་བྲི་མི། གསལ་དག་མཁས་པའི་ཡིག་མཁན་མི་བརྒྱད་དུ་གྲགས་པའི་ཡ་གྱལ་ཏེ། ཇི་སྐད་དུ། གསལ་ལ་དག་པ་ལྡན་མ་རྩེ་མང་ཡིན། །ཨ་ཙར་ཡེ་ཤེས་སྦོམ་རགས་བདེ་བ་སྟེ། །ཀློག་ཁར་བདེ་བ་ཤེལ་དཀར་མགོན་སྐྱིད་ཡིན། །ཞེས་སོགས་གསུངས་པ་ལས་ཤེས་སོ། །གང་ལྟར་ཡང་མཁའ་སྤྱོད་ཀྱི་ཞིང་བགྲོད་ནུས་པའི་རྫུ་འཕྲུལ་དང་དངོས་གྲུབ་བརྙེས་པ་ཞིག་གོ །འདི་ལ་སྦ་ཡེ་ཤེས་དབྱངས་ཟེར་བ་སྣང་ཡང་། ཨ་ཙར་ཡེ་ཤེས་དབྱངས་སུ་ངེས་ཏེ་ཨཱ་ཙ་རའི་ཆ་བྱད་དུ་བྲི་བའང་སྣང་། རྟེན་རབ་བྱུང་ཡིན་ནོ། ༈ །གྲུབ་ཆེན་སོག་པོ་ལྷ་དཔལ་ནི། མགར་བའི་མིང་ལ་སྔོན་དུས་སོག་པོར་འབོད་པ་དེ་འདྲའི་རིགས་རྒྱུད་དེ། རྟེན་ཁྱིམ་པ། བརྟུལ་ཞུགས་ཀྱིས་གཅན་གཟན་གདུག་པ་ཅན་རྣམས་ཀྱང་གཉའ་བ་ནས་འཛིན་པར་ནུས་པ་ཞིག་སྟེ། དེའང་གཉགས་ལོ་ཆེན་པོས་ཕུར་པ་སྒྲུབ་པའི་གྲོགས་བཙལ་བས་མཚན་ཉིད་དང་ལྡན་པར་མཁྱེན་ནས་རྗེས་སུ་བཟུང་པ་ལྟར་རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས། གཉགས་ཀྱི་སྐུ་དགྲ་ལན་གསུམ་དུ་བཏུལ་བས་ཐུགས་ཟིན་གྱི་སློབ་མ་མཆོག་ཏུ་གྱུར་པ་ཡིན་ནོ། ༈ །སྣ་ནམ་ཡེ་ཤེས་ནི། སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་གསེས་ཞང་གི་བནྡེ་ཡེ་ཤེས་སྡེ་ཡིན་པར་བཞེད་དེ། སྒྱུར་བྱེད་ཀྱི་ལོ་ཙཱ་མཁས་པའི་ཕུལ་དུ་ཕྱིན་ཞིང་ནམ་མཁའ་ལ་བྱ་ལྟར་འཕུར་བར་ནུས་པའི་རྫུ་འཕྲུལ་ལ་མངའ་དབང་འབྱོར་བའི་གྲུབ་ཐོབ་ཆེན་པོ་སྟེ་མཁས་གྲུབ་གཉིས་ཀ་དང་ལྡན་པ། རྟེན་རབ་བྱུང་ཡིན་པར་སྣང་ངོ། །འདི་ཉིད་ཕུར་པའི་བཀའ་བབས་ཆེན་པོར་གྱུར་པས་བར་སྐབས་སུ་ཕུར་པ་སྣ་ནམ་ལུགས་ཞེས་དར་རྒྱས་བཟང་པོར་བྱུང་བར་མངོན་ཅིང་ད་ལྟའང་དྷ་ཏི་རྒྱས་འབྲིང་བསྡུས་གསུམ་ལ་བརྟེན་པའི་ཡིག་སྣ་ཅི་རིགས་ཡོད་པར་སྣང་ངོ། ༈ །མཁར་ཆེན་དཔལ་གྱི་དབང་ཕྱུག་ནི། མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་མིང་པོ་ཡིན་ཏེ། གུ་རུ་རིན་པོ་ཆེས་རྗེས་སུ་བཟུང་པའི་ཐུགས་སྲས་སུ་གྱུར། ཕྱག་གི་ཕུར་པ་གདེངས་པ་ཙམ་གྱིས་གཟས་པ་པོ་ཇི་ཙམ་ཡང་སྒྲོལ་བར་བྱེད་ནུས། རྒྱལ་པོ་ཤེལ་གིང་བསྒྲལ་ཚུལ་དང་། རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས་ཚུལ་བཀའ་མའི་ལོ་རྒྱུས་རྣམས་ལས་འབྱུང་བ་ལྟར་དང་། རྟེན་ཁྱིམ་པར་བཞུགས་ཏེ་མངོན་སྤྱོད་ཀྱི་ལས་ལ་མངའ་དབང་འབྱོར་བའི་རིགས་སྔགས་འཆང་བའི་དབང་ཕྱུག་ཞིག་གོ ༈ །ལྡན་མ་རྩེ་མང་ནི། ཁམས་ལྡན་གྱི་ཡུལ་དུ་འཁྲུངས་པས་ལྡན་མར་གྲགས་ཏེ། མཚན་དངོས་རྩེ་མང་ངོ་། །ཡི་གེ་འབྲི་བ་ལ་མཁས་པའི་ཕུལ་དུ་གྱུར་པས་ལག་རྒྱུན་མ་ཉམས་པའི་ཁྲིད་སྲོལ་ད་ལྟའང་ཡོད་པར་སྣང་། ལོ་ཙཱ་ཡང་མཁྱེན་ཏེ་ལོ་ཙཱ་ཆེ་གསུམ་ཆུང་གསུམ་དུ་གྲགས་པའི་མཆན་བུའི་ལོ་ཙཱ་ཡིན། སློབ་དཔོན་ཆེན་པོ་ལས་གསང་སྔགས་ཀྱི་ཆོས་མང་པོ་ཐོབ་སྟེ། རྟོགས་པ་ཤར་བས་ཆོས་ཐམས་ཅད་ལ་མི་བརྗེད་པའི་གཟུངས་ཐོབ། བཀའ་བརྒྱད་བདེར་འདུས་སོགས་གཏེར་ཡིག་ཕལ་ཆེར་འབྲི་བ་པོ་ཡང་འདི་ཡིན་པར་བཤད་དེ། ཁོ་བོས་ཀྱང་བདེ་འདུས་ཀྱི་གཏེར་ཡིག་གྲུབ་ཆེན་འདིའི་ཕྱག་བྲིས་ལྷོ་བྲག་སྨྲ་བོ་ཅོག་གི་གཞིས་ཀར་བཞུགས་པ་དངོས་སུ་མཇལ་བའི་སྐལ་བཟང་ཐོབ་བོ། ༈ །ལོ་ཆེན་སྐ་བ་དཔལ་བརྩེགས་ནི། སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་ཏེ། དབུ་རུ་འཕན་ཡུལ་སྐ་བ་ཞེས་པའི་སར་ཡབ་སྐ་བ་བློ་ལྡན་དང་། ཡུམ་འབྲོ་བཟའ་མཛེས་མ་གཉིས་ཀྱི་སྲས་སུ་འཁྲུངས། སློབ་དཔོན་ཆེན་པོས་སྤྲུལ་པའི་ལོ་ཙཱར་ལུང་བསྟན་པ་བཞིན་སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན། མཁན་པོ་བོ་དྷི་སཏྭ་ལས་རབ་ཏུ་བྱུང་སྟེ་སད་མི་མི་བདུན་གྱི་ནང་ཚན་ཡིན། སློབ་དཔོན་རིན་པོ་ཆེ་ལས་གསང་སྔགས་ཀྱི་ཆོས་ཞུས་པས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས། བོད་ཀྱི་ཡི་གེ་འབྲི་བ་པོ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ཏེ་ཁྲིད་རྒྱུན་མ་ཉམས་པ་དེང་སང་ཡང་ཁམས་བོད་གཉིས་ཀར་དར་རྒྱས་ཆེ། གསུང་རབ་རིན་པོ་ཆེའི་གཏམ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད། འདིའི་དབོན་རྒྱུད་ལས་ཀྱང་བསྟན་པའི་གསལ་བྱེད་ཆེན་པོ་མང་དུ་བྱོན་པ་དང་། རྣམ་འཕྲུལ་གཏེར་སྟོན་གྲྭ་པ་མངོན་ཤེས་སོགས་བྱོན་པར་སྣང་། ༈ ཤུད་བུ་དཔལ་གྱི་སེང་གེ་ནི། གདུང་རུས་ཆོས་རྒྱལ་དང་གཅིག་ཀྱང་བོན་དང་སྒྲུང་དང་ལྡེའུ་གསུམ་ལ་མཁས་པ་ཞིག་ལ་བོན་གྱིས་ཤུད་བུར་མཚན་གསོལ་བས་དེ་ལྟར་གྲགས་ཀྱང་ཟེར། སྔོན་རྒྱལ་པོའི་ནང་བློན་ཡིན། ཤུད་བུ་ཁྲི་འབྲིང་ཁང་བཙན་ཡང་ཟེར། སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་ཡང་མཛད། གུ་རུ་པདྨའི་དྲུང་དུ་ལོ་ཙཱ་མཁས་པར་སྦྱངས་ཏེ། མ་གཤིན་ཕུར་གསུམ་གྱི་གདམས་པ་དང་རྙིང་མའི་ཆོས་བཀའ་མང་དུ་བསྒྱུར། བོད་ཀྱི་མཁས་པ་ཆེན་པོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང། རྡོ་རྗེ་ཕུར་པ་དང་མ་མོའི་སྒོ་ནས་གྲུབ་པ་ཐོབ། གྲུབ་རྟགས་ཕུར་པ་ངམ་ཤོད་ཀྱི་ཆུ་ལ་བཏབ་པས། ཆུ་ཡན་མན་དུ་ཆད་པ་དང་། བྲག་ལ་བཏབ་པས་བྲག་རལ་བ་ལ་སོགས་བྱུང་། མཆིམས་ཕུར་ཆུ་བོ་གྱེན་ལ་ཟློག་པའི་རྗེས་ཀྱང་ཡོད། ཡང་ཁོང་རང་གི་གསུང་ལས། མི་རྒྱུད་ལྷ་ལས་ཆད་པས་རྗེ་དང་ཏྲི་ལེར་མཉམ། །ཞང་པོ་རྨུ་ནས་ཆད་པས་རྗེ་དང་ཏྲི་ལེར་མཉམ། དབུ་རྩེ་རིགས་གསུམ་གྱི་ཤར་ལོགས་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། །མཆོད་རྟེན་དཀར་པོ་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། །ཞེས་གསུངས་ཤིང་། མར་ཁུ་ཝ་ལས་དྲངས་པས་རྗེ་ལས་ལྷག་པར་བྱུང་། །ཞེས་ཟེར་ཏེ། བསམ་ཡས་གྲུབ་པའི་དགའ་སྟོན་གྱི་ལྟད་མོའི་སྐབས་སུ་མར་ཁུ་ཝ་ལས་དྲངས་པ་ཡིན་པར་གྲགས། སྒྲུབ་གནས་ནི་སྤང་ཆུང་པདྨའི་གླིང་སོགས་ཡིན་པར་སྣང་། འདིའི་གདུང་རབས་ཞིབ་པར་ལྷོ་བྲག་ཤུད་བུ་པ་གསང་བདག་ལས་ཀྱི་རྡོ་རྗེའི་རྣམ་ཐར་དུ་གསལ། སྤྱིར་བསྟན་པ་ལ་བྱ་བ་བྱས་པའི་དགེ་བཤེས་མང་དུ་བྱུང་བར་སྣང་། སྔ་མ་རྣམས་མ་གཤིན་ལས་གྲུབ་པ་བརྙེས་པའི་སྔགས་འཆང་ནུས་པ་ཅན་ཤ་སྟག་བྱོན། སྤྲུལ་པའི་རྣམ་རོལ་གཏེར་སྟོན་མི་འགྱུར་རྡོ་རྗེ་ཡོངས་གྲགས་དང་གཞན་ཡང་ཅི་རིགས་བྱོན་པར་མངོན། ༈ འབྲེ་རྒྱལ་བའི་བློ་གྲོས་ནི། སྔོན་རྒྱལ་པོའི་ནང་མི་ཡིན་པ་ལ་མིང་མགོན་པོ་ཟེར། ཕྱིས་རབ་ཏུ་བྱུང་བས་མཚན་རྒྱལ་བའི་བློ་གྲོས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན། རྒྱ་གར་དུ་བྱོན་ནས་སློབ་དཔོན་ཧཱུྃ་ཀ་ར་ལས་ཡང་དག་གི་ཆོས་སྐོར་ཞུས་པས་གྲུབ་པ་ཐོབ། གཤིན་ཡུལ་དུ་རྫུ་འཕྲུལ་གྱིས་དམག་དྲངས་ནས་མ་དམྱལ་བ་ནས་མངོན་སུམ་དུ་བཏོན། སྤྲུལ་པའི་དམག་གིས་གཤིན་རྗེའི་སྐྱེས་བུ་རྣམས་འཇིགས་ཤིང་སྐྲག་པར་མཛད། སློབ་དཔོན་པདྨའི་དྲུང་དུ་ཆོས་ལ་སྦྱངས་པས་རྫུ་འཕྲུལ་གྱིས་རོ་ལངས་གསེར་དུ་བསྒྱུར་བའི་དངོས་གྲུབ་བརྙེས། སློབ་དཔོན་འདིས་མི་རོ་གསེར་དུ་བསྒྱུར་བའི་གསེར་མང་པོ་ཕྱིས་ཀྱི་གཏེར་སྟོན་འགའ་ཞིག་གི་གཏེར་ཁ་ནས་བྱོན་པར་སྣང་ངོ་། །ཚེའི་རིག་འཛིན་བརྙེས་པས་སྐུ་ཚེ་རིང་པོར་རོང་ཟོམ་ཆོས་བཟང་གི་དུས་བར་དུ་བཞུགས་པར་སྣང་སྟེ་རོང་ཟོམ་གྱིས་ཆོས་གསན་པའི་ལོ་རྒྱུས་ཡོད་དོ། ༈ །གྲུབ་ཆེན་ཁྱེའུ་ཆུང་ལོ་ཙཱ་ནི། གདུང་རུས་འབྲོག་མི་སྟེ། སྐུ་གཞོན་ནུའི་དུས་ནས་ལོ་ཙཱ་མཁྱེན་པས་མཚན་ཡང་དེ་ལྟར་གྲགས། སློབ་དཔོན་གྱི་དྲུང་དུ་གསང་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པར་བསླབས། རྫུ་འཕྲུལ་གྱིས་ནམ་མཁའི་བྱ་རྣམས་ལྟ་སྟངས་དང་སྡིགས་མཛུབ་ཀྱིས་འགུགས་པར་ནུས། རྟེན་ཁྱིམ་པ་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་ནོ། །འདིའི་རྣམ་འཕྲུལ་ས་བཅུའི་དབང་ཕྱུག་གཏེར་ཆེན་བདུད་འདུལ་རྡོ་རྗེ་ཡིན་པར་ཡོངས་སུ་གྲགས་ཤིང་། སྐྱེ་ཕྲེང་གསོལ་འདེབས་དང་བསྟུན་གཏེར་འབྱིན་འགའ་ཞིག་བྱུང་བར་གསལ། ༈ དྲན་པ་ནམ་མཁའ་ནི། ཐོག་མར་བོན་གྱི་གྱེར་གཤེན་ཆེན་པོ་ཡིན་ཡང་། ཕྱིས་སློབ་དཔོན་གྱི་དྲུང་དུ་ཆོས་ལ་སྦྱངས། ལོ་ཙཱ་ཡང་མཁྱེན། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས། འདིས་བོན་གྱི་མན་ངག་མང་པོ་སློབ་དཔོན་ལ་ཕུལ་བ་སློབ་དཔོན་གྱིས་གཏེར་དུ་སྦས་པ་ཕྱིས་གཏེར་ཁ་འགའ་རེ་ནས་མན་ངག་ཅི་རིགས་འབྱུང་བ་མཐོང་ལ། སློབ་དཔོན་ལས་རབ་བྱུང་ཞུས་ཤིང་དབུ་ཞྭ་དམར་པོ་ཞིག་བཞེས་པས། ཕུང་བོན་མགོ་དམར་དུ་ཡང་གྲགས་སོ། །དེ་ལྟར་ན་བྲིས་ཆ་འགའ་ཞིག་ཏུ་བོན་ཞྭ་ཅན་བྲི་བར་སྣང་ཡང་དགོས་པ་མེད་དམ་སྙམ། འདིའི་སྐྱེ་མཐའ་གཏེར་སྟོན་བོན་པོ་བྲག་ཚལ་སོགས་མང་། རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཀྱང་གནུབས་ཆེན་དང་། དྲན་པ་ཟུང་གི་རྣམ་འཕྲུལ་ཡིན་པར་གསུངས་ཤིང་བོན་ཕྱོགས་སུ་གྱེར་མི་ཉི་འོད་སོགས་མང་དུ་བྱུང་བར་མངོན། ༈ འོ་བྲན་དཔལ་གྱི་དབང་ཕྱུག་ནི། འོ་ཡུག་མདར། འོ་བྲན་དཔལ་གྱི་འབྱུང་གནས་ཀྱི་སྲས་སུ་འཁྲུངས། སློབ་དཔོན་པདྨའི་ཐུགས་སྲས་ཏེ། གསང་སྔགས་ཀྱི་ཚུལ་ཀུན་ལ་མཁས་ཤིང་གྲུབ་པའི་མཚན་མ་མངོན་དུ་བརྙེས་པས་ཆུ་བོ་ཆེན་པོ་ལ་འཇིགས་པ་མེད་པར་ཉ་ལྟར་རྒྱུ་བར་ནུས། འོ་བྲན་ལུགས་ལ་གུར་དྲག་བཀའ་མ་སོགས་ཆོས་ཚུལ་མང་དུ་ཡོད་ལ་ཕལ་ཆེར་དེང་སང་ཡང་དབང་ལུང་གི་རྒྱུན་མ་ཆད་པར་སྣང་ཞིང་གདུང་རྒྱུད་ཡང་ད་ལྟའི་བར་དུ་བྱུང་བར་སྣང་སྟེ། རྟེན་ཁྱིམ་པ་ཡིན་ནོ། ༈ །རྨ་རིན་ཆེན་མཆོག་ནི། འཁྲུངས་ཡུལ་དབུ་རུ་འཕན་ཡུལ་གྱི་རྨ་གཙོ་ཞེས་བྱ་བར་འཁྲུངས། བློ་རྣོ་རབ་མཆོག་རྨ་བན་རིན་ཆེན་མཆོག །ཅེས་བོད་ཡུལ་རབ་ཀྱི་མི་དགུའི་གྲས་ཡིན། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། རབ་བྱུང་གི་སྔ་བ་སད་མི་མི་བདུན་གྱི་ནང་ཚན་ཏེ། མཁན་རིན་པོ་ཆེ་བོ་དྷི་སཏྭ་ལས་རབ་ཏུ་བྱུང་། ལྟ་བ་ཀླུ་སྒྲུབ་ཀྱི་དགོངས་པ་བཞིན་རྟོགས་པས་ཧ་ཤང་སུན་ཕྱུང་བར་ཡང་མཛད། མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་བསྒྱུར་བའི་ལོ་ཙཱ་ཡིན། སློབ་དཔོན་རིན་པོ་ཆེའི་དྲུང་དུ་དབང་དང་གདམས་པ་ཞུས་པས་དངོས་གྲུབ་བརྙེས་ཏེ་སྲ་མཁྲེགས་ཀྱི་རྡོ་ཡང་ཟན་ལྟར་གཅོད་ནས་གསོལ་བའི་རྫུ་འཕྲུལ་བསྟན་ཏེ་རིག་པ་འཛིན་པའི་ས་ལ་བཞུགས། འདི་ཉིད་སྒྱུ་འཕྲུལ་བཤད་སྒྲུབ་ཀྱི་བཀའ་བབས་ཆེན་པོར་ཡོངས་སུ་གྲགས་ཤིང་། རྒྱལ་པོའི་ཆད་པའི་ཚུལ་གྱིས་ཁམས་སུ་ཕེབ། གཙུག་རུ་རིན་ཆེན་གཞོན་ནུ་རྗེས་སུ་བཟུང་། སླར་དབུས་སུ་འཕེལ་བ་ལས་སྒྱུ་འཕྲུལ་ཁམས་ལུགས་སུ་གྲགས་པ་བྱུང་། གཏེར་ཆེན་ཀློང་གསལ་སྙིང་པོའང་འདི་ཉིད་ཀྱི་སྤྲུལ་པའི་བྱེ་བྲག་ཏུ་གསུངས་པ་དང་། བི་མ་ལས་གནང་བའི་རྒྱུད་སྡེ་བཞིའི་ཟབ་གཏེར་ཀྱང་བཞེས་པར་སྣང་ངོ་། ༈ །ལྷ་ལུང་དཔལ་གྱི་རྡོ་རྗེ་ནི། དབུ་རུ་འགྲམ་སྟོད་གུད་མོ་ཆེར་འཁྲུངས། སྐྱེ་མིང་སྟག་ཉ་བཟང་ཟེར། རྒྱ་བོད་ཀྱི་ས་མཚམས་བསྲུང་སྟེ་རྒྱ་རྣམས་བཏུལ། དེ་ནས་ཐུགས་ངེས་འབྱུང་གིས་བསྐུལ་ནས་མཆེད་གཉིས་དང་ལྷན་ཅིག་གསུམ་ཀ་སློབ་དཔོན་བི་མ་ལ་མི་ཏྲ་ལས་རབ་ཏུ་བྱུང་། པདྨ་སམ་བྷ་ཝ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས། སྔགས་ཀྱི་དབང་དང་གདམས་ངག་ཐམས་ཅད་ཐོབ། གྲིབ་ཀྱི་དཀར་མོ་རོང་དུ་བསྒོམས་པས་ཆོས་གོས་རླུང་གིས་ཁྱེར་བ་ཡེར་པར་བྱུང་བས་ས་དཔྱད་ལེགས་པར་གཟིགས་ནས་དེར་སྒྲུབ་པ་ལ་བཞུགས་པས་རི་བྲག་ལ་ཐོགས་པ་མེད་པར་ཟང་ཐལ་དུ་གཤེགས་པར་ནུས་པའི་རྫུ་འཕྲུལ་དང་དངོས་གྲུབ་བརྙེས། ཕྱིས་རྒྱལ་པོ་སྡིག་ཅན་བསྒྲལ་ནས་སངས་རྒྱས་ཀྱི་བསྟན་པ་ལའང་ཕན་ཆེར་བཏགས་ཏེ་ཁམས་ལྡན་ཡུལ་ནས་དན་ཏིག་ཚུན་དུ་བྱོན་ནས་ཡུན་རིང་དུ་བཞུགས། མཐར་སྐུ་འོད་ཀྱི་ཕུང་པོར་ཡལ་བར་གྲགས་སོ། ༈ །ལང་གྲོ་དཀོན་མཆོག་འབྱུང་གནས་ནི། གཙང་གཡས་རུ་བྱང་རྟ་ནག་གི་ཕྱོགས་སུ་འཁྲུངས། སྔོན་ཆོས་རྒྱལ་གྱི་ནང་བློན་ཆེན་པོ་ཞིག་ཡིན་ཏེ་ལང་གྲོ་སྣང་གཞིར་ཟེར་ཡང་། ཕྱིས་རབ་ཏུ་བྱུང་བའི་མཚན་དཀོན་མཆོག་འབྱུང་གནས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན་པས་ཆོས་བསྒྱུར་བའི་ལོ་ཙཱ་ཡང་མཛད། སློབ་དཔོན་ལས་དབང་དང་གདམས་པ་ཞུས་ནས་ཉམས་སུ་བླངས་པས་གྲུབ་པའི་རྟགས་མངོན་སུམ་དུ་སྟོན་པར་ནུས་ཏེ། རྟེན་སྔགས་འཆང་ཡིན། དགོངས་པ་གཏད་པ་ཙམ་གྱིས་ཀྱང་གནམ་ལྕགས་དྲག་པོའི་ཐོག་ཆེན་མདའ་ལྟར་འཕེན་པའི་རྫུ་འཕྲུལ་དང་ལྡན། སློབ་དཔོན་ཆེན་པོའི་ཐུགས་སྲས་ཀྱི་དབང་པོར་གྱུར་ཏེ་གསང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ཙམ་ལ་མངའ་དབང་འབྱོར་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞིག་གོ །གདུང་རྒྱུད་རྟ་ནག་སྒྲོལ་མ་བ་སྟེ་དེང་སང་ཡང་ཡོད། འདིའི་རྣམ་འཕྲུལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་རཏྣ་གླིང་པ་དང་། རིག་འཛིན་ཀློང་གསལ་སྙིང་པོ་གཉིས་ཡོངས་སུ་གྲགས་ཤིང་། དེ་དག་གི་སྐྱེས་རབས་གཏེར་ལུང་ལ་དཔྱད་ན་གཞན་ཡང་འགའ་རེ་བྱུང་བར་སྣང་ངོ་། ༈ །ལ་གསུམ་རྒྱལ་བ་བྱང་ཆུབ་ནི། སད་མི་མི་བདུན་དུ་གྲགས་པའི་ནང་ཚན་ཏེ་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ལོ་ཙཱ་མཁྱེན་པས་རྒྱ་གར་དུ་ཡང་ལན་མང་དུ་བྱོན་ཞིང་མདོ་སྔགས་ཀྱི་ཆོས་ཀྱང་བསྒྱུར། ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་མཁས་པ་ཆེན་པོ་སྟེ། ལོ་རྒྱུས་ཆེན་མོ་ལས། ཐོས་པ་ཆེ་རབ་ལ་གསུམ་བྱང་ཆུབ་རྒྱལ། །ཞེས་ཟེར་ཏེ་རབ་ཀྱི་མི་དགུའི་གྲངས་སུའང་བགྲང་བར་སྣང་། སློབ་དཔོན་ཆེན་པོ་ལས་དབང་དང་གདམས་པ་ཞུས་པས། རྟེན་མེད་ཀྱི་མཁའ་ལ་སྐྱིལ་ཀྲུང་གིས་བཞུགས་པ་སོགས་རྫུ་འཕྲུལ་སྟོན་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོའོ། ༈ །དེ་ཙམ་དུ་མ་ཟད་ཨོ་རྒྱན་ཆེན་པོ་སྲིན་ཡུལ་དུ་གཤེགས་ཁར་ཁྲ་འབྲུག་ཏུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་འཁོར་ཆེན་པོ་བསྐོར་བའི་སྐབས། རྗེ་འབངས་འདུས་པ་ཕྱི་མར་དཀྱིལ་འཁོར་ཚོམ་བུ་ལ་བཀའ་བབས་ཀྱི་དབང་དུ་བྱས་ནས་བདུན་གསུམ་ཉེར་གཅིག་ཏུ་གྲགས་པ་དེའི་ལོ་རྒྱུས་ཡར་རྗེ་ཨུ་རྒྱན་གླིང་པའི་དཔལ་བཀའ་འདུས་ཀྱི་གསོལ་འདེབས་འབྲིང་པོར་གསུངས་པ་ཕྱོགས་ཙམ་སྨོས་ན། བཀའ་འདུས་ཞི་ཁྲོ་ཡོངས་རྫོགས་ཀྱི་བཀའ་བབས་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ། སྤྱི་དཔལ་བུདྡྷ་རྩལ་རྫོགས་ཀྱི་བཀའ་བབས་རྒྱལ་སྲས་མུ་ཏིག་བཙད་པོ་ཡབ་ཡུམ། ཡང་དག་ཐུགས་ཀྱི་བཀའ་བབས་ནམ་མཁའི་སྙིང་པོ་ཡབ་ཡུམ། རྡོ་རྗེ་ཕྲེང་བའི་བཀའ་བབས་སློབ་དཔོན་ཉི་མ་གྲགས་དང་བྱང་ཆུབ་སྙིང་པོ། ཕྱག་ན་རྡོ་རྗེའི་བཀའ་བབས་གཡུ་སྒྲ་སྙིང་པོ་ཡབ་ཡུམ། རྡོ་རྗེ་རྩལ་རྫོགས་ཀྱི་བཀའ་བབས་དྷརྨ་བྷ་དྲ་ཡབ་ཡུམ། རིག་འཛིན་བླ་མའི་བཀའ་བབས་ལེགས་སྦྱིན་ཉི་མ་ཡབ་ཡུམ། བདེ་མཆོག་འཁོར་ལོའི་བཀའ་བབས་ཡོན་ཏན་མཆོག་དང་སྣ་ནམ་ཡེ་ཤེས་སྡེ། འཇམ་དཔལ་གཤིན་རྗེའི་བཀའ་བབས་སངས་རྒྱས་ཡེ་ཤེས་དང་འབྲོ་བན་སྤྲིན་འབྱིན། རཏྣ་རྩལ་རྫོགས་ཀྱི་བཀའ་བབས་འཕགས་པ་ཤེས་རབ་དང་ཤུད་བུ་ཁོང་སླེབ། པདྨ་གསུང་གི་བཀའ་བབས་རྒྱལ་བ་མཆོག་དབྱངས་དང་རྡོ་རྗེ་བདུད་འཇོམས། དགྱེས་པ་རྡོ་རྗེའི་བཀའ་བབས་ཅོག་རོ་ཀླུའི་རྒྱལ་མཚན་མཆེད་གཉིས། གསང་བ་འདུས་པའི་བཀའ་བབས་དགོངས་པ་གསལ་དང་ཆོས་ཀྱི་ལྷུན་པོའི་སྡེ། པདྨ་རྩལ་རྫོགས་ཀྱི་བཀའ་བབས་མོན་མོ་བཀྲ་ཤིས་ཁྱེ་འདྲེན་དང་སྐྱིད་ལྕམ་མོ། ཆེ་མཆོག་ཡོན་ཏན་གྱི་བཀའ་བབས་ཛྙཱ་ན་ཀུ་མཱ་ར་དང་དཀོན་མཆོག་འབྱུང་གནས། དུས་ཀྱི་འཁོར་ལོའི་བཀའ་བབས་ཀླུའི་དབང་པོ་དང་ཨ་ཙར་གསལ་མཆོག །མཁའ་ཀློང་འཁྱིལ་པའི་བཀའ་བབས་གཉན་ཆེན་དཔལ་དབྱངས་དང་སྣ་ནམ་ལྡིང་ཁྲི། ཀརྨ་རྩལ་རྫོགས་ཀྱི་བཀའ་བབས་སྐ་བ་དཔལ་བརྩེགས་དང་གྲ་པ་གྲུམ་བུ། སྲིད་པ་བདེ་འགྲོའི་བཀའ་བབས་འབྲོག་མི་དཔལ་ཡེ་དང་དཔལ་གྱི་དབང་པོ། རྡོ་རྗེ་ཕུར་པའི་བཀའ་བབས་ཡེ་ཤེས་མཚོ་རྒྱལ་དང་ཡེ་ཤེས་གསལ་ལེ། དྲེགས་པ་ཀུན་འདུལ་གྱི་བཀའ་བབས་དཔལ་གྱི་སེང་གེ་དང་ལ་བྱིད་ཡེ་ཤེས་བརྩེགས། སྟོབས་ལྡན་ནག་པོའི་བཀའ་བབས་བཻ་རོ་ཙ་ན་དང་ལྡན་མ་རྩེ་མང་རྣམས་ཡིན་པར་གསུངས། སྟག་ཤམ་ཡི་དམ་དགོངས་འདུས་ལས་འདུས་པ་ཕྱི་མ་རྗེ་འབངས་བཅུ་བདུན་དུ་བཤད་ཅིང་། ཧེ་རུ་ཀ་གལྤོའི་མཆན་ཊཱི་ཀ་ལས་མཆིམས་ཕུའི་རྗེ་འབངས་ཉེར་ལྔ་ལའང་ཕལ་ཆེར་ངོས་འཛིན་མི་འདྲ་བ་གསུངས་ཤིང་། ཕལ་ཆེར་ཞིག་གིས་རྗེ་འབངས་ཉེར་བདུན་དུ་བཞེད་པའང་སྣང་ལ། གཞན་ཡང་གོང་དུ་སྨོས་པ་ལྟར། ཡེར་པ་དང་ཆུ་བོ་རིའི་འོད་ལུས་གྲུབ་པ་སོགས་མཐའ་ཡས་པའི་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ལྟ་བུ་བྱུང་བས་བསམ་གྱིས་མི་ཁྱབ་པའི་གནས་ཁོ་ན་ཡིན་ཕྱིར་ཐམས་ཅད་བརྗོད་པར་མ་ནུས་ཀྱང་། ཞར་བྱུང་དབྱིངས་ཕྱུག་ཡུམ་ལྔའི་རྣམ་འཕྲུལ་གུ་རུ་རིན་པོ་ཆེའི་ཐུགས་ཀྱི་གཟུངས་མ་ལྔའི་རྣམ་ཐར་ས་བོན་ཙམ་གླེང་ན། སངས་རྒྱས་སྤྱན་མའི་རྣམ་འཕྲུལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ནི་གོང་དུ་མདོ་ཙམ་སྨོས་ཟིན་པ་ལྟར་དང་། རྒྱས་པར་རྣམ་ཐར་རང་རྐང་ཚུགས་པ་དྲི་མེད་ཀུན་དགའ་དང་སྟག་ཤམ་གཏེར་མའི་རྣམ་ཐར་རྣམས་སུ་ཤིན་ཏུ་རྒྱས་པར་གསལ་བ་ལྟར་རོ། །མདོར་ན་དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མ་མི་མོའི་ཚུལ་བཟུང་བ་ཙམ་དུ་མ་ཟད་སྐུ་ཚེ་དེར་གུ་རུ་རིན་པོ་ཆེ་ལ་མཉེས་པ་དགུ་ཕྲུག་གི་ཞབས་ཏོག་མཐར་ཕྱིན་ཅིང་དཀའ་སྤྱད་སྒྲུབ་པའི་བརྩོན་འགྲུས་བསམ་གྱིས་མི་ཁྱབ་པ་མཛད་པས་་་་གུ་རུ་ཉིད་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་མཉམ་པ་ཉིད་དུ་གྱུར་ཅིང་བོད་ཁམས་ཡོངས་ལ་བཀའ་དྲིན་ཚད་མེད་པའང་གུ་རུ་ཉིད་དང་ཁྱད་པར་མ་མཆིས་པའི་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མི་མངའ་བ་་ཡིན་ནོ། ༈ །དབྱིངས་ཕྱུག་མནྡྷ་ར་བ་ནི། ཡབ་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་དང་། ཡུམ་བཙུན་མོ་ཧའུ་ཀི་གཉིས་ཀྱི་སྲས་མོར་ཕོ་བྲང་རཏྣ་པུ་རིར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་འཁྲུངས་པའི་སྙན་གྲགས་ལ་བརྟེན། རྒྱ་དཀར་ནག་གི་རྒྱལ་པོ་མང་པོས་བཙུན་མོར་ཐོབ་ཤ་བྱས་ནའང་ངེས་འབྱུང་གི་ཐུགས་འདུན་བཟློག་ཏུ་མེད་པས་ཆོས་སྒོར་ཞུགས། བྲམ་ཟེ་སྐྱེ་བདུན་གྱི་པུར་རྙེད་པ་ཡབ་ལ་ཕུལ་བས་ཡིད་བཞིན་ནོར་བུ་ལྟ་བུའི་གཅེས་སྤྲས་སུ་བཟུང་། འདི་སྐབས་ནས་སློབ་དཔོན་ཆེན་པོས་གདུལ་བྱར་གཟིགས་ནས་རྗེས་སུ་བཟུང་བ་ལ་བརྟེན། རིགས་བསླད་པར་དོགས་ཏེ་སློབ་དཔོན་ཆེན་པོ་རྒྱལ་པོས་གསོན་སྲེག་མཛད་པ་ན། མེ་ཕུང་མཚོ་རུ་བསྒྱུར་པའི་རྫུ་འཕྲུལ་གྱིས་རྒྱལ་བློན་འཁོར་བཅས་གཡོ་བ་མེད་པའི་དད་པ་ལ་བཀོད། རྒྱལ་པོས་ཀྱང་རྒྱལ་སྲིད་ལྷ་ལྕམ་བཅས་ལྟོས་མེད་དུ་ཕུལ་ནས་ཟབ་ཆོས་ཞུས་པར་མནྡྷ་ར་བ་དང་རྒྱལ་བློན་ཉེར་གཅིག་འཁོར་དང་བཅས་པ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་རྒྱུད་ལུང་མན་ངག་གི་ཆོས་ཀྱི་ཆར་ཆེན་པོ་ཕབ། རྒྱལ་བློན་ཐམས་ཅད་རིག་འཛིན་གྱི་ས་ལ་བཀོད། ལྷ་ལྕམ་ཉིད་ཕྱག་རྒྱར་བཞེས་ཏེ་མཱ་ར་ཏི་ཀ་སྟེ་འཆི་བ་མཐར་བྱེད་ཀྱི་བྲག་ཕུག་ཏུ་མགོན་པོ་ཚེ་དཔག་མེད་པའི་བསྐྱེད་རྫོགས་ལ་བརྟེན་སྒྲུབ་པ་མཛད་པས་ཞལ་མངོན་སུམ་དུ་གཟིགས་ཏེ་དབང་བསྐུར་བ་ལས་ཡབ་ཡུམ་གཉིས་ཀས་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་ཟུང་་་འཇུག་རྡོ་རྗེའི་སྐུ་བརྙེས་པའི་ཚུལ་བསྟན་པར་མཛད། དེ་ལྟ་བུའི་ཚུལ་གྱིས་འཕགས་པའི་ཡུལ་དུ་དངོས་དང་བརྒྱུད་ནས་འགྲོ་བའི་དོན་རླབས་ཆེན་མཛད་ཅིང་བོད་ཡུལ་དུ་ཁྲ་འབྲུག་གི་ཆོས་འཁོར་ཆེན་པོའི་སྐབས་རྫུ་འཕྲུལ་གྱིས་གཤེགས་ཏེ་གུ་རུའི་བརྡའ་བསྟོད་དང་ཞུས་ལེན་གནང་བ་སོགས་པདྨ་བཀའ་ཐང་དུ་མང་ཙམ་གསལ། རྒྱས་པར་ཨོ་རྒྱན་གླིང་པའི་བཀའ་འདུས་སུ་རྣམ་ཐར་རྐང་ཚུགས་པའང་ཡོད་པར་སྣང་། ཕྱིས་ཀྱི་ལོ་རྒྱུས་འགའ་རེར་མངའ་བདག་མར་པའི་སྐབས་མི་རུས་ཀྱི་རྒྱན་ཅན། གཉན་ལོའི་སྐབས་རི་སུལ་གྱི་རྣལ་འབྱོར་མ། རས་ཆུང་སྐབས་གྲུབ་པའི་རྒྱལ་མོ། གཞན་ཡང་མཻ་ཏྲི་པའི་ཡུམ་ཆུ་ཤིང་གི་སྙེམ་ཅན་དང་། མཁའ་འགྲོ་ནི་གུ་མ་སོགས་ཀྱང་ཡེ་ཤེས་ཀྱི་མཁའ་འགྲོ་འདི་ཉིད་ཀྱི་མཚན་དང་སྐུའི་རྣམ་འགྱུར་གཞན་དུ་བསྟན་པ་ཙམ་དུ་བཞེད་མོད། ཐུགས་རྗེའི་སྤྲུལ་པ་དང་བྱིན་གྱིས་བརླབས་པར་ནི་གདོན་མི་ཟ་ཞིང་སྐུ་དངོས་ནི་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པས་ད་ལྟའང་བཞུགས་པར་ངེས་སོ། ༈ །མ་མཱ་ཀི་བལ་མོ་ཤཱཀྱ་དེ་བཱི་ནི། ནེ་པཱ་ལ་སྟེ་བལ་པོའི་རྒྱལ་པོ་དགེ་བ་འཛིན་གྱི་བཙུན་མོ་བུ་ནད་ཀྱིས་གྲོངས་པ། བུ་མོ་དང་བཅས་དུར་ཁྲོད་དུ་བསྐྱལ་བ་སྤྲེའུས་གསོས། ཅུང་ཟད་ནར་སོན་པ་ན་ཕྱག་ཞབས་ཀྱི་སོར་མོ་ངང་པ་བཞིན་དུ་དྲྭ་བར་འབྲེལ་བ་སོགས་ངོ་མཚར་སྐུའི་བཀོད་པ་ཅན་དེ་ཉིད་སློབ་དཔོན་ཆེན་པོས་མཚན་ལྡན་གྱི་གྲོགས་དམ་པར་གཟིགས་ནས་རྗེས་སུ་བཟུང་ཞིང་སྨིན་པར་མཛད། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་ལྷ་དགུའི་སྒྲུབ་པའི་གཟུངས་མར་གནང་སྟེ་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་རིག་འཛིན་གྲུབ་པའི་ཚུལ་བསྟན། ཡུམ་གྱིས་མ་མཱ་ཀིའི་དངོས་གྲུབ་ཐོབ་མཐར་འཇའ་ལུས་རྡོ་རྗེའི་སྐུ་མངོན་དུ་མཛད། འདི་ལ་བསྟེན་ནས་ཨོ་རྒྱན་ཆེན་པོས་འཕྲུལ་མཚན་ཉི་ཤུའི་སྐུའི་མཚན་དང་རྣམ་འགྱུར་འདོད་རྒུར་བསྒྱུར་ཅིང་ཁྱད་པར་གཏེར་རིགས་བཅོ་བརྒྱད་ཀྱི་བཀའ་ཡི་བགྲོ་བ་ཐོག་མར་མཛད་པའི་བདག་པོའི་རྐྱེན་དུ་གྱུར་པས་རྗེས་འཇུག་རྣམས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་གྱུར་ཏོ། ༈ །གོས་དཀར་མོ་བལ་འབངས་ཀཱ་ལ་སིདྡྷི་ནི། རྒྱ་གར་རྔ་ཐུབ་ཅན་གྱི་ཡུལ་གྲོང་ཁྱེར་བལ་བོང་འགྱུར་དུ་ཐག་མཁན་བཟའ་མི་གཉིས་ཀྱི་སྲས་མོར་སྐུ་བལྟམས། ཡུམ་འཕྲལ་དུ་གྲོངས་པ་ལ་བརྟེན། མའི་པུར་དང་ལྷན་ཅིག་དུར་ཁྲོད་དུ་བསྐྱལ། ལྷ་ལྕམ་མནྡྷཱ་ར་བས་སྟག་མོར་སྤྲུལ་ནས་གསོས། ནར་སོན་པ་ན་སློབ་དཔོན་ཆེན་པོས་དེ་ཉིད་གདུལ་བྱར་མཁྱེན་ཏེ་དགེ་སློང་སོཽ་ཁྱ་དེ་བ་སྟེ་ཕན་བདེའི་ལྷ་ཞེས་པར་སྤྲུལ་ནས་རྗེས་སུ་བཟུང་ཞིང་སྨིན་པར་མཛད། ནགས་ཚལ་དྲྭ་བ་ཅན་དུ་ཡབ་ཡུམ་ལྷན་ཅིག་ཐབས་ལམ་ཟབ་མོའི་བརྟུལ་ཞུགས་སྤྱད་པའི་སྐབས་ཞིང་པ་རྔ་ཐུབ་ཅན་གྱི་ཁྱེའུ་རྗེས་སུ་བཟུང་བ་གྲུབ་པའི་སློབ་དཔོན་ཆེན་པོ་ཧཱུྃ་ཀ་ར་ཞེས་འཇིག་རྟེན་ན་ཉི་ཟླ་ལྟར་གྲགས། མཁའ་འགྲོ་འདི་ཉིད་བལ་ཡུལ་ཚུན་ཆད་དུ་བྱོན་པའི་ལོ་རྒྱུས་མ་མཐོང་ཞིང་། མཐར་ཟུང་འཇུག་གི་སྐུ་གྲུབ་པར་ངེས་སོ། ༈ །དམ་ཚིག་སྒྲོལ་མ་མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་ནི། མོན་ཚ་འོག་ཏུ་འཁྲུངས། ཆུང་ངུ་ནས་ཆོས་ཀྱི་རིགས་སད་པ་དང་མནལ་ལམ་དུ་མཁའ་འགྲོའི་བརྡས་བསྐུལ་ནས་ལྷོ་བྲག་ཕྱོགས་སུ་བྱོན། ཐོག་མར་ཡེ་ཤེས་མཚོ་རྒྱལ་གྱིས་རྗེས་སུ་བཟུང་ཞིང་སྨིན་པར་མཛད། སླར་ལ་ཡག་མོན་མཁར་སྟེང་དུ་ཨོ་རྒྱན་རིན་པོ་ཆེ་མཇལ། ཟབ་མོའི་གདམས་པ་སྙིང་པོར་དྲིལ་ནས་གསུངས་པས་དངོས་གྲུབ་བརྙེས། ཕྲིན་ལས་ཀྱི་གཟུངས་མར་བཞེས། སྤ་གྲོ་སྟག་ཚང་དུ་སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་སྐབས་སྐུ་ལུས་འདོད་རྒུར་བསྒྱུར་བས་སྟག་མོའི་ཚུལ་དུ་སྤྲུལ་ནས་ཆིབས་ཀྱི་རྣམ་པར་མཛད། ཡབ་ཡུམ་གཉིས་ཀྱིས་བོད་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་སླར་ཡང་དམ་ལ་བཞག །ཟབ་གཏེར་མཐའ་ཡས་པ་སྦ་བར་མཛད་པ་སོགས་ཀྱི་བདག་པོའི་རྐྱེན་དུ་གྱུར་པས་མ་གཅིག་མཚོ་རྒྱལ་གྱི་རྗེས་ནས་བོད་ཁམས་འདིར་མཁའ་འགྲོ་འདི་བཀའ་དྲིན་ཆེ་བར་ཁུམས། མཐར་སྐུ་ལུས་མ་སྤངས་པར་ཟངས་མདོག་དཔལ་གྱི་རི་བོར་གཤེགས་ཏེ་ད་ལྟའང་བཞུགས་སོ། །སྟག་ཤམ་གཏེར་མ་མཚོ་རྒྱལ་རྣམ་ཐར་ལས། མོན་གྱི་རྒྱལ་པོ་ཧམ་ར་བྱ་བའི་སྲས་མོ་ཁྲི་འདྲེན་བྱ་བས་མཚོ་རྒྱལ་ཉིད་མོན་ཁ་སེང་གེ་རྫོང་དུ་བཞུགས་པའི་ཚེ་ཐོག་མར་མཇལ་ནས་སྦྲང་རྩི་མང་པོ་ཕུལ། རིམ་གྱིས་གྲུབ་རྟགས་ལ་དད་པ་ཐོབ་ནས་ཅི་མཉེས་ཀྱི་ཞབས་ཏོག་བསྒྲུབས། མཐར་རྒྱལ་པོས་ཀྱང་དད་པ་ཐོབ་ནས་བུ་མོ་དེ་ཕུལ་བ་ལ་མཚན་བཀྲ་ཤིས་སྤྱི་འདྲེན་ཏུ་བཏགས་ནས་སྨིན་པར་མཛད། སླར་གུ་རུ་རིན་པོ་ཆེ་འོན་ཕུ་སྟག་ཚང་དུ་བཞུགས་པའི་སྐབས་རྡོ་རྗེ་ལས་མའི་མཚན་ཉིད་ཚང་བར་གཟིགས་ནས་བཀས་གནང་བ་བཞིན་ཕྱག་རྒྱར་ཕུལ་བས་ཕུར་པའི་སྒྲུབ་སྡེ་མོར་མཛད། གྲུབ་པའི་རྟགས་བསམ་གྱིས་མི་ཁྱབ་པ་བསྟན། ཁྱད་པར་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས། མཁའ་འགྲོ་མ་སྟག་མོའི་རྣམ་པར་མཛད་ནས་བོད་ཁམས་གླིང་དགུའི་ལྷ་འདྲེ་རྣམས་དམ་ལ་བཞག །མཐིང་ནག་རྡོ་རྗེ་ཁྲོ་ཕུར་བྱ་བ་ཞིག་སྤ་གྲོ་སྟག་ཚང་དུ་གཤེགས་ནས་མོན་བལ་རྒྱ་གར་མཐའ་འཁོབ་ཡང་འཁོབ་ཀྱི་ལྷ་འདྲེ་རྣམས་དང་། སྨུག་ནག་རྡོ་རྗེ་ཁྲོ་ཕུར་བྱ་བ་ཞིག་ཁམས་ཀྱི་སྟག་ཚང་དུ་བྱོན་ནས་མདོ་ཁམས་འཇང་རྒྱ་ནག་ཧོར་སོག་མཐའ་འཁོབ་ཚུན་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ཤིང་སྲོག་སྙིང་བླངས་པ་སོགས་གསུངས་པ་དང་། མཚོ་རྒྱལ་བལ་ཡུལ་དུ་ལན་རྗེས་མར་བྱོན་པའི་སྐབས་སུ་ཡབ་བལ་པོ་བྷ་དན་ན་དང་། ཡུམ་ནཱ་གི་ནི་བྱ་བའི་བུ་མོ་སྐུའི་ཌཱ་ཀིའི་རིགས་ཅན་ལོ་བཅུ་བཞི་ལོན་པ་ཞིག་འདུག་པ་དེ་རྗེས་སུ་བཟུང་ནས་མཚན་ཀཱ་ལ་སིདྡྷིར་བཏགས། བོད་དུ་ཕྱག་ཕྱིར་འབྲངས་ཏེ་ཕྱིས་གུ་རུའི་བཀའ་བཞིན་གཟུངས་མར་ཕུལ་ནས་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས། མཁའ་འགྲོ་འདིའི་རྐྱེན་ལ་བརྟེན་ཏེ་བོད་ཡུལ་དུ་གཏེར་ཁ་རྣམས་སྦས་པའི་བཅའ་བཞི་མཛད། སྟག་ཚང་གསུམ་སོགས་བོད་ཁམས་མཐའ་དབུས་མེད་པར་ཞབས་ཀྱིས་བཅགས་ནས་ས་འོག་ཐམས་ཅད་ཆོས་གཏེར་གྱིས་བཀང་། གུ་རུ་སྲིན་ཡུལ་དུ་གཤེགས་རྗེས་མཚོ་རྒྱལ་གྱིས་གཏེར་ཞབས་ཐམས་ཅད་བསྡམས་པ་དང་བུ་སློབ་མཐའ་ཡས་པ་བསྐྱངས་ཏེ་ཡོངས་དྲིལ་དགུང་ལོ་ཉིས་བརྒྱ་དང་བཅུ་གཅིག་གི་བར་བཞུགས། མཐར་ཤངས་ཟབ་བུ་ལུང་གི་རི་རྩེར་བྱ་ཟླ་བའི་ཚེས་བཅུ་ལ་རྔ་ཡབ་གླིང་ནས་དཔའ་བོ་མཁའ་འགྲོའི་བསུ་བ་དཔག་ཏུ་མེད་པ་སླེབས་པའི་ཚེ་བཀྲ་ཤིས་སྤྱི་འདྲེན་དང་ཀཱ་ལ་སིདྡྷི་གཉིས་ཐུགས་ཀའི་གཡས་གཡོན་འོད་དུ་བསྡུས་ནས་སྐུ་མ་སྤངས་པར་པདྨ་འོད་དུ་གཤེགས་པར་གསུངས་སོ། །གསུམ་པ་ལ་གཉིས། ས་གཏེར་དང་། ཟབ་མོ་དག་སྣང་དང་། དགོངས་གཏེར་གྱི་བྱུང་ཚུལ་ལོ། །དང་པོ་ནི། སྤྱིར་གུ་རུ་རིན་པོ་ཆེ་ཉིད་ཀྱིས་མ་འོངས་པའི་གདུལ་བྱ་དང་བསྟན་པའི་བཙས་སུ་དགོངས་ནས་རྒྱ་བལ་བོད་ཡུལ་རྣམས་སུ་ཆོས་ནོར་སྨན་རྩིས་རྟེན་དང་དམ་རྫས་ལ་སོགས་པ་གཏེར་ཁ་མཐའ་ཡས་པ་ཞིག་སྦས་པར་མཛད་པ་ལས། གཙོ་བོར་གངས་ཅན་འདིར་གདུལ་བྱ་གང་ལ་གང་འདུལ་གྱི་ཐབས་ལ་མཁས་པས་ཆོས་སྒོ་སྤྱི་དང་ཁྱད་པར་ཡོ་ག་རྣམ་པ་གསུམ་དང་འབྲེལ་བའི་རྒྱུད་ལུང་མན་ངག་ལས་ཚོགས་མཐའ་ཡས་པ་གསུངས་པ་ཐམས་ཅད་གསང་བའི་བདག་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱིས་བཟུང་ནས་བཀའི་བསྡུ་བ་མཛད། ཤོག་སེར་རིགས་ལྔར་མཁའ་འགྲོ་བརྡའི་ཡི་གེར་བཀོད། གཏེར་སྣོད་སྣ་ཚོགས་པར་འབྱུང་བས་མི་འཇིག་པའི་རྒྱས་བསྡམས། གཏེར་གནས་སོ་སོར་གུ་རུ་ཡབ་ཡུམ་ཁོ་ན་དང་རྗེ་འབངས་ལྷན་ཅིག་པ་རྣམས་ཀྱིས་སྦས་ཏེ་གཏེར་སྲུང་ལ་གཉེར་དུ་གཏད། ཁྱད་པར་གུ་རུ་རྔ་ཡབ་གླིང་དུ་གཤེགས་པའི་རྗེས་སུ་མཚོ་རྒྱལ་ཉིད་མི་ལོ་བརྒྱ་ལྷག་ཙམ་བཞུགས་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས་ནས་གཏེར་ཞབས་བསྡམས། གཞན་ཡང་པཎ་ཆེན་བི་མ་མི་ཏྲ། ཆོས་རྒྱལ་ཡབ་སྲས། ལོ་ཆེན་བཻ་རོ་ཙ་ན། གནུབས་སངས་རྒྱས་ཡེ་ཤེས་དང་ནམ་མཁའི་སྙིང་པོ། གཉགས་ཛྙཱ་ན་དང་སྣ་རྣམ་རྡོ་རྗེ་བདུད་འཇོམས། ཉང་བན་ཏིང་འཛིན་བཟང་པོ་སོགས་ཀྱིས་ཀྱང་ཟབ་གཏེར་མང་དུ་སྦས་པ་རྣམས་ཕྱིས་འདུལ་བའི་དུས་སུ་སོན་པའི་ཚེ། གུ་རུ་རིན་པོ་ཆེས་མ་འོངས་པར་གཏེར་ལ་སྤྱོད་ཅིང་འགྲོ་དོན་འབྱུང་བར་བྱིན་གྱིས་བརླབས་ཤིང་ལུང་བསྟན། སོ་སོས་ཀྱང་སྨོན་ལམ་ཐེབས་པའི་རྗེ་འབངས་སྐལ་ལྡན་རྣམས་ཀྱི་སྐྱེ་བ་དང་སྤྲུལ་པའི་སྒྱུ་འཕྲུལ་རིགས་དང་སྤྱོད་པ་མ་ངེས་པ་རིམ་པར་བྱོན་ནས་བསྟན་འགྲོའི་དོན་མཛད་པ་ལས། གཏེར་ཁ་གོང་འོག་སོགས་ཕྲིན་ལས་རྒྱ་ཆེ་ཞིང་རྩོད་པ་མེད་པར་ཡོངས་སུ་གྲགས་མོད། གདམས་ངག་ཕྲན་ཚེགས་འདོན་པ་པོ་དང་། ཡུལ་ཕྲན་རྣམས་སུ་གཏེར་སྟོན་ཡོངས་སུ་མ་གྲགས་པ་མང་པོ་ཞིག་སྔར་བྱོན་པ་དང་། དེང་སང་འབྱོན་པ་རྣམས་ཀྱང་མཛད་པ་ཆོས་དང་མཐུན་ཞིང་སེམས་ཅན་ལ་ཕན་པ་ཐོགས་ཕྱིན་ཆད་མང་བ་ཙམ་གྱིས་ཡང་དག་མ་ཡིན་པར་ཡང་མི་འགྱུར་བས་ཚད་མར་བཟུང་དགོས་ཏེ། དྲི་མེད་ཀུན་དགའི་གཏེར་ལུང་ལས། གཏེར་སྟོན་ལང་མ་ལིང་མ་འོང་། །གཏེར་ཆོས་ཤ་མོང་སུལ་ལྟར་བརྡོལ། །དེ་ཡང་འབྲས་མེད་མ་ཡིན་ཏེ། །ཨོ་རྒྱན་ང་ཡི་བརྗེད་ཐོ་ཡིན། །ཞེས་དང་། རཏྣའི་གཏེར་ལུང་ལས་ཀྱང་། ཡུལ་ཆེན་རེ་ལ་གཏེར་ཆེན་རེ། །དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན། །ཡུལ་ཕྲན་རེ་ལ་གཏེར་ཕྲན་རེ། །དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན། །ཞེས་སོགས་ཚད་ལྡན་གྱི་ལུང་མང་པོར་མཐུན་པར་འབྱུང་ཞིང་། རྫུན་གཏེར་དང་གཏེར་ལོག་སོགས་ཚད་ལྡན་མ་ཡིན་པའང་མང་དུ་འབྱུང་བར་ལུང་དུ་བསྟན་པར་མ་ཟད་བྱུང་བའི་ལོ་རྒྱུས་ཤིན་ཏུ་མང་བས་གཟུ་བོར་གནས་ཤིང་མདོ་རྒྱུད་མཁྱེན་པའི་ཆོས་ཀྱི་སྤྱན་ལྡན་དག་གིས་ལེགས་པར་དཔྱད་པས་ཐེ་ཚོམ་སེལ་བར་འགྱུར་བའང་འཕྲོས་སུ་སྨོས་ནས། འདིར་གཙོ་བོར་པདྨ་བཀའི་ཐང་ཡིག་ཨོ་རྒྱན་གླིང་པ། སངས་གླིང་། རྡོར་གླིང་། སྟག་ཤམ་གཏེར་མ་རྣམས་རྒྱས་བསྡུས་ཙམ་ལས་མཐུན་པར་འབྱུང་བ་ལས་གཏེར་སྟོན་རགས་རིམ་ཙམ་ལུང་བསྟན་པ་རྣམས་རྩ་བར་བཟུང་། དེར་མི་གསལ་ཡང་སྔོན་བྱོན་ཚད་མར་ཡོངས་སུ་གྲགས་པ་ཅི་རིགས་པ་དང་། ཕྱིས་བྱོན་རྣམས་གངས་རིའི་ཁྲོད་ཙམ་དུ་ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན། སྤྱན་ལྔ་རྣམ་པར་དག་པའི་གཟིགས་པས་ཤེས་བྱ་ཀུན་ལ་ཆགས་ཐོགས་ཀྱི་དྲི་མ་བྲལ་བས་ལེགས་གསུང་ཚད་མར་གྱུར་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མངོན་པར་བསྔགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་ལུང་དཔང་པོར་བྱས་ཏེ་རྣམ་ཐར་ས་བོན་ཙམ་དགོད་པ་ལ། ཇི་སྐད་དུ། ཐང་ཡིག་ལས། རྒྱལ་པོའི་གདུང་རབས་བརྒྱད་དམ་བཅུ་ལྷག་ན༔ ལ་སྟོད་མཚོ་བར་གྱམ་ནག་ཅེས་བྱ་བར༔ མུ་གེ་ནད་ཡམས་མི་ཐོག་བུད་པ་འབྱུང༔ གློ་བོ་དགེ་སྐར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང༔ ཞེས་ལུང་བསྟན་པ། གཏེར་སྟོན་ཐམས་ཅད་ཀྱི་ཐོག་མ་སངས་རྒྱས་བླ་མ་ནི། རྒྱལ་སྲས་ལྷ་རྗེ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པའི་དང་པོ་སྟེ། ལོ་ཆེན་རིན་ཆེན་བཟང་པོའི་སྐུ་ཚེའི་སྟོད་ཙམ་ལ། ལ་སྟོད་མཚོ་བར་དུ་འཁྲུངས། རྟེན་སྔགས་བཙུན་ཅོ་བྲེག་གི་རྣམ་པར་བཞུགས། མངའ་རིས་གློ་བོ་དགེ་སྐར་གྱི་གཙུག་ལག་ཁང་གི་ཀ་ཞུ་ནས་བླ་རྫོགས་ཐུགས་གསུམ། དེ་དང་ཉེ་བའི་བྲག་རྟ་མགྲིན་མགུལ་ནས་རྩ་གསུམ་དྲིལ་སྒྲུབ་དངོས་གྲུབ་བརྟན་གཟིགས། ཐང་བར། ཁོག་འབྲང་བྲག་སོགས་ནས་རྟ་མགྲིན་དྲེགས་པ་ཟིལ་གནོན། རྒྱ་ནག་ནས་འགྱུར་བའི་མདོ་ལུགས་ཀྱི་ཆོ་ག་མང་པོ་དང། ཁ་བསྒྱུར་སོགས་བཏོན། དབུས་གཙང་རྣམས་སུའང་བྱོན་ཅིང་འགྲོ་དོན་མཐར་ཕྱིན། དགུང་གྲངས་བརྒྱད་ཅུ་ནང་ཕེབས། འདིའི་གཏེར་ཕུར་ཙཱ་རི་མཚོ་དཀར་དུ་བཞུགས་པ་ཕྱིས་ཆོས་རྗེ་གླིང་པས་ཀྱང་མཇལ་བར་བཤད། གཏེར་སྟོན་དེ་ཉིད་ཀྱི་གདུང་རྒྱུད་ལ་སྟོད་ཕྱོགས་སུ་ཕྱི་མོའི་བར་དུ་ཡོད་ལ། གཏེར་སྟོན་སངས་རྒྱས་འབར་ཅེས་པ་དེའང་གདུང་རྒྱུད་འདི་ལས་འཁྲུངས་པར་འདུག །དུས་ཆེས་སྔས་པས་ཕྱིས་ནས་མདོ་ཕྲན་རེའི་ལུང་རྒྱུན་ཙམ་མ་གཏོགས་དབང་ལུང་དང་དཔེ་རྒྱུན་མི་བཞུགས་ནའང་། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོ་ཡབ་སྲས་ཀྱི་ཡེ་ཤེས་ཀྱི་གཟིགས་པ་དང་ཐུགས་རྗེ་ལ་འབྲི་བཀོལ་མེད་པས་སྙིགས་མའི་མཐའ་འདིར་བོད་འབངས་ལ་ལྷག་པར་དགོངས་པའི་ཚུལ་གྱིས། བི་མ་ལ་དང་། མངའ་བདག་མེས་དབོན་རྣམས་ཀྱི་ཐུགས་རྗེའི་སྒྱུ་འཕྲུལ་འགོགས་པ་མེད་པར་ཤར་བ་ཟབ་གཏེར་རྒྱ་མཚོའི་ཤིང་རྟ་གཅིག་པུ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབས་བདུན་གྱི་བདག་པོར་དབུགས་དབྱུང་ཞིང་གཏེར་སྟོན་བརྒྱ་རྩའི་ཟབ་གཏེར་མཐའ་དག་དངོས་དང་བརྒྱུད་པའི་སྒོ་ནས་ཕྱག་ཏུ་བབས་པར་རྡོ་རྗེའི་ལུང་གིས་ཡང་ནས་ཡང་དུ་སྐབས་ཕྱེ་བའི་བདེན་དོན་མངོན་དུ་གྱུར་པ་་་་་་ལས། སྤྲུལ་པའི་གཏེར་ཆེན་འདི་ཉིད་ཀྱི་ཟབ་གཏེར་གྱི་སྙིང་པོ་རྩ་གསུམ་དྲིལ་སྒྲུབ་ཞུ་ལན་ཉེར་གཅིག་པའི་ཤོག་སེར་ཕྱག་ཏུ་བབས་ནའང་གཏེར་གཞུང་རྩ་བ་གཏན་ལ་འབེབས་པ་མ་བྱུང་རུང་གཞུང་གི་དགོངས་པ་དང་མཐུན་པར་ཕྲིན་ལས་དང་གཏོར་དབང་ཆོག་སྒྲིག་ཏུ་མཛད་ཅིང་སྤེལ་བ་ཁོ་བོས་ཀྱང་སྐལ་པ་བཟང་པོའི་དཔྱིད་དཔལ་དུ་ནོས་ཤིང་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བ་དང་། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་སོགས་རིས་མེད་ཀྱི་སྐྱེས་ཆེན་རྣམས་ལ་བསྩལ་པས་གཏེར་འབྱིན་ཐམས་ཅད་ཀྱི་ཐོག་མའི་ཟབ་གཏེར་གྱི་ཆ་ཤས་སྙིགས་མའི་མཐའ་འདིར་སྣང་བས་ངོ་མཚར་དང་རྟེན་འབྲེལ་གྱི་དགེ་མཚན་ཕུན་སུམ་ཚོགས་པའི་བཀའ་དྲིན་རྨད་དུ་བྱུང་བར་གྱུར་ཏོ། ༈ །དེ་རྗེས་རིམ་པར། བལ་བོད་མཚམས་ནགས་མེ་ཤོར་མི་མང་ཚིག༔ པཱུརྞ་རྫ་རིར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་རྒྱ་ལོ་ཙཱ་ཞེས་བྱ་བ་འབྱུང༔ ཞེས་པའི་གཏེར་སྟོན་རྒྱ་ལོ་ཙཱ་ནི། སངས་རྒྱས་བླ་མའི་ཡང་སྲིད་དེ་མ་ཐག་པ་བལ་བོད་མཚམས་ཀྱི་འཛུམ་ལང་དུ་རྒྱའི་རིགས་སུ་འཁྲུངས། འཕྲལ་སྐད་མཁྱེན་པས་ལོ་ཙཱར་ཐོགས། མཚན་དངོས་རྡོ་རྗེ་བཟང་པོ་ཡིན། རྟེན་སྔགས་བཙུན། རྗེ་མར་པ་དང་དུས་མཚུངས། པཱུརྞ་རྫ་རི་སོགས་ནས་བླ་མ་བསྟན་གཉིས་སྐོར་གསུམ་སོགས་བཀའ་འདུས་སྙིང་པོའི་སྐོར། མན་ངག་ལམ་རིམ། སྙིང་དུམ། རྩ་གནས་རབ་དབྱེ། ཆུང་དཔྱད་པདྨ་གཅེས་ཕྲེང་ལ་སོགས་པའི་གཏེར་ཁ་མང་པོ་བཏོན་པར་བཤད། འོན་ཀྱང་ཐོག་སྔས་པས་ད་ལྟ་དཔེ་ལུང་གི་རྒྱུན་སོགས་མི་སྣང་ནའང་། གོང་དུ་སྨོས་པ་ལྟར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པར་ཡེ་ཤེས་མཁའ་འགྲོས་གཏེར་དཔེ་དངོས་སུ་བསྩལ་པ་ལྟར། བླ་མ་བསྟན་གཉིས་སྐོར་གསུམ་ཟབ་ཏིག་མཐོང་བ་རང་གྲོལ་གྱི་གཞུང་ལེའུ་བརྒྱད་པ་ངོ་མཚར་ཅན་གཏན་ལ་ཕབ་ཅིང་བདག་ཅག་ལའང་སྨིན་གྲོལ་བཀའ་དྲིན་བསྩལ་པ་ལྟར་གཏེར་མཛོད་རིན་པོ་ཆེར་བཞུགས། ༈ དེ་ནས་ཐང་ཡིག་ཆེན་མོའི་ལུང་བསྟན་གོ་རིམ་མཐར་ཆགས་སུ་མི་སྣང་ཡང་གཞུང་སོར་བཞག་ལྟར་རིམ་པར་བརྗོད་ན། དེ་ཉིད་ལས། ཁམས་ཀྱི་རྨེ་མདོར་བྱ་ཁྱི་ལྷ་ཁང་འཁྲུགས༔ ཀློང་ཐང་སྒྲོལ་མར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་སྣ་ནམ་པ་ཞེས་བྱ་བ་འབྱུང༔ ཞེས་པའི་གཏེར་སྟོན་སྣ་ནམ་པ་ནི། བཻ་རོའི་རྣམ་འཕྲུལ། མདོ་ཁམས་དགེ་རྒྱལ་བྱང་རོང་གི་མཚམས་སུ། ཞང་སྣ་ནམ་པའི་རིགས་སུ་འཁྲུངས། མཚན་གཞན་འབྲོག་པ་སྣ་ནམ་ཐུབ་པ་རྒྱལ་པོར་ཡང་གྲགས། རྟེན་སྔགས་དཀར་དཀྱུས་མ། ཀློང་ཐང་སྒྲོལ་མར་ཕེབས། དེའི་ཀ་ཞུ་ནས་ཆོས་དང་སྨན་དཔྱད་རྩིས་སོགས་ཕན་བྱེད་མང་པོ་གཏེར་དུ་བཞེས་ཀྱང་དེང་སང་གཏོ་བཅོས་བརྒྱ་རྩའི་འཁོར་ལོ་ལས་གཞན་མི་སྣང་། ཕྱིས་འདིར་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡེ་ཤེས་མཁའ་འགྲོས་གཏེར་དཔེ་གཏད་ཅིང་ཨོ་རྒྱན་ཡབ་སྲས་ཀྱི་བྱིན་རླབས་གསལ་སྣང་ལ་བརྟེན། འདིའི་ཡང་སྲིད་སྙེ་མོ་ཞུ་ཡས་ཀྱི་རྫོགས་པ་ཆེན་པོ་སྐུ་གསུམ་ཉི་ཟླ་འབར་བའི་གཞུང་དང་རྒྱལ་པོ་མདོ་བཅུའི་གདམས་པ་སོགས་བཀའ་བབས་པར་སྣང་། ༈ ལ་སྟོད་གཅུང་པ་དྲིལ་ཆེན་ཆུ་ལྟར་འཁྲུགས༔ གཡུ་ཕུ་རྫ་ལྷུད་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་དུམ་རྒྱ་ཞང་ཁྲོམ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་ནི། གནུབས་ཆེན་སངས་རྒྱས་ཡེ་ཤེས་བསམ་བཞིན་ཏུ་སྐྱེ་བ་བཞེས་པ་སྟེ། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། དེ་དུས་བསྐལ་པའི་ཐ་མ་ལ༔ ང་མིན་ང་ཡི་ཆ་བྱད་ཅན༔ ཤ་ནི་སེར་ལ་སྐྲ་ནི་ལི༔ བོང་ནི་ཐུང་ལ་གཡས་ནི་དཀར༔ གཡོན་ནི་དམར་བའི་ཤ་མཚན་ཅན༔ སོ་ནི་དཀར་ལ་སོ་ཚག་དམ༔ སྨེ་བའི་ག་ཤ་ཡོད་པ་ཡི༔ ལོ་ནི་ཁྱི་འབྲུག་ལོ་པ་ལ༔ རུས་རྒྱ་མིང་ནི་ཞང་ཁྲོམ་ཞེས༔ དེ་ལྟ་བུ་ཡིས་རྙེད་པར་ཤོག༔ ཅེས་གནུབས་ཆེན་གྱིས་སྨོན་ལམ་མཛད་པ་དང་མཐུན་པར་གཙང་རོང་དུམ་པ་ཆུ་ཚན་ཁར་སྐུ་འཁྲུངས། རྟེན་ཁྱིམ་སྔགས་དཀྱུས་མ། རུས་རྒྱ། བླ་དྭགས་ཀྱི་མཚན་ཞང་ཁྲོམ། གསང་མཚན་རྡོ་རྗེ་འོད་འབར་དུ་གྲགས། དགུང་སྙིང་འབྲུག་ཡིན་པ་དང་སྐྲ་ལི་བ་སོགས་ལུང་དང་མཐུན་པར་ཡོད་ཅེས་གྲགས། ཐོག་མ་ལོངས་སྤྱོད་དབུལ་བས་མུ་ཏོའི་ཚུལ་མཛད་ནས་སློང་མོར་བྱོན་པ་ན། གཙང་ཆུའི་ཉ་མོ་ལྷ་ཁང་དུ་རྣལ་འབྱོར་པ་གཅིག་དང་མཇལ་ནས་ཁ་བྱང་གཏད་པ་ལྟར། ཕུང་པོ་རི་བོ་ཆེ་ནས་ཟབ་གཏེར་ཐོག་མ་སྤྱན་དྲངས་པར་མཛད། ལོ་རྒྱུས་འགའ་ཞིག་ལས། གོང་གི་རྣལ་འབྱོར་པས་དུམ་པ་ཆུ་ཚན་ཁ་རང་དུ་ཁ་བྱང་སྒོ་སྐྱེལ་དུ་གནང་བར་བཤད། གང་ལྟར་ཡང་རིམ་པར་རྒྱའི་མོན་མོ་གཙུག་རུམ། ཉུག་གི་རྡོ་རྗེ་སྒྲོམ་བུ། གཙང་འགྲམ་མཆོད་རྟེན་སྐྱེར་མ་སྟེ་ཟབ་པ་ཆོས་དྲུག་གི་དཀར་ཆག་ལས་འབྱུང་བའི་གཏེར་གནས་བཞི་དང་། གཡུང་གི་རྫ་ལྷུད་མོ། མཐའ་འདུལ་པྲ་དུན་ཙེ། ལྷོ་བྲག་མཁོ་མཐིང་། བསམ་ཡས་མཆིམས་ཕུ་སོགས་ནས། སེམས་ཕྱོགས་གཙོ་བོར་གྱུར་པའི་བྱང་ཆུབ་སྒྲུབ་པའི་ཆོས་སྡེ་མང་པོ་དང་། ཁྱད་པར་དྲག་སྔགས་ཀྱི་བཀའ་བབས་པས། འཇམ་དཔལ་ཚེ་བདག་ནག་པོ་ལྕགས་འདྲ། ལྕགས་སྡིག །ཁ་ཐུན། ཡང་ཟློག །འཆར་ཁ། ཀིང་ཀང་། ཁྲོ་ཆུ། གནུབས་ཀྱི་གོང་ཁུག་བརྒྱ་རྩར་གྲགས་པའི་མན་ངག་ཐོར་བུ་སོགས་མཐའ་ཡས་པ་ཞིག་སྤྱན་དྲངས་པར་མཛད་པ་ལས། གོང་དུ་མཚན་སྨོས་པ་ཕལ་ཆེར་སྨིན་གྲོལ་ལུང་དང་བཅས་པ་སྨིན་གླིང་ཁྲི་ཆེན་རྡོ་རྗེ་འཛིན་པ་འགྱུར་མེད་ཡིད་བཞིན་དབང་རྒྱལ་སོགས་ཡོངས་འཛིན་དམ་པ་རྣམས་ཀྱི་བཀའ་དྲིན་ལས་ཁོ་བོས་ཀྱང་ནོས། གཏེར་ཆེན་འདི་ཉིད་རྗེ་བཙུན་མི་ལ་ལས་མི་ཐོག་གཅིག་ཙམ་སྔ་བར་བྱོན་པར་གསལ་ཞིང་གདུང་རྒྱུད་ལས་བར་སྐབས་དྲག་སྔགས་གྲུབ་པ་མང་དུ་བྱོན་ཅིང་དེང་སང་ཡང་གཙང་རོང་ཕྱོགས་སུ་མ་ཆད་པར་ཡོད་སྣང་། གང་ལྟར་ཡང་བོད་ཡུལ་འདིར་དྲག་སྔགས་ཐམས་ཅད་ཀྱི་ཕྱི་མོ་པ་གཅིག་པུ་སྟེ་གཏེར་སྟོན་རྒྱལ་པོ་གཅིག་གོ ༈ །དེ་ནས། མང་ཡུལ་ནམ་མཁའ་ཁྲག་མདོག་སྔོ་དམར་འགྲོ༔ ཁྲག་གི་ཆར་པ་ཟླ་བ་བཅོ་བརྒྱད་འབབས༔ བྱམས་པ་སྤྲིན་དུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་སཱུརྻ་སིཾ་ཧ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ཉི་མ་སེང་གེ་ནི། རྒྱ་ལོ་ཙཱ་བའི་སྐྱེ་བ་དེ་མ་ཐག་པ་སྟེ། མང་ཡུལ་དཔལ་མཚོ་དང་ཉེ་བར་འཁྲུངས། རྟེན་སྔགས་བཙུན། མདོ་སྔགས་ཀྱི་གཞུང་ལ་སྦྱང་པ་ཅི་རིགས་མཛད། མང་ཡུལ་བྱམས་པ་སྤྲིན་ནས་བླ་རྫོགས་ཐུགས་གསུམ། དྲག་སྔགས་དང་བཅས་པའི་གཏེར་ཁ་ཆེན་པོ་བཞེས་ཀྱང་ཡུམ་དང་གྲ་སྦྱིན་བདག་རྣམས་མ་མཐུན་པའི་འཁྲུགས་ལོང་ཆེ་བས་ཤོག་སེར་ཆེར་གཏན་ལ་ཕབ་མ་གྲུབ་ཅིང་འཆད་སྤེལ་སོགས་ཀྱང་མ་བྱུང་བར་གཤེགས། འདའ་ཁར་ཡང་གཏེར་དུ་བསྩལ་པ་ལས་ཕྱིས་གཏེར་སྟོན་འགའ་ཞིག་གིས་ཅི་རིགས་སྤྱན་དྲངས། ཁྱད་པར་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་ལ་རྒྱས་འབྲིང་བསྡུས་པ་སྙིང་པོའི་སྐོར་བཞིར་བཞུགས་པ་ལས། སྙིང་པོའི་སྐོར་ཞིང་སྐྱེས་མཁའ་འགྲོ་ཙཎྜ་ལཱིས་གཏེར་དཔེ་མཚོན་པར་མཛད་པ་ལྟར་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་ཅིང་བདག་ཅག་གིས་ཀྱང་ཚང་བར་ནོས་སོ། ༈ །དེ་ནས། ཤོད་གསུམ་ས་ལ་རོ་འདྲེན་འཇག་སྐྱ་འཕྱོ༔ མི་རེའི་ལག་ན་ཕུབ་རེ་མདའ་གཞུ་རེ༔ བྱང་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་དབུ་རུ་སྟོན་ཤཱཀ་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་དབུ་རུ་སྟོན་པ་ཤཱཀྱ་འོད་ནི། དབུ་རུ་འཕན་ཡུལ་ཕྱོགས་སུ་འཁྲུངས། དྲག་སྔགས་ཀྱི་བཀའ་བབས་བཻ་རོ་དང་ལང་གྲོ་ཟུང་དུ་འཇུག་པའི་སྐྱེ་མཐར་གསལ། རྟེན་སྔགས་བཙུན་དཀྱུས་མ། མདོ་སྔགས་ཀྱི་གཞུང་ལའང་སྦྱང་པ་ཅི་རིགས་མཛད་པས་སྟོན་པར་གྲགས། བྱང་པྲ་དུན་རྩེ་ནས། རླུང་འཁོར་དམར་ནག་དང་ཟློག་པ་དང་། དྲེགས་པ་ཉི་ཤུ་སོགས་གཏེར་ཁ་མང་པོ་བཏོན་ཅིང་། གཞན་ཡང་གཡུ་མདོ་བྲག་ནས་བླ་མ་སྐུ་གསུམ་རོལ་པའི་ལས་ཕྲན་དང་། ར་ས་འཕྲུལ་སྣང་ནས་རླུང་འཁོར་གྱི་གདམས་སྐོར་རྣམས་ཀྱང་གདན་དྲངས་པ་ལས། བླ་མ་སྐུ་གསུམ་རོལ་པའི་ལས་ཕྲན་ཙམ་རྒྱུན་སྣང་ཞིང་། གསང་བདག་རྡོ་རྗེ་མེ་འབར་གྱི་གཞུང་ཉུང་ངུ་པདྨ་མདོ་སྔགས་གླིང་པས་བྱིན་རླབས་ཉེ་བརྒྱུད་ཀྱི་ཚུལ་དུ་གཏན་ལ་ཕབ་པ་ཁོ་བོས་ཀྱང་བཀའ་དྲིན་དུ་ཐོབ་བོ། ༈ །ཡང་། སྤ་གྲོ་གནམ་ཐང་དཀར་པོ་སོག་དམག་འཇོམས༔ ལས་སུ་དམེ་འཁྲུགས་བྱེད་ཅིང་ལྕགས་ཆ་གྱོན༔ བུམ་ཐང་རྩིས་ལུང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་བོན་པོ་བྲག་ཚལ་ཅེས་བྱ་འབྱུང༔ ཞེས་གཏེར་སྟོན་འདི་གཙང་རོང་ཟར་གྱི་ཕྱོགས་སུ་འཁྲུངས། རུས་བོན་པོ་ཡིན་པས་དེར་གྲགས། བཻ་རོ་དཔལ་སེང་ཟུང་དུ་འཇུག་པའི་རྣམ་འཕྲུལ། རྟེན་སྔགས་འཆང་། སྐུ་གཟུགས་ཆེ་སྟོབས་ལྡན་པ་ལ་བླ་དྭགས་མཚན་བྲག་ཚལ་དང་། གསང་མཚན་རྡོ་རྗེ་འབར་དུ་གྲགས། བུམ་ཐང་རྩིས་ལུང་ནི། དུས་གསུམ་སངས་རྒྱས་ཀྱི་སྐུ་ལི་མ་བཞུགས་པའི་ལྷ་ཁང་ལ། མོན་པ་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་ལྷ་ཁང་ཟེར་བ་དེ་ཡིན། གཏེར་གནས་དེ་ནས་རྫོགས་ཆེན་གུ་རུ་བཞི་པ། གུ་རུ་བཞིའི་ལོ་རྒྱུས་ཀྱིས་མཚོན་ཤྲཱི་སིང་ཧའི་རྫོགས་རིམ་བླ་མ་དམར་ཁྲིད་ཟེར་བའི་པུསྟི་གདན་དྲངས། འདི་ཡི་ནང་ན། སྒོམ་མ་མྱོང་དང་བྲལ་མ་མྱོང། །མི་སྒོམ་དོན་དང་མི་འབྲལ་བ། ཟེར་བའི་མན་ངག་དེ་ཡོད་གསུངས། འདི་བྱང་གཏེར་ཀ་དག་གི་སྐབས་སུ་ཡང་འབྱུང་། གཞན་ཡང་ཕུར་པ་ལ་སོགས་པའི་ཆོས་སྐོར་དང་། ཤངས་ཀྱི་སྐྱེ་ཀ་ཐང་ཤིང་བྲག་ནས་བཏོན་པའི་རཱ་ཧུ་ལ་ཤ་ིས་བསྟན་པ་རུ་སྦལ་ནག་པོའི་སེར་སྲུང་བཅས་ཆོག་མ་ཟབ་པའི་བཀའ་རྒྱ་སྲོག་གི་རྒྱ་ཅན་མའི་སྐོར་སོགས་ཆོས་མང་དུ་ཡོད་པ་ལས་རཱ་ཧུ་ལ་ཤི་ས་བསྟན་པ་ཙམ་གྱི་ལུང་ད་་་་་་ལྟའང་སྣང་། ཕྱིས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བྱིན་རླབས་ཉེ་བརྒྱུད་ཟབ་མོའི་བཀའ་བབས་པའི་ཚེ་གུར་སྦྲགས་མའི་གདམས་ཟབ་གཏེར་རྙིང་དང་མཐུན་པའི་ངོ་མཚར་ཅན་བཞུགས་སོ། ༈ །ཡང་། གཙང་གི་ཉང་སྟོད་ཉ་རི་འུག་པ་ལུང༔ བསྟན་པ་གཉིས་འཁྲུགས་ཆོས་ཀྱི་དད་པ་ཡལ༔ ཆོས་དང་གང་ཟག་ཡ་བྲལ་ཆོམ་པོས་ཁྱེར༔ སྙིང་དྲུང་ཤང་བྲག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་སྙེ་མོ་ཞུ་ཡས་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་སྙེ་མོ་ཞུ་ཡས་ནི། འཁྲུངས་ཡུལ་གཙང་སྙེ་མོ། ཞུ་ཡས་ནི་བོན་པོའི་གདུང་རིགས་སུ་འཁྲུངས་པས་རུས་ཀྱི་མཚན། མཚན་དངོས་གནོད་སྦྱིན་འབར། ལོ་ཆེན་བཻ་རོའི་སྐྱེ་མཐར་གསལ། བོན་པོ་བྲག་ཚལ་ལས་ཁ་བྱང་བྱུང་བ་ལྟར་རོང་པོ་འདམ་གྱི་སྙིང་དྲུང་ཤེལ་མ་བྲག་ནས་རྫོགས་ཆེན་སྤྱི་ཏིའི་རྒྱུད་ཀྱིས་མཚོན་སེམས་ཕྱོགས་རྒྱུད་སྡེ་ཉེར་ལྔ་སོགས་རྒྱ་ཆེར་སྤྱན་དྲངས་པ་མངའ་བདག་ཉང་ལ་ཕུལ་ནས་དེང་སང་སྔ་འགྱུར་རྒྱུད་འབུམ་གྱི་གྲས་སུའང་ཅི་རིགས་པ་ལུང་རྒྱུན་དང་བཅས་བཞུགས་པར་སྣང་། རྒྱུད་ཀྱི་བདག་པོ་སྙེ་མོ་ཞུ་ཡས་ཞེས་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོར་གྲགས་ཤིང་ཕྲིན་ལས་ཀྱང་ཅི་རིགས་པ་བྱུང་མོད། ད་ལྟ་གོང་སྨོས་ལྟར་རྒྱུད་འགའ་ཞིག་གི་ལུང་རྒྱུན་ཙམ་ལས་གཞན་མི་བཞུགས་ནའང་། རྫོགས་པ་ཆེན་པོ་སྐུ་གསུམ་ཉི་ཟླ་འབར་བ་ཞེས་ཟབ་ཅིང་འདྲིལ་བའི་ཆོས་སྡེ་རྣམས་ཡང་གཏེར་གྱི་ཚུལ་དུ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབས་པ་བཞུགས། ༈ ཡང་། འཛིམ་གྱི་བྱ་ར་འདབས་འདྲ་དཀོན་མཆོག་མཚན༔ སྡེ་དགོན་ཟ་འོག་ཁ་ཕྱེ་འདྲ་བ་འབྱུང༔ གཙང་གི་རི་བོ་ཆེར་སྦས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ནི། ལོ་ཆེན་བཻ་རོའི་རྣམ་འཕྲུལ་གཙང་དུ་འཁྲུངས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོར་སྣང་། མི་ཡུལ་དུ་ལོ་སུམ་བརྒྱར་བཞུགས་ཤིང་འཆི་མེད་ཚེའི་རིག་འཛིན་ཆེན་པོར་གྲགས། མངའ་བདག་ཉང་གིས་ཀྱང་བཀའ་བརྒྱད་བཀའ་མ་རྫོང་འཕྲང་གསན་ཅིང་དེའི་རྒྱུན་ད་ལྟའི་བར་བཞུགས། གཏེར་གྱི་ཁ་བྱང་འགའ་ཞིག་ཀྱང་གནང་བར་གསུངས། འདིས་གཙང་རི་བོ་ཆེ་ནས་ཀྱང་གཏེར་ཁ་མང་དུ་བཞེས་ཤིང་། ཁྱད་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཞལ་གདམས་སྒྲུབ་སྐོར་དང་བཅས་པ་རྣམས་ར་ས་འཕྲུལ་སྣང་གི་གཙང་ཁང་བྱང་གི་རྟ་མགྲིན་ཞབས་འོག་དང་ནཱ་ག་ཀུ་བེ་རའི་བརླ་གཡོན་པར་སྦས་པ་ཨོ་རྒྱན་ཆེན་པོས་གཟིགས་ཤིང་ཁྲི་སྲོང་ལའང་རྗེས་སུ་བསྟན། སླར་ཡང་གཏེར་དུ་སྦས་པ་འདི་ཉིད་ཀྱིས་ཐོག་མར་བཞེས། དེ་ནས་མངའ་བདག་ཉང་དང་ལྷ་རྗེ་དགེ་བ་འབུམ་གྱིས་ཀྱང་ཆ་ལག་རིམ་པར་བཏོན་པའི་གླེགས་བམ་ཡོངས་སུ་རྫོགས་པར་མ་ཎི་བཀའ་འབུམ་དང་རྒྱལ་པོ་བཀའ་ཆེམས་སུ་གྲགས་པ་གཏེར་སྟོན་གསུམ་གྱི་གཏེར་ཆོས་ཡིན་ཀྱང་གཙོ་བོའི་དབང་དུ་བྱས་ནས་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་ཆོས་སུ་འདྲེན་ཅིང་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་འཆད་པར་ཡོངས་སུ་གྲགས་ཤིང་། ཁོ་བོས་ཀྱང་དབང་ལུང་ཁྲིད་དང་བཅས་པ་ཡོངས་སུ་རྫོགས་པར་ཐོབ་པའི་སྐལ་བཟང་དུ་གྱུར། བོན་པོ་རྣམས་ཀྱིས་བཞོད་སྟོན་དངོས་གྲུབ་ཟེར་ཞིང་མཁོ་མཐིང་རྣམ་སྣང་སྐུ་རྒྱབ་ནས་བཏོན་པའི་བསྒྲགས་པ་སྐོར་གསུམ་དང་རྫོགས་ཆེན་ཡང་རྩེ་ཀློང་ཆེན་སོགས་ད་ལྟའི་བར་ཡོད་པར་སྣང་། ༈ ཡང་། རྒྱ་ནག་རྒྱལ་པོའི་རྒྱལ་ས་ཏཱ་རྫིང་འཕྲོག༔ བསྟན་པ་མཐའ་རྒྱས་མངའ་ཐང་ཇེ་ཆེར་འགྲོ༔ བལ་ཡུལ་ཨེ་ཡི་གཙུག་ལག་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གཙུག་ལག་དཔལ་དགེ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་གཙུག་ལག་དཔལ་དགེ་ནི། གནུབས་ཆེན་པོའི་རྣམ་པར་འཕྲུལ་པ་སྟེ། བལ་ཡུལ་གྱི་ཟད་མཐའ་བོད་དང་ཉེ་བའི་གྲོང་ཁྱེར་སུན་ཞེས་པར་སངས་རྒྱས་བླ་མའི་སྐུ་ཚེའི་སྨད་ཙམ་ལ་འཁྲུངས། རྟེན་བལ་པོའི་སྔགས་པ་བྷ་རོའི་ཚུལ་དུ་བཞུགས། འདིས་བལ་ཡུལ་ཨེ་ཡི་གཙུག་ལག་ནས་དྲག་སྔགས་གཙོ་བོར་གྱུར་པའི་གཏེར་ཁ་གདན་དྲངས་ཀྱང་སྔ་ཐོག་ནས་དཔེ་ལུང་གི་རྒྱུན་ཅིའང་མ་བྱུང་། ཕྱིས་འདིར་གནུབས་ཆེན་གྱི་བྱིན་རླབས་ལ་བརྟེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྒྲུབ་པ་སྡེ་དྲུག་མགོན་པོ་ནག་པོ་བཅས་ཀྱི་དྲག་སྔགས་ཐེམ་ཡིག་བདུན་པ་ཞེས་ཟབ་ཅིང་འདྲིལ་བ་བཞུགས། འདིའི་ལུང་བྱང་ཕལ་ཆེར་དུ་རྟ་རྫི་ཞེས་འབྱུང་ནའང་། དཔེ་རྙིང་འགའ་ཞིག་ཏུ་ཏཱ་རྫིང་ཞེས་ཡོད་པ་དག་པས། ཧོར་གྱི་མིང་ལ་ཏཱ་དབེན་དང་ཏཱ་རྫིང་སོགས་སུ་གྲགས་པས་དེར་བྱུང་པའི་སྤྲུལ་པའི་སྐྱེས་བུ་ཞིག་གིས་རྒྱ་ནག་གདན་ས་འཕྲོག་པར་བཤད་པ་ལྟར་རོ། ༈ །ཡང་། ལ་སྟོད་བཙན་ཡུལ་མཚོན་ལ་སོ་ནམ་བྱེད༔ འཛམ་གླིང་རྒྱལ་པོའི་དཔོན་རྒྱུད་འབངས་ཀྱིས་ནོན༔ ལྷོ་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཀུ་ས་སྨན་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ཀུ་ས་སྨན་པ་ནི། བཻ་རོའི་སྐྱེ་མཐའ་ལྷོ་བྲག་གི་ཕྱོགས་སུ་འཁྲུངས། རྟེན་སྨན་སྔགས་དཀྱུས་མ། དབེན་གནས་རྣམས་སུ་སྒྲུབ་པ་མཛད་པས་ཀུན་སྤངས་ཟླ་འོད་དང་སྨན་པ་པདྨ་སྐྱབས་སུ་གྲགས། ཀུ་ས་ནི་ས་མིང་དང་སྟོན་པ་ནི་གཞུང་ལུགས་ཅི་རིགས་པ་མཁྱེན་པའི་སྦས་པའི་རྣལ་འབྱོར་ཆེན་པོ་སྟེ། དེ་ཉིད་ཀྱིས་སྤ་གྲོ་ཅལ་གྱི་བྲག་སྡིག་རུ་འཛིངས་པ་འདྲ་བ་ནས་གཏེར་ཞལ་ཕྱེས་པ་ལས། གཏེར་སྒྲོམ་དྲིལ་བུའི་དབྱིབས་སོགས་བཞི་བྱུང་བའི་དྲིལ་བུ་ལས་ཆོས། གཤང་ལས་བོན། གཙག་ཆའི་སྒྲོམ་བུ་ལས་སྨན། གབ་རྩེ་ལས་རྩིས་ཀྱི་སྐོར་རྒྱ་ཆེར་ཐོན་པར་གྲགས་ནའང་དེང་སང་དབང་ལག་གི་བཅུད་ལེན་དཔེ་ལུང་གཉིས་ཀའི་རྒྱུན་བཞུགས་པ་ཙམ་ལས་གཞན་མ་མཇལ། བོན་སྡེའི་གྲས་ཁུ་ཚའི་ཕུར་ནག་འགར་སྟོན་ལ་བཀའ་བབས་པ་ད་ལྟའི་བར་དབང་ལུང་བསྙེན་སྒྲུབ་ཀྱི་རྒྱུན་སོགས་དར་ཞིང་བྱིན་རླབས་ཆེ་བར་གྲགས། བླ་རྫོགས་ཐུགས་གསུམ་གྱི་ནང་ནས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལ་གཏེར་ཁ་སྔ་བར་ཕྱི་གསུམ་བྱུང་བའི་སྔ་མ་རྩ་གསུམ་རིགས་བསྡུས་སྤྱི་སྤུངས་ཆེན་མོ་གཏེར་ཆེན་འདི་ཉིད་ཀྱིས་སྤྱན་དྲངས་པའི་ཆོས་སྐོར་རྒྱ་ཆེར་བཞུགས་པ་ལས་སྙིང་པོ་ཙམ་ཞིག་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་གྱི་ཚུལ་དུ་བཀའ་བབས། བར་པ་འཇའ་ཚོན་ལས་འཕྲོ་གླིང་པའི་དཀོན་མཆོག་སྤྱི་འདུས་ཞེས་རྩ་གསུམ་གནས་བསྒྱུར་གྱི་སྐོར་རིང་བརྒྱུད་དང་ཉེ་བརྒྱུད་ལས་གསན་ཅིང་། ཕྱི་མ་རྩ་གསུམ་གཙོ་བསྡུས་སྤྱི་འདུས་སྙིང་ཐིག་གནས་ཆེན་པདྨ་ཤེལ་རི་ནས་ཤོག་སེར་དངོས་སུ་བྱོན་པ་བདག་གིས་ཀྱང་རྩ་བའི་དབང་ལུང་ནོས་པ་ལུགས་འདིར་བརྒྱུད་པ་གསུམ་འདུས་སུ་བགྲང་རུང་ངོ་། །འདི་ཉིད་ཆོས་དབང་རིན་པོ་ཆེའི་སྐུ་ཚེའི་སྟོད་གཡུ་ཐོག་པ་དང་དུས་མཉམ་དུ་བྱོན་པར་གསལ་བས་བོན་གྱི་གཏེར་འབྱུང་འགའ་རེར་གཡུ་ཐོག་པ་དང་གཅིག་པར་བྱས་ཀྱང་དེ་གཉིས་གཅིག་པའི་གནས་མེད་དོ། ༈ །ཡང་། བྱང་གི་ཕྱི་གོང་རུ་བ་འཚུབ་མས་ཁྱེར༔ བོད་འདིར་དམ་ཆོས་བསྟན་པ་གསུམ་དུ་གྱེས༔ བཀའ་གཏེར་གཉིས་ཀྱིས་སངས་རྒྱས་བསྟན་པ་སྐྱོང༔ གཙང་གི་རུ་མཚམས་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨ་ཡ་བོན་པོ་ལྷ་འབུམ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་བོན་པོ་ལྷ་འབུམ་ནི། བཻ་རོ་ཙ་ན་དང་དྲན་པ་ནམ་མཁའ་ཟུང་དུ་འཇུག་པའི་རྣམ་འཕྲུལ་གཙང་རྟ་ནག་གི་ཕྱོགས་སུ་འབྲོམ་སྟོན་པ་སོགས་དང་དུས་མཉམ་དུ་འཁྲུངས། རྟེན་བོན་སྔགས། མཚན་ལྷ་འབུམ་མམ་བོན་གྱི་ཕྱོགས་སུ་གུ་རུ་རྣོན་རྩེར་གྲགས། འདིས་གཙང་གི་རུ་མཚམས་དང་ཉེ་བའི་རྟ་ནག་དུང་ཕོར་བྲག་ནས་ཆོས་བོན་སྨན་རྩིས་ཀྱི་སྐོར་རྒྱ་ཆེའི་གཏེར་ཞལ་ཕྱེས་པར་གྲགས་ཀྱང་། རང་ལུགས་ལ་མདོས་ཕྲན་ཙམ་གྱི་ལུང་རྒྱུན་ལས་གཞན་མི་བཞུགས། བོན་ཕྱོགས་སུ་མ་རྒྱུད་གསང་མཆོག་ཐུགས་རྗེ་ཉི་མའི་བསྐྱེད་རྫོགས་ཀྱི་སྐོར་རྒྱ་ཆེན་པོའི་དབང་ལུང་ཁྲིད་གསུམ་ད་ལྟའི་བར་དར་རྒྱས་དང་ཐུགས་གཙིགས་ཆེ་བར་སྣང་། ཕྱིས་འདིར་རྗེ་བླ་མར་བདེ་མཆོག་སྙིང་པོའི་སྐོར་གྱི་བླ་རྫོགས་ཐུགས་གསུམ་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པའང་བཞུགས། ༈ ཡང་། དབུས་གཙང་ཁམས་སུ་དུག་ལྔའི་ཆོས་ཤིག་འབྱུང༔ ལྟ་ལོག་ཆོས་སྟོན་བསྟན་པ་ཐབས་ཀྱིས་བསྣུབས༔ ཞབས་ཏོག་ཡིན་ཟེར་བསྟན་ཞབས་ཐག་པ་འདོགས༔ མོན་ཁ་བུམ་ཐང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཁྱུང་པོ་དཔལ་དགེ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ཁྱུང་པོ་དཔལ་དགེ་ནི། བཻ་རོའི་རྣམ་འཕྲུལ་གཙང་ལ་སྟོད་དུ་འཁྲུངས། རུས་ཁྱུང་པོ། མཚན་དཔལ་དགེ །རྟེན་སྔགས་བཙུན་དཀྱུས་མའི་ཚུལ། དུས་གོང་གི་ལུང་བསྟན་ལས་ཟུར་གྱིས་གསལ་བ་ལྟར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་ཨར་ཙོ་བནྡྷེ་བཅོ་བརྒྱད་ཅེས་འཇིག་རྟེན་པའི་དངོས་གྲུབ་ཐོབ་པས་སྦྱོར་སྒྲོལ་སྒྲ་ཇི་བཞིན་དུ་སྤྱོད་པའི་ལོག་ཆོས་ཅི་རིགས་སུ་དར་བའི་སྐབས་སུ་བྱུང་བར་གསལ། མོན་གྱི་བུམ་ཐང་ནས་ཟབ་མོ་སྡེ་དྲུག་ཟེར་བའི་ཆོས་བོན་གཉིས་སོགས་ཀྱི་གཏེར་དང་། ཧས་པོ་རི་ནས་ཆོས་བོན་སྨན་རྩིས་ཀྱི་གཏེར་ཁ་རྒྱ་ཆེར་ཐོན་པར་གྲགས་ཀྱང་ཐོག་སྔས་པས་དེང་སང་དཔེ་ལུང་གཉིས་ཀའི་རྒྱུན་ཅིའང་མ་མཇལ། ཕྱིས་སུ་རྗེ་བླ་མར་ཟབ་མོ་སྡེ་དྲུག་གི་སྙིང་པོ་ཙམ་གྱི་བཀའ་བབས་བཞུགས་པར་སྣང་། ༈ ཡང་། བོད་ཀྱི་གནས་དགོན་ཀུན་ལ་འཐབ་ར་བཅའ༔ ལྷ་ས་དམར་པོའི་རི་ལ་ལྷ་ཁང་འབྱུང༔ ངང་ངུར་མཚོ་སྐེམ་ནེ་ཐང་བྱེ་མས་གནོན༔ དགེ་རྒྱས་ཧས་པོ་རིར་སྦས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཤ་མི་རྡོར་རྒྱལ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ཤ་མི་རྡོ་རྗེ་རྒྱལ་པོ་ནི། གཉགས་ལོ་ཆེན་པོའི་བྱིན་རླབས་ལས་ལོ་ཙཱ་བ་ཤ་མི་གོ་ཆའི་སྐྱེ་བར་ཤངས་ཀྱི་ཤ་མི་པྲ་དུ་རུ་འཁྲུངས། རུས་ཤ་མི། རྟེན་སྔགས་བཙུན། མདོ་སྔགས་ལ་སྦྱང་པ་ཅི་རིགས་མཛད་པས་ཤ་མི་སྟོན་པར་གྲགས། ཧས་པོ་རི་ནས་དགོངས་དོན་ཟབ་ཏིག་འགྲོ་བ་ཀུན་སྒྲོལ་ཟེར་བའི་གཏེར་ཁ་ཆེན་པོ་དང་། གཞན་ཡང་ཆོས་ནོར་གྱི་གཏེར་ཁ་མང་དུ་བཏོན་པར་གྲགས། ཐོག་སྔས་པས་དེང་སང་དཔེ་ལུང་གི་རྒྱུན་ཅིའང་མཇལ་དུ་མི་སྣང་། འོན་ཀྱང་དགོངས་དོན་ཟབ་ཏིག་ཏུ་གྲགས་པ་འདི་རྒྱུད་གསང་བ་སྙིང་པོའི་ལམ་རིམ་མན་ངག་ལྟ་ཕྲེང་གི་དགོངས་པ་ཐེག་པ་ཡོངས་སུ་རྫོགས་པའི་གཞུང་རྒྱས་པར་སྣང་ཞིང་། འབྲིང་པོ་རྗེ་བཙུན་སྒྲོལ་བའི་མགོན་པོ་ལ་ཕྲེང་བ་སྐོར་བཞི་ཞེས་གཏེར་སྐལ་དུ་བཞུགས་པ་གསང་རྣམ་དུ་གསལ་བ་ལྟར་དང་། བསྡུས་པ་གྲུབ་ཆེན་ཐང་སྟོང་པས་བསམ་ཡས་མཆིམས་ཕུ་ནས་ཤོག་སེར་ཀྱང་བཞེས། ཨོ་རྒྱན་ཆེན་པོ་དངོས་ལས་གསན་པ་བཅས་རྒྱས་འབྲིང་བསྡུས་པའི་ཚུལ་དུ་བཞུགས་པ་ལས། རྗེ་བླ་མར་རྒྱས་པའི་སྙིང་པོ་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པ་དང་། བསྡུས་པ་སྒྲུབ་ཐབས་སྙིང་པོ་སྐོར་ལྔ་གྲུབ་ཐོབ་ཆེན་པོའི་བྱིན་རླབས་ལ་བརྟེན་ཟབ་མོ་དགོངས་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་པའི་གཞུང་རྡོ་རྗེའི་ཚིག་ངོ་མཚར་ཅན་དུ་བཞུགས་པ་ཁོ་བོས་ཀྱང་སྐལ་བཟང་དུ་ཐོབ། ༈ ཡང་། ང་སྤྲུལ་ཡིན་ཟེར་གཏེར་མིན་གཏེར་འདྲ་བཏོན༔ དམ་ཉམས་གང་དུ་མི་བྲིམ་ཐམས་ཅད་འདུས༔ ཉ་མའི་མགོ་བསྐོར་འབྲེལ་མེད་ཆོས་བཤད་བྱེད༔ བསྟན་པའི་རྐུན་པོས་གཏེར་ཆོས་དཀྲུག་ཅིང་སྤེལ༔ བཀའ་ལོག་མང་པོ་ར་ཁྱུ་ཙམ་པ་འབྱུང༔ པད་འབྱུང་བདག་ཀྱང་ཡི་མུག་ག་ཆད་དེ༔ ཞྭ་ཡི་ལྷ་ཁང་བི་མའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ལྡང་མ་ལྷུན་རྒྱལ་བི་མའི་སྤྲུལ་པ་འབྱུང༔ ཞེས་པའི་གཏེར་སྟོན་ལྡང་མ་ལྷུན་རྒྱལ་ནི། ཉང་ཏིང་འཛིན་བཟང་པོ་ལྷག་མེད་འོད་སྐུར་གཤེགས་ནས་ལོ་བརྒྱ་ལོན་པར་བི་མ་ལ་རང་ཉིད་སྙིང་ཐིག་ཟབ་མོ་གཏེར་དུ་རྒྱས་བཏབ་པ་རྒྱ་ཆེར་སྤེལ་བའི་དུས་སུ་བབས་པར་གཟིགས་ནས་བསམ་བཞིན་ཏུ་སྲིད་པ་ཉེ་བར་བཟུང་བའི་བྱིན་རླབས་ཀྱི་རྣམ་པར་འཕྲུལ་པ་ལས། དབུར་སྟོད་འབྲི་གུང་དང་ཉེ་བ་གཞོའི་ལུང་པར་ལྡང་མ་དགེ་མཆོག་གི་སྲས་སུ་འཁྲུངས། མཚན་ལྷུན་གྱིས་རྒྱལ་མཚན་ཞེས་གྲགས། རྟེན་སྔགས་བཙུན་ཅོ་བྲེག་གི་ཚུལ་གྱིས་དབུ་རུ་ཞྭའི་ལྷ་ཁང་གི་གནས་བརྟན་ཏེ་དཀོན་གཉེར་དཀྱུས་མའི་རྣམ་པར་ཡུན་རིང་དུ་བཞུགས་པ་ལ། རྡོ་རྗེ་ལེགས་པས་ལུང་བསྟན་ནས་གནས་དེ་ཉིད་ཀྱི་གཙུག་ལག་ཁང་གི་ཀེའུ་ཚང་ལས་སྔོན་བི་མ་ཆོས་རྒྱལ་ཉང་བན་རྣམས་དགོངས་པ་མཐུན་པས་སྦས་པའི་གསང་བ་སྙིང་ཐིག་ཆེན་མོའམ་བི་མ་སྙིང་ཐིག་ཏུ་གྲགས་པ་རྒྱ་ཆེ་བ་རྒྱུད་བཅུ་བདུན་བཀའ་སྲུང་དགོངས་འགྲེལ་དང་བཅས་པ་དང་། མན་ངག་གི་ཡི་གེ་བརྒྱ་དགུ་བཅུ་སོགས་བླ་དཔེ་རྣམས་ཕྱུངས་ཤིང་། སྦས་བློ་གྲོས་དབང་ཕྱུག་ལས་སྙན་བརྒྱུད་ཀྱི་སྐོར་རྣམས་ཀྱང་གསན་ཏེ་ཟབ་དོན་ཡིད་དཔྱོད་དུ་མ་ལུས་པར་ཉམས་སུ་བཞེས་པས་ས་ལམ་མཐོན་པོར་གཤེགས་པའི་ཚུལ་བསྟན། ཟབ་གཏེར་བཞེས་ནས་ལོ་བཅོ་ལྔའི་མཚམས་གདམས་ངག་བཞག་པའི་སྣོད་ཚོལ་དུ་བྱོན་པས་ཉང་སྟོད་དུ་ལྕེ་བཙུན་སེང་གེ་དབང་ཕྱུག་ཅེས་བྱ་བ་རྙེད་ནས་དེ་ལ་གདམས་པ་རིམ་པ་བདུན་བསླབས། དེ་དང་ཉེ་བར་ཁ་རག་སྒོམ་ཆུང་ལའང་གནང་བས་ཁོང་ཡང་དེས་གྲོལ། མི་རིང་བར་སྐུ་གཤེགས་པའི་དུས་ནམ་མཁའ་འཇས་ཁེངས། སྐུ་གདུང་རིང་བསྲེལ་དཔག་ཏུ་མེད་པ་བྱོན་པ་སོགས་ཕུང་པོ་ལྷག་བཅས་ཀྱིས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་མངོན་དུ་མཛད་པའི་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ལ། ལྕེ་བཙུན་ཆེན་པོ་ཕྱིས་ནས་བི་མ་ལས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་ལུང་བསྩལ་བ་ལྟར་མཆིམས་ཕུ་ནས་ཟབ་པ་པོད་བཞིའི་གཏེར་དཔེ་སྤྱན་དྲངས། འོ་ཡུག་ཕྱི་གོང་རྫའི་ར་བར་ལོ་བདུན་དུ་བསྒོམས་པས་ཕུང་པོ་ལྷག་མ་མེད་པར་གཤེགས། དེས་ཞང་སྟོན་བཀྲ་ཤིས་རྡོ་རྗེ་ལ་རྗེས་སུ་གདམས་ཤིང་ཐུགས་ཉམས་སུ་བཞེས། འོ་ཡུག་གི་བྲག་སེང་གེ་འདྲ་བ་དང་མཆིམས་ཕུ་ནས་སྙིང་ཏིག་གི་གདམས་པ་ལྷག་མ་རྣམས་སྤྱན་དྲངས་པས་སྙིང་ཐིག་ཆེན་མོ་འདི་གཏེར་སྟོན་གསུམ་གྱི་གཏེར་ཁ་འདུས་པར་གྲགས། དེ་ལྟ་བུའི་གདམས་ངག་ཡོངས་སུ་རྫོགས་པ་བི་མ་དངོས་བྱོན་ཀུན་མཁྱེན་དྲི་མེད་འོད་ཟེར་ལ་བཀའ་བབས་ཤིང་། རྒྱ་ཆེ་བ་ཐེག་མཆོག་རིན་པོ་ཆེའི་མཛོད་སོགས་དང་། ཟབ་པ་ཡང་ཏིག་རྣམ་གཉིས་སོགས་གངས་ཅན་གྱི་ལྗོངས་སུ་ཁྱབ་པར་མཛད་པའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་དེང་སང་རྒྱུན་གང་བཞུགས་ཁོ་བོས་ཀྱང་ནོས་སོ། ༈ །ཡང་། ཇིང་དང་རྒྱ་རྣམས་གྲོག་མའི་ཚང་བཤིག་འདྲ༔ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གྲ་པ་མངོན་ཤེས་ཞེས་བྱ་འབྱུང༔ ས་སྟེང་གནས་གཞི་བརྒྱ་དང་རྩ་བརྒྱད་འགེངས༔ གྲ་མངོན་འདི་ལ་གཙུག་ལག་ཁང་ཞིག་འབྱུང༔ རྒྱལ་པོས་བཞེངས་པའི་ལྷ་ཁང་བདག་པོ་བྱེད༔ ཅེས་པའི་གཏེར་སྟོན་གྲ་པ་མངོན་ཤེས་ནི། ཤུད་བུ་དཔལ་སེང་གི་སྐྱེ་བར་གྲགས་ཤིང་བཻ་རོའི་རྣམ་འཕྲུལ་དུའང་བགྲང་། གང་ལྟར་ཡང་རབ་བྱུང་དང་པོའི་ཆུ་ཕོ་བྱི་བའི་ལོ་ལ་གཡོ་རུ་གྲའི་སྐྱིད་རུ་ཞེས་པར་མཆིམས་རྡོ་རྗེ་སྤྲེའུ་ཆུང་གི་གདུང་རྒྱུད་དུ་འཁྲུངས། སྐུ་གཞོན་ནུ་ནས་དམ་པའི་ཆོས་ཀྱི་རིགས་སད་པས་བསམ་ཡས་ཀྱི་ཆོས་གྲྭར་བྱོན། ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང་། ཡུལ་གྲ་ཡིན་པས་གྲ་པ། མངོན་པ་ལ་མཁྱེན་པ་རྒྱས་པས་མངོན་ཤེས། རབ་ཏུ་བྱུང་བའི་མཚན་དབང་ཕྱུག་འབར་དུ་གྲགས། དབུ་རྩེའི་སྒོ་སྟེང་ནས་ཛམ་དམར་གསང་སྒྲུབ་དང་གནོད་སྦྱིན་རྡོ་རྗེ་བདུད་འདུལ་ཕྱི་རྒྱུད་སྒྲུབ་ཐབས་དང་བཅས་པ་སྤྱན་དྲངས། ཁྱད་པར་ཞང་བློན་གྱིས་ལུང་བསྟན་ལྟར་བསམ་ཡས་དབུ་རྩེའི་བར་ཁང་ཀ་བ་བུམ་པ་ཅན་ནས་ལོ་ཆེན་བཻ་རོས་བསྒྱུར་པའི་གསོ་བ་རིག་པ་དཔལ་ལྡན་རྒྱུད་བཞིའི་བླ་དཔེ་ས་ཕོ་སྟག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ཆུ་ཚོད་གསུམ་སོང་བའི་དུས་སུ་སྤྱན་དྲངས་ཤིང་དཔེ་བཤུས་པའི་ཕྱི་མོ་རང་གནས་སུ་གཞུག །བུ་དཔེ་ལོ་སྐོར་གཅིག་གསང། ཕྱིས་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དར་མ་གྲགས་ལ་གནང་བ་གངས་རིའི་ཁྲོད་ཀྱི་སྨན་པའི་རྒྱལ་པོ་གཉིས་པ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་བཀའ་བབས་ཏེ་ཕྲིན་ལས་བསྐྱངས་པ་འདི་གཅིག་པུའི་ཕྲིན་ལས་དང་ངོ་མཚར་ཡང་བསམ་གྱིས་མི་ཁྱབ། ཛམྦྷ་ལ་བསྒྲུབས་པས་དངོས་གྲུབ་གསེར་གྱི་བདོག་པ་བསྩལ་པ་ལ་གཞི་མཛད་དེ་གྲ་ནང་གི་མདར་དཔལ་གྲ་ཐང་གི་ཆོས་གྲྭ་ཆེན་པོ་བཏབ་པས་མཚོན་གནས་གཞི་མང་དུ་བཞེངས། དེ་རྣམས་དང་བསམ་ཡས་ཀྱི་ཆོས་གྲྭའི་བདག་པོའང་མཛད་པས་དགེ་བའི་བཤེས་གཉེན་ཆེན་པོར་སྣང་། གོང་གི་གནོད་སྦྱིན་གཉིས་ཀྱི་དབང་ལུང་གི་རྒྱུན་ཅི་རིགས་པ་དང་གསོ་དཔྱད་རྒྱུད་བཞིའི་བཤད་ལུང་གི་བརྒྱུད་པ་བར་མ་ཆད་དུ་བྱུང་བ་བདག་ཅག་གིས་ཀྱང་ལེགས་པར་ནོས་ཤིང་། ཕྱག་རྡོར་དམར་པོའི་སྒྲུབ་སྐོར་གཞུང་ཉུང་ངུ་ཟབ་འདྲིལ་ཅན་ཞིག་རྗེ་བླ་མར་བཀའ་བབས་པའང་བཞུགས། ༈ ཡང་། ཨོ་རྒྱན་ང་ཉིད་གཉལ་སྨད་ལྷ་རྗེར་སྤྲུལ༔ དྭགས་སྒོམ་སྙིང་པོའི་དོན་སྒོམ་ཁྱུ་གཅིག་འབྱུང༔ མཆིམས་ཕུ་མཁོ་མཐིང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ར་ཤག་གཏེར་སྟོན་མདོས་ལ་མཁས་པ་འབྱུང༔ ཞེས་པའི་སྤྲུལ་སྐུ་ར་ཤག་ཆེན་པོ་ནི། བཻ་རོ་དང་འབྲོག་མི་དཔལ་ཡེ་ཟུང་དུ་འཇུག་པའི་རྣམ་པར་འཕྲུལ་པ་སྟེ། ཡུལ་ཡར་འབྲོག་སྒང་དུ་གཉན་གྱི་རིགས་ལས་འཁྲུངས། མཚན་ར་ཤག་ཆོས་འབར་དང་བསོད་ནམས་རྡོ་རྗེར་གྲགས། ཆུང་ངུ་ནས་མདོས་དང་གསོ་རིག་ལ་སྦྱངས་པས་མཁས་པར་མཁྱེན་པ་མ་ཟད་འཆི་མེད་ཀྱི་རིག་འཛིན་བརྙེས་པའི་སྔགས་ཀྱི་རྣལ་འབྱོར་ཆེན་པོར་བཞུགས། སྤ་གྲོ་གཅལ་གྱི་བྲག་ནས་མ་མོ་སྒང་ཤར་གྱི་རྒྱུད་དང་མན་ངག་སྲིད་པ་མ་མོའི་ཆོས་སྐད་རྐང་ཚུགས་པར་སློང་ནུས་པའི་ཟབ་ཆོས་ཀྱིས་མཚོན་མ་མོ་སྲིད་པའི་བེམ་ཆེན་མོ། མ་མོ་གླིང་གཞིའི་མདོས་ཆེན། གཞན་ཡང་བོན་གཏེར་སྲིད་པའི་འབུམ་དགུ་མདོས་དང་སྨན་དཔྱད་འཇིག་རྟེན་དྲེགས་པའི་སྒྲུབ་ཐབས་སོགས་རྒྱ་ཆེར་བཞེས་པ་ལས། དེང་སང་གསང་བ་མདོས་བཅུའི་སྐོར་ཡོངས་གྲགས་དང་། མ་མོ་སྒང་ཤར་ཆེན་མོའི་རྒྱུན་ཤིན་ཏུ་དཀོན་པ་འབད་པས་བཙལ་ཏེ་དབང་ལུང་གཉིས་ཀ་ཉེ་བརྒྱུད་དང་རིང་བརྒྱུད་བར་མ་ཆད་པ་བདག་གིས་ཀྱང་ལེགས་པར་ཐོབ་པས་ཕྱོགས་འདིར་སྐལ་བཟང་དུ་མཚོན་ནོ། །གཞན་ཡང་རྗེ་བཙུན་མི་ལ་ནས་བརྒྱུད་པའི་ཚེ་རིང་མཆེད་ལྔའི་གདམས་ངག་གི་རྩ་བའང་སྤྲུལ་སྐུ་ར་ཤག་ཆེན་པོས་གཏེར་དཔེ་ཁོང་ལ་དངོས་སུ་གནང་བ་གཏེར་འབྱུང་ཁུངས་མ་རྣམས་ནས་བཤད་དོ། ༈ །ཡང་། ཡུལ་ཆེ་ས་ཡང་འཁྲུགས་པའི་བསྐལ་པ་འབྱུང༔ སྔགས་པས་མཐུ་སྒྲུབ་སྐྱེ་བོས་ཟློག་པ་སློབ༔ མི་བསད་སྟོང་ལ་སྐུ་དང་གསུང་རབ་འཇལ༔ གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་འཁྲིད༔ སྲིན་མོ་སྦར་རྗེས་མཁོ་མཐིང་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ མངའ་བདག་སྤྲུལ་པ་ཉང་རལ་ཞེས་བྱ་འབྱུང༔ ཞེས་པ་ནི། སློབ་དཔོན་ཆེན་པོས། གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར༔ ཞེས་ལུང་བསྟན་པའི་གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་རྣམ་གསུམ་ཞེས་གྲགས་པའི་དང་པོ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཉིད་བསམ་བཞིན་སྲིད་པ་ཉེ་བར་བཟུང་བ་ཉང་རལ་ཉི་མ་འོད་ཟེར་ནི། ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཇོད་ས་སེར་དགོན་ཅེས་པར་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་། ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་ལོར་སྐུ་བལྟམས། སྐུ་ཆུང་ངུ་ནས་ཡ་མཚན་པའི་རྟགས་མཐའ་ཡས། དགུང་ལོ་བརྒྱད་པར་བཅོམ་ལྡན་འདས་ཤཱཀྱའི་དབང་པོ། ཐུགས་རྗེ་ཆེན་པོ། གུ་རུ་རིན་པོ་ཆེ་སོགས་མཇལ་བའི་དག་སྣང་མང་པོ་ཤར་ཅིང་ཟླ་བ་གཅིག་ཏུ་ཉམས་འུར། ཁྱད་པར་ནུབ་གཅིག་གུ་རུ་རིན་པོ་ཆེ་རྟ་དཀར་ལ་ཆིབས་ཤིང་མཁའ་འགྲོ་སྡེ་བཞིས་ཆིབས་ཀྱི་ཞབས་བཏེགས་པ་ཞིག་མཇལ་ཏེ་བུམ་པའི་བདུད་རྩིས་དབང་བཞི་བསྐུར་བས། གནམ་རལ་བའམ། ས་གཡོ་བའམ། རི་འགུལ་བ་ལྟ་བུའི་ཉམས་གསུམ་ཤར་བ་ལ་བརྟེན་སྤྱོད་པ་སྣ་ཚོགས་མཛད་པས་མི་ཀུན་གྱིས་སྨྱོན་པར་འཛིན་པ་བྱུང་། ཡབ་ལས་རྟ་མགྲིན་གྱི་དབང་གསན་ཅིང་འཇོད་ཕུ་གངས་རར་བསྒྲུབས་པས་ལྷའི་ཞལ་གཟིགས། ཟངས་ཀྱི་ཕུར་པས་རྟ་སྐད་འཚེར། བྲག་ལ་ཕྱག་ཞབས་ཀྱི་རྗེས་བཞག །མཁའ་འགྲོས་ལུང་བསྟན་པ་ལྟར་སྨྲ་བོ་ཅོག་གི་བྲག་རྩར་ཕེབས་པས་ཡེ་ཤེས་ཀྱི་མཁའ་འགྲོས་མཚན་ཉི་མ་འོད་ཟེར་དུ་གསོལ་བ་ལྟར་ཕྱིན་ཆད་དེ་ལྟར་གྲགས། གུ་རུ་རིན་པོ་ཆེས་རྣལ་འབྱོར་པ་དབང་ཕྱུག་རྡོ་རྗེ་བྱ་བར་སྤྲུལ་ནས་ཁ་བྱང་ཡང་བྱང་གནད་ཡིག་རྣམས་གནང་ཞིང་བསླབ་བྱ་མཛད་པ་དང་། གྲ་པ་མངོན་ཤེས་དང་། ར་ཤག་གཏེར་སྟོན་གྱི་ཁ་བྱང་ཡང་བྱང་ཕྱག་ཏུ་སོན་པ་ལྟར་གཏེར་གནས་བྲག་སྲིན་མོ་སྦར་རྗེས་ཀྱི་རྩ་བར་ཕེབས། དེར་ཞག་བཞུགས་མཛད་པའི་ཕྱིར་ཉིན་མཚོ་རྒྱལ་གྱི་སྤྲུལ་པ་བུད་མེད་གཅིག་གིས་དྲེའུ་དཀར་པོ་ལ་རྒྱའི་སྒྲོམ་གཉིས་བཀལ་ནས་བྱུང་བའི་ནང་ནས་སྟག་སྒྲོམ་གཅིག་བཏོན་ཏེ་ཕུལ། གཏེར་སྒོ་ཡང་རྙེད་ནས་ཟངས་སྒྲོམ། རྫ་བུམ། སྐུ་རྟེན། དམ་རྫས། ནོར་སྣ་སོགས་མང་དུ་སྤྱན་དྲངས་པའི་ཟངས་སྒྲོམ་ལས་ཐུགས་རྗེ་ཆེན་པོ་དང་གུ་རུ་ཞི་དྲག །རྫ་བུམ་ལས་མགོན་པོ་དང་ངན་སྔགས་ཀྱི་སྐོར། སྟག་སྒྲོམ་ལས་མཁའ་འགྲོའི་ཆོས་སྐོར་མང་པོ་བྱོན། དེ་རྗེས་ཚོང་པ་ཞིག་གི་ལག་ནས་ལྷའི་མཛུབ་མོ་ཆག་པ་ཞིག་ཕྱག་ཏུ་སོན་པའི་ནང་ནས་ཁ་བྱང་བྱུང་བ་ལྟར་མཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་ནས་གཏེར་སྒྲོམ་སྨུག་པོ་དང་སྐྱ་བོ་གཉིས་བཏོན་པའི་སྒྲོམ་སྨུག་ནང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་ལུང་མན་ངག་རྣམས་་་་་དང། སྒྲོམ་སྐྱའི་ནང་ནས་རྟ་མགྲིན་གྱི་སྐུ་གསུང་ཐུགས་རྟེན། དམ་རྫས་སོགས་མང་པོ་བྱོན། གཞན་ཡང་བསམ་ཡས་མཆིམས་ཕུ། གནམ་སྐས་ཅན་གྱི་སྲིན་བྱ་བྲག །དབེན་གནས་བྲག་རི་ལྷ་ཁང་ལ་སོགས་པ་ནས་ཀྱང་གཏེར་ཁ་མང་པོ་སྤྱན་དྲངས། ཡབ་ཉང་སྟོན་ཆེན་པོ། རྒྱ་སྨྱོན་པ་དོན་ལྡན། ཞིག་པོ་ཉི་མ་སེང་གེ །མལ་ཀ་བ་ཅན་པ། སྟོན་པ་ཁ་ཆེ་སོགས་བླ་མ་མང་དུ་བསྟེན་ནས་སྔགས་དང་མཚན་ཉིད་ཀྱི་གསན་པ་རྒྱ་ཆེར་མཛད། བླ་མ་སྐུ་གསུམ་འདུས་པའི་སྒྲུབ་པ་ལོ་གསུམ་མཛད་པས་སློབ་དཔོན་པདྨ་དང་དངོས་སུ་མཇལ་ཞིང་གསུང་གི་གནང་བ་མང་པོ་ཐོབ། མུ་ཏིག་ཤེལ་གྱི་སྤ་གོང་དུ་བླ་མའི་ཐུགས་སྒྲུབ་ཉམས་བཞེས་མཛད་སྐབས་མཚོ་རྒྱལ་དངོས་སུ་བྱོན་ནས་མཁའ་འགྲོའི་ཞུས་ལན་བརྒྱ་རྩའི་དཔེ་གནང་། དུར་ཁྲོད་བསིལ་བའི་ཚལ་དུ་ཁྲིད་ནས་སློབ་དཔོན་རིན་པོ་ཆེ་བཀའ་བབས་རིག་འཛིན་བརྒྱད་དང་བཅས་པས་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་དབང་སོ་སོར་བསྐུར་ཞིང་རྒྱུད་དང་མན་ངག་རྫོགས་པར་མཛད། མཚོ་རྒྱལ་གྱི་རྣམ་འཕྲུལ་ཇོ་འབུམ་མ་ཁབ་ཏུ་བཞེས་པ་ལ་སྲས་འགྲོ་མགོན་ནམ་མཁའ་འོད་ཟེར་དང་། སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ནམ་མཁའ་དཔལ་བ་གཉིས་འཁྲུངས། གྲུབ་ཐོབ་དངོས་གྲུབ་ཕེབ་པ་ལ་བཀའ་བརྒྱད་ཀྱི་གཏེར་ཁ་ཡོད་ཚུལ་ཞུས་པས། ཁོང་ལ་དེ་དང་འབྲེལ་བའི་རྫོང་འཕྲང་བཀའ་མ་ཡོད་ཚུལ་གསུངས་པས། དེའང་གསན་ནས་བཀའ་གཏེར་ཆུ་བོ་གཅིག་འདྲེས་མཛད། གྲུབ་ཐོབ་པས་ལྷ་ས་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཤོག་དྲིལ་ལྔ་བཏོན་པའང་བདག་པོ་ཁྱེད་རང་ཡིན་གསུངས་ནས་གནང་། སྨན་སྒྲུབ་མཛད་སྐབས་སྨན་གྱི་ལྷ་མོས་ཨ་རུ་ར་རློན་པ་ལོ་མ་དང་བཅས་པ་དངོས་སུ་ཕུལ། སྐྱིལ་ཀྲུང་མ་ཞིག་པར་ནམ་མཁར་བྱོན་པ་དང་། ཞབས་ས་ལ་མི་རེག་པ་སོགས་རྫུ་འཕྲུལ་མཐའ་ཡས་པ་བསྟན། སྒོམ་སྒྲུབ་དང་འཆད་སྤེལ་ཟུང་དུ་འབྲེལ་བས་སྐུ་ཚེ་འཁྱོངས་པར་མཛད། ཕྱིས་ཕྲིན་ལས་ནམ་མཁའ་དང་མཉམ་པར་སོང་བས་བསྟན་པ་ལ་ཕྱག་རྗེས་བསམ་གྱིས་མི་ཁྱབ། དགུང་ལོ་རེ་དགུ་པ་ཤིང་ཕོ་བྱི་བའི་ལོ་ལ་ངོ་མཚར་བའི་ལྟས་མཚན་རྒྱ་ཆེན་པོ་དང་ཁྱད་པར་ཐུགས་ཀ་ནས་ཧྲཱིཿཡིག་དཀར་པོ་ཞིག་བདེ་བ་ཅན་དུ་གཤེགས་པར་བསྟན་ཏེ་སྐུའི་བཀོད་པ་བསྡུས། སླར་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ་གཅིག་ཅར་འབྱུང་བར་ལུང་བསྟན། ཆགས་ལོ་ཙཱ་བས་གདུང་བཞུས་པས་མེ་སྦར་མ་ནུས། སླར་ཞུགས་རང་འབར་དུ་གྱུར་ཏེ་གདུང་ཁང་ན་ཁྱེའུ་གཞོན་ནུ་མཁའ་འགྲོའི་འཁོར་དང་བཅས་པས་ཧ་རི་ནི་སའི་སྒྲ་སྒྲོག་པ་སོགས་ཀུན་གྱིས་མཐོང་བའི་རྟགས་མཚན་མང་པོ་དང་རྟེན་དང་རིང་བསྲེལ་ཁྱད་པར་ཅན་མང་དུ་བྱོན། སྐུ་འདད་ཀྱི་དགོངས་རྫོགས་དངོས་གཞིར་པཎ་ཆེན་ཤཱཀྱ་ཤྲཱི་འཁོར་བཅས་གདན་དྲངས། གསེར་གྱི་འབུལ་བ་རྒྱ་ཆེན་པོས་ཐུགས་མཉེས་པར་མཛད། སྲས་ཀྱིས་རབ་བྱུང་བསྒྲུབ་པར་མཛད་པར་ཞུས་པས་ཁྱེད་ཡབ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོར་འདུག་པས་ཁོ་བོས་བྱང་ཆུབ་སེམས་དཔའི་གདུང་རྒྱུན་གཅོད་མི་ནུས། རྟེན་འདི་ཀས་འགྲོ་དོན་ཆེ་གསུངས་ནས་མ་གནང་། ཆོས་དང་གང་ཟག་གཉིས་ཀར་བསྔགས་བརྗོད་རྒྱ་ཆེན་པོ་བསྩལ་པས། སྔོན་ནས་རྩོད་བྲལ་ཚད་ཐུབ་ཀྱི་གཏེར་སྟོན་ཆེན་པོར་ཡོངས་སུ་གྲགས་པར་མ་ཟད། གསར་མའི་ཕྱོགས་རྣམས་ཀྱིས་ཀྱང་ལོག་རྟོག་གི་དྲི་མ་སངས་ཏེ་གངས་ཅན་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་པར་གྱུར་ཏོ། །སློབ་མའི་གཙོ་བོ་སྲས་འགྲོ་མགོན་ནམ་མཁའ་དཔལ་བ་སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་བབས་གཏད་པའི་བསྟན་པའི་བདག་པོ་ཡིན་ཞིང་། འདིའི་སྲས་འཇམ་དཔལ་སྤྲུལ་པ་བློ་ལྡན་ཤེས་རབ། དེ་སྲས་ཕྱག་རྡོར་སྤྲུལ་པ་བདུད་འདུལ་ཏེ་ལུང་ནས་བསྔགས་པའི་རིགས་གསུམ་སྤྲུལ་པའི་སྐུ་ནས་རིམ་པར་བྱོན་པའི་སྲས་རྒྱུད་དང་། གཉོས་གྲགས་རྒྱལ། ཞིག་པོ་བདུད་རྩི། སྨན་ལུང་པ་མི་བསྐྱོད་རྡོ་རྗེ་སོགས་བཀའ་བབས་ཀྱི་བུ་ལྔ་གཙོ་བོར་གྱུར་པའི་སློབ་རྒྱུད་ཀྱིས་བོད་ཡུལ་མཐའ་དབུས་ཀུན་དུ་ཆོས་ཀྱི་ཕྲིན་ལས་ད་ལྟའི་བར་ཁྱབ་བརྡལ་དུ་འཕེལ་ལོ། །གཏེར་ཆེན་འདི་ཉིད་ཀྱི་རྣམ་ཐར་རྒྱས་པར་བརྗོད་པར་འོས་ཀྱང་མངའ་བདག་ཡབ་སྲས་ཀྱི་སྐྱེས་རབས་རྣམ་ཐར་གཏེར་འབྱུང་སོགས་རྒྱ་ཆེར་བཞུགས་ཤིང་སྔ་འགྱུར་རྒྱུད་འབུམ་གྱི་དཀར་ཆག་ལེའུ་ཚན་དག་ཏུ་གསལ་བས་འདིར་ཡི་གེས་འཇིགས་ཏེ་མདོར་བསྡུས་སྙིང་པོ་ཙམ་བཀོད་པ་ཡིན་ལ། ཟབ་གཏེར་རྒྱ་མཚོ་ལྟ་བུ་ལས་དེང་སང་རྒྱུན་བཞུགས་པ། རྣམ་ཐར་ཟངས་གླིང་མ། བླ་མ་ཞི་དྲག །ཐུགས་རྗེ་ཆེན་པོ་འགྲོ་འདུལ་དང་རྒྱལ་པོ་ལུགས། རྒྱལ་རྒྱམ་ལྷ་ལྔ། བཀའ་བརྒྱད་བདེ་འདུས། མཁའ་འགྲོ་ཆེན་མོ་དང་ཁྲོས་ནག །གཏེར་མགོན་ཕྱག་བཞི་པ་གཡུལ་མདོས་བཅས། བསྟན་སྲུང་དུར་ཁྲོད་མ་མོ་སོགས་ཁོ་བོས་ཀྱང་འབད་པས་བཙལ་ཏེ་དབང་ལུང་རྒྱས་པར་ཐོས་ཤིང་། བཀའ་བརྒྱད་གཞུང་པོད་དགུ་སོགས་གསར་བཞེངས། བསྙེན་པ་དང་སྒྲུབ་ཆེན་ལན་མང་གིས་མཚོན་སྲི་ཞུ་ཅུང་ཟད་གྲུབ་པ་ཡིན་ནོ། ༈ །དེ་ནས། པུ་རོང་རྒྱལ་པོས་དབུས་ལ་གསེར་འདོད་འབྱུང༔ སྡེ་པ་གྱེས་ཤིང་གནས་གཞི་ཐོབ་ཤ་བྱེད༔ གྲོམ་པ་རྒྱང་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་དབོན་གསས་ཁྱུང་ཐོག་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་དབོན་གསས་ཁྱུང་ཐོག་ནི། འདིའི་དུས་རྟགས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བོད་བཙུན་རྣམས་ལ་ཤམ་ཐབས་མགོ་ཁྲལ་གྱི་གསེར་བསྡུས་ནས་ཇོ་བོ་རྗེ་སྤྱན་དྲངས་པའི་དུས་དེ་ཡིན་པར་འདོད། འཁྲུངས་ཡུལ་གཏེར་འབྱུང་སྔ་མ་རྣམས་སུ་མི་གསལ་ཡང་སྔར་གྱི་ཡིག་རྙིང་ཐོར་བུ་འདྲ་དང་བསྟུན་ན། ལ་སྟོད་ལྷ་རྩེ་དང་ཉེ་བའི་ཕྱོགས་སུ་དབོན་གསས་ཞེས་བོན་གྱི་བླ་རྒྱུད་ཅིག་ཏུ་འཁྲུངས། མཚན་ཁྱུང་ཐོག་རྩལ། རྟེན་བོན་གྱི་སྔགས་འཆང་། བཻ་རོའི་བྱིན་རླབས་ལ་བརྟེན་རུ་ལག་གྲོམ་པ་རྒྱང་གི་གཙུག་ལག་ཁང་ནས་ཆོས་བོན་སྨན་རྩིས་དྲག་སྔགས་བཅས་ཀྱི་ཟབ་གཏེར་རྒྱ་ཆེར་བཞེས་པར་གྲགས་ཀྱང་ཐོག་སྔས་པས་དེང་སང་ཆོས་བོན་གཉིས་ཀའི་ཕྱོགས་ལ་དཔེ་ལུང་གི་རྒྱུན་བཞུགས་པ་མ་མཇལ། ཕྱིས་འདིར་ཀུན་བཟང་འཆི་མེད་ཐུགས་ཐིག་གི་ཆ་ཤས་ཙམ་པདྨ་འོད་གསལ་མདོ་སྔགས་གླིང་པར་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པར་སྣང་། གང་ལྟར་ཡང་སྦས་པའི་རྣལ་འབྱོར་གྱི་ཚུལ་གྱིས་འགྲོ་དོན་ཡུན་རིང་དུ་བསྐྱངས་ནའང་གྲོང་སྔགས་དཀྱུས་མའི་ཚུལ་ལས་ཆོས་ཀྱི་ཕྲིན་ལས་རྒྱ་ཆེར་མ་བྱུང་བར་མངོན། སྐུ་ཚེ་ཡུན་རིང་དུ་བཞུགས་ཤིང་མཐར་གཟུགས་ཅན་རྣམས་ཀྱི་སྣང་ངོར་སྐུ་འོད་ཀྱི་ཕུང་པོ་ཨ་ཡིག་དཀར་པོའི་རྣམ་པར་མཁའ་ལ་ཐིམ་པར་གསལ། དེ་ལྟར་ན་ཐང་ཡིག་གི་ལུང་བསྟན་དོན་ནི་འདི་ཁོ་ནར་ངེས། གཞན་དུ་བོན་རྣམས་རིག་འཛིན་རྒོད་ལྡེམ་ལ་དབོན་གསས་ཁྱུང་རྒོད་ཅེས་མཚན་འདོགས་ཤིང་བྱང་ལྕགས་མཛོད་སོགས་ནས་བྱུང་བའི་ཚེ་དབང་རྒྱ་གར་མ་དང་དྲན་པ་ཚེ་སྒྲུབ་སོགས་དེང་སང་ཡང་བོན་པོ་རྣམས་ཀྱིས་དར་རྒྱས་སུ་སྤྱོད་སྲོལ་སྣང་། ཕྱིས་རིག་འཛིན་ཆོས་རྗེ་གླིང་པའི་དུས་སྟག་མོ་གཏེར་སྟོན་དབོན་གསས་ཁྱུང་ཐོག་ཅེས་པ་ཞིག་ལ་སྟོད་དུ་བྱུང་། དེའི་ཁ་བྱང་ལུང་བསྟན་སོགས་ཕུལ་བ་བདག་གིར་བཞེས་ནས་གཏེར་སྟོན་ཚད་མར་བཞེད་པར་སྣང་ནའང་འགྲོ་དོན་ཕྲིན་ལས་རྒྱ་ཆེར་མ་བྱུང་བར་མངོན་ཅིང་དེའི་རྣམ་ཐར་ཅུང་ཟད་འོག་ཏུ་འབྱུང་ངོ་། ༈ །ཡང་། རྒྱ་གར་མ་ཕྱིན་ཀུན་ཀྱང་ལོ་ཙཱ་ཞེས༔ བོད་ཀྱི་མཁས་བཙུན་ཐམས་ཅད་ས་མཐར་འཁྱར༔ ཧོར་དང་ཡོན་མཆོད་ཁྲིམས་གསར་སྦྲེལ་བ་འོང༔ ནང་གནག་ཕྱི་དཀར་དུང་དཀར་སྙེ་མ་བཞིན༔ བོད་ཀྱི་བསོད་ནམས་མར་མར་བྲི་བའི་དུས༔ པདྨ་ཤེལ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ར་མོ་ཤེལ་སྨན་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ར་མོ་ཤེལ་སྨན་ནི། གཉགས་ཛྙཱ་ན་ཀུ་མཱ་རའི་རྣམ་འཕྲུལ་ཏེ་ཡར་ལུང་ནུབ་སྟོད་ཀྱི་ར་མོ་སྨན་ཆུ་ཁར་འཁྲུངས། རྟེན་སྔགས་སྨན་དཀྱུས་མའི་ཚུལ། བླ་དྭགས་མཚན་ར་མོ་ཤེལ་སྨན་དང་། མཚན་དངོས་ཡེ་ཤེས་བཟང་པོར་གྲགས། འདིས་ཡར་ལུང་ཤེལ་བྲག་གི་བྲག་པདྨ་བརྩེགས་པ་ཞེས། ཨོ་རྒྱན་གླིང་པའི་གཏེར་གནས་དེ་ཀ་ནས་བླ་རྫོགས་ཐུགས་གསུམ་དང་རྡོ་རྗེ་བདུད་རྩི་སོགས་ཆོས་དང་། སྨན་ཆུ་འོད་གསལ་རྫོང་ནས་སྨན་གྱི་སྐོར་སོགས་ཟབ་གཏེར་རྒྱ་ཆེར་བཞེས་ཀྱང་ཐུན་མོང་སྣང་ངོར་སྨན་དཔྱད་གཙོར་བཏོན་པས་དངོས་སུ་ཆོས་ཀྱི་ཕྲིན་ལས་རྒྱ་ཆེར་མ་བྱུང་བར་མངོན། བརྒྱུད་ནས་སེམས་ཅན་འབུམ་ཕྲག་ཐར་ལམ་ལ་བཀོད་པ་དང་། སྨན་ཁ་ལ་རེག་ཚད་སྐྱེ་བ་བདུན་ནས་གྲོལ་བའི་ཚུལ་ལུང་བྱང་དུ་གསལ་བས་བསམ་གྱིས་མི་ཁྱབ་པའི་གནས་སུ་མཐོང་། བདུད་རྩི་སྨན་སྒྲུབ་མཛད་པའི་སར་ཆབ་ཚན་བརྡོལ་བ་ནད་གདོན་ཀུན་སེལ་ད་ལྟའང་ཡོད་ཅིང་བྱིན་རླབས་ཤིན་ཏུ་ཆེ། སྨན་སྒྲོ་བྲག་ལ་ཐིམ་པའི་ས་དེར་མཆོད་རྟེན་ཞིག་བརྩེགས་པ་དེ་ལ་བསྐོར་བས་ཀྱང་ནད་ལས་གྲོལ། དེང་སང་ས་ཕུང་ཞིག་ཡོད་པར་འདུག །དགུན་ཀ་ཞིག་ལ་ཡར་སྟོང་གཟིམ་ཁང་དུ་སྨན་སྒྲུབ་མཛད་པས་སྨན་གྱི་ལྷ་དང་མཁའ་འགྲོ་དངོས་སུ་འདུ་བ་བྱུང་ཞིང་སྒྲུབ་རྫས་ཀྱི་ཕྱེ་མ་ཉེ་སྐོར་བྲག་སྐྱིབས་སུ་སྦས་པ་ལས་སྨན་ཤིང་ངོ་མཚར་ཅན་སྐྱེས་ཏེ་སྨན་སྒྲུབ་མཛད་པའི་ཚོད་ཀྱི་དགུན་དུས་མེ་ཏོག་འཆར་བ་ལས་དུས་ཚོད་ཀྱི་པྲ་རྟགས་སྟོན་པའི་ངོ་མཚར་ཅན་ཕྱི་མོའི་བར་དུ་ཡོད། གཏེར་ཆོས་ཀྱི་རྒྱུན་དམུ་ཆུའི་བཅོས་ཐབས་གསང་སྨན་ངོས་འཛིན་བཅས་ད་ལྟའི་བར་ཕྱག་ལེན་མ་འཁྲུལ་བར་བཞུགས་པས་འགྲོ་ཕན་བསམ་ལས་འདས་པ་དངོས་སུ་མཐོང་། འབམ་ལབ་བཙོང་གི་བཅོས་ཀྱང་འདིའི་གཏེར་ཁ་ལས་བྱུང་བར་བཞེད། ༈ དེ་ཙམ་མ་གཏོགས་དཔེ་ལུང་གི་རྒྱུན་སྔ་ཐོག་ནས་མ་བྱུང་བས་ལྟར་མི་མངོན་པར་གྱུར་པ་ན། རྗེ་བླ་མ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པར་མཁའ་འགྲོས་རྒྱ་དཔེ་དངོས་སུ་ཕུལ་བ་ལས་བསྒྱུར་པའི་རྡོ་རྗེ་བདུད་རྩིའི་རྒྱ་གཞུང་སྐོར་གསུམ་ཚིག་དོན་གཉིས་ཀ་ངོ་མཚར་ཞིང་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པ་ཡང་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་སྟེ་བདག་ཅག་ལ་སྨིན་གྲོལ་བཀའ་དྲིན་དུ་བསྩལ་པ་ལྟར་ཁོ་བོས་ཀྱང་བསྙེན་སྒྲུབ་དང་ཡིག་ཆས་བསྙེན་བཀུར་སྤེལ་བ་སོགས་ཕྱོགས་འདིར་བྱ་བ་ཅུང་་་་་ཟད་གྲུབ་པ་ཡིན་ནོ། ༈ །ཡང་། སྣ་ཐག་སས་བྱས་ཧོར་དམག་བོད་དུ་འོང༔ ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད༔ མི་ལ་སྲིད་བཅད་སྲིད་སྲུང་མང་དུ་ཡོད༔ སེམས་ཅན་ས་འོག་ནོན་པའི་དུས་ཙམ་ན༔ གནམ་སྐས་མཁར་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་གསུམ་དུ་གྲགས་པ་ལས་གཉིས་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཉིད་མངའ་བདག་ཉང་རིན་པོ་ཆེ་ནས་འབྲས་བུའི་མཐར་སོན་ཏེ་མ་ཆགས་པདྨ་ཅན་དུ་སངས་རྒྱས་པའི་གསུང་གི་རྣམ་འཕྲུལ་དུ་བསྟན་པ་སྟེ། ལྷོ་བྲག་ཏུ་ཆོས་རྒྱལ་ཁྲི་སྲོང་གི་དུས་ནས་ནུས་པ་ཅན་བར་མ་ཆད་དུ་བྱོན་པའི་གདུང་རིགས་ཡབ་སྤང་སྟོན་གྲུབ་པའི་སྙིང་པོ་དང་། ཡུམ་མཁའ་འགྲོའི་རྒྱུད་པ་དཀར་བཟའ་མགོན་སྐྱིད་གཉིས་ཀྱི་སྲས་སུ་སྤྲེལ་ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་ཉི་ཤར་ལ་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་སྐུ་བལྟམས། སྐབས་དེར་མཚན་བརྗོད་གསེར་གྱི་བྲི་ཞིང་ཡོད་པའི་ཚིགས་མཚམས་ཀྱི་རྟེན་འབྲེལ་ལྟར་མཚན་ཆོས་ཀྱི་དབང་ཕྱུག་ཏུ་གསོལ། འབྲི་གུང་སྐྱོབ་པ་དང་ཞང་རིན་པོ་ཆེ་སོགས་གྲུབ་ཆེན་མང་པོས་སྲས་ཁྱད་པར་ཅན་འབྱུང་བའི་ལུང་བསྟན་སྔོན་ནས་ཡབ་ལ་གནང་བར་འདུག །དགུང་ལོ་བཞི་པ་ནས་འབྲི་ཀློག་གི་དབུ་བརྩམ་རིག་པའི་གནས་མཐའ་དག །བོན་གྱི་གཞུང་ཆེན་དང་མདོས་གཞུང་ཆེན་མོ་ཡན་ཆད་ཐོས་པ་དཔག་ཏུ་མེད་པ་མཛད། ཡབ་དང་མངའ་བདག་འགྲོ་མགོན་མཚུར་སྟོན་ཡབ་སྲས་གཙོ་བོར་གྱུར་པའི་གསར་རྙིང་གི་བླ་མ་མང་པོ་བསྟེན་ནས་མདོ་དང་གསང་སྔགས་གསར་རྙིང་། བཀའ་གཏེར་གྱི་སྨིན་གྲོལ་དང་བཤད་རྒྱུན། ཞི་བྱེད་གཅོད་ཡུལ་ཆོས་དྲུག་ཕྱག་རྫོགས་ལ་སོགས་པའི་གདམས་ངག་མཐའ་ཡས་པ་གསན། བར་བར་དུ་སོ་སོའི་བསྙེན་སྒྲུབ་སོགས་ཉམས་བཞེས་བརྒྱུད་མར་གནང་། དགུང་ལོ་བཅུ་གསུམ་པར་ཉམས་སྣང་ལ་རྗེ་བཙུན་སྒྲོལ་མས་ཤེལ་མཁར་ཞིག་གི་རྩེར་ཁྲིད་པས་རྡོ་རྗེ་སེམས་དཔའ་དང་མཇལ། དེར་མཁའ་འགྲོ་མ་གདོང་པ་བཞི་པ་ཞིག་འདུག་པའི་ཞལ་བཞི་ནས་བསྟན་པ་སྤེལ་ཞིང་གདུལ་དཀའ་འདུལ་བའི་ལུང་བསྟན་ཐོབ། དགུང་ལོ་བཅོ་བརྒྱད་པར་ས་སྐྱ་པཎ་ཆེན་ལས་སེམས་བསྐྱེད་དང་ཆོས་འབྲེལ་གསན་པའི་སྐབས་མནལ་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔར་འཇམ་དཔལ་དང་མཇལ་ནས་གདམས་ངག་ཁྱད་པར་ཅན་གསུངས་པས་ཆོས་ཐམས་ཅད་ཐོབ་པའི་ངེས་ཤེས་རྙེད། གྲ་པ་མངོན་ཤེས་ཀྱི་གཏེར་མ་ཁ་བྱང་ཞིག་རིམ་པར་བརྒྱུད་ནས་ཕྱག་ཏུ་འབྱོར་པ་ལ་བརྟེན། དགུང་ལོ་ཉེར་གཉིས་པར་ལ་ཡག་ཉིན་གྱི་ལུང་པ་གནམ་སྐས་ཅན་ནས་ཡང་བྱང་བླངས། གཏེར་སྲུང་ཀླུ་བདུད་མགོ་དགུ་དང་། ཡེ་ཤེས་མཁའ་འགྲོ་ཡུམ་གྱི་ཆ་བྱད་ཅན་གཉིས་ཀྱིས་ལྡེའུ་མིག་གཏད། ཀེའུ་ཚང་གི་སྒོ་ཕྱེས་པས་གཏེར་བཅུད་བྱ་རྒོད་ཁྱུང་ཙམ་པ་ཞིག་བྱུང་བ་ལ་ཞོན་ནས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་འཇའ་འོད་འཁྱིལ་བའི་གུར་ཁང་དུ་སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་མཇལ་ཏེ་རིག་པ་རྩལ་གྱི་དབང་ཐོབ། བདུད་རྩིའི་བུམ་པ་གནང་། སླར་གཏེར་བྱང་ལྟར་སྒོ་ཕྱེས་པས་ཁྲོ་ཆུའི་ཀླུ་བདུད་མགོ་དགུའི་གཟུགས་ཁྲུ་གང་པ་དང་ཟངས་ཀྱི་གྭའུ་གཉིས་སྤྱན་དྲངས་པའི་ཀླུ་གཟུགས་ཀྱི་ནང་ནས་གདམས་ངག་སྐོར་བཞི། གྭའུའི་ནང་ནས་མན་ངག་བརྒྱ་རྩ་བརྒྱད་བྱོན། ཡབ་ཀྱང་ཆོས་གཏེར་འཁྲུལ་མེད་ལ་ཐུགས་ཆེས་ནས་བླ་རྫོགས་ཐུགས་གསུམ་ལ་ཉམས་ལེན་མཐར་ཕྱིན་དགོས་པ་དང་ལས་ཚོགས་རིགས་ཁྱབ་བརྡལ་དུ་མི་སྤེལ་བའི་ཞལ་གདམས་གནང་། མངའ་བདག་འགྲོ་མགོན་ནས་ཀྱང་ལེགས་སོ་བསྩལ། འདིས་ཐོག་དྲངས་པའི་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཐུགས་གཏེར་དང་བཅུ་དགུ་བཞེས་པའི་སྡོམ་ནི། གནམ་སྐས་ཅན་དང་བྲག་དམར་རྟ་མགྲིན་ཞབས། །མོན་ཁ་སྟེང་དང་རྟ་མགྲིན་དབེན་རྩའི་སྒོ། །མཁོ་ཡི་གཤིན་དམར་རྟ་མགྲིན་སྒྲོམ་ཚེས་ལ། །སྲས་མཁའ་སྐྱ་བོ་ཕུག་རིང་ཕྱག་མཐེབ་མ། །བསམ་ཡས་ཨཱརྻ་ལྕགས་ཕུར་མོན་བུམ་ཐང་། །རྩིས་ཀྱི་ལྷ་ཁང་རོང་བྲག་ཧ་བོ་གངས། །རང་གབ་དོན་གྱི་གཏེར་དང་བཅས་པ་སྟེ། །ལས་འཕྲོའི་དབང་གིས་ཆོས་དབང་བདག་དང་མཇལ། །ཞེས་གསུངས་པ་ལྟར་རོ། །མནལ་ལམ་རྟ་དཀར་མ་དང་ཞྭ་ནག་མ་སོགས་ལས་གསལ་བ་ལྟར་སྔ་ཕྱིར་དག་པའི་སྣང་བར་རྔ་ཡབ་པདྨ་འོད་དུ་ཕེབས་ནས་ཨོ་རྒྱན་རིག་འཛིན་འདུས་པའི་ཚོགས་དང་བཅས་པ་རྣམས་ཀྱིས་སྒྲུབ་ཆེན་མཛད་ཅིང་དབང་དང་གདམས་ངག་ལུང་བསྟན་བསླབ་བྱ་མཐའ་ཡས་པ་བསྩལ། སྐུའི་བཀོད་པ་དྲུག་གཅིག་ཆར་དུ་བསྟན་པ་དང་། ནམ་མཁའ་ལ་འཕུར་བ་དང་། རྡོ་ལ་ཕྱག་ཞབས་ཀྱི་རྗེས་གྲངས་མེད་པ་འཇོག་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་དུ་མ་བསྟན་པས་རྙིང་མ་ཙམ་དུ་མ་ཟད། ཀུན་མཁྱེན་འཕགས་འོད་ཆོས་འོད་བུ་སྟོན་རིན་པོ་ཆེ་སོགས་ཀྱིས་ཀྱང་། གུ་རུ་ཆོས་ཀྱི་དབང་ཕྱུག་ནི་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོའོ་ཞེས་བསྔགས་པར་མཛད། ཆོས་རྒྱལ་ཁྲི་སྲོང་གི་ཕྱི་མ་ལྷའི་བུ་འོད་མཐའ་ཡས་ནས་མངའ་བདག་ཉང་རལ་བར་གྱི་སྐྱེ་བ་བཅུ་གསུམ་ཐ་ལེར་དྲན། བརྒྱ་བྱིན་དང་ལྷའི་བུ་རྣམས་ཀྱིས་ཀྱང་མཆོད་བསྟོད་ཕུལ། བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་བླ་མར་བཀུར་ཞིང་སྙན་གྲགས་ཀྱིས་འཇིག་རྟེན་གཡོས། ཚོང་དུས་འགུར་མོ་དང་བསམ་འགྲུབ་བདེ་བ་ཆེན་པོའི་ལྷ་ཁང་གཉིས་བཞེངས། ལྷ་སའི་ཇོ་ཤཱཀ་དང་མཚུངས་པའི་ཐུབ་པའི་དབང་པོའི་སྣང་བརྙན་འཕགས་པ་ཀླུ་སྒྲུབ་ཀྱིས་རི་བཏང་བཟུང་ནས་སྤྱན་དྲངས་པ། གུ་རུ་རིན་པོ་ཆེས་ཧ་བོའི་གངས་ལ་སྦས་པ་དེ་གཏེར་ཆེན་འདི་ཉིད་ཀྱིས་སྤྱན་དྲངས་ཏེ་ལ་ཡག་གུ་རུ་ལྷ་ཁང་དུ་བཞུགས་སུ་གསོལ་ནས་གདན་སའི་གཙོ་བོར་མཛད། དེ་སྐབས་སུ་བྱོན་པའི་བོད་ཡུལ་བླ་ཆེན་མི་ཆེན་རིས་སུ་མ་ཆད་པས་ཞབས་ལ་གཏུགས། ལང་གྲོའི་རྣམ་འཕྲུལ་པདྨ་དབང་ཆེན་དང་གཉལ་ཉི་མ་འོད་ཟེར་སོགས་ཁྱད་པར་ཅན་གྱི་སྲས་བརྒྱད་བར་མ་ཆད་པ་བྱོན་ཅིང་། ཁྱད་པར་སློབ་རྒྱུད་ཀྱི་གཙོ་བོ་སྨན་ལུང་པ་མི་བསྐྱོད་རྡོ་རྗེ་ཞེས་སྔ་འགྱུར་བཀའ་གཏེར་ཀུན་ལ་མཁས་པ་ཆེན་པོར་གྱུར་པ་དེ་དང་། བལ་པོ་བྷ་རོ་གཙུག་འཛིན་དང་། སྣོད་ལྡན་གྱི་བུ་དགུ། ཀཿཐོག་པ་མ་ཎི་རིན་ཆེན་ཞེས་སྐུ་ལུས་མ་སྤངས་པར་དག་པའི་ཞིང་དུ་གཤེགས་པ་དེ་ཉིད་སོགས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་སློབ་བརྒྱུད་རྣམས་ཀྱིས་འཕགས་བལ་དང་བོད་ཁམས་མཐའ་དབུས་ཀུན་དུ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་གཙོ་བོར་གྱུར་པའི་ཟབ་ཆོས་རྒྱ་ཆེར་སྤེལ་བའི་རྒྱུན་ད་ལྟའི་བར་ཟམ་མ་ཆད་པར་བཞུགས་ཤིང་དེ་ལྟ་བུའི་རྨད་དུ་བྱུང་་་་་་་བའི་མཛད་པ་ཆེན་པོ་མཐར་ཕྱིན་ནས་དགུང་ལོ་ང་དགུ་པ་ལ་ལྟས་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན་ཏེ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་སོ། །དུས་དེ་ཙམ་ན་སྔགས་པ་གཉིས་ལམ་དུ་འདྲི་རྨེད་བྱེད་པ་ནའང་ཁྱེད་ཅག་གཏེར་ཁ་གོང་འོག་གང་གི་ལུགས་ཡིན་ཟེར་བའི་ཟབ་གཏེར་གྱི་ཤིང་རྟ་ཆེན་པོར་གྱུར་པའོ། །དེ་ལྟར་གྲུབ་ཐོབ་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་ཐར་རྒྱས་པ་རྗེ་རང་གི་གསུང་ལུང་རྒྱུན་བཅས་བཞུགས་པ་དང་། སྙིང་པོ་ལྟ་བུ་རྙིང་རྒྱུད་དཀར་ཆག་དག་ཏུ་གསལ་བ་ལས་འདིར་ས་བོན་ཙམ་ཞིག་སྨོས་པ་ཡིན་ཅིང་། གཏེར་ཁ་ཆེན་པོ་བཅོ་བརྒྱད་ཞལ་ཕྱེས་པའི་ནང་ནས། བླ་མ་གསང་འདུས་སོགས་བླ་སྒྲུབ་སྐོར་ལྔ་ཡན་ལག་དང་བཅས་པ། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། འཁོར་བ་དོང་སྤྲུགས། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར། བཀའ་བརྒྱད་གསང་རྫོགས། འཆར་ཁ་གནམ་སྐས་མ། རྟ་མགྲིན་ནག་པོ། ཡང་དག་བདེ་ཆེན་སྙིང་པོ། གཏུམ་པོ་སེང་སྒྲོག །ཕུར་པ་སྤུ་གྲི །སྔགས་རྒོད་ལོཀྟྲི། དཔལ་མགོན་མ་ནིང་། གཞན་ཡང་གཏེར་ཕྲན་དང་གསུང་འབུམ་གྱི་སྐོར་ཅི་རིགས་པ་བཅས་དངོས་ཅག་ལྟ་བུས་ཀྱང་འབད་པ་དུ་མས་བཙལ་ཏེ་ཞུས་ཤིང་བསྙེན་སྒྲུབ་ཅི་རིགས་པའང་བགྱིས་པ་ལགས་ན། གཏེར་ཁ་གོང་འོག་འདི་དག་གཏེར་ཁ་ཐམས་ཅད་ཀྱི་རྩ་བ་ལྟ་བུར་གྱུར་པས་རྙིང་བསྟན་འཛིན་པ་ཆེན་པོ་རྣམས་ཀྱིས་ཀྱང་གསན་བཞེས་འཆད་སྤེལ་སྒོམ་སྒྲུབ་སོགས་ལ་ཐུགས་གཞོལ་བས་བསྟན་པའི་མེ་རོ་གསོ་བར་ཅི་ནས་གསོལ་བ་འདེབས་པ་ལགས། ༈ ཡང་། བྱ་རོག་རྫོང་དུ་དམག་གི་ཁྲིམས་རྔ་བརྡུངས༔ སྙིང་མེད་པོ་རྣམས་གསེར་ཕྱེ་ཆུ་ལ་འཕོ༔ ཟངས་ཡག་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གུ་རུ་ཇོ་ཙེ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་གུ་རུ་ཇོ་ཚེ་ནི། གཏེར་སྟོན་རང་གི་ལུང་བྱང་ལས་མུ་ཏིག་བཙད་པོའི་སྤྲུལ་པར་གསུངས་ཤིང་སངས་རྒྱས་གླིང་པའི་གཏེར་ལུང་དུ་ཉིད་ཀྱི་སྐུ་སྐྱེ་བ་སྔ་མར་གསལ་བ་ལྟར་ན་མུ་རུབ་བཙད་པོའི་སྤྲུལ་པར་སྣང་། གང་ལྟར་ཡང་ཐུགས་རྗེ་ཡས་སྤྲུལ་གྱི་ཟུང་འཇུག་སྤྲུལ་པའི་རྣམ་རོལ་འདི་ཉིད་འཁྲུངས་ཡུལ་ནི། སྐྱི་སྨད་སྙེ་མདར་སྔགས་རྒྱུད་དཀྱུས་མ་ཞིག་ཏུ་འཁྲུངས། རྟེན་ཀྱང་དེ་ལྟར་དུ་བཞུགས་པས་གུ་རུ་ཇོ་བོ་ཞེས་བླ་དྭགས་དང་། མཚན་དངོས་ཚེ་དབང་དར་པོ། སྐུ་ན་གཞོན་དུས་འབྱོར་པས་དབེན་པས་ར་ལུག་སྐྱོང་བའི་ཚུལ་མཛད། ནར་སོན་པ་ན་ཁ་བྱང་ཕྱག་ཏུ་བྱུང་བ་ལ་བརྟེན་སྐྱི་སྨད་ལྷ་རི་རྩེ་ལྔའི་རྒྱབ་ལོགས་བྲག་དམར་ཟང་ཡག་ནམ་མཁའ་རྫོང་ཞེས་དེང་སང་ཟང་ཡག་བྲག་ཏུ་འབོད་པ་བཙུན་མའི་དགོན་ཆུང་ཞིག་ཡོད་པ་དེའི་ཨོ་རྒྱན་སྒྲུབ་ཕུག་ནས་ཟབ་གཏེར་པུསྟི་སུམ་ཅུ་ལྷག་ཙམ་དང་། སངས་རྒྱས་ཀྱི་རིང་བསྲེལ་འཛད་མེད་དུ་འཕེལ་བའི་ངོ་མཚར་ཅན་དང་། ཨོ་རྒྱན་གྱི་སྐུ་ཚབ་བརྒྱ་རྩ་བརྒྱད། སློབ་དཔོན་ཆེན་པོས་བསམ་ཡས་ས་འདུལ་གྱི་ཕུར་པའི་སྒྲུབ་པ་མཛད་སྐབས་ཕུར་ཆས་ཡོངས་རྫོགས་ལས་གྲངས་འཕེལ་བས་ལྷག་པ་ལྔ་བརྒྱ་སོགས་ཆོས་དང་རྟེན་གྱི་གཏེར་རྒྱ་ཆེར་སྤྱན་དྲངས་པ་ཕལ་ཆེར་མྱོས་རྒྱལ་བ་ལྷ་ནང་པའི་རྒྱུད་པ་གྱེ་རེ་ལྷ་པའི་ཞལ་ངོ་ལྷ་རིན་ཆེན་དབང་གི་རྒྱལ་པོ་ལ་གཏད་ཀྱང་ཆོས་ཀྱི་འགྲོ་དོན་ཆེར་མ་བྱུང་། རིང་བསྲེལ་གྱིས་གཞན་དོན་མཐའ་ཡས་པ་སྤེལ། ཕུར་ཆའི་གཙོ་ཕུར་རགས་རིམ་སྟོད་ལུང་མདའ་དངོས་གྲུབ་སྡིངས་སུ་བཞུགས་པ་འཁྲུལ་མེད་དང་། གཞན་གུ་རུ་ཇོ་ཚེའི་གཏེར་མར་གྲགས་པའི་ཕུར་པ་ད་ལྟའང་མང་དུ་འབྱུང་བར་སྣང་། གཏེར་ཆོས་དབང་ཕྱུག་རླུང་ཞགས་ཉུང་ངུ་དང་ཤ་བརྒྱ་ཟན་བརྒྱའི་གཏོ་ཆོག་ལས་གཞན་དཔེ་ལུང་གི་རྒྱུན་བཞུགས་པ་མ་མཐོང་། ཕྱིས་འདིར་རྗེ་བླ་མར་གཏེར་ཁ་མཐའ་དག་གི་བཀའ་བབས་པར་གསུངས་པའི་མཚོན་བྱེད་བཤགས་རྒྱུད་དང་འབྲེལ་བའི་ཞི་ཁྲོའི་བཤགས་སྐོང་ཙམ་ཡང་གཏེར་དུ་བཞུགས་པར་སྣང་། ༈ ཡང་། ལྷ་ཁང་ནང་དུ་འབྲི་ལ་རྟ་ཆུ་ལྡུད༔ གཞོ་ལུང་ནང་དུ་མེ་ཡི་འཇིགས་པ་འབྱུང༔ དཔལ་མོ་དཔལ་ཐང་མཚོན་གྱི་ཆར་པ་འབབས༔ གངས་བར་ཕུག་མོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་པདྨ་དབང་ཕྱུག་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་པདྨ་དབང་ཕྱུག་ནི། བྱར་ཡུལ་སྟོད་དུ་འཁྲུངས། རུས་རྒྱ། མདོ་སྔགས་ཅི་རིགས་མཁྱེན་པས་སྟོན་པ། མཚན་དངོས་པདྨ་དབང་ཕྱུག་ཏུ་གྲགས། རྟེན་རབ་བྱུང་གི་རྣམ་པར་བཞུགས། ལོ་ཙཱ་བ་ཆེན་པོ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་གཉིས་ཀྱི་ཡ་གྱལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་འདིས། ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་ཁ་སྟོད་གངས་བར་ཕུག་མོ་ཆེའི་ཕ་ཝང་དགའ་འཁྱིལ་གྱིས་མཚན་པ་ལས་བླ་རྫོགས་ཐུགས་གསུམ། དམ་རྫས་མྱོང་གྲོལ། སློབ་དཔོན་ཆེན་པོས་མཛད་པའི་མགོན་པོ་གུར་གྱི་སྒྲུབ་ཐབས་དྲེགས་པ་ཟིལ་གནོན་མན་ངག་དང་བཅས་པ་སོགས་རྒྱ་ཆེར་སྤྱན་དྲངས་ནའང་། དེང་སང་གུར་མགོན་གྱི་སྐོར་རྣམས་ས་སྐྱའི་མགོན་པོད་དུ་དཔེ་ལུང་གཉིས་ཀའི་རྒྱུན་བཞུགས་པ་ལས་གཞན་མ་མཇལ་མོད། ཕྱིས་འདིར་རྗེ་རིན་པོ་ཆེ་པདྨ་མདོ་སྔགས་གླིང་པར་མཁའ་འགྲོས་གཏེར་དཔེ་དངོས་སུ་ཕུལ་བ་ཡང་གཏེར་གྱི་ཚུལ་དུ་གཏན་ལ་ཕབས་པའི་བླ་མ་བདེ་མཆོག་དམར་པོའི་བསྐྱེད་རྫོགས་ཟབ་འདྲིལ་ངོ་མཚར་ཅན་ཁོ་བོས་ཀྱང་ནོས་ཤིང་སྒྲུབ་པའི་འབྲེལ་འཇོག་དང་ཡིག་ཆ་ཉེར་མཁོ་སོགས་ཕྲིན་ལས་ཅུང་ཟད་སྤེལ་བ་ཡིན་ནོ། ༈ །ཡང་། སིལ་མ་ལ་དཀར་འཇག་མའི་མི་ཆུང་སྐྱེ༔ སྨོན་ལ་ལ་ཀར་ཤེལ་གྱི་ཕ་ཝང་བརྡོལ༔ གཡའ་མ་སྤ་གོང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་དོ་བན། མཚན་རྒྱ་མཚོ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་དོ་བན་རྒྱ་མཚོ་ནི། ལྷ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་མཐའ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་པའི་བཞི་པ་སྟེ། ཡར་འབྲོག་མཚོ་གླིང་ཡོན་པོ་དོར་ལྗགས་ཀྱི་རུས་ལས་འཁྲུངས་ཤིང་རྟེན་སྔགས་བན་དུ་བཞུགས་པས་དོ་བན། མཚན་རྒྱ་མཚོ་འོད། ཟུར་པཀྴི་ཤཱཀ་འོད་ཀྱི་སློབ་མར་གསལ། ཡར་འབྲོག་སྨད་མུ་ཏིག་སྤ་མ་གོང་ནས་བླ་སྒྲུབ་དང་རྫོགས་ཆེན། སྦྲགས་ཡངས་རྫོང་ནས་དྲག་སྔགས་ཀྱི་སྐོར་སོགས་མང་དུ་སྤྱན་དྲངས་ནའང་། དེང་སང་དཔེ་ལུང་གཉིས་ཀའི་རྒྱུན་བཞུགས་པ་མ་མཐོང་། ཕྱིས་འདིར་རྗེ་བླ་མའི་ཡང་གཏེར་གྱི་ཚུལ་དུ་བླ་སྒྲུབ་སྙིང་པོའི་སྐོོར་ཙམ་བཞུགས། འདིའི་དུས་རྟགས་སིལ་མ་ལ་ཁར་འབའ་ར་བའི་སློབ་རྒྱུད་རྗེ་མོན་རྩེ་བས་སྒྲུབ་སྡེ་བཏབ་ཅིང་ཕྲིན་ལས་བྱུང་བ་དང་། ལྷོ་བྲག་སྨོན་ལ་ཁར་ཨ་རོའི་ལུགས་ཀྱི་སྒྲུབ་སྡེ་ཞིག་བྱུང་བར་དེ་ལ་དགོངས་པར་སྣང་། རྡོ་རྗེ་གླིང་པའི་སྐུ་ཚེའི་སྟོད་ཙམ་ལ་བྱོན་པར་འདུག ༈ །ཡང་། རྒྱལ་པོའི་མངའ་ཚུད་བོད་ཀྱི་མི་རྣམས་ཀུན༔ རང་གི་ལྟོ་གོས་བསྲན་ནས་ས་ཧོར་གསོ༔ གནས་བརྟན་དམག་དཔོན་ཧོར་ལས་བྱེད་པ་འབྱུང༔ རྔོ་བོད་མཚམས་སུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་རཀྴི་སྟོན་པའི་མིང་ཅན་འབྱུང༔ ཞེས་པའི་གཏེར་སྟོན་རཀྴི་སྟོན་པ་ནི། རླངས་ཆེན་དཔལ་སེང་གི་སྐྱེ་མཐའ་གཉལ་གྱི་ཕྱོགས་སུ་འཁྲུངས། རྟེན་སྔགས་པར་གསལ། རྔོ་བོད་དེ་གློ་དང་བོད་ཀྱི་མཚམས་རྣམས་ཀྱི་གཏེར་གནས་ནས་ཆོས་བོན་སྨན་རྩིས་ཀྱི་སྐོར་མང་དུ་གདན་དྲངས་པར་གསུངས་ནའང་ས་སྐྱ་པས་བོད་ཆོལ་ཁ་གསུམ་ལ་དབང་སྒྱུར་བའི་སྐབས་ཙམ་དུ་འཁྲུངས་པར་གསལ་བས་ཐོག་སྔས་པས་དེང་སང་དཔེ་ལུང་གི་རྒྱུན་མི་བཞུགས། ཡང་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་སྤུ་བོ་ར་ཞི་གཏེར་སྟོན་པདྨ་རིག་འཛིན་ཡིན་པར་གསུངས་ཤིང་རྭ་སྟོན་སྟོབས་ལྡན་རྡོ་རྗེས་རྗེ་ཉིད་ཡིན་པར་ཞལ་གྱིས་བཞེས། གང་ལྟར་ཡང་འདི་དག་སྤྲུལ་པའི་གཏེར་སྟོན་ཚད་ལྡན་ཡིན་པར་སྣང་བས་ལོ་རྒྱུས་ཅུང་ཟད་འོག་ཏུ་འདྲི་བར་འགྱུར་རོ། ༈ །ཡང་། ས་ཡི་ཡ་སོ་ཇིང་གིར་མ་སྲོ་བཅད༔ བྲོས་འཐོར་མང་ཞིང་ཡུལ་སྟོང་རྒུད་པ་འབྱུང༔ ལྷོ་བོད་མཚམས་སུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ བྱར་རོང་ཨེ་ཡི་སྨན་པ་ཉི་འོད་གསལ༔ ད་ལྟ་ཤི་ཡང་སྲོག་མཐུད་ཤེས་པ་འབྱུང༔ ཞེས་པའི་བྱར་རོང་ཨེ་ཡི་སྨན་པ་ནི། བྱར་གྱི་རོང་ཨེ་ཡུལ་རིག་པའི་འབྱུང་གནས་སུ་འཁྲུངས། གཉགས་ལོ་ཆེན་པོའི་སྤྲུལ་པ་གཉིས་ཀྱི་ཡ་གྱལ་ཏེ། རྟེན་སྔགས་སྨན་དཀྱུས་མའི་ཚུལ་དུ་བཞུགས། མཚན་སྨན་དཔྱད་མཛད་པས་སྨན་པ། དངོས་ཀྱི་མཚན་ཉི་འོད་གསལ། གཏེར་གནས་ལྷོ་བྲག་དང་བོད་ཀྱི་ས་མཚམས་རྫ་རོང་བྷིའམ་རོང་བྷིའི་རྫ་ནས་རྫོགས་ཆེན་དང་གསོ་རིག་གི་གཏེར་ཁ། འབྲི་ཐང་ཀོ་རོ་བྲག་ནས་འཛམ་བུའི་གླིང་གི་གནས་ཡིག་མང་པོ་སྤྱན་དྲངས་པར་གྲགས་ནའང་། དེང་སང་དཔེ་ལུང་གི་རྒྱུན་ཅིའང་མ་བཞུགས་པར་མ་ཟད་སྔགས་བཙུན་དཀྱུས་མའི་ཚུལ་དུ་བཞུགས་ཚུལ་རྣམ་ཐར་དུ་བྱུང་བས་ཆོས་ཀྱི་ཕྲིན་ལས་མ་བྱུང་བར་མངོན། གཙང་རོང་གནུབས་ཀྱི་མདོར་སྨན་སྒྲོ་ཐིམ་པའི་ཤུལ་སྨན་ཆུ་བརྡོལ་པ་ད་ལྟའང་ཡོད་པས་མཚོན་རྫུ་འཕྲུལ་ཡ་མ་ཟུང་ལ་དབང་འབྱོར་ཅིང་ནད་པ་འཆི་ཀ་མ་མང་པོའང་སྲོག་མཐུད་པ་ལྟར་མཛད་པས་སྨན་སྟོན་གྲུབ་ཐོབ་ཏུ་གྲགས། ཁྱད་པར་བྱར་རོང་ཨེ་ཡི་བྲག་ནས་གཉགས་ཆེན་གྱི་ཕྱག་དཔེ་བདུད་རྩི་སྨན་གྱི་རྫོང་འཕྲང་ཆེན་མོ་ཆེ་འབྲིང་ཆུང་གསུམ་སྙིང་པོ་དང་བཅས་པའི་སྐོར་བཞི་སྤྱན་དྲངས་ནའང་གཞན་ལ་སྤེལ་བ་སོགས་མ་མཛད། འདིའི་སྙིང་པོའི་སྐོར་ཡོན་ཏན་བདུད་རྩིའི་གྲུབ་མཐའ་སློང་ནུས་པ་ཟབ་ཅིང་འདྲིལ་བ་ཞིག་རྗེ་བླ་མ་རིན་པོ་ཆེར་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པ་སྔར་ཕན་གཏན་ལ་འབེབས་མ་གྲུབ་ཀྱང་དགོངས་གཏེར་འཕགས་མའི་སྙིང་ཐིག་བླ་སྒྲུབ་སྐོར་ལས་འབྱུང་བ་དང་ཚིགས་བཅད་ལྷུག་ཙམ་མ་གཏོགས་དོན་གཅིག་པས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུ་གྱུར་པར་མངོན། ༈ ཡང་། དུས་ནི་ལོ་རེ་ལོ་རེས་ངན་དུ་འགྲོ༔ མཁན་པོ་བྱས་ནས་གྲོང་དུ་ཚོགས་དབང་བསྐུར༔ ལྐོག་ཏུ་བུ་སྨད་ཁྱི་ཕག་ཙམ་པ་འབྱུང༔ སྡེ་འཁྲུག་ནང་དམེ་རྒྱབ་བརྟེན་དུག་ལ་རེ༔ བུ་ཚལ་གསེར་ཁང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གྲ་སྒོམ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་གྲ་སྒོམ་ཆོས་རྡོར་ནི། རྒྱལ་སྲས་ལྷ་རྗེའི་སྐྱེ་མཐའ་ལྔ་པ་ཁྱུང་ནག་ཤཱཀྱ་དར་ཏེ་འདིས་ཀྱང་ཆོས་དང་སྨན་དང་ཁྱད་པར་རྩིས་ཀྱི་སྐོར་སོགས་ཅི་རིགས་སྤྱན་དྲངས་པའི་གཏེར་སྟོན་ནོ། །དེའི་ཡང་སྲིད་དྲུག་པ་འདི་ཉིད་གྲ་ནང་དུ་འཁྲུངས། རྟེན་སྔགས་པར་བཞུགས་པས་སྒོམ་པ་དང་མཚན་དངོས་ཆོས་ཀྱི་རྡོ་རྗེ། འདིས་བུ་ཚལ་གསེར་ཁང་ནས་གཉན་པོ་སྟོབས་ཀྱི་ལྷ་གུ་རུ་དྲག་པོའི་སྐོར་དང་པེ་དཀར་ལས་རྒྱུད་སྒྲུབ་ཐབས་ཨར་གཏད་སོགས་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་མང་དུ་སྤྱན་དྲངས་ནའང་དེང་སང་དཔེ་ལུང་གི་རྒྱུན་མི་བཞུགས། གུར་དྲག་ཀཱི་ལ་ཡའི་མན་ངག་རིམ་པ་གསུམ་པ་རྗེ་བླ་མར་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པར་སྣང་། ཡང་མདོ་ཁམས་སྒོམ་སྡེ་ནང་དུ་སྔ་མོ་ཞིག་བྱུང་བ་གྲ་སྒོམ་ཆོས་ཀྱི་རྡོ་རྗེར་གྲགས་པས་གཏེར་ཁ་ཅི་རིགས་བཞེས། བར་སྐབས་སུ་ཕྲིན་ལས་ཀྱང་ཅུང་ཟད་བྱུང་། འོན་ཀྱང་ད་ལྟ་དེའི་གཏེར་ཆོས་སོགས་མི་བཞུགས་ཞེས་རིག་འཛིན་མཆོག་གྱུར་གླིང་པས་གསུངས་པ་ཐོས། ༈ ཡང་། སངས་རྒྱས་བཀའ་ལ་འདྲ་ཆོས་འདྲ་མིན་བྱེད༔ རྫོགས་ཆེན་རྡེའུ་ཟེར་བའི་ལོག་ཆོས་དང༔ རི་བོང་འཛིན་ཞེས་བསེ་སྦྱོར་སྨན་ལོག་འབྱུང༔ བོད་རྩིས་དྲུག་ཅུ་སྐོར་ཞེས་གསལ་སྒྲོན་ཞེས༔ རྩིས་རྒྱུད་ཀུན་དང་མི་མཐུན་དར་བ་འབྱུང༔ གཏེར་མ་ཡིན་ཟེར་བཅའ་གཞི་མ་ཚང་བའི༔ གཏེར་མར་གྲགས་པའི་བསླུ་ཆོས་མང་ཞིག་འབྱུང༔ འོ་ཡུག་གཡག་སྡེར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གཡག་ཕྱར་སྔོན་མོར་གྲགས་པ་འབྱུང༔ ཞེས་པའི་གཏེར་སྟོན་གཡག་ཕྱར་སྔོན་མོ་ནི། ལོ་ཆེན་བཻ་རོའི་རྣམ་འཕྲུལ་འོ་ཡུག་གཡག་ལྕེ་ཁྲ་མོ་དང་ཉེ་བའི་སྟོད་དུར་ཞེས་པའི་ལུང་ལག་ཁྲ་ཆུང་ཟེར་བར་བོན་སྔགས་ཀྱི་རིགས་སུ་འཁྲུངས། རྟེན་སྔགས་པར་གསལ། གཡག་ཕྱར་སྔོན་མོ་ཞེས་བླ་དྭགས་དང་། མཚན་དངོས་རྡོ་རྗེ་འབུམ། འདིས་གཡག་ལྕེ་ཁྲ་མོ་བྲག་ནས་བཻ་རོས་སྦས་པའི་གཏེར་ཁ་བླ་རྫོགས་ཐུགས་གསུམ་དང་སྒྲུབ་ཐབས་ཕྲ་མོའི་སྐོར་མང་པོ། བོན་གྱི་སེམས་ཕྱོགས་སོགས་ཆོས་བོན་གཉིས་ཀའི་གཏེར་ཁ་རྒྱ་ཆེར་བཞེས་ཀྱང་ཐོག་སྔས་པས་དེང་སང་དཔེ་རྒྱུན་ཙམ་ཡང་མཇལ་དུ་མི་སྣང་ནའང་། འདིའི་ཟབ་གཏེར་གྱི་ཆ་ཤས་སྒྲུབ་ཐབས་ཕྲ་མོའི་སྐོར་ལས་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ལས་ཚོགས་དང་བཅས་པ་ཡང་གཏེར་དུ་ཡེར་པའི་བྲག་ལ་སྦས་པ་ཕྱིས་རོང་པ་བདུད་འདུལ་གླིང་པས་བཏོན། སླར་ཡང་གཏེར་དུ་སྦས་པའི་གཏེར་ཡིག་རྗེ་བླ་མ་མདོ་སྔགས་གླིང་པའི་ཕྱག་ཏུ་བབས་པ་གཏན་ལ་ཕབ་ཅིང་ཁོ་བོ་ཅག་ལའང་བཀའ་དྲིན་ཏུ་བསྩལ་པ་ལྟར་སྒྲུབ་ཐབས་དབང་ཆོག་གཡུལ་མདོས་བཅས་ཆོག་བསྒྲིག་ཏུ་བགྱིས་པ་སྟེ། དེང་སང་བླ་དཔོན་སྐུ་རྐྱེན་ཟློག་པའི་ཐབས་ཅི་དྲགས་དགོངས་པ་རྣམས་ཀྱིས་འདི་ལྟ་བུའི་གཡུལ་མདོས་ལན་རེ་ཙམ་ལག་ལེན་དུ་བཏབ་ན་དུས་བབས་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་ཆེ་བར་མངོན་ནོ། ༈ །ཡང་། བོད་ཁམས་ཡོངས་ཀྱི་ཆོས་ལུགས་དགོད་རེ་བྲོ༔ འཇིག་རྟེན་ཁྱིམ་པའི་ཁ་ནས་ཆོས་སྐད་རེ༔ ར་རོག་ཕད་རོག་ཁྱད་པར་མེད་ཅེས་ཟེར༔ རླུང་ལ་བསིལ་སྦྱར་ཡས་གདོན་ཡིན་ནོ་ཟེར༔ མཚང་མང་པོ་རྣམས་ནད་པའི་སྔས་སྲུང་བྱེད༔ མི་རེའི་ལག་ན་རྩིས་ཀྱི་ཤོག་ཁྲ་རེ༔ རྨོངས་ཁྱུ་ཁ་འདྲིལ་མཁས་པ་བསྐྱར་ལ་འདོན༔ མོན་ཁ་སྤ་གྲོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གྲུམ་དང་མཁར་ནག་ཅེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་བླ་མ་གྲུམ་དང་སྤ་གྲོ་བའི་ཡོན་བདག་ནག་པོ་མཁར་བྱ་བའི་ཡོན་མཆོད་གཉིས་བསྡེབས་ཏེ། སྤ་གྲོ་སྐྱེར་ཆུའི་ལྷ་ཁང་གི་ཁྱུང་རུམ་སྨུག་པོའི་མཆུ་ནད་བསེའི་གྭའུ་ནས་གདན་དྲངས་པར་མཛད་པའི་གཟའ་རྒོད་སྤུ་གྲིའི་དྲག་སྔགས་བར་སྣང་ཧོམ་ཁུང་མར་གྲགས་པའི་དཔེ་ལུང་གི་རྒྱུན་ད་ལྟའང་བཞུགས་པར་སྣང་ཞིང་། རིག་འཛིན་ཀུ་མཱ་རཱ་ཛའི་གཟའ་མཐུ་འཇིགས་པོ་དེའང་འདི་ཉིད་ཡིན་པར་བཤད་པས་ཐོག་སྔ་མོ་ཞིག་ཏུ་བྱོན་པར་གསལ། གཞན་གཏེར་ཆོས་ཡོད་མེད་སོགས་གཏེར་འབྱུང་སྔ་མ་རྣམས་སུ་མི་གསལ་ལོ། ༈ །ཡང་། མི་ཐུབ་ལྔ་འབྱུང་རང་ལ་ཡིད་མི་ཆེས༔ དེ་འདྲའི་དུས་ན་འདྲེ་ནད་གདུག་པ་དར༔ ནད་དུ་མི་འོང་བྱ་བ་གཅིག་ཀྱང་མེད༔ ཆོས་སྤྱིའི་བྱིན་རླབས་སུམ་ཆ་ཡལ་ནས་འགྲོ༔ འུ་ཤང་རྡོ་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འོང༔ གཏེར་སྟོན་ལྷ་བཙུན་སྔོན་མོ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ལྷ་བཙུན་སྔོན་མོ་ནི། ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ་མངའ་བདག་ཡུམ་བརྟན་གྱི་རྒྱུད་ལས་ལྷ་བཙུན་བོ་དྷི་རཱ་ཛའི་སྲས་སུ་བསམ་ཡས་སུ་འཁྲུངས། ལྷ་རིགས་ཀྱི་སྔགས་བཙུན་ཡིན་པས་ལྷ་བཙུན། བླ་དྭགས་ལས་སྔོན་མོ། མཚན་དངོས་རིག་པའི་རྒྱ་མཚོ་གློག་གི་ཕྲེང་བ། སྡེ་སྣོད་ལའང་མཁྱེན་པ་རྒྱས་པས་བསམ་ཡས་སུ་ཆོས་འཁོར་ཆེན་མོ་བཙུགས། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་དང་། གསང་འདུས་འཕགས་སྐོར་ལ་མཁས་པ་ཤུད་ཀེ་དར་མ་རྡོ་རྗེ་སྤྱན་དྲངས་ནས་མདོ་སྔགས་སྤྱི་བྱེ་བྲག་མང་པོ་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབ་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་མཛད། བསམ་ཡས་དབུ་རྩེ་ཆེན་མོ་དང་རྣམ་སྣང་གི་སྐུ་རྒྱབ་སོགས་ནས་གཏེར་ཁ་མང་པོ་དང་། སྦྲགས་ཡང་རྫོང་མཚམས་ཕུག་ནས་ནད་རིམས་གདུག་པ་ཅན་སྲུང་བ་གནོན་པ་དུག་སྔགས་ཀྱིས་བསད་པ་སོགས་ཕན་བྱེད་ཀྱི་སྐོར་སྤྱན་དྲངས། བོད་ཀྱི་གཏེར་ཁ་ཐམས་ཅད་ཀྱི་ཁ་བྱང་གཞན་ཡང་ཕྱག་ཏུ་བྱུང་བར་གྲགས། ཁྱད་པར་གོང་གི་ལུང་གསལ་ལྟར་འུ་ཤང་རྡོའི་བྲག་ནས་ཞི་བྱེད་སྐོར་བདུན་གྱི་གདམས་པ་སྤྱན་དྲངས། སླར་སྦྲགས་ཡང་རྫོང་གི་སྒྲུབ་ཕུག་ཆེན་མོའི་སྒོ་གདོང་དུ་ཡང་གཏེར་དུ་སྦས་པ་ཕྱིས་འདིར་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་བཞེས་ཤིང་། ཤོག་སེར་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཕུལ་བ་གཏན་ལ་ཕབ་པའི་གཞུང་ཟབ་འདྲིལ་ངོ་མཚར་ཅན་སྣང་བ་ཁོ་བོས་ཀྱང་སྨིན་གྲོལ་གྱི་གདམས་པ་ནོས་ཤིང་བཀའི་གནང་བ་བསྩལ་པ་ལྟར་ཡིག་ཆའི་གསལ་བྱེད་ཅུང་ཟད་སྤེལ་བའོ། ༈ །ཡང་། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འོང༔ ཁམས་ཀྱི་སྲིན་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང༔ ཞེས་པའི་ཁམས་སྟོད་དྭགས་པོ་གཏེར་སྟོན་ཉི་མ་གྲགས་པ་ནི། ཁམས་ཡུལ་སྟོད་དུ་འཁྲུངས། ལྷ་ལུང་དཔལ་རྡོར་གྱི་སྐྱེ་མཐར་གསལ། ཁམས་ཀྱི་སྲིན་མོ་རྫོང་ཞེས་བྱ་བ་ཁམས་དྭགས་པོའི་ཡུལ་སྒམ་པོ་གདར་གྱི་རིའི་རྒྱབ་ཕྱོགས་ཀྱི་སྦས་ཡུལ་ལྟ་བུ་ཤིན་ཏུ་བགྲོད་དཀའ་བ་སྲིན་པོ་སྲིན་མོ་རྡོ་རྗེ་རྫོང་གསུམ་དུ་གྲགས་པ་ཞིག་ཡོད་ཚུལ་དུང་མཚོ་རས་པའི་རྣམ་ཐར་དུའང་གསལ་བ་ལྟར་གནས་དེ་ཉིད་ནས་གཤིན་རྗེ་ཟླ་གསང་རོལ་པ་དང་། ལས་གཤིན་སྤྲེལ་སླག་ཅན། དྲག་སྔགས་སྐོར་བདུན་སོགས་མངོན་སྤྱོད་ཀྱི་སྐོར་མང་དུ་སྤྱན་དྲངས་ནའང་གཏེར་སྟོན་ཀུན་སྤྱོད་རྩུབ་པས་རྐྱེན་ལམ་དུ་གཤེགས་པ་དང་ཐོག་སྔས་པས་དེང་སང་དཔེ་ལུང་གི་རྒྱུན་ཅིའང་མ་མཐོང་མོད། དྲག་སྔགས་སྐོར་བདུན་རྗེ་བླ་མར་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པ་ཡིན་ནོ། །ཕྱིས་སུ་འཁོན་ཀླུ་དབང་སྲུང་བའི་རྣམ་འཕྲུལ་རང་གཞན་གྱི་ཕྱོགས་ལ་ཉི་མ་གྲགས་པའི་མཚན་གྱི་ཅོད་པན་འཕྱངས་པའི་གཏེར་སྟོན་ཆེན་པོ་དག་བྱོན་པའི་རྣམ་ཐར་ནི་ཡོངས་སུ་གྲགས་པ་ཉིད་དོ། ༈ །ཡང་། ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་འབྱུང༔ བསོད་ནམས་ཟད་པ་དབུས་སུ་མི་རྒོད་སྡིགས༔ དྭགས་པོ་ལྷང་ལྟ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ མངའ་བདག་སྲས་མོ་རིན་ཆེན་ཚུལ་རྡོར་འབྱུང༔ ཞེས་པའི་གཏེར་སྟོན་རིན་ཆེན་ཚུལ་རྡོར་རམ་གསང་མཚན་པདྨ་ལས་འབྲེལ་རྩལ་ནི། རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ་ཉིད་དག་པའི་སྐྱེ་བ་ལྔ་བརྒྱུད་པའི་ཐ་མ་སྟེ་རྡོ་བོད་མཚམས་གཉན་རོང་འབྲི་ཐང་ཞེས་བྱ་བའི་ཡུལ་དུ་ཉང་གི་གདུང་རིགས་ལས་ལྕགས་མོ་ཡོས་ཀྱི་ལོར་སྐུ་བལྟམས། ནར་སོན་ནས་ལོ་རོར་རབ་བྱུང་མཛད་པའི་མཚན་ཚུལ་ཁྲིམས་རྡོ་རྗེར་གྲགས། དགུངས་ལོ་བཅུ་དྲུག་བཞེས་པའི་དུས་གུ་རུའི་རྣམ་འཕྲུལ་དགེ་སློང་རྒན་པོ་ཞིག་གིས་ཁ་བྱང་ཤོག་དྲིལ་ཕྱག་ཏུ་གཏད་པ་དང་། ཉེར་གཅིག་པར་གཏེར་སྟོན་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོ་བྲག་ནས་གདན་དྲངས་པའི་ཤོག་སེར་གྱི་ཁྲོད་ནས་འདིའི་ཁ་བྱང་དང་ལུང་བསྟན་བྱུང་བའང་ཕྱག་ཏུ་ཕུལ་བ་ལྟར་དགུང་ལོ་ཉེར་གསུམ་པ་ལ་དྭགས་པོ་ལྡང་ལུང་ཁྲ་མོ་བྲག་ནས་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་ཟབ་མོ་ཁྱད་པར་འཕགས་པ་དང་། གཞན་ཡང་བླ་མ་སྤྱི་འདུས་འཁོར་ལོ། ཕྱག་རྡོར་དྲེགས་པ་ཀུན་འདུལ། རྟ་མགྲིན་གཉེན་པོ་ལྷ་གསུམ། གཤིན་རྗེ་ཀིང་ཀང་དགྲ་ཁ་ལ་རྒྱས་འདེབས། གཟའ་དང་ཞིང་སྐྱོང་གཙོས་ཆོས་དང་དྲག་སྔགས་བསྟན་སྲུང་གི་སྐོར་མང་པོའང་གདན་དྲངས། ཚུར་བྱོན་པའི་ལམ་ཁར་གཉལ་སྟོད་ཤོའི་ཚེར་མ་ལུང་དུ་སྔགས་པ་ཞིག་གིས་ཞབས་ཏོག་ཕུལ། དེའི་བུ་རྗེས་སུ་འབྲངས་ནས་བྱུང་བ་རྒྱལ་སྲས་ལེགས་པ་རྒྱལ་མཚན་ཡིན། དེ་ནས་རང་ཡུལ་དུ་དད་མོས་ཆུང་བས་ཐུགས་སྐྱོ་ནས་དཔོན་སློབ་ལྔ་དབུས་སུ་བྱོན། བསམ་ཡས་མཆིམས་ཕུར་བཞུགས་སྐབས་རྡོ་རྗེ་ཕག་མོས་ལུང་བསྟན་པ་ལྟར་ལྷ་སར་ཕེབ་པས་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེ་མཇལ། ཆོས་རྗེ་ཉིད་ལའང་མཁའ་འགྲོས་ལུང་བསྟན་བྱུང་བ་ལྟར། སྙིང་ཐིག་གི་དབང་ལུང་ཤོག་སེར་ཐོག་ནས་གསན། རིམ་པར་གཏེར་ཆོས་རྣམས་གཏན་ལ་ཕབ་སྟེ་རྒྱལ་སྲས་ལེགས་པ་དང་། སྤྲུལ་སྐུ་རིན་ཆེན་གླིང་པ་གཉིས་ལ་དབང་ལུང་རྫོགས་པར་གནང་། དགུང་ལོ་ཉེར་ལྔ་པར་བྱར་སྨད་ཕྱིང་དཀར་ཞེས་པའི་ས་ཡི་ཆ་དང་ཉེ་བའི་གཉལ་རྒྱ་འགྲོ་ལ་རྩེར་གཞན་རྐྱེན་གྱིས་སྐུ་གཤེགས། པུར་སྦྱངས་པའི་ཚེ་བུད་མེད་སྔོན་མོ་རུས་རྒྱན་ཅན་དབུ་གཙུག་ནས་ཐོན་ཏེ་ནམ་མཁར་འགྲོ་བ་ཀུན་གྱིས་མཐོང་། གདུང་རུས་ལ་ཕག་མོའི་སྐུ་དང་རིང་བསྲེལ་དཔག་མེད་བྱོན་ཅིང་ཞག་བདུན་གྱི་བར་ལུང་པ་འཇའ་འོད་ཀྱིས་གང་བ་སོགས་ཀྱིས་འགྲོ་བ་རྣམས་དད་པའི་ས་ལ་བཀོད། སྐུ་ཚེ་འདིར་འགྲོ་དོན་མི་འབྱུང་ཞིང་སྦས་ཚུལ་གྱིས་ཉམས་སུ་ལེན་པའི་དུས་ཡིན་པ་སོགས་ལུང་ནས་བསྟན་པ་ལྟར་འགྲོ་དོན་འཕྲོ་ཅན་ཏུ་གྱུར་པས་ཉིད་ཀྱི་སྐྱེ་བ་ཕྱི་མ་དེ་མ་ཐག་པ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་རྒྱ་ཆེར་སྤེལ་བར་མཛད། ཀུན་མཁྱེན་རང་བྱུང་ཞབས་ཀྱིས་རྒྱལ་སྲས་ལེགས་པ་ལས་སྙིང་ཐིག་གི་ཚིག་བརྒྱུད་བསྐྱར་ནས་གསན་ཅིང་འཆད་སྤེལ་རྒྱ་ཆེར་གནང་བའི་སློབ་མའི་གཙོ་བོ་གཡུང་སྟོན་རྡོ་རྗེ་དཔལ་བ་སོགས་བཞི་ལ་གཉེར་གཏད་དེ་དབུས་གཙང་མདོ་ཁམས་རྒྱ་ཧོར་ཡན་ཆད་དུ་དར་བར་མཛད་པའི་རྒྱུན་དེང་སང་ཡང་བཞུགས་ལ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ས་ལ་གནས་པའི་བྱང་སེམས་ཀྱིས། །རྒྱ་མཚོའི་བར་དུ་སྤེལ་བར་བྱེད། །ཅེས་པའི་ལུང་དོན་མངོན་དུ་གྱུར། གཏེར་སྟོན་ཆེན་པོ་འདི་ཉིད་ཀྱི་ཟབ་གཏེར་སྙིང་པོ་སྙིང་ཐིག་རྣམ་གཉིས་ཀྱི་ཡ་གྱལ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་སྨིན་གྲོལ་ཡོངས་སུ་གྲགས་པ་རྒྱལ་བའི་དབང་པོ་རང་བྱུང་རྡོ་རྗེ་དང་ཀུན་མཁྱེན་ཀློང་ཆེན་པ་ལས་ཚིག་དོན་སོ་སོར་བརྒྱུད་པ་ཐ་དད་པ་་་་་དང། གཉེན་པོ་ལྷ་གསུམ། ཕྱག་རྡོར་དྲེགས་འདུལ་གྱི་དབང་ལུང་སོགས་ཁོ་བོས་ཀྱང་ལེགས་པར་ནོས་སོ། ༈ །ཡང་། དམ་སེལ་བརྒྱུད་པས་སློབ་འགའ་གྲི་རུ་འཆི༔ རྡོ་ཡི་མཆོད་རྟེན་གདུགས་དང་ཆོས་འཁོར་ཉམས༔ མོན་ཁ་ཆུ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ནི། རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་གཉིས་ཀྱི་ཡ་གྱལ་ཏེ། མོན་ལ་མོ་སྟོད་པའི་སྣར་ཐང་དུ་འཁྲུངས། མཚན་གུ་རུ་ཚེ་བརྟན་རྒྱལ་མཚན་ནམ་ཆོས་ཀྱི་བློ་གྲོས་སུ་གྲགས། རྟེན་དགེ་སློང་རྡོ་རྗེ་འཛིན་པ། མདོ་སྔགས་ལ་མཁྱེན་པ་རྒྱས་པའི་དགེ་བའི་བཤེས་གཉེན་ཆེན་པོར་བཞུགས། འདིས་ལུང་གསལ་ལྟར་མོན་གྱི་བྲག་མཐའ་ཕྲ་མོ་དཔལ་གྱི་ཆུ་མོ་ཕུག་ལྷ་མོ་གར་བྱེད་པ་འདྲ་བའི་གསང་གནས་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སྦས་པའི་གུ་རུ་ཞི་དྲག་གི་སྒྲུབ་སྐོར་ལས་ཚོགས་དང་བཅས་པ་ཟབ་ཅིང་རྒྱ་ཆེ་བ་སྤྱན་དྲངས་པ་ནི་གཙོ་བོ་དང་། གཞན་གཏེར་གནས་མི་གཅིག་པའི་མཚོན་སྲུང་རྡོ་རྗེའི་གོ་ཆ། སྒྲོལ་མ་ཨུཏྤལ་ཕྲེང་བ། རྫོགས་ཆེན་མཉམ་ཉིད་རང་གྲོལ། ཚེ་དཔག་མེད། བདེ་མཆོག །སྨེ་བརྩེགས། བཅུད་ལེན་བརྒྱ་རྩ། ལུང་བསྟན་བཀའ་རྒྱ་མ། ཟབ་ལུང་སོགས་ཀྱི་གནས་གཏེར་དཀར་ཆག་རྒྱས་པ། རོང་གི་རྫ་ལྷུད་མོ་ནས་སྤྱན་དྲངས་པའི་ཡུལ་འཁོར་སྲུང་གི་མན་ངག་སོགས་རྒྱ་ཆེར་བཞུགས་པ་ཕལ་ཆེར་རིག་འཛིན་གཏེར་བདག་གླིང་པ་ཡབ་སྲས་ཀྱི་དུས་ཡན་དབང་ལུང་བཞུགས་པར་སྣང་ནའང་། དེང་སང་གུ་རུ་ཞི་དྲག་གི་ནང་ཚན་རྟ་མགྲིན་ལས་ཚོགས་བརྒྱ་རྩ་དང་། ཡུལ་འཁོར་སྲུང་གི་མན་ངག་གི་ལུང་། མཚོན་སྲུང་རྡོ་རྗེ་གོ་ཁྲབ་ཀྱི་ཕྱག་ལེན་རྒྱུན་བཅས་བཞུགས་པ་ཐོས་པའི་ཡུལ་དུ་གྱུར་པ་ལས་གཞན་དཔེ་ཙམ་ཡང་མཇལ་དཀའ་བའི་གནས་སུ་གྱུུར། ༈ ཡང་། དབུས་པའི་འདུན་མ་གཅིག་འདྲིལ་ས་ཧོར་སྐྲག༔ སྡིག་སྤྱོད་བདུད་སྤྲུལ་བསྟན་པ་རྒྱས་ཡུན་རིང༔ འབྲིན་ཐང་ཀོ་རོ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་རིན་ཆེན་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་མེ་བན་རིན་ཆེན་གླིང་པ་ནི། རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་དང་ལོ་ཆེན་བཻ་རོ་ཟུང་དུ་འཇུག་པའི་རྣམ་འཕྲུལ། ལོ་རོ་དཀར་པོའི་ཚེ་ཁྲོ་ཁར་ཡབ་རྡོ་རྗེ་རྒོད་རྡོར་འབུམ་དང་ཡུམ་བལ་མོ་གཡང་འབུམ་གྱི་སྲས་སུ་གླང་གི་ལོར་འཁྲུངས། བྱིས་པའི་དུས་སྐུ་རྩེད་མཛད་པས་ཕ་ཝང་ལ་སྐུ་རྗེས་གསལ་བར་བྱུང་། ཆོས་སྒོར་ཞུགས་པས་མཚན་རིན་ཆེན་རྒྱལ་པོ་དཔལ་བཟང་པོར་བཏགས། རྟིང་པ་ལོ་ཙཱ་བའི་གདན་ས་དམྱལ་སྨད་བཻ་རོའི་ཆོས་གྲྭར་མཚན་ཉིད་ཕྱོགས་ལ་གསན་པ་མཐར་ཕྱིན་མཛད། ལོ་ངོ་དྲུག་རིང་དགོན་པར་བླ་མ་ཞིག་ལས་རས་ཆུང་པའི་གདམས་པ་གསན་ནས་སྒྲུབ་པ་མཛད་པས་རྟགས་སྣང་དཔག་མེད་ཤར། དེ་ནས་ལྷ་སར་གནས་བསྐོར་བྱོན་པའི་ནུབ་གཅིག་མནལ་ལམ་དུ་མི་དཀར་པོ་ཞིག་གིས་ནངས་པར་དོན་གྲུབ་པ་ཡོད་ཟེར་བའི་སང་ཞོག་དེར། ལ་སྟོད་དིང་རི་ནས་ཡིན་ཟེར་བའི་རྣལ་འབྱོར་པ་འཐེང་པོ་བྱང་སེམས་ཀུན་དགའ་ཟེར་བ་དང་མཇལ། དེས་དྲི་བ་རྒྱས་པར་བྱས་མཐར་གཏེར་གྱི་ཁ་བྱང་ཕྱག་ཏུ་གཏད་པ་ལྟར། འབྲིན་ཐང་ཀོ་རོ་བྲག་གི་སྒྲུབ་ཕུག་ནས་བསེ་སྒྲོམ་སྨུག་པོ་གདན་དྲངས་པའི་ནང་དུ་རེའུ་མིག་ལྔ་ཡོད་པའི་ཤར་ནས་ཁྱད་པར་ལྔ་ལྡན། ལྷོ་ནས་སྒྲུབ་ཐབས་ནོར་བུ་སྐོར་ལྔ། ནུབ་ནས་རྟེན་འབྲེལ་ནོར་བུ་སྐོར་ལྔ། བྱང་ནས་དྲག་སྔགས་ནོར་བུ་སྐོར་ལྔ། དབུས་ནས་ཁ་བྱང་ལུང་བསྟན་སྐོར་ལྔ་བཅས་ཆོས་དང་དམ་རྫས་ཀྱི་གཏེར་ཆེན་པོ་དང་། གནས་དེའི་བྲག་ཆོས་འབྱུང་འདྲ་བ་ནས་འཇམ་དཔལ་ནཱ་ག་རཀྴའི་སྐོར་སྤྱན་དྲངས། སྒྲུབ་པ་རྩེ་གཅིག་མཛད་པས་ཉམས་རྟོགས་འཕེལ་ཞིང་དག་པའི་སྣང་བ་དཔག་མེད་ཤར། ཁྱད་པར་ཟངས་མདོག་དཔལ་རིར་བྱོན་ནས་ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་བའི་ཚུལ་ངོ་མཚར་བ་ཡོད། དེ་ནས་རིམ་པར་རྒྱ་གར་ཕ་ཝང་ནག་པོ་ནས་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ། ཞི་ཁྲོ་བདེ་ཆེན་ཀུན་རྫོགས། ཤ་འུག་ལྟག་སྒོའི་རྡོ་རྗེ་རྩེ་ལྔ་འདྲ་བའི་བྲག་ནས་བཀའ་རྒྱ་མ་རྣམ་གསུམ་ཞེས་སྒྲུབ་ཐབས་བཀའ་རྒྱ་མ་རྩ་གསུམ་གྱི་སྒྲུབ་ཐབས་ཡི་གེ་ལག་ལེན་དང་བཅས་པ། རྫོགས་རིམ་བཀའ་རྒྱ་མ་རིམ་གཅིག་ཅར་གཉིས་མེད་ཀྱི་ཁྲིད་ཡིག་ཞལ་གདམས་དང་བཅས་པ། ལུང་བསྟན་བཀའ་རྒྱ་མ་སྤྱི་བྱེ་བྲག་ཁྱད་པར་གྱི་ལུང་བསྟན་དང་བཅས་པ་སྤྱན་དྲངས་ཤིང་། ཕྱི་མ་ཕྱི་མའི་གཏེར་ཚབ་ཏུ་སྔ་མ་སྔ་མའི་ཤོག་སེར་རྣམས་བཅུག་དགོས་པ་ལུང་གསལ་ལྟར་མཛད། གཞན་ཡང་ཙ་རི་དང་ཀོང་པོ་སོགས་སུ་བྱོན་ནས་ཟབ་གཏེར་བཞེས་པ། སྒྲུབ་པ་མཛད་པ། པདྨ་ལས་འབྲེལ་རྩལ་གྱི་ཟབ་ཆོས་ཀྱི་བདག་པོ་གནང་བ། གཞན་དོན་ཕྲིན་ལས་སྐྱོང་བ་སོགས་རྒྱ་ཆེར་གནང་ཞིང་། དགུང་ལོ་བརྒྱད་ཅུའི་བར་དུ་བཞུགས་པ་སོགས་སྐུ་ཚེ་ཕྲིན་ལས་མཐར་ཕྱིན། དེའི་རྣམ་འཕྲུལ་རིམ་པར་སྤྲུལ་སྐུ་གཞོན་ནུ་ལྷུན་གྲུབ་སྔོན་གྱི་དབོན་རྒྱུད་དུ་འཁྲུངས་ཤིང་ཟབ་གཏེར་ཀྱང་བཞེས་མོད། གཞོན་ནུ་ནས་སྐུ་གཤེགས། དེའི་སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང་། དེའི་སྤྲུལ་སྐུ་ཆོས་དབང་ལྷུན་གྲུབ་ཀྱི་བར་གཙོ་བོར་རྙིང་མ་མཛད། དེའི་སྤྲུལ་སྐུ་སྐྱེས་ཆེན་གཙུག་ལག་ཕྲེང་བ་ནས་བཟུང་། ད་ལྟ་མཆོག་གི་སྤྲུལ་པའི་སྐུ་དགུ་པ་གཙུག་ལག་ཉི་མའི་བར་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་བསྟན་འཛིན་འགྲན་ཟླ་དང་བྲལ་བར་གྱུར་ཏོ། །འདིའི་ཟབ་གཏེར་སྐོར་སྔར་འགྲོ་དོན་རྒྱ་ཆེར་བྱུང་བར་གསལ་ནའང་ད་ལྟ་ནི་ནཱ་ག་རཀྴའི་སྐོར་གྱི་དབང་ལུང་ལག་ལེན་བཅས་བཞུགས་པ་དང་། ཚེ་སྒྲུབ་འོད་ཀྱི་བུམ་པ་དང་རས་ཆེན་དཔལ་འབྱོར་བཟང་པོའི་མདའ་འཕེལ་མ་གཉིས་ཚིག་དོན་ཞུ་དག་ཕེར་བ་མ་ཟད་རས་ཆེན་པས་སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང་ལ་རིན་ཆེན་གླིང་པའི་གཏེར་ཁ་རྣམས་གསན་པས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུ་གྱུར་པ་དངོས་སུ་ཐོབ་ནས་རིང་ཞིག་འདས་པ་ན། རྫོགས་ཆེན་གཅིག་ཆོད་ཀུན་གྲོལ་གྱི་ལུང་བསྟན་ལས་ཤིན་ཏུ་གསལ་བ་ལྟར་རྗེ་བླ་མ་མདོ་སྔགས་གླིང་པའི་ཕྱག་ཏུ་དཔེ་རྒྱུན་ཕེབས། གཏེར་སྟོན་ཆེན་པོས་སྨིན་གྲོལ་བསྩལ་ཞིང་སྒྲུབ་ཐབས་སྐོར་ལྔའི་བླ་སྒྲུབ་དང་ཐུགས་རྗེ་ཆེན་པོའང་ཡང་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་སྟེ་བདག་ཅག་རྣམས་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པ་ཡིན་ནོ། ༈ །ཡང་། ཡར་ལུང་མཐིལ་ནས་རྣམ་སྨིན་སྤྱོད་རྒྱལ་འབྱུང༔ ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟ༔ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང༔ ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་སྤྲུལ་སྐུ་ཨོ་རྒྱན་གླིང་པ་ནི། ལྷ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་བ་བདུན་པ། གཡོ་རུ་གྲྭ་ནང་གི་ཡར་རྗེ་ཞེས་པར་ཆུ་མོ་ཕག་གི་ལོ་ལ་སྔགས་རྒྱུད་ཁྱད་པར་ཅན་དུ་སྐུ་འཁྲུངས། རྟེན་སྔགས་བཙུན། མཐུ་དང་སྨན་རྩིས་སོགས་ལ་མཁས་པར་སྦྱངས། དགུང་ལོ་ཉེར་གསུམ་པར་བསམ་ཡས་མཆོད་རྟེན་དམར་པོ་ནས་གཏེར་གྱི་ཁ་བྱང་བཞེས་ཏེ་ཡར་ལུང་ཤེལ་བྲག་གི་རྒྱབ་ཕྱོགས་བྲག་པདྨ་བརྩེགས་པའི་ཤེལ་ཕུག་ངོ་མཚར་ཅན། ཨོ་རྒྱན་ཆེན་པོས་བདུད་རྩི་སྨན་སྒྲུབ་གནང་བའི་གནས། ཞི་ཁྲོའི་ལྷ་ཚོགས་རང་བྱུང་དུ་བཞུགས་པའི་སྒོ་སྲུང་ཁྱབ་འཇུག་ཆེན་པོའི་དབུ་གོང་མ་རྣམས་ནས་བསྐྱེད་རིམ་བླ་མ་བསྟན་གཉིས་སྐོར་གསུམ་ཞི་དྲག །ཐུགས་རྗེ་ཆེན་པོ་པདྨ་སྙིང་ཐིག །རྫོགས་ཆེན་ཚེ་སྒྲུབ། ཨ་ཏི་སྤྱི་ཏི་ཡང་ཏི་ལ་སོགས་རྫོགས་པ་ཆེན་པོའི་སྐོར་ཏེ་བླ་རྫོགས་ཐུགས་གསུམ། རྩ་བའི་དབུ་གསུམ་གྱི་ནང་ནས་ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཆེན་མོ་ཆོས་ཚན་བརྒྱ་དང་སུམ་ཅུ་སོ་གཉིས། མགྲིན་པ་ནས་ཞི་ཁྲོ་བཀའ་འདུས། མཁའ་འགྲོ་ཁྲོས་ནག །མགོན་པོ་མ་ནིང་གི་སྐོར། ཐུགས་ཀ་ནས་པདྨ་བཀའ་ཡི་ཐང་ཡིག་ཆེན་མོ། སྨད་སྦྲུལ་མཇུག་གི་ནང་ནས་ཡེ་ཤེས་མགོན་པོ་ལྷ་མང་གི་རྒྱུད་སྒྲུབ་ཐབས་ལས་ཚོགས། སྨན་དཔྱད། བསྟན་པ་སྲུང་བའི་གདམས་ཟབ། ཕྱག་དང་སྦྲུལ་མཇུག་ལྷག་མ་རྣམས་ནས་ཕན་གནོད་ཀྱི་ལས་ཐབས་དང་། བཟོ་རིག་པ་ཏྲ་སོགས་མཐའ་ཡས་པ་སྤྱན་དྲངས་པས་ཟབ་གཏེར་གྱི་མཛོད་ཆེན་པོ་བརྡོལ། གཞན་ཡང་གྲའི་གཡུ་གོང་བྲག་ནས་གསང་སྔགས་ལམ་རིམ་ཆེན་མོ། པདྨའི་རྣམ་ཐར་ཆུང་བ། ཞི་བྱེད་བཀའ་ཆེམས་དོན་གསལ། རྟེན་འབྲེལ་ཡང་སྙིང་འདུས་པ་སོགས་དང་། བསམ་ཡས་ཀྱི་གཏེར་གནས་ཐ་དད་པ་སོགས་ནས་བཀའ་ཐང་སྡེ་ལྔ། ཟུར་མཁར་རྡོའི་མཆོད་རྟེན་ནས་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག །དཔལ་མགོན་སྟག་ཞོན། འོན་ཕུ་སྟག་ཚང་ནས་གུ་རུ་དྲག་པོ་དང་བསྟན་སྲུང་སྐོར། གྲ་ཕྱི་བྲག་པོ་ཆེ་ནས་གཤིན་རྗེ་ཚེ་བདག་གི་སྐོར་སོགས་གཏེར་ཆོས་པུསྟི་བརྒྱ་ལྷག་ཡོད་ཚུལ་དང་། བཀའ་འདུས་ཁོ་ན་ལའང་པུ་སྟི་སུམ་ཅུ་སོ་གྲངས་ཡོད་པར་གསུངས་ཀྱང་ཤོག་སེར་ལས་འབེབས་མ་ཐུབ་པར་ཡང་གཏེར་དུ་སྦས་པར་གྲགས། སྐུ་ཚབ་དམ་རྫས་ནོར་གཏེར་སོགས་མཐའ་ཡས་པས་མཚོན་མདོར་ན་གཏེར་ཁ་ཆེན་པོ་ཉེར་བརྒྱད་རྗེས་འབྲེལ་དང་བཅས་པ་སྤྱན་དྲངས་ནའང་། ཁྲ་འབྲུག་བྱམས་སྟོད་དུ་ཐོག་མའི་ཆོས་སྒོ་ཞལ་ཕྱེ་ནས་བཀའ་འདུས་ཀྱི་དབང་སྒྲུབ་ཆེན་མོ་མཛད་སྐབས་ལུང་བསྟན་གྱི་ཚིག་ཟུར་ལ་བརྟེན། སྣེའུ་གདོང་རྩེ་ནས་ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་ཞབས་འདྲེན་དྲག་ཏུ་ཞུས་པའི་རྐྱེན་གྱིས་རྟེན་འབྲེལ་འཕྲོ་ཅན་དུ་གྱུར། གཏེར་སྟོན་ཡང་ཨེ་དང་དྭགས་པོ་ཕྱོགས་སུ་བྲོས་སྟབས་ཀྱིས་ཕེབས་ཏེ་རིང་མིན་ཨེའི་འདབས་བློ་ཆུང་བྱ་བར་སྐུ་གཤེགས། སྐུ་གདུང་དྭགས་པོར་སྤྱན་དྲངས་ཏེ་ཞབས་རྗེས་དགོན་པར་རིལ་པོར་བཞུགས་པ་ཉིད་ཕྱིས་སྐུ་རབས་སྡེ་པས་སྐྱེ་བདུན་མྱོང་གྲོལ་དུ་གྲགས་པ་ཐོས་ནས་སྐུ་པུར་ཅུང་ཟད་ཞུས་ཤིང་མྱོངས་པས་སྡེ་པ་ཉམས་འབར་ཏེ་ས་ལ་ཁྲུ་གང་ཙམ་གྱིས་མི་་་་་རེག་པར་བྱུང་བའི་ངོ་མཚར་ཅན་ད་ལྟ་ཡར་ལུང་རྩེ་ཚོགས་པར་གདུང་རྟེན་རྙིང་པའི་ནང་དུ་ཕལ་ཆེར་མ་ཉམས་པར་བཞུགས། གདུང་རྒྱུད་གྲབ་གཙང་ཁ་སོགས་སུ་ཡོད་པར་འདུག་སྟེ་བསྟན་པ་ལ་བྱ་བ་མཛད་ཚུལ་མི་གསལ་ཡང་ཐམས་ཅད་གྲུབ་པའི་རྟགས་མཚན་ཅི་རིགས་སྟོན་ནུས་པའི་རིག་འཛིན་གྱི་གདུང་རྒྱུད་ངོ་མཚར་ཅན་བྱོན་པར་སྣང་། གཏེར་ཆོས་སྐོར་ལས་ཡེ་ཤེས་འོད་མཆོག །གུར་དྲག །ཚེ་སྒྲུབ། སྟག་ཞོན་སྐོར་ཙམ་རིག་འཛིན་གཏེར་བདག་གླིང་པའི་བར་དབང་ལུང་གི་རྒྱུན་བཞུགས་པར་གསལ་ཡང་དེང་སང་བཞུགས་པར་མ་མཐོང་། པདྨ་བཀའ་ཐང་ཤེལ་བྲག་མ་དང་། སྡེ་ལྔ། རྟེན་འབྲེལ་ཡང་སྙིང་འདུས་པ་རྣམས་ལུང་རྒྱུན་བཞུགས་པ་ཁོ་བོས་ཀྱང་ཐོས། ཁྱད་པར་ཨོ་རྒྱན་གླིང་པ་རང་གི་གཏེར་ལུང་ལས་ཀྱང་གསལ་བ་ལྟར་རྗེ་བླ་མ་མདོ་སྔགས་གླིང་པའི་ཕྱག་ཏུ་བཀའ་འདུས་ཆེན་མོའི་སྙིང་པོ་མདོར་བསྡུས་སྐོར་གྱི་ཕྱག་དཔེ་དཔེ་རྙིང་དངོས་སུ་བབས་པ་དང་། འགའ་རེ་མཁའ་འགྲོ་བརྡའ་ཡི་ཡི་གེར་སྣང་བ་ལས་གཏན་ལ་ཕབ་སྟེ་བདག་ཅག་སོགས་ལའང་སྨིན་གྲོལ་གཅིག་རྫོགས་སུ་བསྩལ་པའི་སྐལ་བཟང་ནོས་ཤིང་། ཁོ་བོས་ཀྱང་བསྙེན་སྒྲུབ་དང་ཡིག་ཆ་ཉེར་མཁོའི་ཞབས་ཏོག་བཅས་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་ནས་ཕྲིན་ལས་ཅུང་ཟད་སྤེལ་བ་སྟེ། དེའང་བླ་སྒྲུབ་དང་བཀའ་བརྒྱད་ཙམ་ལ་བཀའ་འདུས་ཀྱི་མིང་གིས་བཏགས་པ་མ་ཡིན་པ་རྣམ་ཐར་ཆེན་མོ་སོགས་ལས་གསལ་བ་ལྟར་བཀའ་འདུས་ཚོམ་བུ་ཉེར་གཅིག་སྒྲ་ཇི་བཞིན་པ་བསྟན་པས་ཤིན་ཏུ་ཡིད་ཆེས་ཤིང་ངོ་མཚར་བའི་གནས་སུ་གྲུབ་བོ། །གཞན་ཡང་རྗེ་བླ་མས་རྒྱ་ལོ་ཙཱའི་བླ་མ་བསྟན་གཉིས་སྐོར་གསུམ་ཡང་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་པའང་ཨོ་རྒྱན་གླིང་པའི་ཟབ་གཏེར་དང་ཚིག་རྒྱས་བསྡུས་ཙམ་ལས་དོན་གཅིག་པས་བརྒྱུད་པའི་ཆུ་བོ་གཅིག་འདྲེས་སུ་བགྲང་དུ་རུང་ལ། བཀའ་འདུས་ཀྱི་ཆོས་སྡེ་ཉིན་མཚན་རྒྱུན་གྱི་རྣལ་འབྱོར་ཀྱང་སྣང་བར་མཛད་པ་བླ་རྫོགས་ཐུགས་གསུམ་གྱི་སྙིང་པོར་སྣང་བས་དེས་ནི་བསྟན་པའི་མེ་རོ་གསོ་བར་མཛད་པ་ཡིན་ནོ། ༈ །ཡང་། ས་ཧོར་དུར་ས་དབུས་གཙང་ཀུན་ལ་འབེབས༔ མཆོད་རྟེན་འོག་ནས་ཐོད་པ་ཁྱི་ཡིས་གཡེང༔ བསམ་ཡས་མཆིམས་ཕུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་དྲི་མེད་འོད་ཟེར་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་དྲི་མེད་འོད་ཟེར་ནི། དོན་དམ་པར་སློབ་དཔོན་བི་མ་ལའི་སྙིང་ཏིག་གི་བསྟན་པ་ཡིད་དཔྱོད་དང་འདྲེས་པའི་སྐབས་ལོ་བརྒྱ་བརྒྱ་ན་བི་མ་ལའི་སྤྲུལ་པ་རེ་འབྱོན་པར་གསུངས་པ་དང་། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། དེ་རྗེས་བློ་གྲོས་མཆོག་གིས་འཛིན། །ཞེས་གསལ་བར་ལུང་བསྟན་པ་ལྟར་པཎ་ཆེན་དྲི་མེད་བཤེས་གཉེན་གྱི་རྣམ་འཕྲུལ་དུ་གྲུབ་ནའང་དགོས་པའི་དབང་གིས་རྒྱལ་པོའི་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་སྤྲུལ་པའི་སྐུ་པདྨ་ལས་འབྲེལ་རྩལ་གྱི་གཏེར་ལུང་དུ། དེ་རྗེས་ལོངས་སྐུའི་ཞིང་ཁམས་དར་གཅིག་ཉུལ་བར་གསུངས་པ་ཀུན་མཁྱེན་ཆེན་པོ་འདི་ཉིད་དུ་ངེས་པས། དེས་ན་ལས་འབྲེལ་གྱི་སྐྱེ་བ་དེ་མ་ཐག་པའོ། །འཁྲུངས་ཡུལ་གཡོ་རུ་གྲ་ནང་གི་སའི་ཐིག་ལེ་སྟོད་གྲོང་དུ་ངན་ལམ་བཙན་པོ་འོད་ཀྱི་དཀྱིལ་འཁོར་ཅན་ཞེས་བྱ་བ་སློབ་དཔོན་རྒྱལ་བ་མཆོག་དབྱངས་དང་རུས་གཅིག་པའི་གདུང་རབས་ཉེར་ལྔ་པ། མེས་པོ་ལྷ་སྲུང་ཞེས་བདུད་རྩིའི་བཅུད་ལེན་གྲུབ་པ་དེའི་སྲས་སློབ་དཔོན་བསྟན་སྲུང་ཞེས་རིག་པའི་གནས་དང་སྔགས་ཀྱི་རྣལ་འབྱོར་ལ་རང་བྱན་ཆུད་པ་དེས། ཡུམ་འབྲོམ་བཟའ་མ་བསོད་ནམས་རྒྱན་མ་བདག་གིར་བཞེས་པའི་སྲས་སུ་སྐྱེ་བའི་མྱུ་གུ་བཟུང་། རབ་བྱུང་ལྔ་པའི་ཕུར་བུ་ས་སྤྲེལ་དབོ་ཟླ་བའི་ཚེས་བཅུར། ཞིང་གི་ཉེ་ལོགས་ན་ཁ་ཞིག་ཏུ་སྐུ་འཁྲུངས། གསུང་བྱེ་བ་ཙམ་ནས་སྐྱེས་བུ་དམ་པའི་རིགས་གསལ་བར་སད། ལོ་ལྔ་ནས་འབྲི་ཀློག་བརྡའ་བསྟན་པ་ཙམ་གྱིས་མཁྱེན། ལོ་བདུན་པ་ནས་ཡབ་ལ་མངའ་བདག་པའི་བླ་མ་ཞི་དྲག །བཀའ་བརྒྱད་བདེ་འདུས་སོགས་ཀྱི་དབང་ལུང་མན་ངག་ཕྱག་བཞེས་བཅས་པ་དང་། སྨན་རྩིས་སོགས་ཀྱང་གསན་ཅིང་ཀུན་ཆུབ་པར་མཛད། བཅུ་གཉིས་པ་ལ་བསམ་ཡས་སུ་མཁན་པོ་བསམ་འགྲུབ་རིན་ཆེན་དང་སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་བའི་མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ། འདུལ་བ་ལ་སྦྱངས་ཤིང་བཤད་གསར་མཛད་པས་མཁས་པའི་སྙན་གྲགས་ཐོབ། བཅུ་དགུ་པ་ལ་གསང་ཕུ་ནེའུ་ཐོག་ཏུ་སློབ་དཔོན་བཙན་དགོན་པ་དང་ཁྱད་པར་བླ་བྲང་པ་ཆོས་དཔལ་རྒྱལ་མཚན་དང་གཞོན་ནུ་རིན་ཆེན་གཉིས་ལས་ཕར་ཚད་ཀྱི་གཞུང་འགྲེལ་གསན་ཅིང་མཐའ་དག་བྱང་ཆུབ། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུ་མ་རྩ་འཇུག་སོགས་དང་། དཔང་ལོ་ཆེན་པོ་ལས་མངོན་པ་གོང་འོག་དང་ཏིང་ངེ་འཛིན་རྒྱལ་པོ་སོགས་ཟབ་མོ་མདོ་ལྔའི་བཤད་པ། སྙན་ངག་སོགས་ཐ་སྙད་ཀྱི་གཙུག་ལག་རྣམས་གསན་ཅིང་ཁོང་དུ་ཆུད་ནས་ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲ་སྐོར་མཛད་པས་སྤོབས་པ་བསམ་གྱིས་མི་ཁྱབ་པས་བསམ་ཡས་པ་ལུང་མང་པོ་ཞེས་སྙན་པར་གྲགས། དེ་དག་གི་སྔ་ཕྱི་ཅི་རིགས་པར་འབྲས་སྤུངས་དན་འབག་གི་ཆོས་གྲྭར་སློབ་དཔོན་གཞོན་ནུ་དོན་གྲུབ་ལས་མདོ་སྒྱུ་སེམས་གསུམ། གསང་འདུས་སྤྱོད་རྒྱུད་སོགས་ཀྱི་དབང་ཁྲིད་བཤད་བཀའ། སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་བདེ་མཆོག །ལམ་འབྲས་སྦྱོར་དྲུག་ཞི་བྱེད། རྫོགས་ཆེན་སེམས་ཕྱོགས་སྐོར། གཞོན་ནུ་རྡོ་རྗེ་ལས་བཀའ་གདམས་སྐོར། མཐིང་མ་བ་གྲགས་འོད་ལས་བཀའ་བརྒྱད་བདེ་འདུས་སོགས་ཟབ་གཏེར་གྱི་སྐོར་མང་པོ། གཞན་ཡང་རྒྱལ་དབང་རང་བྱུང་རྡོ་རྗེ། ས་སྐྱ་པ་བླ་མ་བསོད་ནམས་རྒྱལ་མཚན་སོགས་ཡོངས་འཛིན་ཉི་ཤུ་ལྷག་ཙམ་ལས་དུས་དེར་བོད་ཡུལ་དུ་གྲགས་པའི་མདོ་སྔགས་མན་ངག་དང་བཅས་པ་ཕལ་ཆེར་གསན་ཅིང་། རྩིས་སོགས་ཐ་སྙད་ཤེས་བྱའི་ཆོས་ཚུལ་མཐའ་དག་ལ་མཁས་པར་མཛད། མི་གཡོ་བ། དབྱངས་ཅན་མ། ཕག་མོ་དཀར་མོ་སོ་སོར་བསྒྲུབས་པས་བློ་གྲོས་ཀྱི་མཐུ་ཆེན་པོ་གྲུབ་པའི་ཚུལ་བསྟན། རྗེ་བཙུན་སྒྲོལ་མས་རྟག་ཏུ་བྱིན་གྱིས་བརླབས་ཤིང་དངོས་གྲུབ་སྩོལ་བའི་དབུགས་དབྱུང་ཐོབ། ཁྱད་པར་དགུང་ལོ་ཉེར་བདུན་པར་ཡི་དམ་ལྷས་ལུང་བསྟན་པ་ལྟར་རིག་འཛིན་ཆེན་པོ་ཀུ་མཱ་ར་ཛའི་སྤྱན་སྔར་བྱོན་ཏེ་སྙིང་ཐིག་ཆེན་མོའི་དབང་རྒྱུད་མན་ངག་མཐའ་དག་གཙོ་བོར་གྱུར་པའི་སྨིན་གྲོལ་གྱི་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་བཞེས་ཤིང་བྱ་བྲལ་ཀུན་སྤངས་པ་ཁོ་ནའི་ཚུལ་གྱིས་ལོ་བདུན་དུ་སྒྲུབ་པ་ཉམས་བཞེས་སྙིང་པོར་མཛད་པས་བླ་མ་དང་ལྷག་པའི་ལྷ་དུ་མས་བྱིན་གྱིས་བརླབས་ཤིང་རིག་པ་ཚད་ཕེབ་ཆེན་པོའི་ས་ལ་གཤེགས་ཏེ་ལོངས་སྐུའི་ཞིང་ཁམས་ཉུལ་བའི་ཚུལ་མཛད། ཤན་པ་སྲོག་སྒྲུབ་མས་གཏེར་དཔེ་དངོས་སུ་ཕུལ་ཅིང་ཨོ་རྒྱན་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པ་ལ་བརྟེན་མན་ངག་མཁའ་འགྲོ་སྙིང་ཐིག་གི་བཀའ་བབས། དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་སྙིང་ཐིག་རྣམ་གཉིས་ཀྱི་བཀའི་བསྡུ་བ་ཡང་ཏིག་གསུམ་གྱིས་གཏན་ལ་ཕབ་ཅིང་རྒྱབ་ཆོས་སུ་མཛོད་ཆེན་བདུན་དང་ཤིང་རྟ་རྣམ་གསུམ་སོགས་རྒྱ་ཆེར་བསྩལ་པས་གཙོ་བོར་ཟབ་མོ་དགོངས་པའི་གཏེར་ཞེས་གྲགས་པ་ཐམས་ཅད་ཀྱི་རྒྱལ་པོར་གྲུབ་པས་ན་བྱང་པ་བདག་པོས་ཀྱང་། དྲི་མེད་འོད་ཟེར་ཀུན་མཁྱེན་ཐུགས་གཏེར་མཛོད། །སྒོ་འཕར་འབྱེད་ལ་གཞན་གྱིས་འགྲན་ཟླ་བྲལ། །ཞེས་བསྔགས་པས་མཚོན་ནོ། །དེ་ལྟ་བུའི་རྫོགས་པ་ཆེན་པོ་མན་ངག་སྡེའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཅིང་སེང་གེའི་སྒྲ་ཆེན་པོ་བསྒྲགས་པས་གངས་ཅན་ལྗོངས་སུ་ཁྱབ་པར་མཛད་ཅིང་རྒྱུན་ད་ལྟའི་བར་དུ་མ་ཉམས་པས་བཀའ་དྲིན་བསམ་གྱིས་མི་ཁྱབ། མཐར་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ཆུ་མོ་ཡོས་ཀྱི་ལོ་རྒྱལ་ཟླ་བའི་བཅོ་བརྒྱད་ལ་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོར་རྟགས་དང་ཆོ་འཕྲུལ་མཐའ་ཡས་པ་འདུ་མཛད་དེ་མངོན་པར་བྱང་ཆུབ་པའི་ས་ལ་གཤེགས་སོ། །བྱེ་བྲག་ཏུ་གོང་གི་ལུང་བསྟན་གྱི་དོན་རང་ཉིད་རྟོགས་པ་མངོན་ཏུ་གྱུར་པས་ས་གཏེར་རྒྱ་ཆེར་བཞེས་པ་མ་མཛད་ནའང་བསམ་ཡས་མཆིམས་ཕུ་ནས་སྒྲོན་བཞིའི་འོད་གསལ་སོགས་ཤོག་དྲིལ་གསུམ་ཙམ་བཞེས་པ་གཏན་ལ་ཕབ་ནས་དེང་སང་སྐུའི་སྐྱེ་མཐའ་པདྨ་གླིང་པའི་ཀུན་བཟང་དགོངས་འདུས་ཀྱི་ཆོས་སྡེར་ཆོས་ཚན་ལྔ་བཞུགས་པ་འདི་ཡིན་ལ། དགོངས་གཏེར་ཡང་ཏིག་རྣམ་གསུམ་གྱི་སྨིན་གྲོལ་རྒྱ་བརྟེན་ཡོངས་སུ་རྫོགས་པ་དང་། མཛོད་བདུན་ངལ་གསོ་སྐོར་གསུམ། ཕྱོགས་བཅུ་མུན་སེལ་སོགས་ཀྱི་ལུང་དང་ཁྲིད་རྒྱུན་ཅི་རིགས། གསུང་ཐོར་བུའི་སྐོར་སོགས་དེང་སང་རྒྱུན་བཞུགས་སོ་ཅོག་འབད་པ་ཆེན་པོས་ཉན་ཅིང་། ཁྱད་པར་སྙིང་ཐིག་ཆེན་མོ་མ་བུའི་ཁྲིད་ཚུལ་ཀུན་མཁྱེན་གཉིས་པ་རྡོ་རྗེ་གཟི་བརྗིད་ཀྱི་ཞལ་སྔ་ནས་ཉམས་ཁྲིད་ཀྱི་ཚུལ་དུ་ཞུས་ཤིང་ཉམས་ལེན་གྱི་འབྲེལ་འཇོག་དང་ཁྲིད་ཡིག་འདུས་གསལ་དུ་སྤེལ། ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒོམ་གྲར་ཉམས་ལེན་ཁྲིགས་ཆགས་སུ་བཙུགས་པ་སོགས་ཕྱོགས་འདིའི་བསྟན་པ་ལའང་བྱ་བ་ཅུང་ཟད་བྱས་པ་ཡིན་ཅིང་། ཕྱིས་འདིར་རྗེ་བླ་མར་བཀའ་བབས་པའི་མན་ངག་མཁའ་འགྲོ་ཡང་ཏིག་གི་སྙིང་པོ་མཁའ་འགྲོའི་ཟབ་ཏིག་རིམ་པ་གསུམ་པ་ཟབ་འདྲིལ་ཁྱད་པར་ཅན་བཞུགས་པའང་སྐལ་པ་བཟང་པོའི་དཔྱིད་དུ་ཐོབ། ༈ ཡང་། མཛའ་བོ་ནང་འཇུག་ཚེར་མས་མཐའ་མི་འབོད༔ ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང༔ ཡུམ་བུ་བླ་སྒང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་རོག་རྗེ་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་རོག་རྗེ་གླིང་པ་ནི། ཐང་ཡིག་འགའ་ཞིག་ནས་ཆོས་རྗེ་གླིང་པ་དང་དབོན་རྗེ་གླིང་པ་ཞེས་པའང་འབྱུང་བར་མ་ཟད་རྗེ་རང་ཉིད་ཀྱིས་ཀྱང་ཞལ་གྱིས་བཞེས་པའི་དྭགས་པོ་ཆོས་རྗེ་གླིང་པ་ནི། རྒྱལ་སྲས་ལྷ་རྗེའི་གཏེར་སྟོན་སྐྱེ་བ་བཅུ་གཉིས་པ་སྟེ། རྗེ་ཟླ་འོད་གཞོན་ནུའི་གཅུང་ལྷ་རྗེ་སྙི་ཆུང་ནས་གདུང་རབས་བར་མ་ཆད་པར་བྱོན་པའི་རབས་བཅོ་ལྔ་པ་ཡབ་རྡོ་རྗེ་གྲགས་པའི་སྲས་སུ་དྭགས་པོ་ཀླུ་མཁར་གདོང་དུ་འཁྲུངས། མཚན་ཡོངས་གྲགས་ཆོས་རྗེ་འཛམ་གླིང་རྡོ་རྗེ་དང་བདེ་བའི་རྡོ་རྗེ་ཞེས་གྲགས། རྗེ་བཟང་པོ་རྡོ་རྗེས་ཞབས་དྲུང་རིན་ཆེན་རྡོ་རྗེའི་སྐྱེ་བར་བཞེད་ཀྱང་ཞྭ་དམར་ཡེ་ཤེས་སྙིང་པོས་རས་ཆུང་ཕུག་སྤྲུལ་པའི་སྐུ་འཆི་མེད་དབང་པོའི་སྐྱེ་བར་ངོས་བཟུང་ཞིང་། ཟླ་བའི་དབང་པོ་བསྟན་པའི་གསལ་བྱེད་ཅེས་མཚན་དང་དགུང་ལོ་དྲུག་པར་གདན་སར་ཕེབས། གནས་བརྟན་འཇམ་དབྱངས་གྲགས་པ་ལས་དགེ་ཚུལ་དང་དགའ་ལྡན་ཁྲི་ཆེན་བློ་བཟང་དར་རྒྱས་ལས་བསྙེན་པར་རྫོགས། མཚན་ངག་གི་དབང་པོ་བློ་བཟང་ཆོས་དབྱིངས་དཔལ་བཟང་པོར་གསོལ། མདོ་སྔགས་རྒྱ་བོད་ཀྱི་གཞུང་མང་པོ་ཐུགས་ལ་བཙུད་ཅིང་སྦྱངས་པ་སོགས་དགེ་བའི་བཤེས་གཉེན་ཆེན་པོར་གྱུར། རྟེན་གོང་མ་རྣམས་དབུ་རལ་ཅན་དུ་བཞུགས་པས་དགེ་སློང་གི་ཆས་ལ་རལ་པ་ཡོད་པས་དགེ་སློང་རལ་པ་ཅན་དུ་གྲགས་པ་ལྟར་སྐུ་ཚེའི་སྟོད་ལ་ཀུན་སྤྱོད་གཙང་ཞིང་འདུལ་བའི་ཕྱག་ལེན་སོགས་ཀྱང་ཞིབ་པར་གནང་། ཕྱིས་ཟབ་གཏེར་བཞེས་ནས་རིང་ཞིག་སོང་བའི་སྐུ་ཚེའི་མཇུག་ཏུ་སྒྲུབ་པ་མོ་ཨོ་རྒྱན་བུ་ཁྲིད་ཀྱི་སྐྱེ་བ་དེ་མ་ཐག་པ་བདེ་ཆེན་ཕྲིན་ལས་མཚོ་མོ་ཕྱག་རྒྱར་བཞེས་པ་ལ་འབྲུག་པ་རིན་པོ་ཆེའི་ཡང་སྲིད་བྱོན་པ་སོགས་ངོ་མཚར་ཅན་བྱུང་ཡང་ཡུན་རིང་མ་བཞུགས། གང་ལྟར་ཡང་དགུང་ལོ་ཉེར་ལྔའི་བར་གྲུབ་ཐོབ་གཙང་སྨྱོན་ཆེན་པོའི་གདན་ས་ཡར་ལུང་རས་ཆུང་ཕུག་ཏུ་བཞུགས་ཤིང་བྱང་ཆུབ་གླིང་པ་གོང་མ་ཡོན་ཏན་རྒྱ་མཚོ་དང་། དགེ་བཤེས་དོན་ལྡན་ཞབས་སོགས་ལས་རང་ལུགས་ཀྱི་དབང་ལུང་མན་ངག་ཕྱག་བཞེས་ཡོངས་སུ་རྫོགས་པ་དང་མདོ་རྒྱུད་ཀྱི་ཆོས་བཀའ་རིག་པའི་གནས་སོགས་གསན་བསམ་རྒྱ་ཆེར་མཛད་པས་མཚོན་ཐོས་པའི་ཕ་རོལ་ཏུ་སོན། སྔ་ཕྱིར་གནས་དེ་ཉིད་དུ་ཐུགས་སྦྱོང་དང་སྒྲུབ་པ་མཛད་པས་རྟོགས་པ་ཀློང་དུ་གྱུར་པའི་ཚུལ་བསྟན། རྒྱལ་དབང་ཡེ་ཤེས་རྡོ་རྗེ་དངོས་སུ་མ་མཇལ་ཡང་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ཕྱག་རྒྱ་ཆེན་པོའི་གནས་ལུགས་མངོན་སུམ་དུ་གཟིགས་པ་དང་། རིག་འཛིན་སྟག་ཤམ་རྡོ་རྗེ་ལས་ཉིད་ཀྱི་ཟབ་གཏེར་ཅི་རིགས་པའི་དབང་དང་ཡོངས་རྫོགས་ཀྱི་བཀའ་གཏད་གསན་ནས་རྫོགས་པ་ཆེན་པོའི་རྟོགས་པ་ཀློང་དུ་གྱུར་པས་འདི་གཉིས་ལ་རྩ་བའི་བླ་མར་མཛད། བྱེ་བྲག་ཏུ་ཟབ་མོ་གཏེར་གྱི་བཀའ་བབས་ཚུལ་ནི། སྟག་མོ་གཏེར་སྟོན་དབོན་གསས་ཁྱུང་ཐོག་ཏུ་གྲགས་པས་ལུང་བསྟན་དང་ཁ་བྱང་ཕུལ་བར་མ་ཟད། མོན་ཕྱོགས་སུ་ཕེབས་སྐབས་རྟགས་མཚན་གསལ་བས་བླ་མ་སྐུ་བཞིའི་སྒྲུབ་ཐབས། ཡུམ་བུ་བླ་སྒང་དང་སྲོང་བཙན་བང་སོ་སོགས་ཀྱི་ཁ་བྱང་། འུ་ཤང་རྡོ་ནས་ཀྱང་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པ་བཞིན་ཡུམ་བུ་བླ་སྒང་དང་སྲོང་བཙན་བང་སོ་དམར་པོ་ནས་ཟབ་གཏེར་ཅི་རིགས་བཞེས་ཀྱང་གཏན་ལ་འབེབས་པ་སོགས་ཐུགས་རྩོལ་ཆེར་མ་གནང་ཞིང་ཕལ་ཆེར་ཡང་གཏེར་དུ་རྒྱས་བཏབ།སླར་ཡང་ཟབ་གཏེར་གྱི་འགྲོ་དོན་དུས་ལ་བབས་པར་དགོངས་ནས་དགུང་ལོ་ཉེར་ལྔ་པར་གདན་ས་སྤྲུལ་པའི་སྐུར་རྩིས་འབུལ་གནང་། རང་ཉིད་ཀུན་སྤོང་གི་སྤྱོད་པས་དཔལ་ཙ་རི་ཏྲ་སོགས་སུ་ཕེབས་ཤིང་ཐུགས་དམ་ཉམས་བཞེས་ལྷུར་བླངས་པ་ན། ཡང་བསྐྱར་ཁ་བྱང་ལུང་བསྟན་ཇེ་ཆེར་གསལ་བ་ལྟར་ཟག་མེད་འཇའ་ཚོན་ཕུག་པ་ནས་འཆི་མེད་རྩ་གསུམ་དྲིལ་སྒྲུབ་དང་ཚེ་ཆུ་ངོ་མཚར་ཅན་སོགས་སྤྱན་དྲངས། རིམ་པར་ཁ་རག་མགོ་དགུའི་དུག་མཚོ་ནས་ཡང་ཕུར་གཉིས། སྤུ་བོ་བྱ་རྒོད་གཤོང་ནས་བླ་སྒྲུབ་ཟབ་ལམ་ཐུགས་ཀྱི་ནོར་བུ། རྨ་ཀུང་ལུང་གི་མཚོ་ནས་བླ་མ་རིག་འཛིན། འདོང་ཆུ་ལྷ་ཁང་ནས་ཐུགས་རྗེ་ཆེན་པོ་ས་སྙིང་དང་ཛཾ་དམར་སྐོར། གཞན་ཡང་། གྲོ་ལོད། གཏུམ་པོ་སེང་སྒྲོག །ཁྲོས་ནག་སོགས་གཏེར་དུ་བཞེས་ཤིང་ཕལ་ཆེར་གཏན་ལ་ཕབ། དག་སྣང་གི་སྐོར་དང་སྒྲུབ་ཐབས་པདྨ་རཱ་གའི་ཕྲེང་བ་སོགས་བཀའ་འབུམ་བཅས་དེང་སང་གི་བར་ཕལ་ཆེར་ལུང་རྒྱུན་བཞུགས་པ་ཁོ་བོས་ཀྱང་ནོས། ཀོང་ཡུལ་མེ་ཏོག་སླས་སྟེང་དུ་ལོ་གསུམ་གྱིས་མཚོན་ཐུགས་དམ་བསྙེན་སྒྲུབ་དང་འགྲོ་དོན་ཕྲིན་ལས་ཀྱང་རྒྱས། ཆོས་བདག་ཞལ་སློབ་ཀྱི་གཙོ་བོ་རྒྱལ་དབང་བྱང་ཆུབ་རྡོ་རྗེ། ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་གྲུབ། ཏྲེའོ་ཆོས་ཀྱི་དབང་པོ། འབྲི་གུང་དཀོན་མཆོག་ཕྲིན་ལས་བཟང་པོ། དྭགས་པོ་ཞབས་དྲུང་སྤྲུལ་པའི་སྐུ་ལྷུན་གྲུབ་ངེས་དོན་དབང་པོ། འབྲུག་ཐམས་ཅད་མཁྱེན་པ་དཔག་བསམ་དབང་པོ་སོགས་བླ་ཆེན་དང་། རྩུབ་རི་གྲུབ་ཆེན། ལྷོ་བ་གྲུབ་ཆེན། ནང་ཐུགས་ཀྱི་སྲས་གཅིག་པུ་རྭ་སྟོན་སྟོབས་ལྡན་རྡོ་རྗེ་སོགས་མང་དུ་བྱོན་ཅིང་། རིག་འཛིན་པདྨ་ཕྲིན་ལས་དང་སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་སོགས་ལའང་ཆོས་འབྲེལ་ཙམ་བྱུང་བར་སྣང་། མཐར་ཇུན་གར་བྱུང་སྐབས་སྦས་ཡུལ་ཆེན་པོ་པདྨ་བཀོད་པར་གནས་སྒོ་འབྱེད་པའི་ཐུགས་བཞེད་ཀྱིས་ཞབས་བསྐྱོད་ནས་གནས་མཐིལ་ཙམ་དུ་ཕེབས། རིང་མིན་དགུང་གྲངས་བཞི་བཅུ་རྩ་བཞིའི་དབོ་ཟླ་བར་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས། སྤྲུལ་པའི་སྐུ་ཀོང་པོ་དགའ་ཆགས་སྡེ་པར་འཁྲུངས་པའི་འཇིག་རྟེན་དབང་ཕྱུག་སོགས་ཡོངས་གྲགས་དང་། སྦས་ཚུལ་ཅི་རིགས་ད་ལྟའི་བར་དུ་བྱུང་བར་མངོན་ནོ། །རྗེ་འདིའི་རྣམ་ཐར་རྒྱས་པ་རྗེ་ཉིད་ཀྱིས་འཆར་གཞི་རྒྱས་པར་བཀོད་པ་དང་། ལམ་ཡིག་ལེའུ་ཚན། སྒམ་པོ་པ་བཟང་པོ་རྡོ་རྗེའི་འདས་བྱུང་གི་རྣམ་ཐར་སོགས་ལས་ཞིབ་པར་གསལ་བས་འདིར་ས་བོན་ཙམ་བཀོད་པ་ཡིན་ནོ། ༈ །ཡང་། ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང༔ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་གཏེར་བདག་གླིང་པའམ། པདྨ་གར་དབང་འགྱུར་མེད་རྡོ་རྗེ་ནི། ལོ་ཆེན་བཻ་རོ་ཙ་ནའི་གསུང་གི་རྣམ་པར་འཕྲུལ་པ། དབུས་གཡོ་རུ་གྲྭ་ནང་དར་རྒྱས་ཆོས་སྡིངས་སུ་མཐིང་མ་མྱོས་ཀྱི་རིགས་ལས་ཡབ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཉི་མ་ཆེན་པོ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་དང་། ཡུམ་ཤེལ་དཀར་རྡོ་རྗེ་འཚོའི་སྐྱེ་བ་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་སྲས་སུ་ཤིང་ཕོ་ཁྱིའི་ལོར་མཚན་དཔེའི་པདྨོ་བཞད། ཆུང་ངུ་ནས་དམ་པའི་རིགས་སད་པའི་ངོ་མཚར་བསམ་གྱིས་མི་ཁྱབ། ལྔ་པ་ཆེན་པོར་གཙུག་ཕུད་ཕུལ་བའི་མཚན་ངག་དབང་པདྨ་བསྟན་འཛིན་ཞེས་པ་གསོལ། ཕྱི་མཐར་གཟིགས་པའི་རྟེན་འབྲེལ་དགེ་བའི་དབུགས་དབྱུང་ལྷག་པར་བསྩལ། ཡབ་རྗེ་དམ་པ་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། ཉིད་ལ་མངའ་བའི་ཟབ་ཆོས་ཕལ་ཆེར་བུམ་པ་གང་བྱོར་བསྩལ། གཞན་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། རྒྱལ་དབང་ལྔ་པ་རིན་པོ་ཆེ་གཙོས་གསར་རྙིང་གི་ཡོངས་འཛིན་སུམ་ཅུ་ལྷག་པ་ལས་ཆོས་བཀའ་གསན་བཞེས་མཐའ་ཡས་པ་གསན་ཡིག་གླེགས་བམ་གཉིས་སུ་འབྱུང་བ་ལྟར་དང་། བསམ་ཡས་མཆིམས་ཕུ་དང་རང་གི་གདན་སས་མཚོན་སྒྲུབ་གནས་རྣམས་སུ་ཐུགས་དམ་ཉམས་བཞེས་མཛད་པས་དབང་བཞིའི་རྟོགས་པ་གོང་དུ་འཕེལ་བའི་ཚུལ་བསྟན་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། མཐའ་ཡས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་གངས་རིའི་ཁྲོད་ཀྱི་པདྨ་འོད་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས་པ་ལ་བརྟེན་ནས་སྔ་འགྱུར་བཤད་སྒྲུབ་ཀྱི་ཆུ་འགོ་གཅིག་པུར་གྱུར། བྱེ་བྲག་ཟབ་གཏེར་གྱི་བཀའ་བབས་ཚུལ་ནི། དགུང་ལོ་བཅོ་བརྒྱད་པར་གཏེར་ཁ་ཐམས་ཅད་ཀྱི་ཐོག་མ་བྲག་དམར་གཡའ་མ་ལུང་ནས་བླ་མ་རིག་འཛིན་ཐུགས་ཏིག་གི་ཆོས་དང་དམ་རྫས་གེགས་མེད་པར་ཕྱག་ཏུ་སོན་པ་ནས་བཟུང་རིམ་པར་ངམ་ཤོད་བྱིང་མདའི་ཨོ་དཀར་བྲག་ནས་སློབ་དཔོན་རྣམ་གསུམ་གྱི་སྙིང་ཐིག་རྫོགས་ཆེན་ཨ་ཏི་ཟབ་དོན། རྡོར་སེམས་ཐུགས་ཀྱི་སྒྲུབ་པ། གུ་རུ་དྲག་དམར་སྐོར་དང་གསུམ། ཡར་ལུང་ཤེལ་བྲག་གི་བྱང་འདབས་བྲག་རྒྱལ་མཚན་འདྲ་བར་མཁའ་ལྡིང་རྒྱལ་པོའི་བརྟུལ་ཞུགས་ཀྱིས་གཤེགས་ཏེ་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་སྐོར། ཁྱད་པར་མོན་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་དང་དམ་རྫས་རྟེན་གྱི་གཏེར་ཁ་ཁྲོམ་གཏེར་དུ་སྤྱན་དྲངས། དེ་རྣམས་ཀྱི་གཏེར་སྒྲུབ་ཚུལ་བཞིན་མཛད་པས་ཨོ་རྒྱན་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བ་སོགས་དག་པའི་གཟིགས་སྣང་བསམ་གྱིས་མི་ཁྱབ་པ་བྱུང་བས་བཀའ་རྒྱ་གྲོལ་བ་དང་བསྟུན་སྨིན་གྲོལ་འཆད་སྤེལ་འབྱམས་ཀླས་པ་དང་ཆོག་བསྒྲིག་མང་དུ་གནང་ནས་ཟབ་གཏེར་ཕྲིན་ལས་ལྷག་པར་སྤེལ་་་་་བས། ཆོས་བདག་སློབ་མའི་ཚོགས་ཀྱང་། རྒྱལ་དབང་ལྔ་པ་རིན་པོ་ཆེ། རིག་འཛིན་པདྨ་ཕྲིན་ལས། ས་སྐྱ་ཁྲི་ཆེན་ཀུན་དགའ་བཀྲ་ཤིས་དང་རྩེ་གདོང་ཞབས་དྲུང་ཁུ་དབོན་སོགས་གདན་ས་གོང་འོག་གི་སྐྱེས་ཆེན་དེ་དག །ཀཾ་ཚང་གི་བསྟན་འཛིན་ཆེན་པོ་རྒྱལ་ཚབ་དང་ཏྲེ་ཧོ་མཆོག་སྤྲུལ། འབྲི་གུང་དཀོན་མཆོག་ཕྲིན་ལས་བཟང་པོ། སྟག་ལུང་པ་བསྟན་འཛིན་སྲིད་ཞི་རྣམ་རྒྱལ། འབྲུག་པ་ཐམས་ཅད་མཁྱེན་པ། སྒམ་པོ་མཆོག་སྤྲུལ་དང་གདུང་རྒྱུད། ཆབ་མདོ་རྒྱལ་བ་འཕགས་པ་ལྷ་དང་། ངག་དབང་མཆོག་གི་སྤྲུལ་སྐུ་སོགས་གངས་ཅན་ན་ཡོངས་སུ་གྲགས་པའི་བླ་ཆེན་ཕལ་མོ་ཆེ་དང་། ཁམས་ཕྱོགས་ནས་ཀྱང་མདོ་ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན། ཏཱ་བླ་གོང་འོག །ཀཿཐོག་རྒྱལ་སྲས། རྫོགས་ཆེན་གཉིས་པས་མཚོན་རྙིང་ཕྱོགས་ཀྱི་བསྟན་འཛིན་ཕལ་མོ་ཆེས་ཞབས་ལ་མ་བཏུད་པ་མེད། ལྷག་པར་ཉིད་ཀྱི་གཅེན་རྒྱལ་སྲས་བསྟན་པའི་ཉི་མས་ཀྱང་ཆོས་འབྲེལ་སྣེ་ཟིན་ཙམ་གསན་ཀྱང་སྐུ་ཚེ་རིང་པོར་མ་བཞུགས། ནང་ཐུགས་ཀྱི་སྲས་གཅིག་པུ་གཡུ་སྒྲའི་རྣམ་འཕྲུལ་གཅུང་ལོ་ཆེན་དྷརྨ་ཤྲཱི། སྐུའི་སྲས་པདྨ་འགྱུར་མེད་རྒྱ་མཚོ། ཡིད་བཞིན་ལེགས་གྲུབ། རིན་ཆེན་རྣམ་རྒྱལ་མཆེད་སོགས་ཕུན་སུམ་ཚོགས་པའི་འདུས་པ་ཆེན་པོས་བཤད་སྒྲུབ་ཕྲིན་ལས་རྒྱ་ཆེར་སྤེལ་བ་ལས་ད་ལྟའི་བར་དུ་སྔ་འགྱུར་བཀའ་གཏེར་ཁུངས་བཙུན་གྱི་རྒྱུན་ཐམས་ཅད་ཕྱོགས་འདི་ནས་མ་བརྒྱུད་པ་མེད་པ་ལྟ་བུར་སྣང་། དེ་ལྟ་བུའི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་རེ་ཞིག་མཐར་ཕྱིན་ནས་དགུང་ལོ་རེ་དགུ་པ་ཤིང་རྟ་ཧོར་ཟླ་གཉིས་པའི་ཚེས་གཉིས་ཀྱི་ཉི་དྲོས་ལ་ངོ་མཚར་བའི་ལྟས་དང་རྫུ་འཕྲུལ་ཆེན་པོ་མངོན་པར་འདུ་མཛད་ནས་ས་སྤྱོད་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོར་གཤེགས་པའི་ཚུལ་བསྟན། སྐྱེས་ཆེན་དམ་པ་འདི་ནི་གསར་རྙིང་བསྟན་པ་ཡོངས་རྫོགས་ལ་དངོས་དང་བརྒྱུད་ནས་བཀའ་དྲིན་ཆེ་བ་མ་ཟད། ཇོ་ཤངས་ཞི་གཅོད་བོ་དོང་པ་སོགས་ཆོས་རྒྱུན་ཕྲ་བ་རྣམས་རང་སྟོབས་དང་གཞན་བསྐུལ་ལ་བརྟེན་གདམས་ངག་གི་སྲོག་མཐུད་པ་ལྟ་བུ་དང་། ཡང་སྒོས་སྔ་འགྱུར་རྙིང་མ་བཀའ་མའི་བཤད་སྒྲུབ་དགུན་གྱི་ཆུ་བྲན་ལྟར་མི་མངོན་པར་འགྱུར་བར་ཉེ་བ་ན་ཐུགས་སྟོབས་ཞུམ་པ་མེད་པའི་འབད་རྩོལ་ཆེན་པོས་བཙལ་ནས་སྒྲུབ་དཀྱིལ་སོགས་སྔོན་མེད་པའི་ལེགས་བཤད་དུ་མ་གསར་སྤེལ་དང་། མདོ་སྒྱུ་སེམས་གསུམ་གྱི་གཙོས་རིང་ལུགས་རྨད་དུ་བྱུང་བ་རྣམས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་རྨང་ནས་གསོས་ཏེ་ད་ལྟའི་བར་དུ་རྒྱ་ཆེ་ལ་རྒྱུན་མི་འཆད་པའི་ཕྲིན་ལས་སྤེལ། གཏེར་ཁ་གོང་འོག་གཙོས་གཏེར་རྙིང་ཁྱད་པར་ཅན་རྣམས་ཀྱི་ཆོག་བསྒྲིག་སོགས་གསུང་འབུམ་ཚད་ཐུབ་ཀྱི་བསྟན་བཅོས་གླེགས་བམ་བཅུ་གསུམ་བཞུགས་པ་སྟེ། དེ་རྣམས་ཆ་ཚང་བའི་སྨིན་གྲོལ་ལུང་རྒྱུན་ཁོ་བོས་ཀྱང་མི་ཕྱེད་པའི་དད་པ་དང་བཀའ་དྲིན་རྗེས་སུ་དྲན་པས་འབད་པ་ཆེན་པོས་ནོས་ཤིང་གཏེར་གསར་སྐོར་གྱི་བསྙེན་སྒྲུབ་དང་འཆད་སྤེལ་ཅི་ནུས་སུ་བགྱིས། ཡང་དག་སོ་ལུགས། རང་གཏེར་རྡོར་སེམས་སོགས་ཀྱི་སྒྲུབ་པའི་རྒྱུན་བཙུགས་པས་མཚོན་ཕྱོགས་འདིའི་བསྟན་པ་ལ་བྱ་བ་ཅུང་ཟད་བྱས་ཤིང་ད་དུང་ཡང་ཇི་སྲིད་འཚོ་བའི་བར་བྱེད་པར་སྨོན་ནོ། །རྗེ་འདིའི་རྣམ་ཐར་ཅུང་ཟད་རྒྱས་པར་འགོད་འོས་ཀྱང་ཕྱི་ནང་གསང་བའི་རྣམ་ཐར་གཏེར་འབྱུང་དང་བཅས་པ་ཤིན་དུ་ཁུངས་བཙུན་ཞལ་གསལ་ཅན་ཏུ་བཞུགས་པས་འདིར་ཡི་གེས་འཇིགས་ཏེ་ཕྱོགས་མཐོང་ཙམ་ཞིག་སྙིང་པོར་བསྡུས་པ་ཡིན་ལ། དོན་གྱི་སྙིང་པོ་རྗེ་བཙུན་ཆེན་པོ་འདི་ཉིད་མཆེད་ཞལ་གདུང་རྒྱུད་དང་བཅས་པའི་བཀའ་དྲིན་ལ་བརྟེན་གསང་སྔགས་རྙིང་མ་མཚན་དོན་དང་མཐུན་པའི་བཤད་སྒྲུབ་ལས་གསུམ་འཁྲུལ་མེད་ཚད་ཐུབ་ཀྱི་རྒྱུན་མ་ཉམས་པར་གོང་འཕེལ་དུ་རྒྱས་པ་འདི་གཅིག་པུའི་ངོ་མཚར་དང་བཀའ་དྲིན་ཕྱག་རྗེས་སུས་ཀྱང་འགྲན་བྱར་མ་གྱུར་པས་བསྟན་པ་ལ་དགོངས་པའི་རང་གཞན་སྐྱེས་ཆེན་རྣམས་ཀྱིས་ཀྱང་ཟབ་ཆོས་སུ་་་་བཏགས་པ་ཉི་ཚེ་བ་ཙམ་ལ་ཐུགས་མི་གཏོད་པར་བསྟན་པའི་སྒྲོམ་ཆེན་པོ་ཕྱོགས་འདིའི་རིང་ལུགས་རྒྱ་ཆེར་སྤེལ་བས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་གཞིར་བཞེངས་སུ་མཛད་པར་གསོལ་བ་འདེབས་པ་ལགས། ༈ ཡང་། ཁ་རག་ལ་ཁར་སོ་པ་རེས་མོས་བྱེད༔ མཆོད་རྟེན་དཀར་པོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་ཀུན་སྐྱོང་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་པདྨ་ཀུན་སྐྱོང་གླིང་པ་ནི། བཻ་རོ་དངོས་བྱོན་གཏེར་སྟོན་རྡོ་རྗེ་གླིང་པའི་སྐྱེ་བ་དེ་མ་ཐག་པ་སྟེ། མེ་ཕོ་བྱི་བའི་ལོ་ལ་ཤངས་ལྷ་ཕུ་བི་རྫིང་ཞེས་པར། ཡབ་དཔའ་བོ་རྒྱལ་མཚན་མགོན་དང་། ཡུམ་སྒྲོལ་མའི་རྣམ་འཕྲུལ་བདེ་མཆོག་དཔལ་མོའི་སྲས་སུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་སྐྱེ་བ་མང་པོ་དྲན་པ་དང་ཆོས་ཐམས་ཅད་མ་བསླབ་པར་མཁྱེན། བྱིས་པའི་སྤྱོད་པ་ལས་འདས་ཤིང་དམ་པའི་ངང་ཚུལ་ཤིན་ཏུ་གསལ། ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་དང་བཅས་པའི་ཞལ་ཡང་ཡང་གཟིགས་ཤིང་ཟབ་མོའི་ལུང་བསྟན་ཐོག་ཟབ་གཏེར་འདོན་པའི་ཞལ་གདམས་རིམ་པར་གནང་བ་སོགས་བྱུང་། དགུང་ལོ་བཅུ་བཞི་ཙམ་ནས་གཏེར་གྱི་ཁ་བྱང་ཕྱག་ཏུ་བྱུང་ཞིང་། དེ་ནས་རིམ་པར་ཟབ་གཏེར་བཞེས་པའི་ཚུལ་ཡང་གཏེར་སྟོན་ཉིད་ཀྱི་གསུང་ལས། ཨུ་རྒྱན་ཀུན་སྐྱོང་གླིང་པང་། །གླིང་པ་བརྒྱད་ཀྱི་སྐྱེ་བ་ང་རང་ཡིན། །མ་བརྗེད་སྐྱེ་བ་སོ་གསུམ་ས་ལེར་དྲན། །ཐེག་ཆེན་གསང་སྔགས་ཆོས་ལ་སྒྲུབ་སྟོབས་རྒྱས། །སྔོན་སྦྱངས་སྟོབས་ཀྱིས་ད་ལྟ་མ་བསླབ་ཤེས། །ཞེས་དང་། ལོ་བཅུ་ལོན་ནས་རིག་པའི་ངོ་བོ་མཐོང་། །བྱིས་པའི་སྤྱོད་པས་ཐ་མལ་སྡོད་མ་མྱོང་། །བཅུ་གསུམ་ལོན་ནས་ཨོ་རྒྱན་རྗེ་དང་མཇལ། །གཏེར་གྱི་ལུང་བསྟན་ཞལ་གདམས་རིམ་པར་གསུངས། །བཅུ་དྲུག་ལོ་ལ་མ་ཚོར་རྡོ་རྗེའི་སྐྱེ་བྲག་ནས། །ཟབ་གཏེར་ལྔ་དང་ཨོ་རྒྱན་དབང་ཆས་རྙེད། །ཅེས་དང་། གཏེར་འབྱུང་ལས། བདག་པདྨ་ཀུན་སྐྱོང་གླིང་པས། གླང་ལོ་རྟའི་ཟླ་བ་ལ། ཤོ་ཐོ་ནས་གཏེར་གྱི་ཁ་བྱང་ཐོན་པ་ལ་བརྟེན། གཡས་རུ་ཤངས་ཀྱི་ཟབ་བུ་ལུང་གི་ཉེ་འདབས་མ་ཚོར་རྡོ་རྗེ་སྐྱེ་བྲག་ནས་ཁྲོམ་ཚོགས་མང་པོའི་དབུས་བྲག་གཡང་ལ་བྱ་འཕུར་པ་ལྟར་ཐོགས་མེད་དུ་བྱོན་ནས་གཏེར་སྒོ་རང་བཞིན་གྱིས་བྱེ་བའི་སྒྲུབ་ཕུག་ཆེན་མོར་ཕེབས་པར་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཀྲ་ལམ་མེར་བཞུགས་པ་ནས་ཕུར་པ་ཉི་ཤུ་རྩ་གཅིག །ཨོ་རྒྱན་དབང་ཞུ་སོགས་སྐུ་ཆས། རྡོའི་བུམ་པ་ཚེ་ཆུས་གང་བ་ཁོལ་བཞིན་པ། ཁྱད་པར་རྡོའི་རཱ་ཧུ་ལ་མདའ་གང་གི་དབུ་དགུ་ལ། ཨོ་རྒྱན་སྙིང་ཐིག །སྐུ་གསུམ་སྒྲུབ་ཐབས། པདྨ་ཞི་དྲག་གི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་སོགས་དང་། སྟོད་དང་ལག་པའི་ནང་ནས་སྒྲུབ་ཆེན་བཀའ་བརྒྱད། དྲག་སྔགས་དབང་སྒྲུབ་རྒྱུད་བརྒྱད་དགྲ་བགེགས་གནད་འབེབས། སྲུང་ཟློག་ལས་ཚོགས་ཕྲ་མོ་སུམ་བརྒྱ། ཐུགས་ཀ་ནས་རྡོ་རྗེ་སེམས་དཔའི་སྙིང་ཐིག །མཁའ་འགྲོའི་སྙིང་ཐིག་རྒྱུད། སྨད་སྦྲུལ་མཇུག་ལས་བསྟན་སྲུང་སྔགས་སྲུང་། ཁྱབ་འཇུག་སྐོར་སོགས་ཕྱི་ནང་གསང་གསུམ་སྒྲུབ་སྐོར་དྲག་སྔགས་མང་པོ་བཏོན། དེའི་གཡོན་ཕྱོགས་བྲག་ཕུག་ཤིན་ཏུ་ཡངས་པ་ཡུལ་ལྗོངས་ལྟ་བུར་གྱུར་པ་ནས་རྡོ་སྒྲོམ་གསུམ་དང་ལ་བསེའི་གའུ་སོགས་སྤྱན་དྲངས་ནས། རྫོགས་ཆེན་སྐོར་བཅུ། ཀློང་གསལ་མ་བུ། ཁྲོས་ནག་གི་སྐོར། ལུང་བསྟན་གྱི་སྐོར་མང་པོ། རྡོ་རྗེ་གླིང་པས་སྦས་པའི་ཡང་གཏེར་འགའ་ཞིག་དང་བཅས་འདོན་པར་མཛད། གནས་དེའི་དགེ་བསྙེན་དང་བཀའ་སྲུང་རྣམས་ཀྱིས་རོག་དན་ཞུས་ཤིང་ཁྱད་པར་སྔགས་སྲུང་མས་ལུང་བསྟན་དང་ཞལ་ཏ་མང་པོས་དབུགས་དབྱུང་། དེའི་ཚེ་བཀའ་སྲུང་རྣམས་བུད་མེད་དང་། ཨ་ཙ་ར། སྤྲེའུ། མོན་པ། ཁྱེའུའི་ཚོགས་མང་པོར་སྤྲུལ་ནས་གཏེར་རྫས་རྣམས་ཁྲོམ་དཀྱིལ་དུ་དངོས་སུ་བསྐྱལ་པས་ཐམས་ཅད་ཡིད་ཆེས་ཤིང་རྩོད་མེད་ཀྱི་སྙན་གྲགས་རྒྱས། ལོ་གསུམ་དུ་ཤོག་སེར་རྣམས་དག་པར་ཕབ་ནས་མ་ཕྱི་སླར་གཏེར་ཤུལ་དུ་སྦ་དགོས་པར་བཤད་པ་བཞིན་མཛད་པའི་ནུབ་ཁ་བྱང་བྱུང་སྟེ། བསམ་ཡས་མཆོད་རྟེན་དཀར་པོའི་གཏེར་ཁ་བཞེས་པར་བྱོན། གནས་དེ་ཉིད་ནས་གཏེར་སྒོ་ཕྱེས་ཏེ་ཆོས་གཏེར་དཔག་མེད་དང་། གཏེར་ཁ་གཞན་གྱི་ཁ་བྱང་། བྲམ་ཟེའི་སྐུ་ཤ། སངས་རྒྱས་རིང་བསྲེལ་སོགས་བྱིན་རླབས་རྟེན། བོད་ཕུང་འཚེང་ནུས་པའི་དྲག་སྔགས་མང་པོའང་ཐོན་པ་ཕལ་ཆེར་སྔར་ཤུལ་དུ་ཕར་རྒྱས་བཏབ་པར་སྣང་། དེ་ལྟ་བུའི་སྙན་པ་ལ་བརྟེན་ནས་ལྷ་ཕུའི་དཔའ་བོ་གཏེར་སྟོན་ཞེས་སྙན་གྲགས་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་གདུལ་བྱ་དང་ཕྲིན་ལས་རྒྱས། སློབ་མའང་སྐུ་སྲས་དབང་ཆེན་ཉི་ཟླ་བཟང་པོ་སོགས་ལྔ་དང་། རྒྱལ་ཚབ་དམ་པ་གཉིས་སོགས་ཉིད་དང་དགོངས་པ་མཉམ་པ་འགའ་དང་། གཞན་ཡང་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། འགོས་ལོ་གཞོན་ནུ་དཔལ། ཁྲུས་ཁང་ལོ་ཆེན། རྫ་ཡིག་པ་ཀུན་མཁྱེན་ཚུལ་རྒྱལ། ཀུན་མཁྱེན་བ་ལུའི་མེ་ཏོག་པ་སོགས་གྲུབ་མཐའ་རིས་མེད་ཀྱི་དམ་པ་རྣམས་ཀྱིས་ཀྱང་ཆོས་དང་དམ་རྫས་བདག་གིར་བཞེས། གློ་བོ་སྔགས་འཆང་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་མཇལ་བའི་ཚེ་མངའ་རིས་པཎ་ཆེན་སྐུ་མཆེད་སོགས་སྲས་སུ་འབྱུང་བར་ལུང་བསྟན་པས་མཚོན་མངོན་པར་ཤེས་པ་ཆགས་ཐོགས་མེད་པར་མངོན། དེ་ལྟ་བུའི་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན་ནས་དགུང་ལོ་བརྒྱད་ཅུ་གྱ་གཉིས་པར་ཆོས་དབྱིངས་ཞི་བ་ཆེན་པོར་གཤེགས། ཟབ་གཏེར་རྒྱ་མཚོ་ལྟ་བུ་ལས་རྡོར་སེམས་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་བར་སྐབས་སུ་དར་རྒྱས་ཆེ་བ་བྱུང་བའི་རྒྱུན་མ་ནུབ་ཙམ་སྣང་བ་ཁོ་བོས་ཀྱང་ལེགས་པར་ནོས་སོ། ༈ །ཡང་། ཉང་སྨད་ཉི་མ་མདོ་རུ་རྫོང་གཅིག་འབྱུང༔ དམག་དཔོན་བརྒྱ་དང་བཅུ་དྲུག་ཕྱ་ལུང་ཚོགས༔ གཡས་རུ་གཙང་འགྲམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་མདོ་སྔགས་གླིང་པ་མཆོག་ལྡན་མགོན་པོ་ནི། བཻ་རོའི་སྤྲུལ་པ་ཀུན་སྐྱོང་གླིང་པའི་ཡང་སྲིད་དེ་ལྷོ་བྲག་བན་པའི་ནང་ཚན་སྣབས་ཀྱི་འཕྱོང་ལུང་ཞེས་པར་རྒྱའི་རིགས་ཀྱི་ཡབ་སུམ་དར་རྒྱས་དང་། ཡུམ་བུ་ཆུང་སྨན་གཉིས་ཀྱི་སྲས་སུ་ཡི་གེ་དྷཱིའིཿསྒྲ་སྒྲོག་བཞིན་དུ་སྐུ་བལྟམས། བྱིས་པའི་དུས་ན་ཐུགས་རྒོད་ཅིང་བརྟུལ་ཞུགས་དང་ཤེས་རབ་ཆེ། འབྲི་ཀློག་མ་བསླབ་པར་མཁྱེན། དབང་བསྐུར་ཆོས་འཆད་སྒྲ་བསྒྱུར་བ་སོགས་ཀྱི་ཚུལ་མཛད་ཅིང་རྡོ་ལ་ཞབས་རྗེས་ཀྱང་བྱོན། དགུང་ལོ་བདུན་པ་ལ་ཡུམ་གཤེགས་པས་མ་ཡར་མོས་ལེགས་པར་མ་བསྐྱངས་པས་ལོ་ཤས་འོ་བརྒྱལ་བར་བྱུང་། རེ་ཞིག་ཁྱུང་ཚང་དགོན་པའི་གྲྭ་པ་མཛད་ཅིང་ཆོས་རྗེ་གཙང་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་སོགས་ཆོས་མང་དུ་གསན། སྐྱེ་བ་མང་དུ་དྲན་པས་སྐུ་སྐྱེ་ཞེས་པའི་མཚན་ཐོགས། སྒྲོབ་དགོན་པར་སྐུ་མཚམས་མཛད་པས་སློབ་དཔོན་རིན་པོ་ཆེའི་བྱིན་རླབས་ཀྱིས་ཐུགས་ཉམས་འུར་ཏེ་ཕ་ཝང་ཞིག་ནས་ཁ་བྱང་གི་ཤོག་སེར་དང་བྱིན་རྟེན་འགའ་ཞིག་བཏོན། སློབ་དཔོན་རིན་པོ་ཆེས་མཁོན་གྲིབ་བསལ་བ་དང་དབང་བསྐུར་ཅིང་བརྡའ་ཆོས་མང་དུ་བསྟན་པ་བྱུང་། ཆགས་བྱང་ཆུབ་གླིང་ནས་པདྨ་གླིང་པའི་ཞལ་སློབ་གཏེར་ཕྲན་འཛིན་པ་བསོད་ནམས་པས་ཀྱང་ཁ་བྱང་གཏད་ཅིང་ཞབས་ཏོག་ཕུལ། ཆོས་ཀྱང་མང་དུ་གནང་། དེ་སྐབས་བསམ་ཡས་སུ་དཀར་ཆེན་ཀུན་དགའ་གྲགས་པ་ཕེབ་པས་མཇལ་བ་ན་ལུང་བསྟན་གནང་། ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་དང་བླ་མ་དགོངས་འདུས་སོགས་ཞུས། སྒྲུབ་པ་གཙོ་བོར་མཛད། བར་སྐབས་སུ་ཙ་རི་ཏྲར་བྱོན་པས་དག་སྣང་དང་རྟེན་འབྲེལ་མང་དུ་བྱུང་། ཀོང་པོ་ང་ལ་ནས་གསང་གཏེར་ཞིག་ཀྱང་བཞེས། དྭགས་ཕྱོགས་སུ་འགྲོ་དོན་ཅུང་ཟད་བསྐྱངས། རིག་འཛིན་པདྨ་གླིང་པ་མཇལ་བར་ཕེབས་པས་ཡབ་སྲས་འཕྲད་པ་ལྟ་བུའི་ཐུགས་བརྩེས་བསྐྱངས་ཤིང་གཏེར་ཆེན་རྡོ་རྗེ་གླིང་པའི་སྤྲུལ་པར་ཐག་བཅད་པས་རྡོར་གླིང་གི་སྤྲུལ་སྐུར་ཡོངས་སུ་གྲགས། ཆོས་དང་དམ་རྫས་ཤོག་སེར་སོགས་མང་དུ་གནང་ནས་གཡས་རུ་གཙང་འགྲམ་གྱི་ཟབ་གཏེར་འདོན་པར་ནན་གྱིས་བསྐུལ་ཡང་ཉིད་ཀྱི་གསང་ཡུམ་ཨ་ལྕེ་རྡོ་རྗེས་བཤོལ་བཏབ་པས་མ་ཐོན། འོན་ཀྱང་མངའ་རིས་གུང་ཐང་རྒྱལ་པོ་དང་། དྭགས་པོ་རྩེ་ལེ་རིག་འཛིན་བསོད་ནམས་རྣམ་རྒྱལ་སོགས་ཀྱིས་སྟོད་སྨད་དུ་གདན་དྲངས། དབུས་གཙང་གི་སྡེ་དཔོན་ཕལ་ཆེར་གྱིས་ཀྱང་ཞབས་ནས་བཏེགས། ལྷ་སར་མཐའ་དམག་ཟློག་པ་བཙུགས་པས་གཏོར་མར་མེ་འབར་བ་དང་ནམ་མཁར་སོང་བའི་ཆོ་འཕྲུལ་བསྟན་པ་སོགས་ཆོས་དང་ཟང་ཟིང་གི་ཕྲིན་ལས་ནི་ཤིན་ཏུ་རྒྱས་པར་བྱུང་། དགུང་ལོ་སོ་ལྔ་པར་བན་པའི་གཞུང་དུ་དྲུག་རལ་ལྷ་ཁང་དང་ཨོ་རྒྱན་རིན་པོ་ཆེའི་གསེར་སྐུ་རྒྱབ་མཐོ་ཉེར་བདུན་པ་བཞེངས་ཤིང་བསྟན་པ་རྒྱ་ཆེར་སྤེལ་བའི་དགོངས་པ་གཏད་ནའང་ཟབ་གཏེར་བཞེས་པའི་རྟེན་འབྲེལ་འཆུག་པའི་རྒྱུས་བན་པ་ཁྱུང་ཚང་པ་སོགས་ལོག་པའི་བློ་ཅན་་་་་་རྣམས་ཀྱི་བྱེད་པས་གཞན་རྐྱེན་དྲག་པོས་སྐུ་གཤེགས་ནས་མཛད་པ་འཕྲོ་ཅན་ཏུ་གྱུར། སྐུའི་སྐྱེ་བར་མདོ་སྔགས་གླིང་པར་གྲགས་པས་གཏེར་ཁ་འགའ་ཞིག་བཞེས་ཀྱང་འགྲོ་དོན་མ་བྱུང་། དེའི་སྐུ་སྐྱེ་ཡང་དག་རྒྱ་མཚོས་སྤུ་བོ་རྦ་ཁ་གསང་སྔགས་ཆོས་གླིང་བཏབ། དེའི་སྤྲུལ་པའི་སྐུ་རིག་འཛིན་ཆོས་ཀྱི་རྒྱ་མཚོ་འཇའ་ཚོན་སྙིང་པོའི་ཆོས་བདག་ཀརྨ་ཆགས་མེད་དང་རྫོགས་ཆེན་པདྨ་རིག་འཛིན་སོགས་ཀྱི་བླ་མ་འགྲོ་དོན་ཆེ་ཞིང་། སྤྲུལ་བརྒྱུད་ད་ལྟའི་བར་བྱོན་པར་འདུག །སྐུའི་རྒྱལ་སྲས་བསྟན་པའི་འབྱུང་གནས་ཕྱིས་འཕྱོང་རྒྱས་སུ་བཞུགས་ཏེ་ཕྲིན་ལས་རྒྱས། མཁས་ཤིང་དངོས་གྲུབ་བརྙེས། དག་སྣང་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་ཆོས་ཀྱི་འགྲོ་དོན་རྒྱ་ཆེར་བྱུང་ཞིང་གཏེར་བདག་གླིང་པ་དང་རྒྱལ་དབང་ལྔ་པ་རྣམས་ཀྱི་བར་དུ་དབང་ལུང་གི་རྒྱུན་བྱུང་། དེའི་སྐྱེ་བ་ཡར་འབྲོག་ཡོན་པོ་དོར་བྱོན་པའི་སྤྲུལ་སྐུ་མདོ་སྔགས་འབྱུང་གནས་ཏེ་ཟབ་གཏེར་བཞེས་པ་མ་གསལ་ཡང་འགྲོ་དོན་དཔག་མེད་བྱུང་ཞིང་། གནས་དེར་ལྷ་ཁང་ཐོག་གསུམ་པ་ངོ་མཚར་ཅན་རྟེན་དང་བརྟེན་པར་བཅས་པ་བཞེངས་པ་ད་ལྟའང་ཡོད། གཏེར་སྟོན་དེ་ཉིད་གོང་དུ་སྨོས་པ་ལྟར་ཟབ་གཏེར་གྱི་རྟེན་འབྲེལ་དུས་ལ་ཡོལ་བས་རྒྱུན་ཐོབ་པའི་གནས་མེད་ཀྱང་། པདྨ་འོད་གསལ་མདོ་སྔགས་གླིང་པར་དག་སྣང་དུ་བཀའ་བབས་པའི་རྟ་མགྲིན་གཉེན་པོ་ལྷ་ལྔའི་གཞུང་ཉུང་ངུ་ངོ་མཚར་ཅན་སྣང་བ་ཁོ་བོར་ཆེད་ཀྱིས་བསྩལ་པ་ལྟར་སྐལ་པ་བཟང་པོར་ཤེས་ནས་བསྙེན་སྒྲུབ་ཀྱི་འབྲེལ་འཇོག་དང་། རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བ་ཡིན་ནོ། ༈ །ཡང་། ཡར་འབྲོག་མཚོ་གླིང་དགུ་ལ་དམག་སྒར་འབྱུང༔ སྟག་ཐབ་ནང་དུ་གཙང་པ་སུམ་གཉིས་འཆི༔ རྩིས་ཀྱི་ལྷ་ཁང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་བསྟན་གཉིས་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོ་ནི། གཙང་རོང་གི་བྱ་བཟང་བཀྲ་ཤིས་སྡིངས་སུ། ཡབ་དཔོན་ནོར་བུ་དང་ཡུམ་རྒྱལ་མོ་སྐྱིད་ཅེས་འབྱོར་ལྡན་ཞིག་གི་སྲས་སུ་འཁྲུངས། ལོ་ཆེན་བཻ་རོའི་བྱིན་རླབས་ལས་ལྷ་ལྕམ་ནུས་འབྱིན་ས་ལེའི་སྤྲུལ་པར་གྲགས། ཆོས་ལུང་མཁན་པོ་སངས་རྒྱས་དཔལ་བཟང་ལས་རབ་ཏུ་བྱུང་། འབྲས་ཡུལ་སྐྱེད་ཚལ་གོང་མར་མདོ་ཕྱོགས་སྤྱི་དང་གསེར་མདོག་ཅན་དུ་ཕར་ཚད་ལ་སྦྱངས་པས་མཁས་པར་མཁྱེན། ར་ལུང་སྤོས་སྐྱར་ཆོས་རྗེ་མཆོག་ལྡན་པ་ལས་ཕྱག་ཆེན་སོགས་འབྲུག་པའི་ཆོས་མང་དུ་གསན་པའི་སྐབས་མནལ་ལམ་དུ་ལུང་བསྟན་བྱུང་བ་ལྟར་འོ་ཡུག་གོས་སྔོན་ལྷ་ཁང་དང་ཉེ་བའི་ཆུ་འགྲམ་ཞིག་ནས་ཟབ་གཏེར་གྱི་ཁ་བྱང་བཞེས་ཏེ། ཐོག་མར་ཤངས་ཟབ་བུ་ལུང་དུ་བྱོན། གཏེར་ལུང་བདུན་པ་ནས་ཚེའི་བུམ་ཆུ་ཁོལ་བཞིན་པ་གདན་དྲངས། དེ་ནས་རིམ་པར་བསམ་བཟང་ཕུག་ནས་མཁའ་འགྲོ་ཀློང་གསལ་དང་སྐྱེ་བདུན་དམ་རྫས། ཕུང་པོ་རི་བོ་ཆེ་ནས་གཤིན་རྗེ་དྲག་སྔགས་ཀུན་འདུས། ལྷག་པར་ཚེ་སྤུངས་གསང་བའི་གཏེར་གནས་ནས་ཉིད་ཀྱི་ཟབ་གཏེར་གཙོ་བོ་ལྟ་བ་སངས་རྒྱས་དགོངས་འདུས་སུ་གྲགས་པ་ནང་གསེས་དགོངས་འདུས་བཅོ་ལྔ་ཡོད་པའི་གཏེར་གྱི་མཛོད་ཆེན་པོ་བརྙེས། གཞན་ཡང་ཟུར་མཁར་རྡོའི་མཆོད་རྟེན། ཨརྻཔ་ལོ། རི་བོ་བཀྲ་བཟང་རྣམས་ནས་ཟབ་གཏེར་མང་དུ་སྤྱན་དྲངས། སྤ་གྲོ་སྟག་ཚང་ནས་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱིས་ཡང་གཏེར་སྦས་པ་འགའ་ཞིག་ཀྱང་བཞེས། དབུས་གཙང་དུ་འགྲོ་དོན་མང་དུ་མཛད། ཁྱད་པར་མངའ་རིས་གུང་ཐང་རྒྱལ་པོས་བླ་མར་བཀུར་ཞིང་ཕྲིན་ལས་རྒྱས། །དེ་སྐབས་མང་ཡུལ་རི་བོ་དཔལ་འབར་ནས་རིག་འཛིན་རྒོད་ལྡེམ་གྱིས་ཡང་གཏེར་དུ་སྦས་པའི་ཕག་མོ་ཟབ་རྒྱའི་སྐོར་རྣམས་ཁྲོམ་གཏེར་དུ་མཛད་པས་ཐམས་ཅད་ཡིད་ཆེས་ཤིང་རྩོད་བྲལ་དུ་གྲུབ་པའི་གཏེར་སྟོན་གྱི་གྲགས་པས་ཁྱབ། མངའ་རིས་དབུས་གཙང་ཡན་དུ་ཕྲིན་ལས་ལྷག་པར་རྒྱས། ཆོས་བདག་གི་གཙོ་བོ་གཙང་པ་ཚེ་བདག་པ་དང་རོང་པ་ཚེ་བདག་པ་གཉིས་བྱུང་བ་ལས་བརྒྱུད་རིག་འཛིན་གཏེར་བདག་གླིང་པ་ཡན་ཆད་དབང་ལུང་གི་རྒྱུན་རྒྱས་པར་བྱུང་ནའང་། དེང་སང་ཕག་མོ་ཟབ་རྒྱའི་སྐོར་ཙམ་ལས་མི་བཞུགས་པར་སྣང་། ཟབ་རྒྱའི་དབང་ལུང་ཁྲིད་གསུམ་བདག་ཅག་གིས་ཀྱང་རྫོགས་པར་ཐོབ་པའི་སྐལ་བཟང་དུ་གྱུར། གཞན་དགོངས་འདུས་ཀྱི་ཆོས་སྡེ་བོན་གཡུང་དྲུང་དགོངས་འདུས་སྨིན་གྲོལ་བོན་ཕྱོགས་སུ་ད་ལྟའང་ཡོད་པར་ཐོས། དགུངས་གྲངས་ལྔ་བཅུ་རྩ་བགྲང་ཙམ་ནས་གཤེགས་པར་གསལ་ཞིང་གཤེགས་རྗེས་ཀྱི་བྱ་བ་ཆོས་བདག་གཙང་པ་ཚེ་བདག་པས་མཛད། གཏེར་སྟོན་ཉིད་སྔོན་ཆོས་རྒྱལ་ཆེན་པོའི་སྲས་མོར་གྱུར་པའི་རྟེན་འབྲེལ་གྱིས་ཁམས་གསུམ་ཟངས་ཁང་གླིང་དུ་ཕྱི་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་ཡང་བཞེངས་སོ། ༈ །ཡང་། སྟོང་ཁུ་ཡུལ་དུ་ཕག་ཚང་ཁྱུ་གཅིག་འབྱུང༔ ས་བཙན་རི་འབོས་རེ་ལ་རྫོང་ཆུ་རེ༔ ལ་རྩུབ་འཕྲང་རྩུབ་བཀག་མང་ཁྱུ་ཡིས་འཚོ༔ ཀོང་པོ་བུ་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་རྡོ་རྗེ་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་བསྟན་དོན་སྤྲུལ་པའི་གཏེར་སྟོན་རྒྱལ་པོ་གསུམ་པ་ལོ་ཆེན་བཻ་རོ་དངོས་བྱོན་རྡོ་རྗེ་གླིང་པ་ནི། དབུས་ཀྱི་གྲ་ནང་དབེན་རྩ་ཞེས་པར་སྔགས་པ་རྡོ་རྗེ་འཛིན་པའི་རྒྱུད་ཡབ་ཁུ་སྟོན་བསོད་ནམས་རྒྱལ་མཚན་དང་། ཡུམ་དཀར་མོ་རྒྱན་གཉིས་ཀྱི་སྲས་སུ་མེ་ཕོ་ཁྱི་ལོར་འཁྲུངས། མཚན་ཨོ་རྒྱན་བཟང་པོར་གསོལ། དམ་པའི་རིགས་སད་པའི་རྟགས་དང་ངོ་མཚར་བསམ་གྱིས་མི་ཁྱབ། དགུང་ལོ་བདུན་པར་སྤང་གཤོང་ལྷ་རི་ཁར་ཀུན་མཁྱེན་ཁྲབ་པ་ཤཱཀྱའི་མཚན་ཅན་ལས་དགེ་ཚུལ་གསན། དེ་ཉིད་དང་གཞན་ཡང་བླ་མ་རྣམས་ལས་མདོ་སྔགས་གསར་རྙིང་གི་གསན་པ་མཐར་ཕྱིན་པར་མཛད། དགུང་ལོ་བཅུ་གསུམ་པར་ཨོ་རྒྱན་རིན་པོ་ཆེའི་ཞལ་ལན་བདུན་མཇལ། གུ་རུ་ཆོས་དབང་གི་གཏེར་ལས་ཁ་བྱང་བྱུང་བ་ལྟར་ཁྲ་འབྲུག་ཇོ་མོའི་སྐུ་རྒྱབ་ནས་གཏེར་ཁ་དང་པོ་རྩ་གསུམ་སྒྲུབ་ཐབས་དང་། སྒྲུབ་ཕྲན། ཁ་བྱང་ཡང་བྱང་། དྲག་སྔགས། བཅུད་ལེན་རྣམས་ལ་བརྒྱ་རྩ་བརྒྱད་རེ། སྒོས་ལུང་དང་བཅས་པ་བྱོན། དགུང་ལོ་བཅོ་ལྔ་པར་བྱིང་མདའ་ཨོ་དཀར་བྲག་གི་གཏེར་སྒོ་ཕྱེས་པའི་ཚེ། སྒྲུབ་ཕུག་ཤིན་ཏུ་ཡངས་པའི་ནང་དུ་གུ་རུ་རིན་པོ་ཆེ་དངོས་སུ་བྱོན་ནས་དཀྱིལ་འཁོར་བཀོད་པ་ལས་དབང་བསྐུར། ཤོག་སེར་རེ་རེའི་དབུ་ནས་ལུང་དང་གཏེར་རྫས་རྣམས་གནང་། དེའང་སྐུ་ཚབ། བླ་དཔེ་པུསྟི་བཞི། ཤོག་དྲིལ་བརྒྱ་ཐམ་པ། ཚེ་ཆུ་བུམ་པ་བཞི། དམ་རྫས་ཀྱི་གྭའུ་སོགས་སྤྱན་དྲངས་པ་ལས། ཆོས་སྡེ་རྣམ་ཐར་ཐང་ཡིག་ལེའུ་བརྒྱ་པ། རྫོགས་ཆེན་ཕ་རྒྱུད་ལྟ་བ་ཀློང་ཡངས། མ་རྒྱུད་ཀློང་གསལ་ཉི་མ་དང་མཁའ་འགྲོ་ཡང་ཏིག་ཉི་ཟླ་ཁ་སྦྱོར། བུ་རྒྱུད་སྙིང་ཐིག་སྐོར་བཅུ། འདུས་པ་སྐོར་བཞི། ཟུར་པ་བརྒྱད་རྣམས་བྱོན། དེ་ནས་རིམ་པར་མུ་ཏིག་ཤེལ་གྱི་སྤ་མ་གོང་ནས། ཉམས་ལེན་ཁྲིད་སྐོར་བཅུ་སོགས་སྤྱན་དྲངས་པ་ནས་བཟུང་། བུམ་ཐང་བྱམས་པ་ལྷ་ཁང་གི་ཚེ་ཆུ་ཕུག་ཏུ་ཡེ་ཤེས་མཚོ་རྒྱལ་དངོས་སུ་བྱོན་ནས་ཚེ་ཆུ། ཡང་ལེ་ཤོད་དུ་བསྒྲུབས་པའི་ཆོས་སྨན། ཆོས་རྒྱལ་དང་མཚོ་རྒྱལ་ཉིད་ཀྱི་བླ་གཡུ། ནོར་བུ་བསམ་འཕེལ། ཆོས་སྐོར་དང་དྲག་སྔགས་མང་པོ་གནང་བའི་བར་གཏེར་གནས་སོ་སོ་ནས་གཏེར་ཁ་ཆེན་པོ་བཞི་བཅུ་རྩ་གསུམ། ཕྲ་མོ་དང་ནང་གསེས་གཏེར་གནས་ཀྱི་དབྱེ་བས་བརྒྱ་དང་བརྒྱད་བཞེས། མཆིམས་ཕུའི་གཏེར་བཞེས་པའི་སྐབས་ཨོ་རྒྱན་དང་ལན་བཅུ་གསུམ་མཇལ། ཆུ་བོ་རིར་སྐུའི་སྤྲུལ་པ་གཉིས་མཛད་ནས་ཕྱོགས་གཉིས་ནས་ཁྲོམ་གཏེར་བླངས་ཤིང་ཞབས་རྗེས་ཁྲུ་གང་བ་བཞག །ཟབ་ལུང་མེ་ཚོར་གཉན་གྱི་ཕུག་པར་ཐང་ལྷ་དང་གངས་དཀར་ཤ་མེད་གཉིས་ཀྱིས་སྦྱིན་བདག་བྱས། གངས་ཅན་གྱི་ལྷ་འདྲེ་ཆེ་དགུ་རྣམས་འདུས་ནས་བཀའ་བརྒྱད་ཀྱི་སྒྲུབ་ཆེན་བཙུགས། དེ་ཐམས་ཅད་ལ་དབང་བསྐུར། །དུར་ཁྲོད་ཆེན་པོ་བརྒྱད་དུ་སྤྲུལ་པས་བྱོན་ནས་རིག་འཛིན་བརྒྱད་དང་མཇལ་ཏེ་གདིང་བརྒྱད་ཀྱི་གདམས་པ་གསན། གཏེར་ཁ་རྣམས་སྤྱན་དྲངས་པའི་ཚེ་གུ་རུ་རིན་པོ་ཆེ་དང་མཚོ་རྒྱལ་བཻ་རོ་སོགས་དངོས་སུ་བྱོན་ནས་དབང་དང་གདམས་པ་བསྩལ་བ་དང་། རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་བ་བསྟན་པས་ཐམས་ཅད་ཐེ་ཚོམ་གྱི་སྒྲོག་བཀྲོལ་ནས་ཕྱིར་མི་ལྡོག་པའི་དད་པ་ལ་བཀོད། སྐུ་དང་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བཞག །ཟབ་ལུང་། མཁར་ཆུ། གཞོ་སྟོད་གཏེར་སྒྲོམ་རྣམས་སུ། དབང་། རབ་གནས། སྐོང་བཤགས། སྦྱིན་སྲེག །མནན་པ་བཅས་བརྒྱ་རྩ་བརྒྱད་རེས་མཚོན་བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་རླབས་ཆེན་མཛད། ཆོས་གཏེར་བླ་རྫོགས་ཐུགས་གསུམ་གཙོ་བོར་གྱུར་པའི་ཟབ་ཅིང་རྒྱ་ཆེ་ལ་མཐའ་ཡས་པ་རྣམས་དང་། ཕུང་པོ་རི་བོ་ཆེ་ནས་རྡོ་རྗེ་སེམས་དཔའི་སྐུ། ལྷ་སའི་ཀ་བ་བུམ་པ་ཅན་ནས་བཅུ་གཅིག་ཞལ་དང་ཙནྡན་གྱི་སྒྲོལ་མ་སོགས་སྐུ་རྟེན་ངོ་མཚར་ཅན། སྐྱེ་བདུན་དང་ཆོས་སྨན་སོགས་དམ་རྫས། ཡིད་བཞིན་ནོར་བུ་སོགས་ནོར་གཏེར། རྫོགས་ཆེན་གསེར་ཐུར་དང་ཏ་པི་ཧྲི་ཙའི་སྙན་བརྒྱུད་ཆེ་འབྲིང་ཆུང་གསུམ་སོགས་བོན་སྡེ། གཞན་ཡང་གསོ་རིག་དང་རྩིས་སྐོར་སོགས་རྒྱ་ཆེར་སྤྱན་དྲངས་ཤིང་ཕྲིན་ལས་ཀྱང་རྒྱས། སྐུའི་སྲས་གནུབས་ཆེན་རྣམ་འཕྲུལ་ཆོས་དབྱིངས་པ་སོགས་ལས་དེང་སང་བར་དུ་མོན་ཕྱོགས་སུ་གདུང་རྒྱུད་མང་དུ་ཡོད་པར་སྣང་། རྒྱལ་དབང་བཞི་པ་རོལ་པའི་རྡོ་རྗེ་ལའང་གཤེད་སྐོར་དང་ཛཾ་ལྷ་རིགས་ལྔའི་སྐོར་རྣམས་ཕུལ་བར་བཤད། གདན་སའི་མཐིལ་གླིང་མོ་ཁར་མཛད་ཅིང་། གཞན་ཡང་ལྷོ་བྲག །མོན་སྤ་གྲོ་གཟད་འུག་རྙེད་དགོན་སོགས་བཟུང་ནས་འགྲོ་དོན་རྒྱ་ཆེར་བསྐྱངས། ཡོངས་སུ་གྲགས་པའི་མཚན་རྡོ་རྗེ་གླིང་པ། པདྨ་གླིང་པ། ཀུན་སྐྱོང་གླིང་པ། གཡུང་དྲུང་གླིང་པ། འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ཏུ་གྲགས་པ་དེ་ཉིད་ཀྱིས་བསྟན་འགྲོའི་དོན་མཐར་ཕྱིན་ནས་དགུང་ལོ་དྲུག་ཅུ་པ་ལ་ཞལ་ཆེམས་ལུང་བསྟན་ཆེན་མོ་སྩལ་ཏེ་ངོ་མཚར་བའི་ལྟས་དང་བཅས་བྲག་ལོང་དུ་གཤེགས་པའི་ཚུལ་བསྟན། པུར་ལོ་གསུམ་གྱི་བར་དུ་བཞུགས་ནས་སྐབས་སུ་གསུང་འབྱོན་པ་དང་བསྔོ་བ་ཚིག་བཞི་རེ་གནང་ནས་འགྲོ་དོན་མཛད་མཐར་གདུང་ཞུགས་འབུལ་བྱས་པས་ལྷ་སྐུ་རིང་བསྲེལ་དུ་མ་བྱོན། ཞབས་གཡས་ཐུགས་སྲས་བཀྲ་ཤིས་འབྱུང་གནས་དང་། གཡོན་ཐོགས་མེད་རྒྱ་གར་བ་གཉིས་ཀྱི་རྟེན་སྐལ་དུ་པུར་ཁང་ནས་མེའི་སྒྲ་དང་བཅས་ཏེ་བྱོན་པ་ལས་རིང་བསྲེལ་མང་དུ་འཕེལ་བ་ཕྱིས་ཚོད་བར་དུ་བཞུགས་པར་བཤད། སྔར་ལྷོ་བྲག་དང་མོན་གྱི་ཕྱོགས་སུ་ཆོས་རྒྱུན་རྒྱ་ཆེར་དར་ནའང་དེང་སང་རྒྱུན་ཤིན་ཏུ་དཀོན་པ་ལས། རྫོགས་ཆེན་ཕ་རྒྱུད་ལྟ་བ་ཀློང་ཡངས། མ་རྒྱུད་ཀློང་གསལ་ཉི་མ། གཉིས་མེད་རྒྱུད་ཀྱི་གྲས་ཧཱུྃ་སྐོར་སྙིང་ཐིག །འདུས་པ་སྐོར་བཞིའི་ནང་ཚན་བླ་མ་དང་ཡི་དམ་བཀའ་འདུས། ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ། རྒྱལ་བ་རྒྱ་མཚོ། སྙན་བརྒྱུད་གུར་དྲག་རྣམས་རྗེ་བླ་མར་རིང་བརྒྱུད་དང་ཉེ་བརྒྱུད་ཀྱི་ཚུལ་དུ་བཀའ་བབས་པ་སོགས་འབད་པ་ཆེན་པོས་བཙལ་ཏེ་ལེགས་པར་ཐོབ་པས་སྐལ་པ་བཟང་པོར་གྱུར་ཏོ། །སྤྲུལ་པའི་གཏེར་སྟོན་ཆེན་པོ་འདི་ཉིད་འབྱོན་པའི་དུས་རྟགས་དང་གཏེར་གནས་སོགས་ཀྱིས་བཀའ་ཐང་ལུང་གསལ་དེ་ཡིན་མིན་དཔྱད་གཞིར་མཛད་ཀྱང་གཏེར་སྟོན་རྒྱལ་པོ་ལྔའི་གསུམ་པ་གླིང་ཆེན་བཅུ་གཉིས་ཀྱི་ནང་ཚན་དེ་ནི་འདི་ལས་གཞན་པར་བསྙོན་དུ་མེད་དོ། ༈ །ཡང། གཙང་གི་དགྱེར་ཕུ་ངོ་མ་གཉིས་སུ་འཐབ༔ རུ་ལག་ཚུད་ཕུར་ཕག་པའི་ཁྱུ་ཞིག་འབྱུང༔ ཀོང་པོ་མཆིམས་ཡུལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་རིན་ཆེན་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་རིན་ཆེན་གླིང་པ་ཕྱི་མ་འདི་ནི་གཏེར་གནས་ལུང་བསྟན་གསལ་བར་མ་ཟད་རྣམ་ཐར་ཆེན་མོར་ཞལ་གྱིས་བཞེས་པ་ལྟར་སངས་རྒྱས་གླིང་པ་ཉིད་དུ་ངེས་ཏེ། དེའང་ལྷ་སྲས་དམ་འཛིན་རོལ་པ་ཡེ་ཤེས་རྩལ་གྱི་རྣམ་འཕྲུལ་ལས་ཀོང་པོའི་ཡུལ་གྱི་བྱེ་བྲག་ཉང་པོའི་སའི་ཆ་ཨོ་རྒྱན་གྱི་སྒྲུབ་གནས་གྱིང་ཕུ་གཡུ་ལུང་གི་མདའ་གད་པ་སྟེང་དུ་ཡབ་རྟ་མགྲིན་གྱི་སྤྲུལ་པ་ཁམས་ཞིག་སྟག་ལུང་སྨྱོན་པ་དང་། ཡུམ་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའི་མཚན་ལྡན་ཨ་ཧཱུྃ་རྒྱན་གྱི་སྲས་སུ་ལྕགས་ཕོ་འབྲུག་གི་ལོར་བྲག་གསུམ་རྡོ་རྗེ་བྲག་ཏུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། མཚན་རིག་འཛིན་དུ་གསོལ། དགུང་ལོ་ལྔ་པར་མཁན་པོ་གཞོན་ནུ་དཔལ་ལས་དགེ་བསྙེན་གྱི་སྡོམ་པ་གསན། ཐུགས་རྗེ་ཆེན་པོའི་དག་སྣང་ཤར། ཡི་གེ་འབྲི་ཀློག་བརྡའ་བསྟན་པ་ཙམ་གྱིས་མཁྱེན་པས་ཤིན་ཏུ་མཁས་ཀྱང་ཡབ་གྲོངས། ཡུམ་གྱིས་ཕ་ཡར་གཞན་བསྟེན་པ་དེས་སྡང་པོ་བྱས་པས་འོ་བརྒྱལ་བར་བཞུགས་སྐབས་བུད་མེད་དམར་མོ་ཞིག་གིས་ལུང་བསྟན་པ་ལྟར་ལོང་པོ་གྲོང་གསར་མདར་རྒྱལ་དབང་རོལ་པའི་རྡོ་རྗེའི་མདུན་དུ་བྱོན། ཙ་རིའི་ཉེ་འདབས་དགོན་པ་བྱང་ཆུབ་གླིང་དུ་མཁན་པོ་བྱང་ཆུབ་རྡོ་རྗེ་དང་སློབ་དཔོན་ཤཱཀྱ་ཡེ་ཤེས་ལས་རབ་ཏུ་བྱུང་བའི་མཚན་སངས་རྒྱས་བཟང་པོར་གསོལ་བ་ལས་ཕྱིས་ཟབ་གཏེར་བཞེས་པ་ནས་སངས་རྒྱས་གླིང་པ་ཞེས་ཡོངས་སུ་གྲགས། མཁན་སློབ་དེ་གཉིས་ལས་བཀའ་ཆོས་མང་དུ་གསན། རྗེ་རོལ་པའི་རྡོ་རྗེ་དབུས་ནས་ཕྱིར་ཕེབ་དུས་བླ་མ་བྱང་ཆུབ་རྡོ་རྗེ་ལ་ཁྱེད་ཀྱི་དབོན་པོ་འདི་ང་ལ་ཕུལ་གསུངས་པ་ལྟར་ཕུལ་བས་ཤིན་ཏུ་མཉེས་ཤིང་འགྲོ་བ་མང་པོའི་འདྲེན་པར་ལུང་བསྟན། ལྷ་སར་ཕེབས་སྐབས་སྤྱན་རས་གཟིགས་དང་ལྷག་པར་སློབ་དཔོན་རིན་པོ་ཆེ་ཞལ་མཇལ་བ་ནས་བཟུང་ཡང་ཡང་མཇལ་ཞིང་ལོ་གསུམ་སྒྲུབ་པའི་དམ་བཅའ་མཛད། བླ་མ་བྱང་རྡོར་སྐུ་གཤེགས་ནས་ཙ་རི་རབ་ཡོ་བ་མཁས་གྲུབ་བླ་མ་ཆོས་ཀྱི་བློ་གྲོས་རྩར་བྱོན་ནས་ཐུགས་སྲས་གྱུར་སྐབས་བླ་མ་དབུས་སུ་ཕེབས་པའི་ཤུལ་ལྷུན་གྲུབ་སྟེང་གི་ཕུར་བཅད་རྒྱར་བཞུགས་པའི་ནུབ་གཅིག་གཏེར་སྲུང་བཙན་རྒོད་ཆེན་པོས་ཤོག་དྲིལ་གསུམ་དངོས་སུ་ཕུལ་བ་གཏེར་གྱི་ཁ་བྱང་ལུང་་་་བསྟན་གཏེར་སྒྲུབ་བྱ་ཚུལ་ཞལ་གདམས་རྣམས་བྱུང་བ་ལྟར་བླ་མས་ཀྱང་མཐུན་རྐྱེན་བསྩལ་ཅིང་གཏེར་སྒྲུབ་ཚུལ་བཞིན་ཏུ་གནང་བས་ཨོ་རྒྱན་མཁའ་འགྲོའི་ཚོགས་དང་བཅས་པས་དབང་བསྐུར་ལུང་་་་བསྟན་རྗེས་སུ་གནང་བ་མཛད་པ་ལྟར། ཤིང་ཡོས་འབྲུག་གི་ལོ་སྟོན་ཟླ་ར་བའི་ཉི་ཤུ་ལྔ་ལ་སྤུ་རི་ཕུག་མོ་ཆེ་ནས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བཀའ་འདུས་བར་མ་བླ་མ་དགོངས་པ་འདུས་པའི་གཞུང་དང་མན་ངག །ཐུགས་རྗེ་ཆེན་པོའི་ཆོས་སྐོར་བཅས་གདན་དྲངས། བླ་མ་ལ་གཟིགས་ཕུལ་བས་ཤིན་ཏུ་མཉེས་ནས་གསན་ཅིང་ཐུགས་ཉམས་བཞེས་པས་ཆོས་བདག་གི་ཐོག་མར་གྱུར། དེ་ནས་རིམ་བཞིན་ལོ་དེ་ཉིད་ནས་བཟུང་། དཀར་ཟུག་འཕྲང་། རྗེ་བོ་རོང་། རྩེ་ཆེན་བྲག །ལོང་པོ་བྱང་སྡེ་འབུམ་པ། ལོང་པོ་ཀ་མདའ་འཕྲང་། རྐྱེན་གྱི་དཀར་སྟེང་འཕྲང་སོགས་ནས། ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ། གཏད་ཁྲམ་རུ་སྦལ་ནག་པོ། རྟ་མགྲིན་ནག་པོ་སོགས་དང་། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད། རྫས་གཏེར་དམ་རྫས་རིལ་བུ། ཨོ་རྒྱན་གྱི་འདྲ་འབག །ཟངས་བུམ་གསེར་གྱིས་བཀང་བ། ལྕགས་ཕུར། དེ་བཞིན་གཤེགས་པའི་འཕེལ་གདུང་ཉེར་གཅིག་སོགས་སྤྱན་དྲངས། ཀོང་པོ་མཆིམས་ཡུལ་གྱི་གཏེར་བཞེས་དུས། གཏེར་སྟོན་དྲི་མེད་ལྷུན་པོའང་མཁའ་འགྲོའི་ལུང་བསྟན་གྱིས་བསྐུལ་བ་ལྟར་དེར་ཕེབས་ནས་ལྷན་ཅིག་ཏུ་ཕྱག་རྡོར་གོས་སྔོན་ཅན་དང་། ངན་སྔགས་མོན་པ་དགུ་རྒྱུག །ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་སོགས་བཞེས། སྤུ་རི་རིན་ཆེན་འབར་བ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་དང་། བྱ་རྒོད་གཤོང་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་། བཅུད་ལེན་སྐོར། དབང་ཕྱུག་རླུང་ཞགས་སོགས་བཏོན། བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་གྱི་ལུང་བསྟན་ཀྱང་གཏེར་ཁ་འདི་ནས་བྱུང་སྟེ་ལ་སྟོད་དུ་བལྟ་བར་མངགས་པས་གཏེར་སྟོན་དང་མཇལ་བས་ཡིད་ཆེས་བརྙེས། གཞན་ཡང་ཙ་རི་ནས་ཀླུ་རྒྱལ་མགྲིན་བཟང་སྒྲུབ་ཐབས་དང་། དགྱེར་བྱེ་མ་དཀར་པོ་ནས་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་སོགས་བཏོན། རྒྱ་ལ་གཤིན་རྗེའི་རྦ་དོང་ནས་གཏེར་སྟོན་དྲི་མེད་ལྷུན་པོ་དང་ཕྱོགས་གཅིག་ཏུ་གཤིན་རྗེ་ཚེ་བདག་ཐུན་ཕོག་འགྱེལ། ཨོ་རྒྱན་གྱི་ལས་ཕུར་གདེངས་ཆོག་སོགས་སྤྱན་དྲངས། གཞན་ཡང་ཨོ་རྒྱན་སྒྲུབ་ཕུག་ནས་རྫོགས་ཆེན་སྙིང་པོ་བསྡུས་པ་དང་། ཀོང་པོ་དམ་དུལ་ནས་དགོངས་འདུས་རྩ་བའི་རྒྱུད་དྲུག །བསམ་ཡས་མཆིམས་ཕུ་ནས་ཨུ་རྒྱན་སྐུ་ཚབ་ཁྱད་འཕགས་དང་། འོར་ཤོད་རླུང་སྒྲོམ་ནས། ནོར་བུ་སྟག་ཤ་དེ་བ་དང་མཁའ་འགྲོའི་སྐུ་རྒྱན་སོགས་གདན་དྲངས་ཏེ། དགུང་ལོ་ཉེར་ལྔ་ནས་སུམ་ཅུ་རྩ་གཉིས་ཀྱི་བར་ལ་གཏེར་ཁ་ཆེན་པོ་བཅོ་བརྒྱད་བཞེས་ཤིང་གཞན་ཡང་ཕྲན་ཚེགས་ཀྱི་གཏེར་ནི་གྲངས་ཀྱིས་མི་ཆོད་པ་ཞིག་བཞེས་ཏེ་ཐམས་ཅད་སྨོས་ཀྱིས་མི་ལང་ངོ་། །མེ་ཏོག་གི་ཆར་དང་། འཇའ་ཚོན་གྱི་གུར་ཁྱིམ་དང་། རོལ་མོའི་སྒྲ་དང་། མཁའ་འགྲོས་གཟུགས་སྟོན་པ་སོགས་བྲེང་ཆགས་སུ་བྱུང་། རྡོ་རྗེ་ཕག་མོ་མཁའ་འགྲོ་བཅུ་གསུམ་དང་བཅས་པས་ལུང་བསྟན་ལྟར་དགོངས་འདུས་པུསྟི་བཅུ་གསུམ་ངེས་པ་ཅན་རྩི་གྲས་དམར་པོ་མཛད་པ་ལྟར་ད་ལྟའི་བར་མཛད་སྲོལ་སྣང་། ལུང་བསྟན་ལས། བསྐྱེད་རིམ་བརྟན་པ་ཐོབ་པ་བྱེ་བ་འབུམ༔ མངོན་སུམ་གྲུབ་པའི་རྟགས་ཐོན་འབུམ་ཕྲག་བརྒྱད༔ ཟག་མེད་སྒྱུ་ལུས་གྲོལ་བ་ཁྲི་ཕྲག་དགུ༔ དངོས་གྲུབ་སྣ་རེ་ཐོབ་པ་དུང་ཕྱུར་བརྒྱ༔ ཐར་པའི་ས་བོན་ཐེབས་པ་རྩིས་ལས་འདས༔ དུས་གཅིག་མ་ཡིན་བརྒྱུད་མར་རིམ་བཞིན་འབྱུང༔ ཞེས་སོགས་ཞིབ་པར་གསུངས་པ་ལྟར་དགོངས་འདུས་ཁོ་ན་ལའང་གཙོ་བོར་བཀའ་བབས་བརྒྱུད་པའི་ཆུ་བོ་ཆེན་པོ་ཉི་ཤུ་ཡོད་པར་གྲགས། གཏེར་ཆོས་གཞན་དང་གཞན་གྱི་ཆོས་བདག་སོགས་རྩིས་ལས་འདས་པ་བཞུགས་ཤིང་། ཀུན་གྱི་གཙོ་བོ་ནི་རྒྱལ་བའི་དབང་པོ་ཞྭ་ནག་གཅོད་པན་འཛིན་པ་བཞི་པ་ཀརྨ་པ་རོལ་པའི་རྡོ་རྗེ་དང་། དེ་བཞིན་ཏུ་ཞྭ་དམར་པ་མཁའ་སྤྱོད་དབང་པོ། སྣེ་གདོང་གོང་མ་ཆེན་པོ། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། གཡག་སྡེ་པན་ཆེན། ཇོ་སྟན་མཁན་ཆེན་བསོད་ནམས་བཟང་པོ། འབྲི་གུང་ཆོས་ཀྱི་རྒྱལ་པོ་སོགས་མི་ཆེན་བླ་ཆེན་ཆེ་དགུ་བསྒྲང་བ་ལས་འདས་ཤིང་། ཁྱད་པར་དུ་རྒྱ་ནག་ཏཱ་མིང་རྒྱལ་པོས། ཀརྨ་པ་དེ་བཞིན་གཤེགས་པ་གདན་དྲངས་པའི་ཚེ་ཞུ་ཡིག་ཏུ་ཨོ་རྒྱན་གྱི་གྲུབ་ཐོབ་པདྨ་འབྱུང་གནས་ཀྱི་གཏེར་ཆོས་དྲི་མ་མེད་པ་ཞིག་གདན་དྲོངས་ཤོག་ཞུས་པ་བཞིན། ཆོས་རྗེ་དེ་བཞིན་གཤེགས་པས་ཟབ་ཆོས་དགོངས་པ་འདུས་པ་དང་། ངོ་མཚར་མཐིང་གི་བུམ་པ། དམ་ཚིག་གསེར་གྱི་རྡོ་རྗེ་རྣམས་བསྣམས་ནས་བྱོན་ཏེ་རྒྱལ་པོ་ལ་ཕུལ་བས་རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ནས་སྒལ་ཚིང་གི་དམ་དང་། ན་བཟའ་ཁྱད་པར་ཅན་སོགས་ཕུལ་བར་གྲགས། ཁྱད་པར་སྐུའི་སྲས་ཡེ་ཤེས་རྡོ་རྗེ་དང་། ཆོས་བདག་སློབ་མའི་གཙོ་བོ་བྱ་ཁྱུང་པ་དཔལ་ལྡན་སེང་གེ་གཉིས་ལས་སྲས་བརྒྱུད་དང་སློབ་བརྒྱུད་མཁས་གྲུབ་རིམ་པར་བྱོན་པ་དང་། རྩེ་ལེ་གོང་འོག །མདོ་ཁམས་ཏ་བླ་སྔ་ཕྱི་སོགས་ལས་བརྒྱུད་དེ་དགོངས་འདུས་གཙོར་གྱུར་ཟབ་གཏེར་རྣམས་གངས་ཅན་ལྗོངས་ཁྱབ་པ་ཙམ་གྱི་དར་སྲོལ་ཤིན་ཏུ་ཆེ་བས་ཨོ་རྒྱན་ཆེན་པོའི་ཕྲིན་ལས་རྒྱས་པར་སྤེལ་བའི་ཕྱིར་སྤྲུལ་པའི་གཏེར་སྟོན་འགྲན་ཟླ་དང་བྲལ་བར་མངོན། སྙིམ་ཕུ་བདེ་ཆེན་བསམ་འགྲུབ་ཀྱི་དགོན་པ་བཏབ་ནས་གདན་སའི་མཐིལ་དེར་མཛད། བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས་གཞན་ལས་ཁྱད་པར་འཕགས་པའི་རྟགས་དང་ཆོ་འཕྲུལ་མངོན་དུ་སྣང་བ་ལྟར་དེང་སང་ཡང་ཕབ་རྒྱུན་བཞུགས་པར་སྣང་། དེ་ལྟ་བུའི་ཚུལ་གྱིས་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་ནས་དགུང་ལོ་ལྔ་བཅུ་ང་བདུན་པ་མེ་ཕོ་བྱི་བའི་ལོ་ཧོར་ཟླ་གསུམ་པའི་གནམ་གང་གི་ཉིན་དགོན་པ་བྱང་ཆུབ་གླིང་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ། སྐུའི་སྐྱེ་སྲིད་གཉིས་པ་ནེལ་པ་སྨེའུར་ཡབ་དོན་གྲུབ་རྒྱལ་པོའི་སྲས་སུ་འཁྲུངས་ཀྱང་གཞོན་ནུ་ནས་གཤེགས། གསུམ་པ་ལོང་པོ་གྱིང་དུ་སྐུ་འཁྲུངས་པ་སྤྲུལ་སྐུ་སངས་རྒྱས་དཔལ་ལྡན་གདན་སར་ཡང་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེར་གནང་བར་གྲགས། དེ་མན་སྐྱེ་བརྒྱུད་དམིགས་བསལ་མ་བྱུང་ཞིང་གདུང་རྒྱུད་ད་ལྟའི་བར་དུ་ཡོད་པར་སྣང་། དེ་ལྟ་བུའི་སྤྲུལ་པའི་གཏེར་སྟོན་ཆེན་པོའི་གཏེར་ཆོས་རྒྱ་མཚོ་ལྟ་བུ་ལས་བདག་གིས་ཀྱང་སྤུ་རིའི་བཀའ་ཐང་། བླ་མ་དགོངས་འདུས། ཐུགས་རྗེ་ཆེན་པོ་ནོར་བུ་སྐོར་གསུམ། རྩེ་ཆེན་ཕུར་པ། འཇམ་དཔལ་དཀར་དམར་ནག་གསུམ། ཁྱུང་གསང་བ་ཡང་ཁོལ། དྲི་མེད་བཤགས་རྒྱུད། ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་དབང་སོགས་དེང་སང་རྒྱུན་གང་བཞུགས་རྫོགས་པར་ནོས་ཤིང་། བླ་མ་དགོངས་པ་འདུས་པའི་བསྙེན་སྒྲུབ་དང་སྒྲུབ་པ་ཆེན་པོ་ལན་གྲངས། གཞན་བསྐུལ་དང་རང་རྩོལ་ལ་བརྟེན་དགོངས་འདུས་འདོན་ཆ་ཚང་བའི་སྤར་དང་ཉེར་མཁོའི་ཡིག་ཆའི་ཞབས་འདེགས། དགོངས་འདུས་བཀའ་སྲུང་བཅས་པའི་ཞལ་ཐང་གྲ་ཚར་བཅོ་ལྔ་པ། བཅུ་གཅིག་པ། དགུ་པ་ཅན་ཆ་གསུམ། གླེགས་བམ་ཡོངས་རྫོགས་དངོས་གཙང་བ་སོགས་ཕྱོགས་འདིར་བཟང་པོའི་ལས་འབྲེལ་རྒྱ་ཆེར་བཞག་པས་རང་གཞན་འབྲེལ་ཚད་སྐྱེ་བའི་ཕྲེང་བར་ཨོ་རྒྱན་རིན་པོ་ཆེས་རྗེས་སུ་བཟུང་ནས་བྱིན་རླབས་ཐོབ་པར་སྨོན་པ་ལགས། ༈ ཡང་། འགོས་ཀྱི་ཕག་རིར་གནས་གཞི་རྫོངས་ལ་འགེབ༔ ལ་སྟོད་སྟག་གྲུར་དུག་གི་ཚོང་དུས་འོང༔ མེ་འབར་མཚོ་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་རྒྱལ་པོ་ལྔའི་བཞི་པར་བསྔགས་པ་ཨོ་རྒྱན་པདྨ་གླིང་པ་ནི། མངའ་བདག་གི་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔའི་མཐའ་མ་མོན་བུམ་ཐང་དུ་མྱོས་ཀྱི་རིགས་ལས་ཡབ་དོན་གྲུབ་བཟང་པོ་དང་། ཡུམ་གྲོང་མོ་དཔལ་འཛོམ་གཉིས་ཀྱི་སྲས་སུ་ལྕགས་ཕོ་ཁྱིའི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་སྐྱེ་བ་དེ་མ་ཐག་པར་གྱུར་པས་ཆུང་ངུ་ནས་དམ་པའི་རིགས་སད། ཡིག་རིགས་དང་བཟོ་གནས་སོགས་མ་བསླབ་པར་མཁྱེན། ཁྱད་པར་སྤྲེལ་ལོ་སྟོན་རའི་ཚེས་བཅུའི་ཉིན་ཡི་གེ་དྲུག་མའི་གནས་སུ་ཨོ་རྒྱན་རིན་པོ་ཆེས་ཞལ་དངོས་སུ་བསྟན་ནས་བྱིན་གྱིས་བརླབས། གཏེར་ཁ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕྱག་ཏུ་བསྩལ་པ་ལྟར་དགུང་ལོ་ཉེར་བདུན་པར། ཟབ་གཏེར་ཐམས་ཅད་ཀྱི་ཐོག་མ་རྫོགས་ཆེན་ཀློང་གསལ་གྱི་སྐོར་རྣམས་སྣ་རིང་བྲག་གི་ཉེ་ལོགས་སྟང་ཆུ་རྒྱ་མདུད་དུ་འཁྱིལ་བའི་མེ་འབར་མཚོར་གྲགས་པ་ནས། ཁྲོམ་ཚོགས་མང་པོའི་དབུས་སུ་ཕྱག་ན་སྒྲོན་མེ་ཞིག་བསྣམས་ནས་མཚོ་ནང་ཐོགས་མེད་དུ་གཤེགས། སླར་ཕྱག་གི་སྒྲོན་མེའང་མ་ཤི་བར་གཏེར་སྒྲོམ་ཆེན་པོ་རྫ་མ་ཙམ་ཞིག་མཆན་ཏུ་བཅུག་ནས་ཕེབ་པས་ཐམས་ཅད་ངོ་མཚར་ཡིད་ཆེས་ཀྱི་དད་པར་བཀོད་པ་ལ་བརྟེན་རྩོད་པ་དང་བྲལ་བའི་སྙན་གྲགས་ཀྱིས་ས་སྟེང་ཉི་ཟླ་ལྟར་ཁྱབ་པར་གྱུར། དེས་མཚོན་ཏེ་བསམ་ཡས་མཆིམས་ཕུ་ནས་རྫོགས་ཆེན་ཀུན་བཟང་དགོངས་འདུས། གཞན་ཡང་གཏེར་གནས་སོ་སོ་ནས་རྫོགས་ཆེན་གཉིས་མེད་རྒྱུད་བུ་ཆུང་གི་སྐོར་དང་། བླ་མ་ནོར་བུ་རྒྱ་མཚོ། ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ། བཀའ་བརྒྱད་ཐུགས་ཀྱི་མེ་ལོང་། ཕུར་པ་སྤུ་གྲི། བདུད་རྩི་སྨན་སྒྲུབ་ཀྱི་སྐོར་ཏེ་བཀའ་ཕུར་སྨན་གསུམ། ཕྱག་རྡོར་དྲེགས་འདུལ་དང་གཏུམ་ཆུང་། དྲག་པོ་ཆེ་འབྲིང་ཆུང་གསུམ། ཚེ་ཁྲིད་རྡོ་རྗེ་ཕྲེང་བ། ཚེ་སྒྲུབ་ནོར་བུ་ལམ་ཁྱེར། ནག་པོ་སྐོར་གསུམ། ལས་ཕྲན་གྱི་སྐོར་སོགས་མང་དུ་གཏེར་ནས་བཞེས་ཤིང་དེ་དང་མཚུངས་པར་མྱོང་གྲོལ་སྐྱེ་བདུན་སྐུ་ཚབ་པདྨ་གུ་རུ་སོགས་དམ་རྫས་རྟེན་གསུམ་གྱི་རིགས་ཀྱང་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་ལྷོ་སྐྱེར་ཆུའི་ལྷ་ཁང་དཔལ་ཚ་བ་གསུམ་པའི་ལྷ་ཁང་དང་མཚུངས་པ་དེ་ཉིད་སྔོན་མི་སྣང་བ་ལ་གཏེར་སྟོན་འདིས་རི་སུལ་ཞིག་ནས་ས་རྡོ་རྣམས་བསལ་ནས་ལྷ་ཁང་དེང་སང་ཀུན་གྱིས་མཇལ་དུ་ཡོད་པར་མཛད། ནོར་གཏེར་ཀྱང་ཆོས་རྒྱལ་གྱི་བླ་གཡུ་རིན་པོ་ཆེ་འོད་འབར། བླ་གཡུ་སྟོང་རི་འོད་འབར། བླ་གཡུ་སྒང་རི་ཁང་དམར། ལྷ་ལྕམ་གྱི་ན་བཟའ་སྲུབ་མེད་པ་དང་། མེ་ལོང་རྒྱང་གསལ་ལ་སོགས་རྒྱལ་རྒྱུད་ཀྱི་ནོར་སྣ་ཁྱད་འཕགས་མང་པོའང་གཏེར་ནས་བཞེས། གཏེར་ཁ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕྱག་ཏུ་བྱུང་ནའང་ཕྱེད་ཙམ་ལས་བཞེས་མ་ཐུབ། ཕྱིས་གཏེར་སྟོན་སྐུ་གཤེགས་ཁར་སྲས་ཀྱིས་འདོན་ཆོག་པར་གསོལ་བ་བཏབ་པས་ཁྱོད་ཀྱིས་གཏེར་ཆོས་ཐོན་པར་དཀའ་ཡང་། དམ་ཚིག་གཙང་མར་བསྲུང་ཤིང་བདག་རང་ལ་གསོལ་བ་བཏབ་ན་ཕྲན་ཚེགས་རྙེད་པའང་སྲིད་གསུངས་པ་བཞིན། ཐུགས་སྲས་ཟླ་བས་ཀྱང་གཏེར་ཁ་འགའ་ཞིག་སྤྱན་དྲངས་པར་གྲགས། གཞན་ཡང་ཡ་མཚན་ཆེ་བའི་མཛད་པ་བསམ་གྱིས་མི་ཁྱབ་ཅིང་། མ་འོངས་པ་ན་པདྨ་བཀོད་པའི་ཞིང་ཁམས་སུ་སངས་རྒྱས་རྡོ་རྗེ་སྙིང་པོ་ཞེས་བྱ་བར་འགྱུར་བའི་ལུང་བསྟན་དང་། ད་ལྟའི་འབྲེལ་ཐོགས་རྣམས་ཀྱང་ཞིང་དེར་སྐྱེས་ནས་སངས་རྒྱས་དེའི་གདུལ་བྱར་འགྱུར་བར་གསུངས་སོ། །ཐུགས་སྲས་སློབ་མའི་ཚོགས་ཀྱང་གཏེར་ལུང་ལས། ལས་ཀྱིས་འབྲེལ་པ་ཁྲི་ཕྲག་གཅིག༔ སྨོན་ལམ་འབྲེལ་བ་སྟོང་རྩ་གཉིས༔ ཟབ་མོའི་གནད་ཀྱིས་འབྲེལ་བཅུ་གཅིག༔ དཀྱིལ་འཁོར་འཛིན་པའི་བུ་བདུན་དང༔ ཐུགས་ཀྱི་སྙིང་སྲས་གསུམ་དུ་འབྱུང༔ ཞེས་གསུངས་པ་དང་མཐུན་པར་བསམ་གྱིས་མི་ཁྱབ་པར་བྱོན་པའི་ནང་ནས། གཙོ་བོར་གྱུར་པ་སྤྲུལ་པའི་གཏེར་སྟོན་དྲུག །གྲུབ་ཐོབ་ཆེན་པོ་དྲུག །གྲུབ་རྟགས་མངོན་སུམ་ཐོན་པའི་བུ་ཆེན་དྲུག །གཏེར་སྟོན་ཉིད་དང་དགོངས་པ་མཉམ་པའི་ཇོ་གདན་མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར། ནང་སོ་རྒྱལ་བ་དོན་འགྲུབ། སྤྲུལ་སྐུ་མཆོག་ལྡན་མགོན་པོ་སྟེ་ཐུགས་སྲས་གསུམ། རིགས་གསུམ་མགོན་པོའི་སྤྲུལ་པ་སྐུའི་སྲས་མཆེད་བཞི་སོགས་བྱོན་ཅིང་། དེའི་ནང་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཐུགས་སྲས་ཟླ་བ་བྱིན་རླབས་དང་ནུས་རྩལ་བསམ་གྱིས་མི་ཁྱབ་ཅིང་ཡབ་ཀྱི་དགོངས་པ་ལོན་པ་ལ་བརྟེན་ཕྲིན་ལས་རྒྱ་ཆེ་བས་ས་སྐྱ་བདག་ཆེན། འབྲི་གུང་རིན་ཆེན་ཕུན་ཚོགས། ཞྭ་དམར་དཀོན་མཆོག་ཡན་ལག །དཔའ་པོ་ཆོས་རྒྱལ་དོན་འགྲུབ་སོགས་ཀྱིས་སྐྱེས་ཆེན་དམ་པར་བསྔགས་ཤིང་བླ་མར་བཀུར། དབུས་གཙང་ལྷོ་མོན་གྱི་མི་ཆེན་ཆེ་དགུས་ཀྱང་ཞབས་ནས་བཏེགས་པས་གཞན་ཕན་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་སྦས་པའི་རྣལ་འབྱོར་གྱི་ཚུལ་མཛད་པས་ཆོས་བརྒྱུད་ཆེར་འཕེལ་བ་མ་བྱུང་། བསྟན་པའི་རྒྱུན་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང་། དབུ་མཛད་དོན་གྲུབ་དཔལ་འབར་ཏེ་མཚུངས་མེད་ཆོས་རྗེ་རྣམ་གཉིས་སུ་གྲགས་པ་དང་། པད་གླིང་ཉིད་ཀྱི་གསུང་སྤྲུལ་དང་ཐུགས་སྲས་སྤྲུལ་པའི་སྐུ་འཁྲུལ་མེད་རིང་བསྲེལ་བདུན་རྒྱུད་ནས་བཟུང་ད་ལྟའི་བར་ལྷོ་མོན་དབུས་གཙང་མདོ་ཁམས་ཡུལ་གྱི་མཐར་ཐུག་པར་ཁྱབ་ཅིང་། དབང་ལུང་ཁྲིད་རྒྱུན་མ་ཉམས་པར་བཞུགས་པ་ལས་ཁོ་བོས་ཀྱང་བླ་རྫོགས་ཐུགས་གསུམ། བཀའ་བརྒྱད་སྤྱི་བྱེ་བྲག །ཕྱག་རྡོར་གཏུམ་པོ་ཆེ་ཆུང་། ཚེ་སྒྲུབ་དང་དྲག་དམར་སྐོར། ནག་པོ་སྐོར་གསུམ་དང་ལས་ཕྲན་ཅི་རིགས་པ་དང་བཅས་ནོས་ཤིང་འཆད་སྤེལ་ཡང་ཅི་ནུས་སུ་བགྱིས་པ་ཡིན་ནོ། ༈ །ཡང་། རྒྱ་གར་གྷ་ན་རུ་དང་བི་ན་སའི༔ པཎྜི་ཏ་ནི་གཉིས་གསུམ་བོད་དུ་འབྱུང༔ ལྷ་སའི་ཇོ་ཤཱཀ་འདི་ལ་མཆོད་པ་བྱེད༔ ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ལས་འཕྲོ་གླིང་པའམ་རིག་འཛིན་འཇའ་ཚོན་སྙིང་པོ་དང་སྔགས་འཆང་ཧཱུྃ་ནག་མེ་འབར་ཞེས་སྐུ་གཅིག་ལ་མཚན་གསུམ་དུ་གྲགས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་འདི་ནི། སྔོན་དཔལ་ཨོ་རྒྱན་ཆེན་པོའི་ཞལ་སློབ་ཟག་མེད་འོད་ལུས་གྲུབ་པ་བརྒྱ་རྩ་བརྒྱད་ཀྱི་མཆོག་གྱུར་ཉང་བན་ཏིང་འཛིན་བཟང་པོ་འབྲས་བུ་མཐར་ཕྱིན་པའི་ཐུགས་རྗེ་ཡས་སྤྲུལ་དུ་བྱོན་པ་སྟེ། ཀོང་ཡུལ་ཝ་རུ་གནམ་ཚལ་དུ། ཡབ་ཆོས་སྐྱོང་མགོན་པོ་དང་། ཡུམ་ནམ་ལངས་བུ་ཁྲིད་གཉིས་ཀྱི་སྲས་སུ་ཤིང་མོ་བྱ་ལོར་སྐར་མ་རྒྱལ་ལ་བབས་པའི་ཉིན་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཆོས་ཀྱི་བག་ཆགས་དང་ལྡན་ཞིང་། དགུང་ལོ་གསུམ་པའི་དུས་ནས་ཡི་གེ་བརྡའ་སྟོན་ཙམ་གྱིས་མཁྱེན། རྡོ་ལ་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བྱོན། བཅུ་གཉིས་ནས་ཉི་ཤུར་མ་ཕེབ་བར་དུ་སློབ་གཉེར་དང་། ཁྱད་པར་གསོ་རིག་ལ་སྦྱངས་པས་མཁས་པར་མཁྱེན། དེ་དག་གི་དུས་སྐབས་རྣམས་སུ་དངོས་ཉམས་དང་རྨི་ལམ་དུ་ཨོ་རྒྱན་རིན་པོ་ཆེ་ཡང་ཡང་མཇལ་བར་བྱུང་། ཐུགས་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ནས་ཆོས་ཁོ་ན་ལ་རྩེ་གཅིག་ཏུ་ཐུགས་འདུན་གཏད་ཅིང་འཁོར་བའི་གནས་གྲོགས་ཐམས་ཅད་མེ་འོབས་ལྟ་བུར་གཟིགས་ནས་ཆོས་ཀྱི་རྗེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱི་དྲུང་དུ་ཆོས་་ལ་བྲོས་ནས་བྱོན་པས། རྗེ་དེའི་མཚན་ལམ་དུ། སློབ་དཔོན་པདྨས་བཞེངས་པའི་མཆོད་རྟེན་རྙིང་པ་ཞིག་བུད་མེད་འགས་གདན་དྲངས་ནས་རབ་གནས་བསྐྱར་དགོས་ཟེར་བ་ལ་རབ་གནས་མཛད་པས་འོད་དུ་འབར་བར་གཟིགས་པས་སྐལ་ལྡན་དུ་མཁྱེན། དེར་རབ་ཏུ་བྱུང་། ངག་དབང་ཆོས་རྒྱལ་དབང་པོར་མཚན་གསོལ། གསང་སྔགས་ཀྱི་དབང་ཁྲིད་ལུང་སོགས་གདམས་པ་མཐའ་ཡས་པར་གསན་ཅིང་རྩེ་གཅིག་ཏུ་སྒྲུབ་པ་ཁོ་ནས་དུས་འདའ་བར་མཛད། གཞན་ཡང་ཞབས་དྲུང་ནོར་བུ་བརྒྱན་པ། འབྲུག་པ་ཐམས་ཅད་མཁྱེན་པ། མཉམ་མེད་ལྷ་རྩེ་བ་སོགས་ལས་མདོ་སྔགས་བཀའ་གཏེར་གསར་རྙིང་ཐམས་ཅད་མ་གསན་པ་མེད་པ་ལྟ་བུར་མཛད། ཁྱད་པར་ལྷ་རྩེ་བ་ལས་བསྙེན་རྫོགས་ཞུས། རྟེན་དགེ་སློང་གི་དངོས་པོ་ཅན་དུ་བསྒྲུབས། མི་ལོ་བཅུ་བདུན་དུ་འདག་སྦྱར་ཁོ་ན་མཛད་ནས་སྒྲུབ་པའི་རྒྱལ་མཚན་འཛུག་པར་མཛད་པའི་དུས་སུ། གཏེར་གྱི་ལུང་བསྟན་མང་དུ་བྱུང་ཡང་ཇི་མི་སྙམ་པར་བཞག་ཀྱང་ཕྱག་རྡོར་གྱི་བསྙེན་པ་དུང་སོང་བའི་ཚེ་ཆོས་རྗེ་རིན་པོ་ཆེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱིས་བསྐུལ་ནས། ལྕགས་ཕོ་སྤྲེལ་ལོ་ཟླ་བ་དང་པོའི་ཚེས་བཅུ་ལ་གཏེར་བཞེས་པའི་ཐོག་མར་ལྕགས་ཁྲོའི་བྱ་ཆུང་བྱེའུ་ཕྲུག་ཙམ་ཞིག་གི་ནང་ནས་གཏེར་གྱི་ཁ་བྱང་མཚོ་རྒྱལ་གྱི་ཕྱག་བྲིས་མ་ཕྱག་ཏུ་འབྱོར་པ་ལྟར། བྲག་ལུང་ཧོམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་ཡང་ཟབ་དཀོན་མཆོག་སྤྱི་འདུས་སོགས་གསང་གཏེར་དུ་བཞེས་ནས་གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པར་མཛད། གཞན་ཡང་ཀོང་པོ་བུ་ཆུ་དང་། བྱང་འཕྲེང་མཛེས་ཞེས་ལྗོན་པ་ལུང་གི་གནས་སྒོ་དང་། སྙེ་མོ་ལྷ་རི། ཀོང་འཕྲང་དགེ་འདུན་གནས། དབུ་རུ་ཞྭ་ཡི་ལྷ་ཁང་སོགས་ནས་ཐུགས་རྗེ་ཆེན་པོ་དང་། རྟ་ཕག་ཡིད་བཞིན་ནོར་བུ། ཞི་ཁྲོ་ངེས་དོན་སྙིང་པོ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ། རྡོ་རྗེ་གྲོ་ལོད། དཔལ་མགོན་མ་ནིང་སྐོར། གནས་ཀྱི་ལམ་ཡིག་མང་པོ་སོགས་ཟབ་གཏེར་མང་པོ་སྤྱན་དྲངས། དཀོན་མཆོག་སྤྱི་འདུས་སོགས་འགའ་ཞིག་གསང་གཏེར་ལས་ཕལ་ཆེར་ཁྲོམ་གཏེར་མཛད། མངོན་ཤེས་དང་རྫུ་འཕྲུལ་ཕྱོགས་མེད་དུ་ཤར་ནས་ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པ་དང་། ཆུ་དང་གཡང་ས་སོགས་ལའང་ཐོགས་མེད་དུ་གཤེགས་ཏེ། ཁྱད་པར་སྙེ་མོ་ལྷ་རིའི་གཏེར་བཏོན་པའི་དུས། ཀོང་པོ་པྲ་ཏི་བ་སོགས་ལོག་པའི་བློ་ཅན་རྣམས་ཀྱིས་ས་བཅུད་ཉམས་ཀྱིས་དོགས་ནས་དམག་གིས་གཏེར་གནས་བསྲུངས་བར་བྱས་པས། གཏེར་སྟོན་ཐུགས་ཉམས་འུར་ཏེ་རྟ་ལ་ཆིབས་ནས་བྲག་གཡང་ཆེན་པོ་བྱ་མིན་པ་མི་ཐར་བ་མེ་ལོང་གི་ངོས་འདྲ་བ་ཞིག་ལ་ཆིབས་རྒྱུག་གནང་བས་ཕེབས་ཤིང་བྲག་གི་ངོས་ལ་ཆིབས་པའི་ཞབས་རྗེས་བཞག །གཏེར་དེ་ཉིད་སྐད་ཅིག་ལ་སྤྱན་དྲངས་ནས་གཤེགས་པའི་བརྟུལ་ཞུགས་དང་རྫུ་འཕྲུལ་ཆེན་པོ་བསྟན་ནས་དམག་མི་རྣམ་སྤ་བཀོང་བས་ཐམས་ཅད་རྟབ་རྟབ་པོར་གྱུར་ཞིང་སླར་དད་པའི་ས་ལ་བཀོད། སྟོབས་དང་ནུས་པ་བསམ་གྱིས་མི་ཁྱབ་པས་དམ་སྲི་མནན་པ་དང་མཐའ་དམག་ཟློག་པ་སོགས་བོད་སྤྱི་བྱེ་བྲག་གི་ཕན་བདེ་སྤེལ་བའི་ཕྲིན་ལས་མང་དུ་མཛད། སྐལ་ལྡན་མང་པོ་རྗེས་སུ་བཟུང་ནས་བཀའ་གཏེར་གསར་རྙིང་གི་ཆོས་ཚུལ་མང་པོའི་སྨིན་གྲོལ་གྱི་བདུད་རྩི་སྩོལ་བར་མཛད། རྗེ་ཉིད་སྐུ་བཙུན་ཞིང་དགེ་སློང་གི་དངོས་པོ་ལས་མི་འདའ་བར་ཀུན་སྤང་གི་མཛད་པ་སྐྱོང་བཞིན་དུ་གདུལ་བྱ་རྣམས་ཀྱང་ཚུལ་དེར་བཀྲི་ཞིང་ཡང་དག་པའི་ལམ་ལ་གཞོལ་ཞིང་འབབས་པར་མཛད་དོ། །བང་རི་འཇོག་པོ་ཞེས་ཉིད་ཀྱིས་གནས་སྒོ་ཕྱེས་པའི་གནས་ཁྱད་འཕགས་ཞིག་ཡོད་པའི་དབེན་ཞིང་མཐོ་བའི་སར་སྒྲུབ་སྡེ་བཏབ་པ་དེང་སང་ཡང་མ་ཉམས་པར་ཡོད་ལ་དབོན་བརྒྱུད་དང་སྤྲུལ་བརྒྱུད་སོགས་ཀྱིས་འཛིན་སྐྱོང་གནང་། ཆོས་བདག་གི་ཐོག་མ་སྒམ་པོ་ཞབས་དྲུང་ནོར་བུ་བརྒྱན་པས་ཕྲིན་ལས་ཀྱིས་སྒོ་ཕྱེ་བ་ནས་བཟུང་། རྒྱལ་བའི་དབང་པོ་ཞྭ་དམར་ནག །རྒྱལ་ཚབ་གྲགས་པ་དོན་གྲུབ། འབྲི་གུང་པ་ཆོས་ཀྱི་གྲགས་པ། འབྲུག་པ་དཔག་བསམ་དབང་པོ། རྡོར་བྲག་རིག་འཛིན་ངག་གི་དབང་པོ། རྩེ་ལེ་སྣ་ཚོགས་རང་གྲོལ། ལྷ་བཙུན་ནམ་མཁའ་འཇིགས་མེད། རིག་འཛིན་ཕྲིན་ལས་ལྷུན་གྲུབ། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། སྤུ་བོ་རྦ་ཁ་སྤྲུལ་སྐུ་རིག་འཛིན་ཆོས་ཀྱི་རྒྱ་མཚོ། སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ། གཏེར་ཆེན་བདུད་འདུལ་རྡོ་རྗེ། ཏ་བླ་པདྨ་མ་ཏི་སོགས་དབུས་གཙང་ཁམས་གསུམ་རྒྱ་ཆེར་འདུས་ཤིང་དངོས་དང་བརྒྱུད་ནས་ཤར་ཕྱོགས་རྒྱ་མཚོའི་མཐའ་ཚུན་ཆད་ཕྲིན་ལས་རྒྱས་པར་འཕེལ་བ་དེང་སང་ཡང་མ་ཉམས་པར་གནས་ལ། ཁོ་བོས་ཀྱང་ཟབ་གཏེར་པོད་དྲུག་བཀའ་འབུམ་དང་བཅས་པ་ཡོངས་སུ་རྫོགས་པར་ནོས་ཤིང་། དེ་དག་སྤྱི་དང་ཁྱད་པར་ཡང་ཟབ་དཀོན་མཆོག་སྤྱི་འདུས་བསྐྱེད་རྫོགས་ཉམས་ལེན་རྒྱུན་གྱི་རྣལ་འབྱོར་སྙིང་པོར་བཟུང་བས་བྱིན་རླབས་ཀྱི་མཚན་མའང་ཐོབ། ཁྲིད་ཡིག་དང་བསྙེན་ཡིག་ཆེན་མོ་སོགས་ཡིག་ཆ། དེ་དག་དང་ཞི་ཁྲོ་ངེས་དོན་སྙིང་པོ་ཆ་ལག་བཅས་པར་དུ་བཀོད་ཅིང་སྐྱབས་མགོན་རྡོ་རྗེ་འཆང་པདྨའི་ཞབས་ཀྱི་གསེར་གདུང་ཆེན་མོའི་མདུན་ཚེས་བཅུའི་སྒྲུབ་མཆོད་ཀྱི་རྒྱུན་འཛུག་པར་བསྐུལ་བ་སོགས་ཕྲིན་ལས་སྤེལ་བ་ཡིན་་་་་་་་་་ནོ། །མདོར་ན་སྤྲུལ་པའི་གཏེར་སྟོན་འདི་ཉིད་གྲུབ་དོན་ལྟར་ན། རྟེན་འབྲེལ་རབ་འབྲིང་ཐ་མ་ཡང་མཐའ་བཞིར་གསུངས་པའི་ཕྱི་མའི་དབང་དུ་གྱུར་མོད། ཐུགས་བསྐྱེད་དང་སྦྱངས་སྟོབས་ཁྱད་པར་འཕགས་ཤིང་། རང་གིས་ཟབ་གཏེར་རྣམས་ཉམས་བཞེས་མཐར་ཕྱིན་པ་མཛད་པ་ལ་བརྟེན་གཏེར་ཆོས་སྤྱི་དང་ཁྱད་པར་ཡང་ཟབ་བླ་སྒྲུབ་གསར་རྙིང་རིས་མེད་དུ་དར་བ་འདི་ལྟར་དང་། ཆོས་བརྒྱུད་ལས་མི་དབང་བསོད་ནམས་སྟོབས་རྒྱལ་ཁོ་ནའི་དུས་ཀྱང་དྭགས་པོར་འོད་ལུས་གྲུབ་པ་གཉིས་སོགས་སྔ་ཕྱི་མང་དུ་བྱུང་བར་སྣང་། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་དོན་གཉིས་པར་བང་རི་འཇོག་པོར་རྟགས་དང་ཆོ་འཕྲུལ་ལྐོག་ཏུ་མ་གྱུར་པ་བསྟན་ཅིང་མངོན་པར་མཁྱེན་བཞིན་དུ་དག་པའི་ཞིང་ཁམས་ཆེན་པོར་གཤེགས་པའི་ཚུལ་བསྟན་པ་ཡིན་ནོ། །སྤྱིར་ལས་འཕྲོ་གླིང་པའི་མཚན་གྱི་ཅོད་པན་འཛིན་པ་སྔ་ཕྱི་ལྔ་ཙམ་བྱོན་པ་ཐམས་ཅད་ཀྱང་གཏེར་སྟོན་ཚད་ཐུབ་ཁོ་ནར་ངེས་ཀྱང་། པདྨ་བཀའ་ཐང་དུ་གཏེར་གནས་ཀྱི་ངེས་པ་དང་བཅས་པར་ལུང་བསྟན་པ་ནི་འདི་གཅིག་པུར་ཡོངས་སུ་གྲགས་སོ། ༈ །ཡང་། བོད་འདིར་རྒྱལ་པོའི་མིང་བཏགས་བརྒྱ་རྩ་བརྒྱད༔ གངས་དང་སེང་གེ་ལས་ཀྱིས་འབྲེལ་བ་ཡིས༔ འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེད༔ བྱར་གྱི་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་བསམ་གཏན་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་བསམ་གཏན་བདེ་ཆེན་གླིང་པ་ནི། འབྲོག་མི་དཔལ་གྱི་ཡེ་ཤེས་དང་གཡུ་སྒྲ་སྙིང་པོ་ཟུང་དུ་འཇུག་པའི་རྣམ་འཕྲུལ་ལོང་པོ་འཇིམ་གར་སྟེང་དུ་འཁྲུངས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པའི་ཚུལ་དུ་བཞུགས། ཀོང་པོ་ཉང་ཁ་བདེ་ཆེན་གླིང་དུ་གྲགས་པའང་དང་པོ་འདིས་བཏབ་པར་གསལ། བྱང་སྨད་ཇོ་བོ་བྲག་དཀར་ནས་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་སྐོར་དང་། གཞན་ཡང་བཀའ་བརྒྱད་ལུགས་སྲོལ་ཆེན་པོ་དགུའི་ཡ་གྱལ་དུ་བགྲངས་པའི་དྲེགས་པ་ཀུན་འདུལ་གྱི་སྐོར། དཔལ་མགོན་ཞལ་བཞི་པ། བདུད་མགོན་ཞིང་སྐྱོང་ཡབ་ཡུམ་གྱི་སྐོར་སོགས་སྤྱན་དྲངས་ནའང་བར་སྐབས་ནས་ཆོས་བརྒྱུད་རྒྱ་ཆེར་བྱུང་བ་མེད་པར་སྣང་མོད། ཕྱིས་འདིར་རྗེ་བླ་མར་བཀའ་བརྒྱད་དྲེགས་འདུལ་གྱི་རྒྱུད་ལུང་མན་ངག་ཡང་གཏེར་དུ་བབས་པ་ཁོ་བོས་ཀྱང་སྐལ་བཟང་དུ་ཐོབ་བོ། །དུས་ཚོད་སྔ་ཕྱི་གསལ་བར་མ་ངེས་ཀྱང་ལོ་རྒྱུས་གཞན་གྱི་བབས་ལ་བརྟགས་ན་སངས་རྒྱས་གླིང་པའི་སྐུ་ཚེའི་སྨད་ཙམ་ལ་བྱུང་བར་མངོན། འདི་ཉིད་ཕྱིས་སུ་སྟག་ཤམ་རྡོ་རྗེ་ཡིན་པར་ཆོས་རྗེ་གླིང་པ་སོགས་ཀྱིས་བཞེད་པས་དོན་ལ་གནས་མོད། འདིར་དཀྱུས་སུ་སྔར་ཡོངས་གྲགས་ལྟར་བཀོད་ཅིང་གཏེར་ཆེན་སྟག་ཤམ་པའི་རྣམ་ཐར་ས་བོན་ཙམ་འོག་ཏུ་འབྱུང་བ་ལས་ཤེས་པར་བྱའོ། ༈ །ཡང་། སླེ་མ་མཚལ་གྱི་རི་མོ་བྲིས་པ་ཡི༔ གནུབས་ཀྱི་སྲེག་པ་ལུང་དུ་མུ་གེ་འབྱུང༔ ཁྱུང་ཚང་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་ཞིག་པོ་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་ནི། ལྷ་སྲས་དམ་འཛིན་གྱི་རྣམ་པར་འཕྲུལ་པ་སྟེ། དབུ་རུ་ཇོ་ཤཱཀ་རྣམ་གཉིས་བཞུགས་པའི་ཡུལ་དང་ཉེ་བ་སྟོད་ལུང་སྣང་རྩེ་ཞེས་པར། ཡབ་ནམ་མཁའ་དབང་ཆེན་ཕུན་ཚོགས་ཞེས་དང་། ཡུམ་ཚེ་དབང་བརྟན་མའི་སྲས་སུ་ཤིང་ཕོ་སྤྲེལ་ལོ་ཟླ་བ་བཅུ་པའི་ཉེར་གསུམ་གཟའ་ཉི་མ་དང་སྐར་མ་བྲེ་འཛོམ་པའི་ཉིན་སྣང་རྩེ་གསེར་ཁང་གི་གཟིམ་ཁང་དགའ་བྱེད་ཤར་དུ་སྲིད་སྐྱོང་ཆེན་པོའི་རིགས་སུ་སྐུ་བལྟམས། དགུང་ལོ་ལྔ་པ་ལ། རྗེ་སྨན་ཆུ་བ་ནམ་མཁའ་རིན་ཆེན་པའི་དྲུང་དུ་སྐྲ་གཅོད་པ་དང་ལུས་བསྒྱུར་ཞུས་པས། འདི་སྐྲ་བཅད་ན་གཅོད་མཁན་ལ་མི་དགའ་བས་ངས་སྔགས་སྡོམ་སྦྱིན་ནས་མིང་བཏགས་གསུངས་ནས། མཚན་ནམ་མཁའ་ཚེ་དབང་རྒྱལ་པོར་གསོལ། དགུང་ལོ་ཉེར་གཅིག་གི་དུས་གཏེར་སྒྲུབ་མཛད་པས་མནལ་ལམ་དུ། མི་གཅིག་གིས་ཁྱུང་ཚང་བྲག་ན་ཁྱོད་ཀྱི་ནོར་ཡོད་ཐོ་ཡིན་ཟེར་ནས་དཔེ་ཆ་མགོ་ཚན་གོས་དར་སེར་པོའི་རྒྱབ་ཤ་བྱས་པ་ཞིག་གཏད་བྱུང་བ་གཟིགས་པས་གཏེར་གྱི་ཁ་བྱང་ཤིན་ཏུ་གསལ་བར་འདུག །མནལ་སད་དུས་ཐུགས་ལ་གསལ་ཧྲམ་མེར་འདུག་པས་ཟིན་བྲིས་ལ་བཏབ་ནས། ལོ་དེའི་ཟླ་བ་བཞི་པའི་ཚེས་བཅུའི་མཚན་མོར་དཔོན་གཡོག་བདུན་གྱིས་ཆིབས་གཤར་མཛད་ནས་ཕེབས་པས་གསང་ཕུག་གི་འགྲམ་དུ་ཕེབས་པ་དང་ནམ་ལངས་ཤིང་ཉི་མ་ཤར་བྱུང་བས་རྟེན་འབྲེལ་ལེགས་པར་དགོངས། གསང་ཕུག་གོང་མའི་ཐག་པ་ཆད་ནས་བགྲོད་ཐབས་ཟད་པ་ལ། རྫུ་འཕྲུལ་གྱིས་ཕེབས་ནས་གཏེར་རྟགས་བཙལ་བས་ཆུ་རྡོ་ནར་མོ་ཁྲུ་གང་ཙམ་ལ་ཅོང་ཞིས་ནོར་བུ་འབར་བའི་རི་མོ་བྲིས་པ་ཞིག་ཡོད་འདུག་པ་དེ་བཏོན་ནས་གཏེར་སྒོ་ཕྱེས་པའི་ནང་སོལ་ཕྱེའི་གསེབ་ནས་སོ་ཕག་གཏེར་སྒྲོམ་ཟུར་བརྒྱད་པ་ཞིག་བཏོན་པའི་ནང་ནས་ཚེ་སྒྲུབ་རྒྱལ་བ་འདུས་པའི་སྐོར་དང་དམ་རྫས་སྐྱེ་་་་་བདུན། ཚེ་ཆུ་སོགས་མང་དུ་བྱོན། གཞན་ཡང་ཟང་ཡག་བྲག །ཟུར་མཁར་རྡོ་ཡི་མཆོད་རྟེན། དབུ་རུ་ཞྭ་ཡི་ལྷ་ཁང་། གཞོ་སྟོད་གཏེར་སྒྲོམ། ལྷ་ས་དང་བསམ་ཡས་ཀྱི་གཙུག་ལག་ཁང་སོགས་ནས། ཐུགས་དམ་ཟབ་པ་སྐོར་བདུན། ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ། རྫོགས་ཆེན་གསང་བ་སྙིང་ཐིག །རྟ་མགྲིན་ནཱ་ག་ཀླུ་འདུལ། དྲག་པོ་གནམ་ལྕགས་མེའི་འཁོར་ལོ། དམག་ཟློག་ཉེར་ལྔ་སོགས་གཏེར་ཆོས་མང་པོ་དང། སྐུ་ཚབ་རྟེན་གསུམ་དམ་རྫས་སོགས་བསམ་གྱིས་མི་ཁྱབ་པར་གདན་དྲངས། དགོངས་འདུས་ཀྱི་གཏེར་ཞབས་སྡུད་པ་པོར་ལུང་བསྟན་ཡོད་པར་གྲགས་པ་བཞིན་སྙིམ་ཕུ་ནས་ཀྱང་བསྙེན་བཀུར་ཕུན་སུམ་ཚོགས་པར་ཞུས། ཕལ་ཆེར་བཀའ་གཏེར་གོང་མ་རྣམས་ལ་ཐུགས་རྩིས་ཆེར་མཛད་པས་གསང་ཆེན་རྙིང་མ་བཀའ་གཏེར་ཐམས་ཅད་ཀྱི་བསྟན་པའི་བདག་པོར་གྱུར་ཏེ་འཆད་ཉན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་པས་བསྟན་པའི་རྩ་ལག་ཏུ་གྱུར་པའི་ཞལ་སློབ་ཀྱི་གཙོ་བོ་ནི། ཐམས་ཅད་མཁྱེན་པ་དཀོན་མཆོག་ཡན་ལག །ས་སྐྱ་བདག་ཆེན་ཀུན་དགའ་རིན་ཆེན། རྩེ་གདོང་བདག་ཆེན་ཀུན་དགའ་བསམ་འགྲུབ། འབྲུག་པ་ཞབས་དྲུང་མི་ཕམ་ཆོས་རྒྱལ་སོགས་དང། ཆོས་བརྒྱུད་འཛིན་པའི་སློབ་ཚོགས་ཁམས་ཀོང་། བྱར་དྭགས། ཨེ་གཉལ། ལྷོ་མོན། དབུས་གཙང་ཐམས་ཅད་ནས་བསམ་གྱིས་མི་ཁྱབ་པར་བྱོན་པས་གསང་ཆེན་རྙིང་མའི་སྲོག་མཐུད་པ་ལྟར་བྱུང་ཞིང་། གཙོ་བོ་གཏེར་ཆེན་ཉིད་དང་སོག་ཟློག་པ་བློ་གྲོས་རྒྱལ་མཚན་དང་། གངས་ར་ལོ་ཆེན་རྣམས་ལ་སྣང་སོག་གངས་གསུམ་དུ་གྲགས་ཏེ། འདི་རྣམས་ཀྱི་སྐུ་རིང་ལ་རྙིང་མ་བཀའ་གཏེར་ཐམས་ཅད་རྒྱ་ཆེར་འཕེལ་ཏེ་དེང་སང་གི་བར་དུ་མ་ནུབ་པར་བཞུགས་པའང་གཏེར་ཆེན་འདིའི་སྐུ་དྲིན་ལས་བྱུང་བ་ཡིན། དེ་ལྟར་ཕྲིན་ལས་མཐར་ཕྱིན་ནས་ལུག་ལོ་ཧོར་ཟླ་གཉིས་པའི་གནམ་སྟོང་དགུང་ལོ་དྲུག་ཅུ་བཞེས་པའི་ཚེ་ངོ་མཚར་བའི་རྟགས་མཚན་དང་བཅས་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན། གཏེར་ཆོས་ཀྱི་རྒྱུན་ཕྱིས་འདིར་ཤིན་ཏུ་དཀོན་ཅིང་ཆོས་བདག་པདྨ་རྒྱལ་མཚན་ལ་ལུང་བསྟན་སློབ་མ་པདྨའི་མཚན་ཅན་བརྒྱད་དུ་གྲགས་པ་ཏ་བླ་པདྨ་མ་ཏི་སོགས་ལས་ཆོས་རྒྱུན་མ་ཆད་ཙམ་བྱོན་པ་ཁོ་བོས་ཀྱང་འབད་པས་བཙལ་ནས་སྨིན་གྲོལ་གྱི་རྒྱུན་ནོས་ཤིང་ཡིག་ཆའི་ཞབས་ཏོག་དང་འཆད་སྤེལ་གྱི་ཕྲིན་ལས་ཅུང་ཟད་བསྐྱངས་པ་ཡིན་ནོ། ༈ །ཡང་། སྟར་སྒོའི་ཐང་ལ་དབུས་པའི་ཚོགས་འདུ་བྱེད༔ ཧས་པོ་རི་རྒྱུད་མེ་ཡར་རྫོང་ཞེས་འབྱུང༔ ཁ་རག་ཕུག་ཏུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང༔ ཞེས་པའི་གཏེར་སྟོན་བདེ་ཆེན་གླིང་པ་ནི། གྲུ་ཤུལ་ཚྭ་ལུང་ཞེས་པ་རི་བོ་ཁྱུང་ཆེན་ལྡིང་བའི་ཞོལ་དུ། ཡབ་དཔལ་འབྱོར་རྒྱལ་མཚན་དང་། ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་ཆུ་ཕོ་ཁྱིའི་ལོ་ལ་འཁྲུངས། སྐུ་རུས་ཁེར་ཡིན་ཏེ་རིག་འཛིན་ཆེན་པོ་རཏྣ་གླིང་པ་དང་ཡབ་ཚན་དྲུང་ཡིན་ཟེར། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་སྐྱེ་བར་ཡོངས་སུ་གྲགས། དགུང་ལོ་བདུན་པ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་མངོན་སུམ་ཞལ་གཟིགས། སྐུ་རྩེད་མཛད་པས་རྡོ་ལ་ཞབས་རྗེས་ཤིན་ཏུ་གསལ་བ་ཞིག་བྱུང་། དགུང་ལོ་བཅོ་ལྔ་པ་ལ་ཨོ་རྒྱན་རིན་པོ་ཆེ་དང་དངོས་སུ་མཇལ་ནས། དབང་བསྐུར་བྱིན་གྱིས་བརླབས། བཀའ་བསྒོ་བར་མཛད་པས། གུ་རུའི་ལུང་བཞིན། ཆུ་རྟ་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཁྱུང་ཆེན་བྲག་ནས་འཇམ་དཔལ་གཤིན་རྗེའི་སྒྲུབ་སྐོར་རྫས་དང་ཕུར་པ་སོགས་སྤྱན་དྲངས་ཤིང་། གཞན་ཡང་གཏེར་གནས་དེ་དང་བྲག་རི་མོ་ཅན། ནམ་སྙིང་སྒྲུབ་ཕུག །ཟིལ་ཆེན་གསང་ཕུག །གངས་བར་ཕུག་མོ་ཆེ། མགོན་པོ་གདོང་གི་བྲག །སྨན་ཆུ་བྲག་རྣ་རིང་དམར་གྱི་ཕ་བོང་། དོམ་ཚང་བདེ་མཆོག་ཕུག །མདའ་ཚ་ཟེར་གྱི་ཕུག །མཁོ་མཐིང་རྣམ་སྣང་སྐུ་རྒྱབ། བན་པ་གླང་རོང་། བན་པའི་ཆུ་མིག་དམར་པོ། ཁ་རག་ཕུག །ལྷོ་བྲག་སྣ་བོ་བྲག །ལྷོ་བྲག་གཏམ་ཤུལ་བྲག་སྲིན་མོ་སྦར་རྗེས་ཅན། སྲིན་མོ་ནག་པོའི་བྲག །ཨེ་གཟར་པོའི་བྲག །ཨེ་རོང་ཁྲབ་ལ་ཁ། འཇའ་ཚོན་བྲག །ཚེ་ལམ་དཔལ་རི་སོགས་ཀྱི་གཏེར་གནས་རྣམས་ནས། སྐུ་རྟེན་སྐུ་ཚབ། གསུང་རྟེན་གཏེར་ཤོག །ཐུགས་རྟེན་ཕྱག་མཚན། དམ་རྫས་མྱོང་གྲོལ། ཚེ་རིལ་སོགས་བསམ་གྱིས་མི་ཁྱབ་པའི་གཏེར་བཏོན་ཅིང་། འབུམ་གྱི་རྒྱ་དཔེ་ཚང་མའང་བཏོན་པར་གྲགས། གཏེར་ཆོས་ཚེ་ཁྲིད་ཡིད་བཞིན་མེ་ལོང་། ཇོ་མོ་ཁ་རག་ནས་གདན་དྲངས་པའི་བཀའ་བརྒྱད་དྲེགས་པ་འཇོམས་བྱེད། ཞིང་སྐྱོང་སྐོར་ལྔ་སོགས་མཐའ་ཡས་པར་སྤྱན་དྲངས་ཚུལ་གཏེར་འབྱུང་དུ་བཤད་ལ། སྐུ་ཚེའི་ཚད་ཀྱང་བདུན་ཅུ་དོན་བརྒྱད་བར་དུ་བཞུགས་པའི་ལུང་བསྟན་ཡོད་དེ། ཇི་སྐད་དུ། བདུན་ཅུ་དོན་བརྒྱད་ཚེ་ཡང་མཐར་ཕྱིན་འགྱུར༔ དེ་ནས་ཤེལ་བྲག་ཕྱོགས་སུ་མྱ་ངན་འདའ༔ ཕུང་པོ་འདི་ཉིད་ལྷ་སར་གཏེར་དུ་སྦོས༔ དེ་ནས་ཀོང་པོ་བུ་ཆུའི་གཏེར་ཞབས་དྲིལ༔ ལས་ལུས་མ་ཡིན་དག་པ་ཡེ་ཤེས་ལུས༔ ཞེས་སོགས་གསུངས་ཀྱང་ལུང་བསྟན་དང་རྗེས་མཐུན་གྱི་རྟེན་འབྲེལ་བསྒྲིག་ཕྱོགས་མ་མཛད་པའི་རྐྱེན་གྱིས་གཏེར་ལུང་ལས་གསུངས་པ་དག་ཕྱོགས་གཞན་དུ་ཕུལ་ཏེ་དགུང་ལོ་སོ་གཅིག་པ་ལ་གཞན་དབང་གིས་རྐྱེན་ལམ་དུ་གཤེགས། སློབ་བརྒྱུད་ཀྱང་ལུང་བསྟན་ལྟར་ན་ཆོས་བདག་མང་དུ་ཡོད་ཀྱང་རྟེན་འབྲེལ་རང་དབང་དུ་མ་གྱུར་པས་ཐམས་ཅད་མ་འདུས་ཀྱང་། བྱང་ཆུབ་གླིང་པ་སྣ་ཚོགས་རང་གྲོལ་དང་། དཀར་པོ་བསྟན་འཛིན་ནོར་བུ་སོགས་དང་མཇལ། ཆོས་བརྒྱུད་དང་འགྲོ་དོན་སོགས་ཀྱང་ཅུང་ཟད་ལས་རྒྱ་ཆེར་མ་འཕེལ། དེའི་སྐུ་སྐྱེ་ནི་ཀོང་པོ་བུ་ཆུར་འཁྲུངས་པ་བུ་སློབ་རྣམས་ཀྱིས་རང་གནས་སུ་སྤྱན་དྲངས། རྒྱལ་དབང་དབང་ཕྱུག་རྡོ་རྗེ་ལ་གཙུག་ཕུད་ཕུལ། ཕྲེང་པོ་གཏེར་ཆེན། ཞིག་གླིང་། འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས་སོགས་མང་པོའི་ཞབས་ལ་གཏུགས་ནས་གསང་སྔགས་གསར་རྙིང་བཀའ་གཏེར་གྱི་དབང་ལུང་རྒྱ་ཆེར་གསན་སྦྱང་མཛད་པས་སྤྱིར་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོར་གྱུར་ཀྱང་ཟབ་གཏེར་འདོན་པའི་རྟེན་འབྲེལ་་་་་་ཕྱག་ཏུ་བཞེས་རྒྱུ་མ་བྱུང་བས་དགུང་ལོ་སོ་དགུ་པ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས། དེའི་སྤྲུལ་སྐུ་མོན་མེལ་པོར་འཁྲུངས་ཏེ་སྐུ་ཐོག་གསུམ་བྱོན་པར་གྲགས། འདིའི་ཟབ་གཏེར་གྱི་གཙོ་བོ་ནི་མཁའ་འགྲོ་དགོངས་པ་འདུས་པ་སྟེ་གཞུང་རྒྱུད་མན་ངག་གི་སྐོར་རྣམས་སྐུ་ཕྲེང་གསུམ་གྱིས་རིམ་པར་བཞེས་པ་ལ་པུསྟི་དྲུག་ཡོད་པར་གྲགས་ཀྱང་ཕྱིས་འདིར་སྨིན་གྲོལ་གྱི་རྒྱུན་མ་བྱུང་བར་མངོན། བར་སྐབས་ཚེ་ཁྲིད་ཡིད་བཞིན་མེ་ལོང་གི་རྒྱུན་ཡོད་པར་སྣང་ཡང་ད་ལྟ་ནི་དཔེའང་མཇལ་དུ་མི་སྣང་། གསོ་དཔྱད་བདུད་རྩི་ཚེ་བུམ་ཙམ་གྱི་ལུང་རྒྱུན་ཐོས་ཤིང་ཕྱིས་མཆོག་གྱུར་བདེ་ཆེན་གླིང་པའི་མཁའ་འགྲོ་དགོངས་འདུས་སྙིང་པོ་ཐོབ་པའང་ཆུ་བོ་གཅིག་འདྲེས་སུ་བྱར་རུང་བར་མངོན། ལྷག་པར་རྗེ་བླ་མ་མདོ་སྔགས་གླིང་པར་ཡང་གཏེར་གྱི་ཤོག་སེར་དངོས་སུ་བྱུང་བ་ལྟར་སྙིང་པོ་ཙམ་ཞིག་གཏན་ལ་ཕབ་པས་ཕྱོགས་འདིར་ཡང་སྐལ་བཟང་དུ་གྱུར་ཏོ། །དེ་ལྟར་སྤྲུལ་པའི་གཏེར་ཆེན་སངས་རྒྱས་བླ་མ་ནས་བདེ་ཆེན་གླིང་པའི་བར་ཐང་ཡིག་ཆེན་མོའི་དངོས་བསྟན་བཞི་བཅུ་རྩ་བདུན་གྱི་རྣམ་ཐར་ས་བོན་གང་རྙེད་ཅུང་ཟད་ཙམ་རྒྱས་པར་བཀོད་པ་ཡིན་ལ། དེའང་སྔ་ཕྱི་གོང་འོག་འཆོལ་བ་མང་དུ་སྣང་མོད་འོག་ཏུ་སྔ་ཕྱིའི་དུས་སྒྲིག་འཆད་པར་འགྱུར་བ་ལས་འདིར་ནི་ཤེལ་བྲག་མའི་དངོས་བསྟན་ཉིད་མ་བཅོས་པར་བཀོད་པ་ཤེས་དགོས་སོ། །སངས་གླིང་གཏེར་མའི་བཀའ་ཐང་ལེའུ་བརྒྱ་བཅུ་བདུན་པ་ལས། ཨོ་རྒྱན་གླིང་པའི་གོང་དུ་སངས་རྒྱས་གླིང་པ་འབྱུང་ཚུལ་དུས་རྟགས་བཅས་ཡོད་ལ་རིན་ཆེན་གླིང་པ་ཕྱི་མ་མི་འབྱུང་། ཐམས་ཅད་ཀྱི་མཐར་གཏེར་སྟོན་མི་འགྱུར་རྡོ་རྗེ་དུས་རྟགས་བཅས་ལུང་བསྟན་པ་དང་། བཀའ་ཐང་གཞན་ལས། གཏེར་སྟོན་རྡོ་རྗེ་གྲོ་ལོད་ཅེས་བྱ་འབྱུང༔ ཞེས་དུས་རྟགས་དང་བཅས་འབྱུང་བའི་རྡོ་རྗེ་གྲོ་ལོད་ནི་མངའ་རིས་རིག་འཛིན་ཆེན་པོའི་གསང་མཚན་ཡིན་པས་མཁས་པ་རྣམས་ཀྱིས་དེ་ལ་ངོས་འཛིན་པ་དང་། བདུད་འདུལ་བཀའ་ཐང་ལས་སྙིང་པོ་རྣམ་ལྔས་མཚོན་པའི་རྣམ་གྲངས་ཤིན་ཏུ་མང་པོ་གསུངས་པ་སོགས་མཐའ་གཅིག་ཏུ་མ་ངེས་སོ། །ད་ནི་དེར་མ་གསལ་བའི་གཏེར་ཆེན་གཏེར་ཕྲན་ཤིན་ཏུ་མང་བ་སྔ་ཕྱིར་བྱོན་ནའང་རང་ཉིད་ཀྱིས་རྒྱུན་ཐོབ་པ་གཙོར་བཏོན། ཆོས་འབྱུང་སྔ་མ་རྣམས་སུ་འབྱུང་བ་ཅི་རིགས་པས་ཁ་བསྐངས་ཏེ་རིམ་པར་འཆད་པའི་ཐོག་མར། ༈ གཏེར་སྟོན་རྒྱ་བན་རྡོ་རྗེ་འོད་ནི། གཙང་ཉང་རོར་བསྟན་པ་སྔ་དར་གྱི་མཇུག་ཙམ་ལ་སྐུ་འཁྲུངས། རྟེན་སྔགས་འཆང་། མཚན་ཨ་ཁུ་སྟོན་པ་ཞེས་བླ་དྭགས་སུ་གྲགས། སྐུ་ན་བགྲེས་པོའི་སྐབས་སུ་རྒྱུད་པ་རྣམས་ཀྱིས་ཞབས་ཏོག་གྲུབ་མ་བཏུབ་པས་ཐུགས་སྐྱོ་སྟེ་ལྷོ་བྲག་མཁར་ཆུར་སྒྲུབ་པ་ལ་བྱོན་པའི་ལམ་ཁར་ཡར་འབྲོག་སྒང་དུ་འབྲོག་མི་དཔལ་གྱི་ཡེ་ཤེས་ཡབ་སྲས་དང་མཇལ། མཁར་ཆུར་ཕེབ་ནས་སྒྲུབ་པ་ལ་གཞོལ་བའི་སྐབས་སུ་ལུང་བསྟན་བྱུང་བ་ལྟར་དཔལ་གྱི་ཕུག་རིང་བྲག་མདའ་སྒྲོ་ཅན་ནས་སྨན་རྟག་ངུའི་བཅུད་ལེན་མཆོག་ཏུ་ཟབ་པའི་སྐོར་རྣམས་གདན་དྲངས་ཤིང་ཕྱག་ཏུ་བསྟར་བས་ཚེ་དང་ལུས་ཀྱི་བཅུད་ལེན་གྲུབ་ཅིང་སྐུ་གཞོན་ནུར་གྱུར་ཏེ་དགུང་ལོ་སུམ་བརྒྱར་བཞུགས་པར་གྲགས་ཀྱང་དེའི་ཕྱེད་ལོ་བརྩིས་པ་ཙམ་ངེས་པར་བཞུགས་པར་སྣང་། འདིའི་ལུང་ཕྱག་ལེན་གྱི་རྒྱུན་ད་ལྟའི་བར་བཞུགས་པ་ཁོ་བོས་ཀྱང་སྐལ་བཟང་དུ་ནོས་ཏེ་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བ་ཡིན་ནོ། ༈ །གུ་རུ་ཧཱུྃ་འབར་ནི་སྟག་སྡེར་བོན་གཤེན་གྱི་རིགས་སུ་འཁྲུངས། རྟེན་སྔགས་པ། དེས་མངའ་རིས་ཐོ་ལིང་གཙུག་ལག་ཁང་གི་དཔལ་རྟ་མགྲིན་གྱི་ཐུགས་ཀ་ནས་གཟའ་བདུད་མོན་པ་ཀེ་ཏའི་གདམས་སྐོར་ཤིན་ཏུ་ཟབ་ཅིང་རྣོ་མྱུར་ཚན་ཆེའི་དྲག་སྔགས་རྣམས་གདན་དྲངས་ནས་སྟག་སྡེའི་གྲགས་པ་རྒྱལ་མཚན་ལ་གནང་། དེས་པུ་རང་གི་བཙད་པོ་ལྷ་བླ་མ་ཡེ་ཤེས་འོད་ལ་ཕུལ་བས་མཉེས། དེས་གཙང་སྒྱེར་ཕུའི་ཀློག་སྐྱ་སྟོན་པ་ལ་གནང་། དེ་ནས་རིམ་པར་བརྒྱུད་པའི་གདམས་ངག་གི་རྒྱུན་ཡང་ནོས་སོ། ༈ །ལྷ་བཙུན་བྱང་ཆུབ་འོད་ནི། མངའ་བདག་གདུང་རྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དབོན་པོར་འཁྲུངས། རྟེན་དགེ་སློང་དུ་བཞུགས། མདོ་སྔགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་ལོ་ཙཱ་བ་ཡང་མཁས་པར་མཁྱེན། ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པས་བོད་ཁམས་སྤྱི་ལ་བཀའ་དྲིན་ཕུལ་དུ་བྱུང་། བསམ་ཡས་ཀྱི་ཀ་བའི་ཆོལ་ནས་པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་འབོད་རྦད་བསད་གསུམ་གཅིག་ཏུ་དྲིལ་བའི་གདམས་པ་ཁྱད་པར་ཅན་སྤྱན་དྲངས་པ་ལ་སྒྲུབ་ཐབས་ཀ་བཀོལ་མར་གྲགས་ཏེ་ལོ་ཆེན་རིན་ཆེན་བཟང་པོ་ནས་རིམ་པར་བརྒྱུད། དཔལ་ལྡན་ས་སྐྱ་བའི་མགོན་པོད་དུ་དཔེ་ལུང་རྒྱུན་མ་ཆད་པར་བཞུགས། སྤྱིར་ལྷ་བླ་མ་ཁུ་དབོན་འདི་རྣམས་ཀྱི་རིང་ལ་ལྷ་ས་དང་བསམ་ཡས་ལ་སོགས་སྔོན་ཆོས་རྒྱལ་མེས་དབོན་རྣམས་ཀྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ཉམས་པ་གསོ་བ་དང་། འུ་ཤང་རྡོའི་གཙུག་ལག་ཁང་མེས་ཚིག་པའི་ཤུལ་དུ་ལྷ་ཁང་གསར་བཞེངས་དང་། ཐོ་ལིང་གསེར་གྱི་ལྷ་ཁང་སོགས་བཞེངས་ཤིང་། པཎྜི་ཏ་མང་པོ་སྤྱན་དྲངས་ནས་བསྟན་པའི་ཉམས་གསོ་མཛད་པས་ཕྱག་རྗེས་ཤིན་ཏུ་ཆེ་བ་ཡིན་འདུག་གོ ༈ །སངས་རྒྱས་སྣང་བ་མཐའ་ཡས་དང་གུ་རུ་པདྨ་དབྱེར་མེད་པའི་རྣམ་འཕྲུལ་ས་གསུམ་དུ་གྲགས་པས་ཁྱབ་པའི་དཔལ་ལྡན་ཇོ་བོ་རྗེ་དཱི་པཾ་ཀ་ར་ནི་འཕགས་བོད་གཉིས་ན་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ། བྱང་ཆུབ་སེམས་ཀྱི་མངའ་བདག་བོད་ཁམས་ལ་བཀའ་དྲིན་ལྷག་པར་ཆེ་བ་སྟེ། རྣམ་ཐར་གྲགས་ཆེ་བས་འདིར་མ་བཀོད་ཅིང་། རྗེ་བཙུན་སྒྲོལ་མས་ལུང་གིས་བསྐུལ་ཞིང་བོད་ཀྱི་རྒྱལ་པོས་སྤྱན་དྲངས་པ་ལྟར་གངས་ཅན་དུ་ཕྱགས་ཕེབས། སངས་རྒྱས་ཀྱི་བསྟན་པའི་ག་དར་མཛད་ཅིང་ཉམས་པ་རྨང་ནས་གསོས། ལྷ་སར་རང་བཞིན་གྱི་རྣལ་འབྱོར་མ་ཕལ་པའི་སྣང་ངོར་སྨྱོན་མར་བརྫུ་བ་ཞིག་གིས་ལུང་བསྟན་ཏེ་ཀ་བ་བུམ་པ་ཅན་ནས་འདོམ་ཕྱེད་གཞལ་བའི་ས་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཀྱི་ཡི་གེ་ཆེན་པོ། བཙུན་མོ་རྣམས་ཀྱིས་བཀོད་པའི་ལོ་རྒྱུས་དར་དཀར་གསལ་བ། བློན་པོ་རྣམས་ཀྱིས་བྱས་པའི་ལོ་རྒྱུས་ཟླ་བའི་འདོད་འཇོ་བཅས་དཀར་ཆག་ཤོག་དྲིལ་གསུམ་བཞེས། གཏེར་སྲུང་གཉན་པས་དེ་ཉིན་རང་དུ་རྣལ་འབྱོར་པ་སོགས་མི་བཞིས་ཞལ་བཤུས། དོ་ནུབ་སླར་སྦ་དགོས་པས་ལྷག་མ་བག་ཙམ་ལུས་པར་བཤད། ཇོ་བོས་རྣལ་འབྱོར་པ་ཆེན་པོ་ལ་གཏད། དེས་བྱ་ཡུལ་པ། དེས་ཐུགས་རྗེ་ཆེན་པོའི་ཆེ་བའི་ཡོན་ཏན་ཞིག་ལྷ་སའི་དཀོར་གཉེར་ལ་གནང་། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་བུ་ཡིག་གདུང་རྟེན་དང་མ་ཕྱི་གློ་འབུར་གྱི་རྟ་མགྲིན་ལྡེར་སྐུ་ལ་བཅུག་སྐད། གཞན་ཡང་ཇོ་བོ་འདིས་འཕགས་ཡུལ་ནས་ཀྱང་བྷེ་ཏ་པདྨ་ཅན་གྱི་ལྷ་ཁང་ནས་གཙུག་ཏོར་སྡེ་ལྔའི་རྒྱལ་མཚན་འཛུག་པའི་ཆོ་ག་སོགས་གཏེར་ནས་བཞེས་པའང་གྲགས་སོ། ༈ །སྐབས་འདི་ཙམ་དུ་མངའ་རིས་པུ་ཧྲང་དུ་བྱོན་པའི་ཞང་བཙུན་དར་མ་རིན་ཆེན་གྱིས་རེ་ཏི་རང་བྱུང་རྒྱལ་མོའི་གསང་སྒྲུབ་ཀྱི་སྐོར་སྤྱན་དྲངས་ཏེ་རིམ་པར་བརྒྱུད། རྗེ་དུས་གསུམ་མཁྱེན་པ་ནས་ད་ལྟའི་བར་བརྒྱུད་པ་བར་མ་ཆད་པར་བྱོན་ཏེ་བཀའ་རྒྱུད་ཀཾ་ཚང་གི་བསྟན་སྲུང་གི་གཙོ་བོར་བཞུགས་སོ། ༈ །ལོ་ཆེན་བཻ་རོ་དངོས་བྱོན་གངས་རིའི་ལྗོངས་ཙམ་ན་ཕུལ་དུ་བྱུང་བའི་པཎྜི་ཏ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོས་ཀྱང་ཟབ་གཏེར་འགའ་ཞིག་བཞེས་པར་གྲགས་ཀྱང་བར་སྐབས་ནས་རྒྱུན་བྱུང་མིན་མ་ངེས། ཕྱིས་འདིར་རྗེ་བླ་མ་མདོ་སྔགས་གླིང་པར་མཁའ་འགྲོ་མ་རིགས་བྱེད་རྩལ་གྱི་གསང་སྒྲུབ་ཀྱི་གཞུང་ངོ་མཚར་ཅན་ཡང་གཏེར་དུ་བབས་པ་ཁོ་བོས་ཀྱང་སྐལ་པ་བཟང་པོའི་དཔྱིད་དུ་ནོས་ཤིང་། རོང་པ་ཆེན་པོའི་རྣམ་པར་ཐར་པ་ནི་རྒྱ་ཆེར་ཡོངས་སུ་གྲགས་པས་འདིར་སྨོས་མ་དགོས་སོ། ༈ །ཨོ་རྒྱན་ཆེན་པོའི་དུས་སུ་ཉིད་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཨོ་རྒྱན་གྲུབ་པའི་སྙིང་པོའི་རྣམ་འཕྲུལ་རྡོར་འབུམ་ཆོས་ཀྱི་གྲགས་པ་ནི། ཡུལ་མངའ་རིས་སུ་འཁྲུངས། ཡབ་ཡུམ་འབྱོར་པ་དང་ལྡན་པས་གསེར་གྱི་རྡོ་རྗེ་གཅོད་པ་དང་རྒྱས་པ་འབུམ་བཞེངས་པའི་དུས་སུ་འཁྲུངས་པས་མཚན་རྡོ་རྗེ་འབུམ་དུ་བཏགས། རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་གྲགས་པ། གཏེར་ལུང་ལས། འོད་ཀོར་རྨ་བྱའི་མདོངས་མཐའ་ཅན༔ ཞེས་གསུངས་པ་ནི་དཔྲལ་བར་ཐིག་ལེ་རྨ་བྱའི་མདོངས་ལྟ་བུ་ཡོད་པས་དེ་ལྟར་གྲགས། འདིས་བྱང་མཐའ་འདུལ་པྲ་དུན་རྩེའི་གཙུག་ལག་ཁང་གི་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ཐུགས་ཀ་ནས་གསོ་དཔྱད་བདུད་རྩི་བུམ་ཆེན་གྱི་སྐོར་རྩ་བ་དང་། བྱམས་སྤྲིན་རྡོ་སྐུའི་འོག་ནས་ཁ་སྐོང་ཟུར་བཀོལ་འགའ་ཞིག་དང་། གུར་ཆུང་མགོན་པོའི་ཐུགས་ཀ་ནས་བདུད་རྩི་བུམ་ཆུང་གི་སྐོར་རྣམས་སྤྱན་དྲངས་པའི་དབང་ལུང་ཕྱག་བཞེས་ཀྱི་རྒྱུན་མ་ཉམས་པ་དེང་སང་བར་བཞུགས་པས་གངས་ཅན་ཕན་བདེའི་རྩ་ལག་བླ་ན་མེད་པར་གྲུབ་བོ། ༈ །གཏེར་སྟོན་སངས་རྒྱས་འབར་ནི། སངས་རྒྱས་བླ་མའི་རྒྱུད་དུ་འཁྲུངས། ལ་སྟོད་ཁ་ཆུ་དང་གློ་བོ་ཐང་འབར་སོགས་ནས་ཕྱག་རྡོར་གཏུམ་པོ་དང་རྟ་མགྲིན་སྐོར། གསང་སྔགས་ལམ་རིམ་གཞུང་རྩ་བ་མན་ངག་དང་བཅས་པ། རྒྱལ་ཆེན་སྡེ་བཞིའི་སྒྲུབ་ཐབས། མཁའ་འགྲོ་ནོར་བུའི་ཕྲེང་བ་སོགས་སྤྱན་དྲངས་པར་གྲགས་ཀྱང་ཐོག་སྔས་པས་བར་སྐབས་ནས་རྒྱུན་མ་བཞུགས། ༈ དྲག་སྔགས་མཁན་པོ་སེ་སྟོན་རིང་མོ་འདིའི་གཏེར་གྱི་ཁ་བྱང་ལྷ་བཙུན་སྔོན་མོ་ལས་བྱུང་སྟེ། ལྷ་བཙུན་གྱིས་བཙུན་པ་གཉིས་ལ་གཏེར་གྱི་ཁ་བྱང་བསྐུར་ནས་གཏེར་འདོན་དུ་བཏང་བས། ལྷོ་སྤ་གྲོ་གཅལ་གྱི་བྲག་རྩར་བཙུན་པ་གཉིས་ལྷོ་ཧ་པས་བསད། ཁ་བྱང་འཁྱར་བ་སེ་སྟོན་རིང་མོའི་ཕྱག་ཏུ་བྱུང་བས། སྤ་གྲོ་གཅལ་གྱི་བྲག་དམར་གཏིང་རིང་ཕུག་པ་ནས། མུ་སྟེགས་པར་བུ་ལས་བདུན་རྒྱུད་མན་ངག་དང་བཅས་པ། ཨོ་རྒྱན་ཆེན་པོས་བསྟན་པའི་བཙས་སུ་བཞག་པའི་དྲག་སྔགས་ཐུན་མོང་མ་ཡིན་པའི་སྐོར་རྣམས་སྤྱན་དྲངས་པར་གྲགས་ཀྱང་རྒྱུན་བཞུགས་པ་མ་མཐོང་། ༈ རྒྱ་ཕུར་བུ་ནི། ལྷོ་བྲག་ཏུ་འཁྲུངས། རུས་རྒྱ། མཚན་ཕུར་བུ་མགོན། རྟེན་སྔགས་དཀར། འདིས་ཨོ་རྒྱན་ཆེན་པོས་གནམ་ལྕགས་རྡོ་རྗེ་ཀླུ་འདུལ་དང་། གཏུམ་པོ་ཐུགས་ཀྱི་རྒྱུད་སོགས་ཀྱི་བཅུད་ཕྱུངས་ཏེ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་སྲུང་མར་གནང་བ། ལྷ་བཙན་པོས་ཕྱི་རབས་ཀྱི་དོན་དུ་མོན་ཡུལ་བུམ་ཐང་དགེ་གནས་དང་། སྤ་གྲོ་སྐྱེར་ཆུར་གཏེར་དུ་སྦས་པ་ལས་གཏེར་གནས་ལ་གྲས་ཏེ་མཚན་བཏགས་པ་དུག་ཁྲག་བུམ་ཐང་མ་དང་། ནུས་སྟོབས་ལ་བསྔགས་པ་ལྕགས་སྡོང་མ་སྟེ། གཏེར་ཁ་གཉིས་ཕྱོགས་གཅིག་ཏུ་དྲིལ་བས་དེང་སང་བུམ་ལྕགས་ལྷན་དྲིལ་དུ་གྲགས་པའི་སྐོར་རྣམས་གདན་དྲངས་ཤིང་གཏེར་སྟོན་ནས་རིམ་བརྒྱུད་རིག་འཛིན་རྒོད་ལྡེམ་ཅན་ལ་བཀའ་བབས་ཤིང་དེ་ནས་རིམ་པར་བརྒྱུད་ནས་བྱང་བདག་དབང་པོའི་སྡེས་གསན་ཅིང་དབང་པོའི་སྡེས་ཡིག་ཆ་འགའ་ཞིག་ཀྱང་མཛད་པ་ཡོད་ལ། རྭ་སྲུང་གི་རྗེས་གནང་དང་། ཡིག་ཆའི་ལུང་ཕྱག་ལེན་བཅས་དེང་སང་གི་བར་དུ་མ་ཉམས་པར་བཞུགས་པ་ཁོ་བོས་ཀྱང་ནོས་སོ། ༈ །དགེ་བཤེས་དྲང་རྡོ་རྗེ་ཀུན་གྲགས་ཀྱིས། ཉུག་གི་རྡོ་རྗེ་སྒྲོམ་བུ་སོགས་ནས་དཔལ་མགོན་སྟག་ཞོན་ནག་པོའི་ཆོས་སྐོར་སྤྱན་དྲངས་པ། ཕྱིས་སུ་ཚར་ཆེན་རིན་པོ་ཆེ་སོགས་ལ་བཀའ་བབས་ཤིང་དེང་སང་ངོར་ཨེ་ཝཾ་ཐར་རྩེ་བའི་བསྟན་སྲུང་གི་གཙོ་བོར་མཛད་ཀྱང་རྗེས་གནང་ཙམ་ལས་གཏེར་གཞུང་གི་རྒྱུན་ནི་མི་བཞུགས། ༈ ལྷ་རྗེ་གནུབས་ཆུང་ནི། གཙང་རོང་ཁུ་ལུང་དུ་གནུབས་ཡེ་ཤེས་རྒྱ་མཚོའི་སྲས་སུ་འཁྲུངས། རྟེན་སྔགས་འཆང་། དྲག་སྔགས་ཀྱི་ནུས་པ་ཤིན་ཏུ་ཆེ་བར་གྲགས། ལྷོ་བྲག་མཁོ་མཐིང་ནས་གནུབས་ཀྱི་དྲག་སྔགས་མཐར་ཐུག །ཡང་ཟློག་མེའི་སྤུ་གྲིའི་སྐོར་རྣམས་སྤྱན་དྲངས་ཏེ་ཞང་ཁྲོམ་སོགས་ལ་གནང་བ་རིམ་པར་བརྒྱུད། ད་ལྟའི་བར་རྙིང་བསྟན་སྐྱོང་བའི་རྡོ་རྗེ་འཛིན་པ་རྣམས་ཀྱི་ཕྱག་ཆར་བཞུགས་ཤིང་། འདི་ལ་གཙོ་བོར་བརྟེན་ནས་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་དངོས་སུ་རྗེས་སུ་བཟུང་པ་དཔལ་འབྲི་གུང་ཆོས་ཀྱི་གྲགས་པས་སྨིན་གྲོལ་ཡན་ལག་དང་བཅས་རྒྱ་ཆེར་སྤེལ་བ་ཡང་ཟློག་འབྲི་ལུགས་སུ་གྲགས་པ་སྟེ་དེ་དག་གི་རྒྱུན་ཁོ་བོས་ཀྱང་རྫོགས་པར་ནོས། ༈ སྔགས་འཆང་རྒྱ་སྟོན་བརྩོན་འགྲུས་སེང་གེ་དར་ནི་རུས་རྒྱ། གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པ་ཡིན། འདིས་སྤ་གྲོ་གཅལ་གྱི་བྲག་དམར་སྟག་ཚང་ཁོལ་མ་ནས་གཤིན་རྗེ་དོང་བདག་ཤན་པ་ལག་རིང་། རྡོ་རྗེ་བྲག་བཙན་དང་། ཇོ་བོ་ཨ་བྲག་སོགས་སུ་གྲགས་པའི་གདམས་སྐོར། ཞག་བདུན་གྱིས་བསྟན་དགྲ་ཚར་གཅོད་པར་བྱེད་པའི་སྐོར་རྣམས་གདན་དྲངས། གཤིན་རྗེའི་སྐོར་རྒྱུན་བཞུགས་པ་མ་མཐོང་། བྲག་བཙན་སྐོར་དཔལ་ལྡན་འབྲུག་པའི་བསྟན་སྲུང་མཆོག་ཏུ་བཞུགས་པར་སྣང་། ༈ ལྕེ་བཙུན་སེང་གེ་དབང་ཕྱུག་ནི། ཡུལ་ཉང་རོ་གཉན་ཚོའི་ལྕེ་ཐུབ་པའི་དབང་པོ་ཞེས་པའི་སྲས་གཞོན་ནུ་ནས་ཐོས་པའི་ཕ་རོལ་ཏུ་སོན། གནས་བརྟན་ལྡང་མ་ལྷུན་རྒྱལ་དང་མཇལ་ཏེ་ཁ་རག་ཏུ་རྫོགས་ཆེན་གྱི་གདམས་པ་རྫོགས་པར་གསན། སློབ་དཔོན་འདས་ནས་གཏེར་དཔེ་རྙིང་པ་རྣམས་ལང་གྲོ་འཆད་པ་སྟག་འདྲ་དང་། འོ་ཡུག །བྱར་གྱི་ཕུ་བཅས་གཏེར་ཁ་གསུམ་དུ་སྦས། གནས་འཕོ་ཞིང་སྒོམ་པའི་ཚེ་མནལ་ལམ་དུ་བི་མ་མི་ཏྲས་ལུང་བསྟན་པ་ལྟར་བསམ་ཡས་མཆིམས་ཕུར་བྱོན། སྙིང་ཐིག་ཟབ་པ་པོད་བཞི་གཏེར་སྲུང་གིས་ཕུལ་བ་བསྣམས་ནས་འོ་ཡུག་ཕྱི་གོང་རྫའི་ར་བར་བཞུགས་པའི་ཚེ་བི་མ་མི་ཏྲ་དངོས་སུ་བྱོན་ནས་ཟླ་བ་ཕྱེད་དུ་བཞུགས་ཤིང་དབང་ཁྲིད་གདམས་ངག་རྫོགས་པར་གནང་། གནས་དེ་ཉིད་དུ་ལོ་བདུན་བསྒོམས་པས་ཕུང་པོ་ལྷག་མེད་གྲུབ། སྤྲུལ་སྐུ་ཞང་སྟོན་ལ་གདམས་ངག་རྫོགས་པར་གནང་། ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་ལོན་ནས་ནམ་མཁར་འོད་ཕུང་དུ་གཤེགས་སོ། །གཏེར་སྦས་པའི་ལོ་སུམ་ཅུ་ན་རོང་མནར་མདའི་ལྕེ་སྒོམ་ནག་པོས་འོ་ཡུག་གི་གཏེར་ཕྱུངས་ཏེ་རང་ཉམས་སུ་བླངས་ཤིང་གཞན་ལའང་བཤད། ཞང་སྟོན་བཀྲ་ཤིས་རྡོ་རྗེས་བྱར་གྱི་ཕུའི་བྲག་དཀར་ཐེམ་པ་འདྲ་བ་ནས་གསང་བ་བླ་མེད་ཀྱི་སྐོར་རྣམས་སྤྱན་དྲངས། ལང་གྲོའི་འཆད་པ་ནས་ཤངས་པ་རས་པས་གདམས་ངག་འགའ་ཞིག་ཕྱུངས་ནས་དར་རྒྱས་བྱུང་བར་བཤད། མདོར་ན་བི་མའི་མན་ངག་སྙིང་ཐིག་ཆེན་མོ་བཀའ་མ་སྙན་བརྒྱུད་ཐིག་ལེ་གསང་སྐོར་སྦས་བློ་གྲོས་དབང་ཕྱུག་ནས་རིམ་པར་བརྒྱུད་པ་དང་། གཏེར་མ་གོང་སྨོས་གཏེར་སྟོན་ལྔས་བཏོན་པ། རྒྱ་ཆེ་བ་རྒྱུད་བཅུ་བདུན་སོ་སོའི་དགོངས་འགྲེལ་དང་བཅས་པ། བཀའ་སྲུང་ནག་མོ་ཁྲོས་མའི་རྒྱུད་དེ་བཅོ་བརྒྱད། མན་ངག་གི་ཡི་གེ་བརྒྱ་དགུ་བཅུ། ཟབ་པ་པོད་བཞི་བཅས་སྔོན་དུས་དར་རྒྱས་སུ་བྱུང་ནའང་དེང་སང་རྒྱུད་སྐོར་ཚང་མ་དང་། མན་ངག་སྐོར་ཐོར་བུ། ཟབ་པ་བོད་བཞི་ཙམ་གྱི་རྒྱུན་སྣང་བ་ཁོ་བོས་ཀྱང་ནོས། ཁྱད་པར་རྗེ་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་ཉེར་བཞི་པར་མཁའ་འགྲོ་ཕྱི་གོང་རྫའི་ར་བ་དང་ཉེ་བའི་གཙང་རུ་མཚམས་འོ་ཡུག་ཤུག་པའི་གླིང་གི་ཐད་དུ་ཕེབ་སྐབས། སྔོན་ལྕེ་བཙུན་ཆེན་པོ་འོད་སྐུར་གཤེགས་པའི་སྐབས་ཀྱི་གནས་དུས་སྟོན་འཁོར་འདས་དུས་ཀྱི་ཆོས་འཁོར་བསྐོར་བ་བཅས་ཀྱི་ངང་ཚུལ་ཤིན་ཏུ་གསལ་བ་ལྟར་རྗེས་དྲན་གྱི་ཚུལ་དུ་གཏན་ལ་ཕབས་པའི་དུས་གསུམ་མཁྱེན་པ་བི་མ་ལའི་ཟབ་ཏིག་མན་ངག་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ཞེས་ཟབ་འདྲིལ་ངོ་མཚར་བྱིན་རླབས་ཅན་དེ་ཉིད། སྤྱིར་རྒྱལ་དབང་ཐེག་མཆོག་རྡོ་རྗེ་ཡབ་སྲས་དང་གཏེར་ཆེན་མཆོག་གྱུར་གླིང་པ་སོགས་སྐྱེས་ཆེན་ཁྱད་པར་ཅན་རྣམས་ལ་མནོག་ཆོས་སུ་བསྩལ་ཅིང་། བྱེ་བྲག་ཁོ་བོ་ཅག་ལའང་ཐོག་མ་ཁོ་ནར་སྨིན་གྲོལ་གྱི་གདམས་པ་དམིགས་སུ་བསལ་བའི་བཀའ་དྲིན་བསྩལ་པ་ལྟར་ཉམས་ལེན་འབྲེལ་འཇོག་དང་སྨིན་གྲོལ་གྱི་ཡིག་ཆ་འདུས་གསལ་གྱི་ཞབས་ཏོག་དང་གཞན་ལ་འཆད་སྤེལ་ཡང་ཅི་ནུས་བགྱིས་པའོ། ༈ །གཏེར་སྟོན་སར་བན་ཕྱོགས་མེད་ནི། གུ་རུ་པདྨའི་གསང་ཡུམ་ཇོ་མོ་ཤེལ་བཟའ་སྒྲོན་སྐྱིད་ཀྱི་སྐྱེ་བ་སྟེ་མོན་སྤ་གྲོའི་ཕྱོགས་སུ་འཁྲུངས། རྟེན་སྔགས་འཆང་། འདིས་སྟག་ཚང་སེང་གེ་དཔལ་ཕུག་གི་རྡོ་བ་གཡུ་ཕྲ་ཅན་ནས་འཇམ་དཔལ་རྫོགས་པ་ཆེན་པོའི་ཆོས་སྐོར་ཆ་ལག་དང་བཅས་པ་སྤྱན་དྲངས། བར་སྐབས་ནས་ཚེ་བདག་མཁན་པོ་རྣམས་ཀྱིས་འཇམ་དཔལ་ཞི་སྒྲུབ་ཀྱི་རྩ་བར་བཞག་པས་དར་རྒྱས་ཆེ་བ་ལས་ཁོ་བོས་ཀྱང་དབང་རྒྱུན་ཙམ་ཞིག་ཐོབ་བོ། ༈ །གཉན་ལོ་ཙཱ་བ་དར་མ་གྲགས་ནི། གཉན་ཆེན་དཔལ་དབྱངས་ཀྱི་གདུང་རྒྱུད་ལས་གཙང་ཤབ་སྟོད་དུ་སྐུ་འཁྲུངས། རྒྱ་གར་དུ་བྱོན་ནས་སྒྲ་ཚད་ལ་བསླབས་པས་མཁས་པར་མཁྱེན། རྡོ་རྗེ་གདན་པ་དང་རི་སུལ་གྱི་རྣལ་འབྱོར་མ་སོགས་ལས་ཆོས་དང་བསྟན་སྲུང་གི་སྐོར་མང་པོ་གསན། དཔལ་མགོན་གདོང་བཞི་པའི་སྐོར་རྣམས་སྤྱན་དྲངས་པས་དེང་སང་གཉན་གྱི་མགོན་པོ་ཞེས་ཡོངས་སུ་གྲགས། ཁྱད་པར་འདིའི་སྒྲུབ་སྐོར་ཨོ་རྒྱན་པདྨ་ཐོད་ཕྲེང་གིས་དཔལ་མོ་དཔལ་ཐང་གི་བྱང་ཕྱོགས་བྲག་བྱ་སྐྱིབས་ཅན་དུ་སྦས་པའང་གདན་དྲངས་པས་བཀའ་གཏེར་ཆུ་བོ་གཉིས་འདྲེས་སུ་གྱུར། དེ་ལས་བཀའ་མ་རྣམས་བླ་མ་གནམ་ཁའུ་བ་ལ་གནང་། དེས་རྗེ་བཙུན་བརྩེ་བ་ཆེན་པོ་ལ་གདམས་ཏེ་དཔལ་ལྡན་ས་སྐྱ་པའི་བསྟན་སྲུང་གི་གཙོ་བོར་མཛད། གཏེར་མ་རྣམས་སྤྲུལ་སྐུ་ར་ཤག་ཆེན་པོ་ལ་གནང་བར་གྲགས་ཀྱང་དེང་སང་དེའི་རྒྱུན་ཡོད་མེད་མ་འཚལ། ཀུ་རུ་ཀུལླེའི་སྒྲུབ་སྐོར་དཔལ་མོ་གསེར་གྱི་སྙིང་ཐིག་ཅན་དུ་གྲགས་པ་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ལྷ་མོ་ཀུ་རུ་ཀུལླེ་ལྡེར་བཟོའི་འོག །རལ་གཅིག་མའི་ལྡེར་སྐུ་སོ་ཕག་ལས་བྱས་པའི་ནུ་མ་གཡོན་པ་ནས་སྤྱན་དྲངས་པ་དེང་སང་རྗེ་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་ལས་དམར་ཆུང་སྐོར་གསུམ་དུ་གྲགས་པའི་ཡ་གྱལ་དེ་ཡིན་ལ། འདི་རྙིང་མའི་སྐོར་དུ་མི་གཏོགས་ཀྱང་འདིར་སྔ་མ་རྣམས་སུ་འབྲེལ་མཚུངས་སུ་བཀོད་འདུག་པ་ལྟར་མདོ་ཙམ་བྲིས་པ་ཡིན་ནོ། ༈ །སྔགས་འཆང་ཤཱཀྱ་འོད་ཀྱི་སྐྱེ་བ་དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་དམ་ཤཱཀྱ་བཟང་པོར་གྲགས་པས་ར་ས་འཕྲུལ་སྣང་གི་གློ་འབུར་ནས་རྒྱལ་པོ་བཀའ་འབུམ་གྱི་ཆ་ལག་མདོ་སྐོར་རྣམས་སྤྱན་དྲངས་པ་དེང་སང་མ་ཎི་བཀའ་འབུམ་གྱི་གྲས་སུ་བཞུགས་པ་རྣམས་དང་གཅིག་པར་མངོན། འཁྲུགས་བྱེད་རྒྱལ་པོའི་རྒྱུད་ལས་བཏུས་པའི་སྲོག་གི་ཆན་པ་ནག་པོའི་རླུང་འཁོར་ཟབ་ཁྱད་ཅན་བར་སྐབས་སུ་དྲག་སྔགས་མཁན་པོ་རྣམས་ཀྱི་ཕྱག་ཆར་མཛད་ཀྱང་དེང་སང་རྒྱུན་བཞུགས་པར་མ་མཐོང་། གཏེར་ཕྲན་གྲས་གཡུ་འོད་བྲག་ནས་བླ་མ་སྐུ་གསུམ་རོལ་པའི་གྲིབ་སྲུང་དང་འགོ་བའི་ལྷ་ལྔ་དགྱེས་བྱེད་ཙམ་སྣང་བ་བདག་གིས་ཀྱང་ནོས། ཕྱིས་འདིར་རྗེ་བླ་མ་མདོ་སྔགས་གླིང་པར་ཕྱག་རྡོར་རྡོ་རྗེ་མེ་འབར་གྱི་སྐོར་ཉུང་འདྲིལ་ཡང་གཏེར་དུ་བཀའ་བབས་པའི་སྨིན་གྲོལ་བདུད་རྩི་ནོས་ཤིང་ཡིག་ཆའི་ཞབས་འདེགས་ཀྱང་ཕུལ་བ་ཡིན་ནོ། ༈ །བླ་མ་ཟངས་རི་རས་པ་ནི། ལ་སྟོད་གཅུང་པའི་སའི་ཆར་འཁྲུངས། རྗེ་རས་ཆུང་པའི་སློབ་མར་གྱུར། མཚན་འགོ་སྟོན་དབང་ཕྱུག་རྡོ་རྗེ་དང་ཟངས་རིར་སྒྲུབ་པ་མཛད་པས་ཟངས་རི་རས་པར་གྲགས། རྗེ་དུས་གསུམ་མཁྱེན་པས་ཀྱང་བླ་མར་མཛད། འདིས་ཡེར་པའི་དུར་ཁྲོད་ནག་པོའི་སྤེའུ་སེར་པོའི་བར་ཁང་རྩ་བ་ནས་བཞེས་པའི་ཡེར་པའི་དཀར་ཆག་ལྷ་ལུང་མར་གྲགས་པ་ཕྱིས་ཀྱི་བར་ལུང་རྒྱུན་བཅས་བཞུགས་ནའང་དེང་སང་ནི་དཔེ་ཙམ་ཡང་མཇལ་དུ་མི་སྣང་། ༈ གཉལ་པ་ཇོ་སྲས་སམ་གཉལ་སྟོན་ནག་པོར་གྲགས་པས། བྲམ་ཟེའི་སྔགས་རྒོད་མུ་སྟེགས་སྟོན་པ་ཨ་མོ་ལི་སྐོར་གྱི་གདམས་པ་ཨོ་རྒྱན་ཆེན་པོས་བསམ་ཡས་མཆོད་རྟེན་ནག་པོའི་མགུལ་བུམ་དུ་སྦས་པའི་རྟེན་གསུམ་དྲིལ་སྒྲུབ་བམ་གཙང་ཤུག་མར་གྲགས་པའི་གདམས་སྐོར་རྣམས་གདན་དྲངས་པར་བཤད་ཀྱང་དེང་སང་མི་་་་་་་་་་་སྣང། ༈ སྙེ་མོ་རྒྱ་གོང་རི་པ་སངས་རྒྱས་དབང་ཆེན་ནི། སྙེ་མོའི་ཕྱོགས་སུ་འཁྲུངས། རྟེན་སྔགས་འཆང་དཀྱུས་མ། འདིས་རྟ་མགྲིན་གསང་སྒྲུབ་ཀྱི་སྐོར་རྣམས་སྤྱན་དྲངས་ཏེ་ཨོ་རྒྱན་ཆེན་པོའི་ལུང་གིས་བསྐུལ་བ་ལྟར་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ལ་བཀའ་བབས་པ་ནས་བརྩམས། རྟ་མགྲིན་སྐྱེར་སྒང་ལུགས་ཞེས་ཤིན་ཏུ་ཟབ་པར་རླུང་ལྟར་གྲགས་ཤིང་རིས་མེད་ཀྱི་གྲུབ་མཐའ་ཀུན་ལ་ཁྱབ་པར་བརྡལ་བ་ལས་ཁོ་བོས་ཀྱང་དབང་བཀའ་དང་སྔ་ཕྱིའི་ཡིག་ཆ་མང་པོའི་ལུང་བཅས་ནོས། ༈ གཏེར་སྟོན་ཆུ་ཕོ་རྟོགས་ལྡན་ནི། རྒྱལ་མོ་རོང་གི་སའི་ཆ་ཆུ་ཕོ་ནོར་བུ་གླིང་དུ་འཁྲུངས། རྟེན་བྱ་བཏང་ངེས་མེད་དུ་མཛད་པས་རྟོགས་ལྡན་ཏུ་གྲགས། མཚན་དངོས་དགེ་འདུན་རྒྱལ་མཚན། དེས་གསེར་སྟོད་འབྲོང་རི་སྨུག་པོའམ་རྒྱལ་རོང་བྲག་ལྷ་མགོན་པོར་གྲགས་པའི་གཞི་བདག་ཆེན་པོ་དེའི་མཐའ་སྐོར་བྲག་ཕུག་ཁ་བྱང་བསྟན་ཞིག་ནས་ལུང་བསྟན་ལྟར་ལ་བསེའི་སྒྲོམ་བུ་གསུམ་གཟིགས་པས་གཅིག་ཕྱག་ཏུ་འབྱོར་པའི་ནང་ནས་དཔལ་མགོན་ཚོགས་ཀྱི་བདག་པོ་དངོས་གྲུབ་འབྱུང་བའི་སྐོར་བཻ་རོས་གཏེར་དུ་སྦས་པ་རྣམས་བྱུང་བ་དང་། བཀའ་མ་གསང་བ་སྤུ་གྲིའི་གཞུང་ཤིན་ཏུ་རྒྱས་པ་བརྒྱུད་པ་བར་མ་ཆད་པ་ཆོས་རྗེ་དགེ་འདུན་རྒྱལ་མཚན་ལས་གསན་པ་བཅས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུ་གྱུར། དེས་མིག་ལུང་བླ་ནག་དགེ་འདུན་རྒྱལ་མཚན་ལ་གནང་བ་ནས་བཟུང་ད་ལྟའི་བར་དཔལ་ཀཿཐོག་པ་སོགས་སྔགས་རྙིང་མའི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱི་སྲུང་མའི་གཙོ་བོར་མཛད་ཅིང་མཐུ་རྩལ་ཆེ་བར་ཡོངས་སུ་གྲགས། དབང་ལུང་ཕྱག་ལེན་གྱི་རྒྱུན་བར་མ་ཆད་པར་བྱོན་པ་ཁོ་བོས་ཀྱང་ནོས་སོ། ༈ །སྤྲུལ་སྐུ་བ་མཁལ་སྨུག་པོ་ནི།ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ་མངའ་བདག་ཉང་གི་དུས་ཙམ་ལ་ལྷོ་བྲག་ཏུ་འཁྲུངས། རྟེན་སྔགས་འཆང་། ཞལ་ཁྱིམ་སྨུག་པོར་བཞུགས་པས་བླ་དྭགས་ཀྱི་མཚན་སྤྲུལ་སྐུ་སྨུག་པོ་གདོང་ངམ་བ་མཁལ་སྨུག་པོར་གྲགས། འདིས་མང་ཡུལ་ཁ་ལ་རོང་སྒོའི་བྲག་ནས་ཨོ་རྒྱན་མངལ་སྐྱེས་ཀྱི་རྣམ་ཐར། གསོལ་འདེབས་བར་ཆད་ལམ་སེལ་འགྲེལ་པ་བཅས། རྡོ་རྗེ་ཕུར་པའི་ཆོས་སྐོར་ཉུང་ངུ་རྣམས་སྤྱན་དྲངས་པར་གྲགས་ཀྱང་དེང་སང་གསོལ་འདེབས་ནི་གྲུབ་མཐའ་ཐམས་ཅད་ལ་ཁྱབ་ཅིང་ཨོ་རྒྱན་མངལ་སྐྱེས་རྣམ་ཐར་གྱི་དཔེ་ཙམ་བཞུགས་པར་སྣང་ངོ་། །ཕྱིས་སྤྲུལ་པའི་སྐུ་མཆོག་གྱུར་བདེ་ཆེན་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གཞུང་མན་ངག་ལས་ཚོགས་དང་བཅས་སྤྱན་དྲངས་པའི་སྨིན་གྲོལ་ཟབ་རྒྱས་སུ་ནོས་པས་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་བྱར་རུང་བར་མངོན་ནོ། ༈ །མངའ་བདག་མོལ་མི་འཁྱིལ་ནི། གཙང་སྟོད་ལྷོ་རྒྱུད་ཀྱི་མཐར་མངའ་བདག་གི་གདུང་རིགས་སུ་འཁྲུངས། རྟེན་ལྷ་རིགས་སྔགས་བཙུན་གྱི་རྣམ་པར་བཞུགས་པར་གསལ། ཨོ་རྒྱན་རིན་པོ་ཆེའི་ཞལ་སློབ་མོན་གྱི་སྒོམ་པ་ཧ་མི་ནཱ་ཐའི་སྐྱེ་བར་ལུང་བསྟན། འདིས་བྱང་པྲ་དུན་ཙེའི་གཙུག་ལག་ཁང་གི་ཀ་ཕོག་ནས་རྟ་མགྲིན་དཔའ་བོ་གཅིག་སྒྲུབ། རྒྱལ་པོ་སྲོག་གི་འཁོར་ལོ། པེ་ཧར་གནད་འབེབས་དང་དྲེགས་པ་གནད་འབེབས་རྣམས་སྤྱན་དྲངས་པ་ལས། བར་སྐབས་རྒྱལ་པོ་སྲོག་གི་འཁོར་ལོ་ཕྱག་ལེན་དང་བཅས་པའི་རྒྱུན་དར་བར་བྱུང་ཡང་ཕྱིས་འདིར་དཔེ་ཙམ་ཡང་མཇལ་དུ་མེད་པར་སོང་བ་ན། རྗེ་མདོ་སྔགས་གླིང་པའི་ཕྱག་ཏུ་སྔར་གྱི་དཔེ་རྙིང་མཁའ་འགྲོ་གཏད་རྒྱའི་ཚུལ་དུ་བབས་ནས་ཨོ་རྒྱན་ཡབ་སྲས་ཀྱི་བྱིན་རླབས་ལས་ཡང་གཏེར་དུ་གཏན་ལ་ཕབས་པ་བདག་གིས་ཀྱང་བཀའ་དྲིན་ཏུ་ཐོབ་བོ། ༈ །མངའ་བདག་ཆེན་པོའི་སྤྲུལ་པའི་ཆ་ཤས་གྲུ་གུ་ཡང་དབང་ནི། མདོ་ཁམས་གྲུ་གུའི་ཡུལ་དུ་སྐུ་འཁྲུངས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས། མཚན་ཡང་དབང་གཏེར་རམ་རྡོ་རྗེ་གཏེར་བཞད་རྩལ་དུ་གྲགས། སྤྱིར་རྒྱུད་ཀྱི་བཀའ་བབས་སྙེ་མོ་ཞུ་ཡས་གནོད་སྦྱིན་འབར། ལུང་གི་བཀའ་བབས་བླ་མ་མངའ་བདག་ཆེན་པོ། མན་ངག་དྲག་སྔགས་ཀྱི་བཀའ་བབས་གྲུ་གུ་ཡང་དབང་ཞེས་གསུམ་དུ་གྲགས་པའི་ཡ་གྱལ་ཡིན་ཞིང་དུས་ཀྱང་མཚུངས། འདིས་བྲག་དམར་འོམ་བུའི་ཚལ་ནས་ཕྱི་ནང་ཀུན་གྱི་གཉན་པོ་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་གདམས་སྐོར་སྤྱན་དྲངས་པའི་དབང་ལུང་མན་ངག་ཕྱག་ཁྲིད་བཅས་པའི་རྒྱུན་ད་ལྟའི་བར་མ་ཉམས་པར་བཞུགས་པ་ཁོ་བོས་ཀྱང་རྫོགས་པར་ནོས་ཤིང་། ཁྱད་པར་སྤ་གྲོའི་བྲག་མེ་ལྕེ་ཆད་པ་འདྲ་བ་ནས་སྤྱན་དྲངས་པའི་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་རྒྱུད་ཆེན་པོ་མན་ངག་ལས་ཚོགས་དང་བཅས་པའི་སྐོར་རྣམས་བར་སྐབས་འདིར་མཚན་ཙམ་ཡང་ནུབ་པ། མངའ་བདག་རྣམ་འཕྲུལ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་ཏུ་རྒྱུད་སྒྲུབ་ཐབས་སོགས་རྒྱ་ཆེ་བའི་སྐོར་རྣམས་མཁའ་འགྲོ་གཏད་རྒྱའི་ཚུལ་དུ་དཔེ་རྙིང་དངོས་སུ་བབས་ཤིང་མན་ངག་འགའ་ཞིག་གཏེར་སྟོན་ཆེན་པོའི་བྱིན་རླབས་ལས་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པ་བདག་ཅག་གིས་ཀྱང་་་་་་་་་ལེགས་པར་ནོས་ཏེ་ཡིག་ཆ་གསར་སྤེལ་དང་བསྙེན་སྒྲུབ་སྒྲུབ་ཆེན་སོགས་ཕྱོགས་འདིར་ཡང་འབྲེལ་བ་ཅུང་ཟད་བཞག་པའོ། ༈ །སུམ་པ་བྱང་ཆུབ་བློ་གྲོས་ནི། མདོ་ཁམས་སྒང་རྒྱུད་རྣམ་གསུམ་ལས་སྨར་ཁམས་ལྷོ་རྒྱུད་སུམ་པ་ཞེས་བྱ་བའི་ཡུལ་དུ་སྐུ་འཁྲུངས་པས་ཡུལ་ལས་བཏགས་པས་སུམ་པ་དང་། མཚན་དངོས་བྱང་ཆུབ་བློ་གྲོས། བསྙེན་པར་རྫོགས་པའི་མཚན་བསོད་ནམས་རྒྱལ་མཚན་དུ་འབོད་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་སྤྲུལ་ཟབ་གཏེར་གྱི་བདག་པོར་བཀའ་བབས་པ་འདིས། ཨོ་རྒྱན་ཆེན་པོ་རྒྱ་གར་དུ་འབྱོན་ཁར་མངའ་བདག་རྒྱལ་པོས་གསེར་གྱི་ལྷུང་བཟེད་བདུད་རྩིས་བཀང་ནས་ཞུས་ཞེས་པ་དང་། གསེར་གྱི་མཎྜལ་ཕུབ་ཙམ་གྱི་སྟེང་དུ་གཡུ་ཕུག་རོན་ཙམ་བརྒྱད་ཀྱི་ཚོམ་བུ་བཀོད་ནས་ཞུས་ཞེས་པ་འབྱུང་བ་རླུང་ལ་ལས་བཅོལ་ནས་ཉམས་པ་ཚར་གཅོད་པའི་གདམས་པ་དྲེགས་པ་ཉི་ཤུའི་རླུང་འཁོར་ཆ་ལག་དང་བཅས་པ་་་་་དཔལ་བསམ་ཡས་ཀྱི་གསང་བའི་བདག་པོའི་ཞབས་ཀྱི་མཐེ་བོང་འོག་དང་། ཡིག་ཕྲན་འགའ་ཞིག་གནས་དེའི་དབང་ཕྱུག་ཆེན་པོའི་སྐུའི་དཔྲལ་བ་དང་ཐུགས་ཀ་སོགས་ནས་ཟངས་སྦུབས་སོར་བཞིའི་སྣོད་དང་བཅས་སྤྱན་དྲངས་པར་དེང་སང་དྲེགས་པ་ཁམས་བྱོན་མར་གྲགས་ཏེ་ཁམས་དབུས་ལྷོ་བྱང་ཀུན་ཏུ་རྒྱ་ཆེར་འཕེལ་བའི་རྒྱུན་མ་ཆད་པར་བཞུགས་ནའང་ཁོ་བོས་སྔར་ཕན་མ་ཐོས་སོ། ༈ །སྟག་ལུང་པ་སངས་རྒྱས་དབོན་པོ་ནི། སྟག་ལུང་ག་ཟིའི་གདུང་ལས། ཁམས་ཀྱི་གཡང་ཤོད་བོང་ར་སྟེང་དུ་འཁྲུངས། ལྟེ་བ་བཅད་པས་པི་ཝང་ལྟ་བུའི་སྒྲ་ལས་ཆོས་ཀྱི་ཚིགས་བཅད་མང་པོ་བྱུང་། མཚན་དཀོན་མཆོག་སྲས་སུ་གསོལ། དགུང་ལོ་བཞི་ནས་དབུས་སུ་གདན་དྲངས། རབ་ཏུ་བྱུང་ནས་མཚན་གྲགས་པ་དཔལ་འོད་ཟེར་བཟང་པོར་གསོལ། དགུང་ལོ་ཉི་ཤུ་ལ་མཁན་པོ་དགའ་ལུང་པ་ལ་བསྙེན་པར་རྫོགས། སླར་ཁམས་སུ་ཕེབས་ནས་དཔལ་རི་བོ་ཆེའི་དགོན་སྡེ་བཏབ་སྟེ་ལྷ་ཁང་སོགས་ཕྱག་རྗེས་ཆེ། རྗེ་འདིས་གཙང་གི་བྲག་རྒྱ་བོ་དགུ་འདུས་ཞེས་པའི་ཟུར་ཆུང་པའི་སྒྲུབ་གནས་དེ་ནས། ཨོ་རྒྱན་ཀཻ་རི་བརྒྱད་བསྐོར་དང་། སློབ་དཔོན་རིན་པོ་ཆེའི་ཕྱག་མཚན་རྡོར་དྲིལ་སོགས་གཏེར་ནས་བཞེས། རྡོར་དྲིལ་འདི་ཀོང་སྟོད་གཙང་པོ་མགོ་དགུའི་སྒྲུབ་སྡེའི་ནང་རྟེན་དུ་ཕྱི་མོའི་བར་ཡོད། གཞན་ཡང་གཏེར་གྱི་བཀའ་བབས་བྱུང་ཚུལ། བྲག་རྒྱ་བོ་གདོང་གི་བྲག་ལོགས་ནས། །ཆོས་སྙིང་དང་འདྲ་བ་བཅུ་བདུན་བཏོན། ཁྱད་པར་གཤིན་རྗེ་དགྲ་ནག་ཐོན། །འགར་རྫོང་བྲག་ནས་བཅུ་གསུམ་བཏོན། །ལུང་མོའི་རྫ་ནས་བུམ་པ་བཏོན། །དབུ་རྩེ་སྣང་བའི་རོལ་པ་དང་། །མགོན་པོ་ར་བ་སྔ་ལོག་རྫོང་། །དེ་སོགས་ནས་གཏེར་ཆོས་མང་དུ་ཐོན། །ཞེས་འབྱུང་བ་ལས་ཐུགས་སྒྲུབ་སྐོར་རྫོགས་པར་ནོས་ཤིང་ཆོག་བསྒྲིག་བཅས་གཏེར་མཛོད་ཆེན་མོར་བཞུགས་སུ་གསོལ་བ་ཡིན་ནོ། ༈ །གཉལ་པ་ཉི་མ་ཤེས་རབ་ནི། གཉལ་དུ་སྐུ་འཁྲུངས། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་སློབ་མ་ཡིན། རྣལ་འབྱོར་གྱི་རྒྱུད་ལ་སྦྱངས་པས་ཡོ་ག་ལ་ཤིན་ཏུ་མཁས། གཉལ་སྟོད་སྨད་རྣམས་སུ་ཆོས་གཞི་བཙུགས་ཤིང་། ལྷ་ཁང་མང་པོར་རྣམ་སྣང་སྐུ་བཞེངས་པ་དང་། ཡོ་ག་ལ་ཉན་བཤད་སོགས་ཀྱི་ཆོས་འཁོར་བསྐོར་བས། འདིའི་རིང་ལ་ཡོ་གའི་སྐོར་རྣམས་དར་རྒྱས་ཤིན་ཏུ་ཆེ་བར་བྱུང་སྟེ་ཡོ་གའི་བསྟན་པ་ལ་ཕན་ཐོགས་དང་སྐུ་དྲིན་ཆེ། བཞུགས་ས་དངོས་གཙང་པོ་དོང་དུ་མཛད། འདིས་བྱ་རྒོད་གཤོང་གི་ལྷ་ཁང་གི་གློ་འབུར་ནས། སྔར་བློན་ཆེན་ལྷ་བཟང་ཀླུ་དཔལ་གྱིས་སྦས་པའི་སྐུ་འབག་དང་ལྷན་ཅིག་ཏུ་རྣམ་སྲས་ཀྱི་ཕྱར་དར་ལྗོངས་ཡུལ་མར་གྲགས་པ་དང་རྣམ་སྲས་མདུང་དམར་ཅན་གྱི་སྒྲུབ་སྐོར་རྣམས་སྤྱན་དྲངས་པ་ད་ལྟའི་བར་བཀའ་མ་ནུབ་པར་བཞུགས་པ་ཡིན། ༈ ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་ནི། སྔགས་རྙིང་མའི་སྔགས་འཆང་རོ་ཟན་ནག་པོ་ཞེས་པའི་ནུས་ལྡན་ཞིག་གི་སྲས་སུ་འཁྲུངས། ཆོས་ལུགས་ཕག་གྲུ་བཀའ་བརྒྱུད། ཟུང་བཞིའི་ཁྲོ་གླིང་གཉིས་སུ་གྲགས་པའི་ཡ་གྱལ་ཡིན། མཁས་པ་དང་གྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ། པཎ་ཆེན་ཤཱཀྱ་ཤྲཱི། བུདྡྷ་ཤྲཱི། མི་ཏྲ་ཛོ་ཀི་སྟེ་པཎ་གྲུབ་གསུམ་སྤྱན་དྲངས། རྒྱར་འདོམ་ཉེར་བརྒྱད་ཡོད་པའི་བྱམས་སྐུ་མཐོང་གྲོལ་ཆེན་མོ་བཞེངས། བོད་ཀྱི་མཁས་གྲུབ་གཅིག་ལ་བསྟན་པ་ལ་ཕྱག་རྗེས་འདི་རང་ཆེ། ལོ་ཆེན་འདིས་བྱ་རྒོད་གཤོང་ནས་གནོད་སྦྱིན་དབྱུག་ཐོ་ཅན་གྱི་རྒྱུད་ལེའུ་བདུན་པ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ་དང་། དེའི་ལེའུ་ཐ་མའི་ཚེ་སྒྲུབ་གསལ་བྱེད་པཎ་ཆེན་བི་མ་ལས་མཛད་པ་སོགས་གཏེར་ནས་གདན་དྲངས་པར་མཛད། གོང་འོག་གི་རྣམ་སྲས་ཀྱི་སྐོར་འདི་དག་ས་ལུགས་རྣམ་སྲས་བོད་དུ་ཚང་བར་བཞུགས་པའི་རྒྱུན་བདག་གིས་ཀྱང་ནོས་པ་ཡིན་ནོ། ༈ །གཏེར་སྟོན་གཡས་བན་ཡ་བོན་ནི། བོན་པོའི་རྒྱུད་པར་གཉན་ལོ་ཙཱ་བའི་སྐུ་ཚེའི་སྨད་ཙམ་ལ་འཁྲུངས། བྱང་པྲ་དུན་རྩའི་ལྷ་ཁང་ནས་རླུང་འཁོར་སྲོག་གི་སྤུ་གྲི་སོགས་དྲག་སྔགས་ཀྱི་སྐོར་སྤྱན་དྲངས་པ་ལས་རླུང་འཁོར་གྱི་ཕྱག་ལེན་རྒྱུན་ཕྱིས་ཀྱི་བར་དུ་བཞུགས་པར་སྣང་ནའང་ད་ལྟ་དཔེ་ལུང་གི་རྒྱུན་མ་རྙེད། ༈ བལ་པོ་ཨ་ཧཱུྃ་འབར་ནི། གཙང་གི་ལྷོ་རྒྱུད་དུ་འཁྲུངས། རྟེན་སྔགས་འཆང་། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པར་ལུང་གིས་གསལ་བ་ལྟར་སྤ་གྲོའི་ཅལ་གྱི་བྲག་དམར་ནས་ཛཾ་ནག་སྲོག་གི་འཁོར་ལོ་ཆེན་མོ་དང་གླང་ཆེན་བཅས་ཆོག་སོགས་གདམས་ངག་ཟབ་མོ་རྣམས་སྤྱན་དྲངས་པ་དཔལ་དགའ་བ་ལུང་པ་ནས་རིམ་པར་བརྒྱུད། ཕྱིས་ཀྱི་བར་ལུང་དང་ཕྱག་ལེན་སོགས་ཡོད་པར་སྣང་ནའང་དེང་སང་དཔེ་རྒྱུན་ཙམ་མཇལ་དུ་མེད་པའི་སྐབས། རྗེ་བླ་མར་འཁོར་ལོའི་དཔེ་རྙིང་མཁའ་འགྲོས་དངོས་སུ་བསྩལ་པ་དང་སྒྲུབ་ཐབས་ལས་ཚོགས་ཀྱི་སྐོར་ཡང་གཏེར་དུ་གཏན་ལ་ཕབ་པ་ཁོ་བོས་ཀྱང་ལེགས་པར་ནོས་ཏེ་ཡིག་ཆའི་ཞབས་འདེགས་སྤེལ་བའོ། ༈ །གཏེར་སྟོན་ཨ་ཇོ་དཔལ་པོ་ནི། བསམ་ཡས་དང་ཉེ་བའི་ཟུར་མཁར་དུ་འཁྲུངས། རྟེན་ཁྱིམ་སྔགས་དཀྱུས་མ། འདིས་མོན་བུམ་ཐང་གི་ལྷ་ཁང་ཀ་བ་ནས་བསོད་ནམས་གླང་པོ་སྟོབས་སྐྱེད་ཀྱི་འཁོར་ལོ་ཟབ་མོ་སྤྱན་དྲངས་པ་ཐམས་ཅད་ཀྱིས་ད་ལྟའི་བར་ཕྱག་ལེན་དུ་འདེབས་བཞིན་པ་ཉིད་ཁོ་བོས་ཀྱང་ནོས། གཞན་ཡང་སྦྲགས་ཡང་རྫོང་ནས་བརྟན་མ་མཆེད་གསུམ་གྱི་སྒྲུབ་ཐབས་སོགས་དང་། བསམ་ཡས་མཆིམས་ཕུ་ནས་རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ་གྱི་སྒྲུབ་སྐོར་རྣམས་སྤྱན་དྲངས་པར་བཤད་ཀྱང་ད་ལྟ་ནི་དཔེ་ལུང་གི་རྒྱུན་མ་བཞུགས། ༈ གཏེར་སྟོན་སུམ་ཚོགས་ནི། རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་བྱང་ཆུབ་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ་གསུམ་གྱིས་ཡེར་པ་སེ་བ་ལུང་ནས་རྟ་མགྲིན་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཆོས་སྐོར་རྣམས་སྤྱན་དྲངས་ནས་འབྲུ་ཚང་གི་གཉགས་སྟོན་ལྷ་འབར་ལ་ཤོག་སེར་སྟེང་ནས་ཆོས་རྒྱུན་ལན་གཅིག་ཙམ་ལས་སྤེལ་བ་མ་བྱུང་བར་གཏེར་རྔུར་གྱིས་རྐྱང་པོ་ལ་་་་་་མཛེ་བྱུང་། སུམ་པ་འདས། འབྲེ་སྨྱོ་བས་ཤོག་སེར་རྣམས་རྟ་མགྲིན་གྱི་གྲུབ་ཐོབ་ཞུ་སྟོན་བྱ་བའི་ལག་ཏུ་བྱུང་ཡང་དེས་ཞུ་ས་རྩད་མ་ཆོད་པས་ལས་འཕྲོ་གཏེར་བརྒྱུད་ཀྱི་བྱིན་རླབས་བཀའ་མ་ཉམས་པ་ཡོངས་གྲགས་ལ་མེད་པར་ཡུན་རིང་འབྱམས། རིང་ཞིག་ན་གྲུབ་པའི་དབང་ཕྱུག་ཆེན་པོ་འདར་ཕྱར་རུ་པ་གཙང་ཇོ་མོ་ནགས་རྒྱལ་ན་བཞུགས་དུས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞང་ཚེས་ཟླ་གྲགས་བྱ་བའི་སྔགས་པ་ཞིག་ཏུ་སྤྲུལ་ནས་དབང་ལུང་རྣམས་རྫོགས་པར་གནང་སྟེ་སྔགས་ཀྱི་ཨོཾ་དེ་ཧྲཱིཿརུ་བསྒྱུར་ལ་སྒྲུབས་ཤིག་གསུངས། དེ་ཡང་གཏེར་སྟོན་དེ་དག་གིས་གཏེར་ཐོན་ཀྱང་རྔུར་གྱིས་བར་ཆད་བྱུང་བའང་ཁོང་རྣམས་ཀྱི་གཏེར་སྐལ་མ་ཡིན་ལ། དོན་གྱི་ཆོས་བདག་གྲུབ་ཆེན་འདི་ཡིན་ཞིང་། དེའི་ཕྱིར་སློབ་དཔོན་རིན་པོ་ཆེས་དངོས་སུ་ཆོས་གནང་ཡང་། བསྟན་རྒྱུན་ལ་དགོངས་ནས་རྟ་ནག་གི་བླ་མ་རྒྱ་ལ་གཏེར་བརྒྱུད་བཞུགས་པའང་རྩད་ཆོད་ནས་གསན་པར་མཛད་པས་ཉེ་རིང་གཉིས་ཀའི་བདག་པོར་གྱུར་པ་ནས་བཟུང་ད་ལྟའི་བར་དབང་ལུང་གདམས་ངག་གི་རྒྱུན་རྒྱ་ཆེར་འཕེལ་བ་ཁོ་བོས་ཀྱང་རྫོགས་པར་ནོས། འདར་འཕྱར་ཆེན་པོ་འདིས་རྡོ་རྗེ་ཕུར་པ་ལས་ཀྱང་དངོས་གྲུབ་བརྙེས། མཚན་མ་རྫས་ཀྱི་ཕུར་པ་ལ་བརྟེན་ནས་མུ་སྟེགས་འཕྲོག་བྱེད་དགའ་བོའི་རྫུ་འཕྲུལ་རྨིང་མེད་དུ་བཅོམ་པའི་ཕུར་པ་ཉིད་ད་ལྟ་སེ་ར་བྱེས་པ་གྲྭ་ཚང་གི་ནང་རྟེན་གྱི་གཙོ་བོར་བཞུགས་ཤིང་གྲགས་ཆེ། དྲང་སྲོང་ཆེན་པོས་དངོས་སུ་ཕུལ་བའི་རཱ་ཧུ་ལ་སྲུང་གསོའི་གདམས་པ་བཞུགས་པ་བདག་གིས་ཀྱང་ནོས། གོང་གི་གཉག་སྟོན་ལྷ་འབར་གྱིས་ཀྱང་གཏེར་ཁ་འགའ་ཞིག་ཕྱུང་བར་གྲགས་ཀྱང་ཆོས་ཀྱི་རྣམ་གྲངས་མི་གསལ་ཞིང་རྒྱུན་བྱུང་ཚུལ་ཡང་མི་སྣང་། བོན་གཏེར་ལུང་སྡེ་ལྔ་བཏོན་པར་བཤད་ཅིང་གོང་གི་གཏེར་སྟོན་སུམ་ཚོགས་ཀྱིས་ཀྱང་འབུམ་དང་ཚད་མ་དང་འཕྲུལ་གྱི་མེ་ལོང་དགུ་སྐོར་སོགས་བོན་གཏེར་མང་ཞིག་བཏོན་པའི་དཔེ་ཕལ་ཆེར་དེང་སང་ཡོད་པར་སྣང་ངོ་། ༈ །དུ་གུ་རིན་ཆེན་སེང་གེ་ནི། དབུས་སུ་འཁྲུངས། འདིས་བྱང་པྲ་དུན་རྩེའི་མཆོད་རྟེན་ནས་དྲག་སྔགས་རྡོ་རྗེ་གཙུག་ལག་གི་སྐོར་རྣམས་སྤྱན་དྲངས་ཏེ། དེ་ཡང་དྲག་སྔགས་འདི་ནི་བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་འབྱོན་ཁར་གདམས་པ་འདི་ཉིད་རྗེ་འབངས་ལྔ་ལ་གཏད་ནས་མ་འོངས་བསྟན་པའི་བཙས་སུ་གཏེར་དུ་སྦོས་ཤིག་གསུངས་པ་བཞིན་དུ་མངའ་བདག་རྒྱལ་པོས་བྱང་པྲ་དུན་རྩེའི་གཙུག་ལག་ཁང་གི་བྱང་ཤར་ན་ལོ་པན་མཁས་པའི་མཆོད་རྟེན་ཡོད་པའི་བུམ་པར་གཏེར་་་་དུ་སྦས་ནས་ལོ་ཉིས་བརྒྱ་སྐོར་འདས་པ་ན་དབུས་པ་དུ་གུ་རིན་ཆེན་སེང་གེས་བསམ་ཡས་ནས་ཁ་བྱང་རྙེད་དེ་སྟག་ལོ་ལ་གནམ་ལྕགས་རྔུར་མོའི་ཡིག་ཆུང་དྲག་པོ་ཕྲིན་ལས་ཀྱི་རྒྱུད་དང་བཅས་པ་བྱང་པྲ་དུན་རྩེའི་མཆོད་རྟེན་གྱི་བུམ་་་པ་དང་། རྒྱུད་སྔ་ཕྱི་བདུན་དང་དེའི་སྒྲུབ་ཡིག་དང་བཅས་པ་མཆོད་རྟེན་གྱི་རྨང་ནས་སྤྱན་དྲངས། འོན་ཀྱང་རང་སྲུང་དང་། གཟའ་བདུད་ཁ་ཆིངས་ཀྱི་འཁོར་ལོ་དགོས་པ་རྣམས་མ་བྱས་ཤིང་། གཏེར་སྲུང་ལ་མཆོད་པ་ཞན་པས་འཚུབས་སློང་གིས་གཙང་གི་ལུ་མ་མཚོ་གྲུ་ཁར། སློབ་བུ་གཙང་པ་རིན་ཆེན་ཤེས་རབ་དང་། གཏེར་སྟོན་དཔོན་སློབ་གཉིས་ནང་མ་མཐུན་པར་གཅིག་གིས་གཅིག་གྲི་ཁར་བཀྲོངས། གཡས་རུ་ཤངས་ཀྱི་ཟླ་གྲགས་ཞེས་པ་གནས་པོ་ཡིན་པས་གཏེར་སྟོན་དཔོན་སློབ་གཉིས་གྲོངས་པའི་ཤུལ་དུ་ཤོག་སེར་རྣམས་འདི་ལ་བྱུང་། དེས་གཏེར་སྟོན་གྱི་སྲས་མོ་འོད་ལྡེམ་ལ་གཏད། ཇོ་སྲས་མ་འདི་སྔོན་གྱི་ལས་འཕྲོ་སད་ཅིང་སྙིང་རུས་ཆེ་བས་གྲུབ་པ་ཐོབ་སྟེ་ཤོག་སེར་ཕབ་ཅིང་སྤེལ་པའི་རྒྱུན་བཞུགས་པའང་ཆེད་དུ་ནོས་སོ། ༈ །གཙང་པ་ལ་བ་རིང་མོའམ་གཙང་རིང་ཤེས་རབ་ཀྱིས། གཏད་ཁྲོམ་གྱི་སྲུང་བ་ཟབ་མོ་རྡོ་རྗེའི་གོ་ཁྲབ་ཅེས་བྱ་བ། རང་སྲུང་། ཀླུ་རིགས་ལྔའི་སྒྲིབ་ཤིང་། ཀླུ་ནད་སྲུང་བ་མཛེ་འཕྲོ་གཅོད་ཐབས། གཏད་འདྲེ་ཀླུ་གདོན་སྲུང་བ་སོགས་དང་། ལྷ་འདྲེའི་གནོད་པ་འོང་མི་སྲིད་པའི་ཐབས། ཀླུ་དང་ས་བདག་ཉེ་མི་ནུས་པའི་ཐབས། གཏད་ཀྱི་རྗེས་གཅོད་སོགས་ཆོས་ཚན་འགའ་ཞིག་བཏོན་པར་སྣང་ངོ་། ༈ །སྤྲུལ་སྐུ་ལ་སྟོད་དམར་པོའམ་དམ་པ་དམར་པོ་ཞེས་པས་སྤ་གྲོ་གཅལ་གྱི་བྲག་སེང་གེའི་ཁོག་པ་འདྲ་བའི་ཕ་བོང་སྡིགས་རུ་ཅན་ཞེས་པ་ནས་བདུད་རྩི་ཆེན་པོའི་བཅུད་ལེན་གྱི་སྐོར་དང་། བསམ་ཡས་མཆོད་རྟེན་ནག་པོ་ནས་ཨ་ཙརྻ་ཧེ་ཝ་ནག་པོའི་ངན་སྔགས་རི་མ་ལ་ཡའི་ནུབ་དབང་ཕྱུག་གི་ལྡེར་བཟོ་ནས་ཨ་ཙརྻ་ཕྲ་ལ་རིང་མོས་རྙེད་དེ་སློབ་དཔོན་པདྨ་ལ་ཕུལ་བ་བསམ་ཡས་མཆོད་རྟེན་ནག་པོའི་འོག་ཏུ་སྦས་པས་མཆོད་རྟེན་འདིའི་སས་གཞན་ལ་གནོད་པ་འོང་བའི་རྒྱུ་མཚན་ཡང་འདིའི་དོན་གྱིས་ཡིན་པར་གསུངས་ཏེ་འཇིག་རྟེན་ཕུང་བྱེད་ནག་པོ་གྲི་ཐལ་མར་གྲགས་པའི་མུ་སྟེགས་ཀྱི་ངན་སྔགས་ཟབ་མོའི་སྐོར་རྣམས་དང་། ཡེར་པ་བྱ་རབ་ནས་ཡེར་པའི་དཀར་ཆག་ལྷ་གཅིག་ཀོང་ཇོའི་ཕྱག་བྲིས་མ་དང་། མང་མཁར་མུ་གུ་ལུང་ནས་རྫས་བདུན་ལ་བརྟེན་ནས་བགེགས་འཇོམས་པ་སྲ་བའི་བྲག་ཀྱང་འགས་ནུས་པ་སོགས་གཏེར་ཁ་ཟབ་ཁྱད་ཅན་མང་དུ་སྤྱན་དྲངས་པ་ལས། འདིའི་བདུད་རྩི་བཅུད་ལེན་གྱི་སྐོར་རྣམས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཀྱང་ཐུགས་ཉམས་སུ་བཞེས་པས་དངོས་གྲུབ་བརྙེས་པར་གསལ་ཡང་འདིའི་དཔེ་རྒྱུན་མ་མཇལ། ༈ དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་གསང་ཆེན་བཀའི་སྡུད་པ་མོ་དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་དངོས་བྱོན་མཚན་ལྡན་མཁའ་འགྲོ་རྣམ་གཉིས་ཀྱི་ཡ་གྱལ། སྤྲུལ་པའི་གཏེར་སྟོན་ཆེན་མོ་ཇོ་མོ་སྨན་མོར་གྲགས་པ་ནི། རང་གཏེར་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ལུང་བྱང་ལས། ནམ་ཞིག་མཁའ་འགྲོས་བྱིན་བརླབས་པའི༔ རིགས་ལྡན་བུ་མོ་སྤྲེལ་ལོ་པ༔ སྦས་ཚུལ་ཇོ་མོའི་མིང་ཅན་ལ༔ མཁའ་འགྲོ་རྣམས་ཀྱིས་ཆོས་འདི་གཏད༔ བྱིན་རླབས་རྟོགས་པས་རང་བཞིན་གྲོལ༔ དུས་དེར་གཞན་དོན་ཆེར་མི་འབྱུང༔ འབྲེལ་ཚད་བདེ་ཆེན་ས་ལ་སྦྱོར༔ ཕུང་པོ་ལྷག་མེད་བྱང་ཆུབ་ཐོབ༔ ཅེས་དོན་གྱི་རྣམ་པར་ཐར་པ་དང་བཅས་གསལ་བར་ལུང་བསྟན་པ་ལྟར། ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་གུ་རུའི་སྒྲུབ་ཕུག་གཟར་མོ་ལུང་དང་ཉེ་བར། ཡབ་དྭགས་རྒྱུད་སྔགས་པ་རྡོ་རྗེ་རྒྱལ་པོ་དང་། ཡུམ་མཁའ་འགྲོའི་རིགས་ཅན་པདྨ་དཔལ་འཛོམ་ཞེས་པའི་རིགས་སུ་ས་ཕོ་སྤྲེལ་གྱི་ལོར་སྤྲུལ་པའི་པདྨོ་བཞད། ཡབ་ཡུམ་གྱིས་མཚན་པདྨ་མཚོ་སྐྱིད་ཅེས་བཏགས། ཡབ་གཞིས་འབྱོར་པ་མཐའ་གཉིས་སུ་མ་ལྷུང་བས་ཆུང་དུས་གཅེས་སྤྲས་སུ་བསྐྱངས་ནའང་དགུང་ལོ་ལྔ་པར་ཡུམ་གཤེགས་པའི་རྐྱེན་གྱིས། ཡབ་ཀྱིས་བུད་མེད་གཞན་བཞེས་པས་བར་སྐབས་སུ་ཕྱུགས་མ་སྐྱོང་བར་མངགས་པ་སོགས་གྲོང་པའི་ལས་ཅི་རིགས་ལ་བཀོལ་བས་ཅུང་ཟད་འོ་བརྒྱལ་གྱི་རྣམ་པར་བཞུགས་པའི་སྐབས། དགུང་ལོ་བཅུ་གསུམ་པར་ཨེ་གཟར་མོ་ལུང་ཁྱུང་ཆེན་ལྡིང་བའི་བྲག་གུ་རུའི་སྒྲུབ་གནས་བདེ་ཆེན་གསང་ཕུག་གི་ཉེ་འདབས་སུ་སོས་ཀ་ཞིག་ལ་ཕྱུགས་མ་སྐྱོང་ནས་བཞུགས་པའི་སྐབས་ཅུང་ཟད་མནལ་དུ་སོང་བ་ན། བྲག་དེ་ནས་སྒྲ་སྙན་པོ་ཞིག་གྲགས་པའི་རྐྱེན་གྱིས་མནལ་སད་པ་ན་གསང་ཕུག་གི་སྒོ་ཧར་གྱིས་བྱེ་བ་མཐོང་སྟེ་ཐུགས་སྣང་འགྱུར་ནས་ནང་དུ་ཐོགས་མེད་དུ་ཞུགས་པ་ན་དུར་ཁྲོད་ཀྱི་བཀོད་པ་འཇིགས་སུ་རུང་བར་གྱུར་པའི་དབུས་ན་་་་མཁའ་འགྲོའི་ཚོགས་གྲལ་དུ་སླེབས། ཚོགས་ཀྱི་གཙོ་མོ་རྡོ་རྗེ་ཕག་མོ་དངོས་སུ་སྣང་བས། རིགས་ཀྱི་བུ་མོ་འོངས་པ་ལེགས་ཞེས་དབུགས་དབྱུང་། སྐུ་རྒྱབ་ཀྱི་བྲག་ནས་བཞེས་པའི་ཚུལ་གྱིས་གླེགས་བམ་ཆུང་ངུ་ཞིག་བླངས་ཏེ་སྤྱི་བོར་བཞག་ཅིང་སྨིན་གྲོལ་ཆིག་རྫོགས་སུ་བསྩལ། ཕྱག་ཏུ་གཏད་ནས། འདི་ནི་མཁའ་འགྲོ་མའི་གསང་བ་ཀུན་འདུས་པའི་གདམས་ངག་སྟེ་ཁྱོད་ཀྱིས་ཤིན་ཏུ་གསང་ལ་ཉམས་སུ་བླང་ན་དངོས་གྲུབ་མཆོག་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་པ་བརྙེས་པས་ཆོས་ཐམས་ཅད་རང་གྲོལ་དུ་ཤེས་པའི་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་ཆེན་མོར་གྱུར། དེར་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱད་ནས་སྤྲུལ་པའི་དཀྱིལ་འཁོར་མི་སྣང་བར་བསྡུས་པ་དང་རང་གནས་སུ་ཕེབས། རྡོ་རྗེ་བཙུན་མོའི་བྱིན་རླབས་ཀྱི་བདུད་རྩི་རྒྱུད་ལ་སྨིན་པས་ཉིན་མཚན་ཀུན་ཏུ་ཆོས་ཀྱི་ཚིག་མང་པོ་ཐོལ་བྱུང་དུ་བརྡོལ་ཏེ་རྡོ་རྗེའི་གླུ་བྲོ་དང་གཞན་སེམས་མཁྱེན་པའི་མངོན་ཤེས་ཐོགས་མེད་དུ་གསུངས་པས་འགའ་ཞིག་དང་། ཕལ་ཆེར་གྱིས་འདི་རི་ཁར་ཉལ་བས་སྨན་མོས་བརླམས་པར་འདུག་ཅེས་ཇོ་མོ་སྨན་མོའི་མཚན་བླ་དྭགས་སུ་ཆགས། དེ་ལྟ་བུའི་རྐྱེན་གྱིས་ཐུགས་སུན་པའི་རྣམ་པས་རང་ཡུལ་ལ་མ་ཆགས་པར་གནས་ངེས་མེད་དུ་འབྱོན་པར་བཞེད་ནས་ལྷོ་བྲག་ནུབ་ལ་ཡག་སྤང་གྲོང་དུ་ཕེབས། གུ་རུ་ཆོས་ཀྱི་དབང་ཕྱུག་དང་མཇལ་བ་ཙམ་གྱིས་ལྷན་སྐྱེས་ཡེ་ཤེས་རྩོལ་མེད་དུ་འཁྲུངས། ཆོས་དབང་རིན་པོ་ཆེས་ཀྱང་གུ་རུས་ལུང་བསྟན་པའི་མཚན་ལྡན་གཟུངས་མ་ལྔའི་ཡ་གྱལ་དུ་དགོངས་ནས་གསང་བའི་ལས་རྒྱར་བཞེས་པས་སྔོན་ཆད་གཏན་ལ་ཕབས་མ་ནུས་པའི་བཀའ་བརྒྱད་གསང་བ་ཡོངས་རྫོགས་མན་ངག་གི་རྒྱུད་ཆེན་པོ་རྩ་མདུད་གྲོལ་་་་་་བའི་རྐྱེན་གྱིས་བརྡའ་དོན་ཐམས་ཅད་དགོངས་ཏེ་བོད་སྐད་དུ་བསྒྱུར་བ་ལ་བརྟེན་ཕན་ཚུན་གཉིས་ཀ་གཅིག་གྲོགས་གཅིག་གི་སྨན་ཡོན་བླ་ན་མེད་པར་གྱུར། དེར་ཡུན་མི་རིང་བ་ཙམ་བཞུགས་ནས་སྨིན་གྲོལ་གདམས་པའི་སྙིང་པོ་ཅི་རིགས་པ་གསན་པའི་མཐར་གཏེར་སྟོན་ཆེན་པོས། ཁྱོད་ཀྱི་ཟབ་ཆོས་མཁའ་འགྲོའི་གླེགས་བམ་དེ་ཁྱོད་རང་གི་སྐྱེ་བ་སྔ་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་དམ་སྙིང་པོ་ངོ་མཚར་ཅན་དུ་སྣང་ནའང་ད་ལྟ་འགྲོ་དོན་སྤེལ་བའི་དུས་ལ་མ་བབས། ཤིན་ཏུ་གསང་ལ་རང་ཉམས་སུ་ལོངས། དབུས་གཙང་གི་ཕྱོགས་ཀུན་ཏུ་འཁྱམས་ལ་འབྲེལ་ཚད་བདེ་ཆེན་གྱི་སར་སྦྱོར་བའི་སྦས་ཚུལ་གྱིས་འགྲོ་དོན་སྒྲུབས་ཤིག་དང་མཐར་ལུས་མི་སྤང་བར་མཁའ་སྤྱོད་ཀྱི་དངོས་གྲུབ་བརྙེས་པར་འགྱུར་རོ་ཞེས་པའི་ཞལ་བཀོད་ནན་ཏུ་བསྩལ་པ་ལྟར། སྐལ་བར་ལྡན་པའི་རྣལ་འབྱོར་མ་གཉིས་བཅས་གཙང་ལ་སྟོད་དིང་རི་མན་ཆད་ཡུལ་ཡུལ་ཕྲན་ཐམས་ཅད་དུ་བྱོན། སྦས་ཚུལ་གྱི་འགྲོ་དོན་ལྷུན་གྱིས་གྲུབ་ནས་མཐར་དགུང་གྲངས་སོ་དྲུག་ཏུ་སོན་པའི་སྟོན་ཟླ་ར་བའི་ཚེས་བཅུའི་ཉིན་ཡུལ་དབུས་སྦྲགས་ལྷ་རིའི་རྩེ་མོར་ཕེབས། དཔོན་གཡོག་གསུམ་གྱིས་ཚོགས་ཀྱི་མཆོད་པ་ཞིག་མཛད་དེ་གསུམ་ཀས་ལུས་མ་སྤངས་པར་འདབ་ཆགས་རྒྱལ་པོ་མཁའ་ལ་འཕུར་བ་ལྟར་ནམ་མཁའི་དབྱིངས་སུ་ཇེ་མཐོ་ཇེ་མཐོར་ཨོ་རྒྱན་ཟངས་མདོག་དཔལ་རིའི་མཁའ་འགྲོའི་ཚོགས་གྲལ་ལ་ཐོགས་མེད་དུ་གཤེགས་པ་ན། ཕྱོགས་དེའི་ཕྱུགས་མ་སྐྱོང་བ་རྣམས་ཀྱིས་མངོན་སུམ་དུ་མཐོང་སྟེ་དེར་འོངས་པ་ན་ཚོགས་རྫས་འགའ་ཞིག་འཐོར་བ་ཟོས་པས་རང་བཞིན་གྱིས་བསམ་གཏན་ལ་གནས་པའང་བྱུང་ངོ་། །དེ་ལྟ་བུའི་རྨད་དུ་བྱུང་བའི་གསང་བ་ཆེན་པོ་མཁའ་འགྲོ་གསང་བ་ཀུན་འདུས་སུ་གྲགས་པ་འདི་ཉིད་རེ་ཞིག་མཁའ་འགྲོའི་ཕྱག་ཏུ་བཞུགས་ཤིང་ཕལ་པའི་སྤྱོད་ཡུལ་དུ་མ་གྱུར་པ། རྩོད་དུས་ཀྱི་ཐ་མར་འདུལ་བའི་སྐབས་སུ་བབས་ཤིང་ཐུགས་རྗེ་དང་སྨོན་ལམ་གྱི་དབང་ལས། སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། སྔོན་ཆོས་དབང་རིན་པོ་ཆེའི་གསང་གྲོགས་སུ་གྱུར་པའི་རྒྱུ་དང་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཀྱི་རྐྱེན་ལ་བརྟེན་ཏེ་ཚིག་དོན་གྱི་བཀའ་བབས་ཤིང་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབས་པར་མཛད་པའི་སྐབས། ཞལ་སྤོད་གནང་རིམ་བཞིན་ཁོ་བོས་ཡི་གེར་བཀོད་དེ་ཐོག་མ་ཁོ་ནར་སྨིན་གྲོལ་གྱི་གདམས་པ་ཚང་སྤྲུགས་སུ་བསྩལ་པའི་སྐལ་པ་བཟང་པོས་ཡིད་རབ་ཏུ་ཚིམས་ཤིང་། སླད་ནས་བསྙེན་སྒྲུབ་འབྲེལ་འཇོག་དང་སྒྲུབ་ཆེན་དང་སྒྲུབ་ཕྲན་ལན་གྲངས་བགྱིས་པས་བྱིན་རླབས་ཀྱི་མཚན་མའང་ཐོབ་པ་བཅས་ཁོ་བོའི་རྗེས་འཇུག་གསང་བ་ཆེན་པོ་ལ་ཡིད་བརྟོན་པ་དག་གིས་ཉམས་ལེན་སྙིང་གི་ནོར་བུར་བཟུང་་་བར་རིགས་ལ། གཞན་ཡང་ཉེར་མཁོའི་ཡིག་ཆ་ཅི་རིགས་གསར་སྤེལ་བཅས་སྤར་དུ་བསྒྲུབས་ཤིང་སྨིན་གྲོལ་ལན་གྲངས་བགྱིས་པ་སོགས་ཟབ་ཆོས་འདི་ཉིད་ལ་ཞབས་ཏོག་ཅུང་ཟད་གྲུབ་པ་ཡིན་ནོ། །ཡེ་ཤེས་མཁའ་འགྲོ་འདི་ཤིན་ཏུ་གྲགས་ཆུང་བས་གཏེར་འབྱུང་སྔ་མ་རྣམས་སུ་མཚན་ཙམ་ལས་སྔ་ཕྱི་ནམ་བྱོན་ཡང་མ་གསལ་སྟབས་འདིར་གཏེར་ལུང་དངོས་དང་རྗེ་བླ་མའི་ཞལ་ལུང་དཔང་པོར་བྱས་ཏེ་ཅུང་ཟད་རྒྱས་པར་བཀོད་པ་ཡིན་ནོ། ༈ །གྲུབ་ཆེན་མེ་ལོང་རྡོ་རྗེ་ནི། སྦྲགས་ཀྱི་ཕུར་རྣལ་འབྱོར་པ་ཞིག་གི་སྲས་སུ་འཁྲུངས། དགུང་ལོ་དགུ་པར་གྲུབ་ཐོབ་ཟ་ལུང་པ་དང་མཁན་པོ་སེ་ལུང་པ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་དྲུག་པར་བརྒྱད་སྟོང་པ་བརྒྱ་རྩ་གསུངས་པས་གནས་ལུགས་ཀྱི་དོན་རྟོགས། ཟངས་མཚོར་བསྒོམས་པས་ཉམས་འབར་ཞིང་མངོན་ཤེས་ཕྲ་མོའང་ཤར། ཕྱོགས་མེད་དུ་བྱོན་ཏེ་ཁྱད་འཕགས་བཅུ་གསུམ་སོགས་བླ་མ་མང་པོ་བསྟེན་ནས་སྔགས་གསར་རྙིང་གི་གསན་པ་མང་པོ་མཛད། གནས་ཆེན་མང་པོར་དཀའ་སྤྱད་དྲག་པོས་སྒྲུབ་པ་མཛད་པས་རྡོ་རྗེ་ཕག་མོ་སོགས་ལྷ་དང་རིག་འཛིན་དུ་མའི་ཞལ་མང་པོ་གཟིགས། དགུང་ལོ་བཅོ་བརྒྱད་པར་འཁྲུལ་ཞིག་སེང་གེ་རྒྱབ་པ་ལས་རྫོགས་ཆེན་སྙིང་ཐིག་གསན་པས་སྔོན་འགྲོའི་སྐབས་ཞག་དྲུག་ཏུ་ཉིན་མཚན་མེད་པར་རྡོ་རྗེ་སེམས་དཔའི་ཞལ་མཐོང་། མནལ་ལམ་དུ་རྡོ་རྗེ་སེམས་དཔས་དབང་བསྐུར་བ་ཐོབ་སྟེ་རྫོགས་པ་ཆེན་པོའི་རྟོགས་པ་མཐར་ཕྱིན། བརྟུལ་ཞུགས་ཤིན་ཏུ་ཆེ་བས་གསང་བ་སྔགས་ཀྱི་སྤྱོད་པ་སྒྲ་ཇི་བཞིན་ཏུ་སྤྱོད་པར་ནུས་ཤིང་འབྱུང་བ་ལྔ་ལ་དབང་བསྒྱུར་བས་གྲུབ་ཐོབ་ཆེན་པོའི་མཚན་ཡོངས་སུ་གྲགས། མཁར་ཆུ་སོགས་དབེན་གནས་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། སྦྲགས་ཡང་རྫོང་ནས་བི་མ་ལའི་ཐུགས་ཐིག་སྤྱན་དྲངས་ཏེ་གནས་ཀྱིས་མཚན་དུ་ཡང་རྫོང་སྙིང་ཐིག །གཏེར་སྟོན་ལས་མེ་ལོང་སྙིང་ཐིག །རྒྱ་རྟགས་ལས་སྙིང་ཐིག་ཨཱཿཧཱུྃ་མ། གླེགས་བམ་གྱི་ཚད་ལས་བི་མའི་གོང་ཁུག་མར་གྲགས་པ་སྟེ་ཕྱིས་ཀྱི་བར་དཔེ་ལུང་གི་རྒྱུན་བཞུགས་པར་སྣང་མོད་ཆོས་རྒྱུན་ཆད་ནས་མི་རབས་གཅིག་ཙམ་སོང་བར་འདུག །དགུང་ལོ་དྲུག་ཅུ་པར་མཁར་ཆུ་ནས་གདོད་མའི་གྲོལ་སར་གཤེགས་པའི་ལྟས་ཆེན་པོ་དང་བཅས་ཞི་བར་མནལ་བས་གདུང་རིགས་ལྔའང་རྒྱུད་ལས་བཤད་པ་ལྟར་བྱོན། དེང་སང་རྗེ་བླ་མ་རིན་པོ་ཆེར་མེ་ལོང་སྙིང་ཐིག་གི་ཉེ་བརྒྱུད་ཁྱད་པར་འཕགས་པ་བཞུགས་པ་དང་། མེ་ལོང་སྙིང་ཐིག་རྩ་བའི་ཆོས་སྡེ་རྣམས་མཁའ་འགྲོ་རྡོ་རྗེ་སྒྲོལ་མས་ཡང་གཏེར་དུ་སྦས་པའི་ཤོག་སེར་ཁོ་བོའི་ལག་ཏུ་འབྱོར་པ་གཏན་ལ་ཕབ་སྟེ་སྨིན་གྲོལ་བཀའ་དྲིན་དུ་ནོས་ཏེ་གཏེར་མཛོད་ཆེན་མོར་བཞུགས་སུ་གསོལ་བའོ། ༈ །སྐལ་ལྡན་བྱིས་པ་ནི། སྔོན་མངའ་རིའི་ཡུལ་གུ་གེ་འདམ་གྲོགས་ཞེས་པར། བྱིས་པ་མང་པོས་བྱེ་མའི་སྤོ་ཆེན་པོ་ཞིག་བྲུས་པས། རྡོའི་སྒྲོམ་གྲུ་བཞི་ཁེབས་དང་བཅས་པ་ཞིག་བྱུང་བ། ཁ་ཕྱེས་པའི་ནང་ནས་སེམས་ཅན་རིགས་མི་གཅིག་པ་མང་པོ་ཤིག་ཤིག་བྱུང་བ་དང་། བྱིས་པ་གཞན་རྣམས་ཤི །བྱིས་པ་མཛངས་པ་ཞིག་གིས་ཡ་ཁེབས་ཁྱེར་ནས་བྲོས་པས་སྐྱོན་མ་བྱུང་། དེར་ཡུལ་དེར་ནད་ཡམས་ཆེན་པོ་བྱུང་སྟེ་གཉན་རིམས་ཀྱི་རིགས་མི་འདྲ་བ་དུ་མས་མི་ཕྱུགས་མང་པོ་ཤི་བ་ན། ཡ་ཁེབས་དེ་ལས་རིམས་སྲུང་ཆིག་དྲིལ་གྱི་སྐོར་རྣམས་བྱུང་སྟེ། འཁོར་ལོ་དང་རྫས་སྔགས་རྣམས་བྱིན་པས་ནད་རིམས་ཐམས་ཅད་ཆུ་བཅད་པ་བཞིན་དུ་སོང་བས་ཟབ་པར་ཤེས་ཏེ་རིམ་པར་སྤེལ་བས་དེང་སང་གི་བར་དུ་གུ་གེ་ཆིག་དྲིལ་ཞེས་སྲུང་བ་ཟབ་མོར་བྱེད་ཅིང་ལུང་དང་ཕྱག་ལེན་གྱི་རྒྱུན་མ་ཉམས་པ་བདག་གིས་ཀྱང་ནོས། གཏེར་སྟོན་གྱི་མཚན་ལའང་བྱིས་པ་ལས་མཚན་གཞན་མ་ཐོགས་པས་སྐལ་ལྡན་བྱིས་པར་མིང་ཆགས་པར་སྣང་ངོ་། ༈ །བྲང་ཏི་རྒྱལ་ཉེ་མཁར་བུའི་ལོ་རྒྱུས་རྒྱས་པ་ཞིག་མ་མཐོང་ཡང་། བྲང་ཏི་རྒྱལ་ཉེ་མཁར་བུ་ཞེས་པ་བོད་སྨན་མཁས་པ་མི་དགུའི་གྲས་བྲང་ཏིའི་རྒྱུད་དུ་འཁྲུངས། འདིས་སློབ་དཔོན་རིན་པོ་ཆེ་དང་ཁྲི་སྲོང་ལྡེའུ་བཙན་གྱིས་སྦས་པའི་རྩ་སྒྲུབ་དང་གསོ་དཔྱད་སྐོར་འགའ་ཞིག་བསམ་ཡས་གནམ་སྟེགས་བཅུ་གསུམ་གྱི་ཀ་ཞུའི་ནང་ནས་གཏེར་བཏོན་ཅིང་བསྒྲུབས་པས་གྲུབ་རྟགས་ཐོན་པར་གྲགས་ཤིང་། དེ་ནས་བྲང་ཏི་འཇམ་དཔལ་བཟང་པོ་སོགས་ལས་རིམ་པར་བརྒྱུད་པར་བཤད་ཀྱང་དེང་སང་གཡུ་ཐོག་སྙིང་ཐིག་གི་ཆོས་སྡེར་བྲམ་ཟེ་སེར་སྐྱ་སྤུན་གསུམ་གྱི་བཀའ་གཏད་ཙམ་ཞིག་བཞུགས་སོ། ༈ །སྒོམ་ཆེན་འབྲུག་པ་དང་། གཉན་སྟོན་ཛམྦྷ་ལ་དང་། དོན་གྲུབ་སེང་གེ་དང་། པདྨ་གྲགས་པ་སྟེ། གཏེར་སྟོན་འདི་རྣམས་རིག་འཛིན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་གཡོག་ཡིན་ཏེ། རིག་འཛིན་དེ་ཉིད་ཀྱིས་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཞལ་ཕྱེས་པའི། གཏེར་ཁ་བཅུ་པ་ཆོས་དྲུག་སྲས་མཁར་མ་སྒོམ་ཆེན་འབྲུག་པ་མངགས་ཏེ་སྤྱན་དྲངས་པ་ཡིན་ལ། དེ་བཞིན་ཏུ་གཉན་སྟོན་ཛམྦྷ་ལས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནང་གི་གཤིན་རྗེ་དམར་པོའི་ཐུགས་ཀ་ནས་འཇམ་དཔལ་རྫོགས་ཆེན་སྐོར་སོགས་བཏོན་པ་ཆོས་དབང་རིན་པོ་ཆེའི་གཏེར་ཁ་བདུན་པར་བགྲངས་ཏེ། དོན་གྲུབ་སེང་གེ་དང་པདྨ་གྲགས་པ་གཉིས་ནི་ཐ་དད་གཉིས་འཛོམ་ཞེས་གོང་མ་གཉིས་ཀྱི་གཏེར་འདོན་གྲོགས་ཡིན་པར་བཞེད་ཅིང་ཆོས་དྲུག་སྲས་མཁར་མའི་ལུང་རྒྱུན་ཙམ་བཞུགས་པའང་ནོས་སོ། ༈ །ཉང་བན་ཏིང་འཛིན་བཟང་པོའི་རྣམ་འཕྲུལ་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་སྐྱེ་བ་དུང་མཚོ་རས་པ་སྔ་མ་ནི་ཡར་ལུང་དུ་འཁྲུངས། གཞོན་དུས་ནས་གདན་ས་མཐིལ་དུ་ཆོས་སྒོར་ཞུགས་པའི་མཚན་ཤེས་རབ་རྒྱ་མཚོ་དང་། སྒམ་པོ་རྡོར་བློ་བ་ལ་བསྙེན་པར་རྫོགས་པའི་མཚན་རིན་ཆེན་བཟང་པོ་གསོལ། ཁ་རག་གཡུ་མཚོར་འཁྲུལ་ཞིག་ཁམས་པའི་དྲུང་དུ་དཀའ་ཐུབ་ཀྱི་སྡོམ་པ་ཞུས་པའི་སྐབས། དེས་ལུང་བསྟན་པ་ལྟར་གཡུ་མཚོར་བྱོན་ནས་དེའུ་ཞིག་གི་ཁར་སྤྱིལ་པོ་འདུག་པར་དཀའ་ཐུབ་ལ་བསྟེན་ཏེ་སྒྲུབ་པ་མཛད། སྤྱིལ་པོའི་གཏིང་ནས་ཁ་བྱང་རྙེད་པས་དེའི་དོན་སྒམ་པོར་བྱོན། མཚོ་འོག་མའི་འཁྱགས་པ་བསྐུམ་ཁྲུ་གང་གི་འོག་ནས། དྭགས་པོ་རིན་པོ་ཆེ་དང་། སྐྱེས་བུ་ཡེ་རྡོར་གཉིས་ཀྱིས་སྦས་པའི་ཆོས་གཏེར། རྡོ་སྒྲོམ་ནང་དུ་ནེའུ་ལེའི་གཟུགས། དེའི་ནང་དུ་ཤོག་དྲིལ་དར་སྣ་ལྔས་དྲིལ་བ་དང་ནཱ་རོ་པའི་དབང་བུམ་སོགས་སྤྱན་དྲངས་པ་ལས་སེམས་ཁྲིད་ཡིད་བཞིན་ནོར་བུ་དང་འཕོ་བ་གྲོང་འཇུག་གི་སྐོར་རྣམས་བྱོན་ཏེ་སེམས་ཁྲིད་སྔར་དུས་དར་རྒྱས་ཆེ། དེང་སང་ཡང་རྒྱུན་བཞུགས་པ་ལས་ཟུར་མང་སྙན་བརྒྱུད་ལས་ལུང་དང་གྲོལ་མཆོག་ཁྲིད་བརྒྱ་ལས་ལུང་ཁྲིད་བར་མ་ཆད་པར་ནོས། འདིས་གཉལ་དུ་དྭགས་པོ་རིན་པོ་ཆེ་འཁྲུངས་ས་དུང་མཚོ་ལྷ་ཁང་སོགས་རྟེན་བཞེངས་མང་པོ་མཛད། ཚལ་པ་དྲུང་ཆེན་སྨོན་ལམ་པ་དང་ཀུན་དགའ་རྡོ་རྗེ་སོགས་ལ་དངོས་རྫས་མང་པོ་ཕུལ་ནས་ལྷ་ས་བསྐོར་མི་རྣམས་ལ་སྐྱོ་ཚུལ་ཚུགས་པའང་བཤད་དོ། ༈ །རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་གཉིས་ཀྱི་ཕྱི་མ་མཁའ་འགྲོ་མ་ཀུན་དགའ་འབུམ་པ་ནི་འོན་གྱི་བཀྲ་ཤིས་རྡོ་མཁར་དུ། ཡབ་གཙང་པ་རྡོ་རྗེ་དབང་ཕྱུག་དང་། ཡུམ་ཤེལ་དཀར་བཟའ་རྡོ་རྗེ་འཚོའི་སྐྱེ་བ་མཚན་ལྡན་ལྷ་སྐྱིད་དཔལ་འཛོམ་གཉིས་ཀྱི་སྲས་སུ་སྤྲེའུ་ལོར་འཁྲུངས། དགུང་ལོ་དྲུག་པར། གདན་ས་མཐིལ་གྱི་སྤྱན་སྔ་ཚེས་བཞི་རྙིང་མ་གྲགས་པ་རྒྱལ་མཚན་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་འབུམ་དུ་གསོལ། དེ་ལ་སོགས་པའི་བླ་མ་མང་དུ་བསྟེན་ཅིང་། གསང་སྔགས་གསར་རྙིང་གི་ཆོས་ཚུལ་མང་པོ་དང་དབང་ཁྲིད་གདམས་པ་མཐའ་ཡས་པ་གསན་ཅིང་སྒྲུབ་པ་ཁོ་ན་མཛད་པས། ཐུགས་དམ་གྱི་རྟོགས་པ་ཀློང་དུ་གྱུར། ཁྱད་པར་དུ་ནུབ་གཅིག་གི་སྲོད་འཁོར་ཙམ་ལ། ཀྱེ་སྐལ་ལྡན་ལས་ཅན་མ་ཁྱོད། སྦྲགས་ཡང་རྫོང་གི་འོད་གསལ་ཕུག་ཅེས་བྱ་བར། ལོ་བདུན་ཟླ་བ་བདུན་ཞག་བདུན་དུ་ཟ་མ་བདུན་དུ་སྒྲུབ་པ་མཛོད་ཅིག་དང་། ཌཱ་ཀིའི་ལུང་བསྟན་དང་། མཁའ་སྤྱོད་ཀྱི་ཞིང་སོགས་མཇལ་བ་ཡོད་དོ། །ཟེར་བ་ཞིག་གསན་ནས། སྦྲགས་ཡང་རྫོང་གི་བྱེ་བྲག་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ་ལོ་བདུན་ཏུ་རྩེ་གཅིག་ཏུ་སྒྲུབ་པ་ལ་བཞུགས་པས། རྡོ་རྗེ་ཕག་མོས་ལུང་བསྟན་ནས་ཕུག་པ་དེ་ཉིད་ནས་མ་རྒྱུད་གསང་བ་ལམ་ཁྱེར་གྱི་ཆོས་སྐོར་ཆ་ལག་དང་བཅས་གཏེར་ནས་གདན་དྲངས། དབུས་སྟོད་སྨད་ཀུན་ཏུ་སྐལ་ལྡན་མང་པོ་ལ་གནང་བས་སྨིན་གྲོལ་ལ་བཀོད། ཁྱད་པར་དུ་གཏེར་ལུང་ལས་བྱུང་བ་བཞིན་འགྲོ་མགོན་དུང་མཚོ་རས་པ་ལ་གནང་། དེ་ནས་ཕྱོགས་ཀུན་ཏུ་རྒྱ་ཆེར་འཕེལ་ནའང་དེང་སང་དཔེ་ལུང་གི་རྒྱུན་ཤིན་ཏུ་དཀོན་པ་ལ་ཁོ་བོས་ཡར་ལུང་ཤེལ་བྲག་ནས་དཔེ་རྙིང་ཞིག་རྙེད། གཏེར་ཆེན་མཆོག་གྱུར་གླིང་པས་སྔོན་གནས་རྗེས་དྲན་དང་བྱིན་རླབས་ཉེ་བརྒྱུད་དུ་བཀའ་བབས་པའི་སྨིན་གྲོལ་གདམས་སྐོར་རྫོགས་པར་ཞུས་ནས་གཞན་ལའང་སྤེལ། མཁའ་འགྲོ་མ་འདིས་སྦྲགས་ཡང་རྫོང་གི་གནས་སྒོ་ཡང་། གཏེར་འདོན་པ་དང་ལྷན་ཅིག་ཏུ་ཕྱེས་པ་ཡིན་ཏེ་དེ་དུས་གྲ་དོལ་གཞུང་གསུམ། སྐྱི་གཡོར་ཡར་འོན། ཀློ་རྡོ་བསམ་ཡས་ཟུར་མཁར་རྣམས་སུ་མེ་ཏོག་གི་ཆར་བབས་པ་དང་། མཁའ་འགྲོ་མ་རྣམས་ཀྱིས་རོལ་མོའི་སྒྲ་སྒྲོག་པ་བྱུང་། ཕྱོགས་འདུས་ཀྱི་བླ་མ་མི་དཔོན་དགེ་བའི་བཤེས་གཉེན་སོགས་གྲྭ་པ་བུ་སློབ་ཀྱང་མང་དུ་འདུས་ཤིང་ཆོས་དང་གདམས་པ་ཞུ་བ་བགྲང་བ་ལས་འདས། མཛད་པ་མཐར་ཕྱིན་ནས། འོན་གྱི་བཀྲ་ཤིས་ཡང་དགོན་དང་། རྗེ་མོ་མཆོད་རྟེན་གྱི་དགོན་པར་ཞག་བདུན་དུ་སྐུ་མཚམས་མཛད་ནས། སྒྲ་དང་འོད་དང་མེ་ཏོག་གི་ཆར་འབབ་པ་ལ་སོགས་པའི་ངོ་མཚར་གྱི་ལྟས་བཟང་བསམ་གྱིས་མི་ཁྱབ་པ་དང་བཅས། སྐུ་ལུས་མ་སྤངས་པར་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པར་མཛད་པ་ཡིན་ནོ། ༈ །དུང་མཚོ་རས་པ་ཕྱི་མ་ནི་ལ་སྟོད་ལྷོའི་དིང་མ་བྲིན་དུ་ཡབ་ཞང་དཀོན་ནེ་བྱ་བ་དང་། ཡུམ་མགྲོན་ཟ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྔོན་གྱི་འགྲོ་མགོན་དུང་མཚོ་རས་པའི་སྐྱེ་བ་གསལ་བར་དྲན་པས་དུང་མཚོ་རས་པ་ཕྱི་མར་གྲགས། དགུང་ལོ་བཅུ་གཅིག་པ་ལ་ཆོས་སྒོར་ཞུགས་ནས་མདོ་སྔགས་ཀྱི་གསན་པ་རྒྱ་ཆེར་མཛད། དགུང་ལོ་ཉེར་གསུམ་ཙམ་ན་གངས་བུ་ལེར་མི་ཉག་རས་པའི་དྲུང་དུ་ཕྱིན་ནས་དབང་ཁྲིད་དང་གསར་རྙིང་གི་གདམས་པ་མང་པོ་གསན། གངས་ཁྲོད་དང་གཡའ་ཁྲོད་མང་པོར་སྒྲུབ་པ་མཛད་པས། ཨོ་རྒྱན་རིན་པོ་ཆེའི་ཞལ་མཇལ་ལུང་བསྟན་མཛད་པ་བཞིན་དབུས་དང་ཀོང་པོ་ཕྱོགས་ལ་ཕེབས། འོན་དུ་རྗེ་བཙུན་མ་ཀུན་དགའ་འབུམ་དང་མཇལ་ནས་རྗེས་སུ་བཟུང་ཞིང་ཆོས་ཀྱི་བདག་པོར་ལུང་བསྟན། མོན་གནས་ཁྱུང་རྫོང་གངས་ར་དང་ལ་སྟོད་སྲིན་པོ་རྫོང་སོགས་ཀྱི་གནས་སྒོ་ཕྱེས། སྲིན་པོ་རྫོང་ནས་བླ་སྒྲུབ་གདུང་བ་ཞི་བྱེད་དང་། ཚེ་སྒྲུབ་འོད་ཀྱི་བུམ་པ་ཞེས་བྱ་བའི་ཟབ་གཏེར་ཐོན་ཅིང་གཞན་ལ་རྒྱ་ཆེར་སྤེལ། ཁྱད་པར་སྒམ་པོའི་རྒྱབ་ཀྱི་མཚོ་མཎྜལ་ནག་པོའི་འགྲམ་ཕ་བོང་རུ་སྦལ་ཁ་སྦུབ་པ་ལྟ་བུའི་འོག་ནས་རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གི་གདམས་སྐོར་རྣམས་སྤྱན་དྲངས་སྐལ་ལྡན་རྣམས་ལ་སྤེལ་པས་ལམ་འདི་ལས་འོད་ལུས་གྲུབ་པའང་མང་དུ་བྱོན། གཞན་ཡང་རྡོ་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པ་སོགས་གྲུབ་པའི་རྟགས་ངོ་མཚར་ཆེ་བ་བསམ་གྱིས་མི་ཁྱབ་པ་མངའ། ཀོང་ལོང་རལ་གསུམ་དུ་འགྲོ་དོན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། ཡང་ཏིའི་དབང་ལུང་ཁྲིད་གསུམ་ཉམས་ལེན་དང་བཅས་པའི་རྒྱུན་དེང་སང་གི་བར་དུ་རྒྱ་ཆེར་འཕེལ་ཞིང་ཁོ་བོས་ཀྱང་ལེགས་པར་ནོས་སོ། ༈ །རྒྱ་གར་ནས་བྱོན་པའི་གཏེར་སྟོན་བཛྲ་མ་ཏི་ཞེས་པས། བལ་ཡུལ་ལི་ཤན་ཏིའི་གནས་ནས་སྤྱན་དྲངས་པའི་རྫོགས་ཆེན་མཁའ་ཀློང་འོད་འཕྲོ་དང་། དེའི་ལས་ཚོགས་ཀླུ་དང་ས་བདག་གི་གཉེན་པོར་གྱུར་པ་ཨོ་རྒྱན་ཆེན་པོ་སྐུ་མདོག་མཐིང་ག་ཕག་ལ་ཆིབས་པའི་སྒོམ་བཟླས་དང་། སྨན་སྔགས་བསྡེབས་ནས་རིམས་ཏྲེ་ཏྲེ་ཧོ་སོགས་སྙིགས་མ་ལྔ་བདོ་བའི་ནད་རིམས་རྣམས་སྲུང་བཅོས་ཀྱི་གདམས་པ་ཟབ་མོ་ཞལ་ཤེས་དང་བཅས་པ་གདན་དྲངས། དེ་སྐབས་ཚལ་གུང་ཐང་པ་གཞོན་ནུ་བསམ་གཏན་གྱིས་བལ་ཡུལ་དུ་བྱོན་པས་གཏེར་སྟོན་དང་མཇལ་ནས་གཏེར་ཆོས་རྣམས་བོད་དུ་སྤྱན་དྲངས་པ། བཀའ་བབས་ལུང་ཟིན་ལྟར་བླ་མ་དཔལ་འབྱོར་ཞེས་པ་ནས་བརྒྱུད་དེ་དར་རྒྱས་སུ་གྱུར་ནའང་། དེང་སང་ནི་དྲག་མཐིང་སྒོམ་བཟླས་ཀྱི་ལུང་རྒྱུན་ཙམ་ལས་གཞན་མི་བཞུགས་སོ། ༈ །ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ཤེལ་དཀར་བཟའི་རྣམ་འཕྲུལ་རྒྱལ་སྲས་ལེགས་པ་ནི། གཉལ་གྱི་སེ་བ་ལུང་གི་མདར་ཤོ་བོའི་གདུང་རུས་འཚོ་བྱེད་དབང་ཕྱུག་རྒྱལ་པོའི་སྲས་སུ་གྲུབ་ཐོབ་ཨོ་རྒྱན་པས་ལུང་བསྟན་པ་ལྟར་ལྕགས་ཕོ་སྟག་གི་ལོ་ལ་འཁྲུངས། སྐུ་ཆུང་དུས་ནས་ཤེས་རབ་བློ་རྩལ་གཉིས་ཀ་ཆེ། རང་གི་ཁུ་བོ་ཤོ་ཐམས་ཅད་མཁྱེན་པ་སོགས་བླ་མ་མང་པོར་བསྟེན་ཏེ་རིག་པའི་གནས་དང་གསར་རྙིང་གི་ཆོས་བཀའ་མང་པོ་ལ་གསན་བསམ་རྒྱ་ཆེར་མཛད་པས་མཁྱེན་རྟོགས་ཕུན་སུམ་ཚོགས་ཏེ་ཡོན་ཏན་དཔག་ཏུ་མེད་པ་མངའ། ཁྱད་པར་དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལ་གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱི་ཞབས་ལ་གཏུགས་ནས་རྫོགས་ཆེན་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྐོར་ཐམས་ཅད་གསན་པས། གཏེར་སྟོན་གྱིས་རང་གི་ཆོས་བདག་ཏུ་ལུང་བསྟན། མེ་མོ་སྦྲུལ་གྱི་ལོར་བྱར་སྐྲག་ཆུང་རྡོ་རྗེ་བྲག་ནས་གཏེར་གྱི་ཁ་བྱང་རྙེད། དེ་ནས་ལོ་དྲུག་པ་ཆུ་ཕོ་ཁྱིའི་ལོ་ལ་གཏེར་སྒོ་ཕྱེས་ནས། རྫོགས་ཆེན་འཁོར་བ་ཆིག་ཆོད་དང་། ཕྱག་ཆེན་སངས་རྒྱས་གསལ་འདེབས། འཁོར་བ་བདེ་ཆེན་ལམ་བྱེད། སྙིང་ཐིག་འདས་རྗེས་རྣམ་གསུམ། ཐུགས་སྒྲུབ་ཐོད་ཕྲེང་རྩ་གསུམ་དྲིལ་སྒྲུབ་སོགས་གཏེར་ནས་གདན་དྲངས། གཞན་ཡང་ཙ་རི་ཟིལ་ཆེན་ཕུག་ནས་ཀྱང་ཡང་གཏེར་ཚུལ་གྱིས་ཞིང་སྐྱོང་གི་སྐོར་ཡང་སྤྱན་དྲངས། དགུང་ལོ་ཞེ་གསུམ་པ་ཆུ་ཕོ་སྤྲེའུའི་ལོར། ཀརྨ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེས་ཀོང་པོར་གདན་དྲངས་པ་ལ་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་ཐམས་ཅད་དབང་ཁྲིད་ལུང་གསུམ་ཚང་བར་ཕུལ། འདི་ཤོག་སེར་སྟེང་ནས་ཕུལ་བ་ཡིན་ཟེར་བའང་སྣང་། གཞན་ཡང་ཆོས་བཀའ་མང་དུ་ཕུལ། ཚུར་ཡང་ཆོས་རྗེའི་དྲུང་ནས། ཐུབ་པའི་སྐྱེས་རབས། ཟབ་མོ་ནང་དོན། རྒྱལ་བ་རྒྱ་མཚོ་སོགས་ཆོས་མང་དུ་གསན། ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཆོས་བདག་པོ་ལ་འཕྲོད་པ་ཡིན་ཞེས་སྙིང་ཐིག་གི་བདག་པོར་མངའ་གསོལ་ཞིང་ལུང་བསྟན་པར་མཛད། དེ་ནས་འགྲོ་དོན་རྒྱ་ཆེར་མཛད་དེ་དགུང་ལོ་དོན་བདུན་པ་མེ་ཕོ་རྟའི་ལོ་ལ་ཆོས་ཀྱི་དབྱིངས་སུ་གཤེགས། དེང་སང་ཆོས་རྒྱུན་གཞན་བཞུགས་པ་མ་མཐོང་། པྲ་འབེབས་དང་བསང་བརྔན་ཙམ་གྱི་ལུང་རྒྱུན་ཐོས་ཤིང་ཀཾ་ཚང་གི་བསྟན་སྲུང་དཔལ་ལྡན་ཞིང་སྐྱོང་དབང་པོའི་སྒྲུབ་སྐོར་རྣམས་གཙོ་བོར་འདི་ལས་བརྒྱུད་པར་སྣང་ངོ་། ༈ །གཏེར་ཆེན་རྡོ་རྗེ་གླིང་པའི་ཞལ་སློབ་གཏེར་ཕྲན་ཉེར་གཅིག་གི་གྲས་ཨོ་རྒྱན་བཟང་པོ་ནི། མོན་བུམ་ཐང་གི་ཆོས་འཁོར་བདེ་ཆེན་སྟོད་དུ་འཁྲུངས། རྫོགས་ཆེན་གསལ་བའི་མེ་ལོང་དང་། ཚེ་སྒྲུབ་བདེ་གཤེགས་འདུས་པ་སོགས་སྤྱན་དྲངས། བུམ་ཐང་སྡེ་བཞིར་བདེ་སྐྱིད་འབྱུང་བའི་རྟེན་འབྲེལ་དུ་སྐུ་རྗེས་ལྷ་ཁང་ཞིག་གསོས་དང་བཀའ་བརྒྱད་ཀྱི་དཀྱིལ་འཁོར་བློས་སླང་བཞེངས་དགོས་པའི་ལུང་བསྟན་ཡོད་པར་དཀྱིལ་འཁོར་བཞེངས་ཚུལ་ལ་དོགས་གནས་འགའ་ཞིག་བྱུང་བས་ཐེ་ཚོམ་བསལ་ཕྱིར་སྐུ་ལུས་ཉེར་གནས་ལ་བཅོལ་གཏམ་བྱས། རྗེ་ཉིད་བྱ་རྒོད་ཀྱི་རྣམ་པས་ཟངས་མདོག་དཔལ་རིར་ཕེབས་ཨོ་རྒྱན་ཆེན་པོར་དོགས་གཅོད་ཞུས་ནས་ཚུར་ཕེབ་པའི་བར་ལ་ཞག་བདུན་འགྱངས་པ་ཉེ་གནས་ཀྱིས་སྤུར་ལས་དབུ་ཐོད་ཞུས་ནས་སྐུ་ལུས་ཆུད་གསན་པ་དང་འགྲིགས་པས་ཐབས་མ་རྙེད་ནས། མོན་ཚ་འོག་ཏུ་བུ་མོ་ཤི་མ་ཁད་ཅིག་གི་རོ་ལ་གྲོང་འཇུག་མཛད། སྐུ་རྗེས་ལྷ་ཁང་དུ་ཤོག་སེར་རྣམས་ཕབ་ཅིང་ལྷ་ཁང་ཞིག་གསོས་ཀྱང་མཛད། སྐུ་རྟེན་དམན་པས་བློས་སླང་བཞེངས་མ་གྲུབ། ལྷ་ཁང་ཐོག་ཁའི་གནམ་རྒྱན་ལ་དཀྱིལ་འཁོར་བྲིས་པ་ད་ལྟའང་ཡོད་འདུག །འགྲོ་དོན་ཀྱང་ཆེར་བྱུང་སྟེ་ངོ་མཚར་ཆེ་བ་ཞིག་ཏུ་འཛིན། དེང་སང་ཆོས་རྒྱུན་མ་བཞུགས། ༈ གཏེར་སྟོན་ཤེས་རབ་མེ་འབར་ནི། འཁྲུངས་ཡུལ་ཁམས་པ་ཡིན་པར་གྲགས། ཀོང་པོ་རྒྱ་ལའི་རྦ་དོང་ནས་རྫོགས་པ་ཆེན་པོ་འཁོར་འདས་རང་གྲོལ་ཆོས་སྐོར་རྣམས་དང་། རྫོགས་ཆེན་དྲག་པོ་གསུམ་དྲིལ་གྱི་སྐོར་དང་། སྟག་རྩེ་བྲག་ནས་གཟའ་དང་ལྷ་མོའི་ཆོ་འཕྲུལ་སོགས་གདམས་ཟབ་མང་དུ་གདན་དྲངས། འོན་ཀྱང་རྫོགས་ཆེན་འཁོར་འདས་རང་གྲོལ་སྒྲ་རིགས་མི་འདྲ་བ་དང་ཡིག་རིགས་མི་འདྲ་བ་བརྒྱ་རྩ་ཡོད་པའི་གཏེར་ཡིག་གི་མགོར་བོད་ཡིག་ཏུ། སྤྲུལ་སྐུ་རྣམ་མཁྱེན་གཅིག་དང་འཕྲད་པར་ཤོག༔ དེ་མིན་སྙིགས་རུས་གཞན་གྱིས་ཁྲོལ་རེ་ཀན༔ ཞེས་པ་ཡོད་ཅིང་གཏེར་སྟོན་ཉིད་ཀྱིས་ཀྱང་ཤོག་སེར་མ་ཁྲོལ་བས། གཏེར་སྟོན་གྱི་སློབ་མ་འཁྲུལ་ཞིག་སྟག་ཚང་རས་པས་ཀརྨ་པ་རང་བྱུང་བ་སོགས་མཁས་གྲུབ་མང་པོ་ལ་བསྟན་ཀྱང་འགྲོལ་མ་ཐུབ། ཡིག་རིགས་བཅུ་དྲུག་དང་སྒྲ་རིགས་སུམ་ཅུ་ཙམ་མཁྱེན་པའི་བླ་མ་ཀུན་དགའ་བྱ་བ་ལ་བསྟན་ཀྱང་མ་ཁྲོལ། དེའི་ཚེ་གཏེར་སྟོན་རྡོ་རྗེ་གླིང་པ་བཻ་རོའི་བག་ཆགས་སད་ནས་སྒྲ་རིགས་དང་ཡིག་རིགས་གང་ལའང་ཐོགས་པ་མེད་པར་མཁྱེན་པར་གྲགས་པས་ཀོང་པོར་གདན་དྲངས་ནས་ཤོག་སེར་རྣམས་སྤྱན་སྔར་ཕབ་པ་ཙམ་གྱིས་ཚེགས་མེད་པར་མཁྱེན་པའི་ངོ་མཚར་དང་ཡ་མཚན་རྨད་དུ་བྱུང་བས་རྡོ་རྗེ་གླིང་པའི་ཆེ་བ་བཏོན་བྱེད་དུ་གྱུར་ཅིང་ཆོས་་་་་་་་་བརྒྱུད་ལའང་འདྲེན་པར་སྣང་ངོ་། །ཕྱིས་གཏེར་སྟོན་འདི་ཉིད་མོན་ཡུལ་དུ་བྱོན་དུས། ཡུལ་དེའི་དཔོན་པོས་རང་སྐལ་མིན་པའི་གཏེར་ཞིག་དབང་མེད་དུ་འདོན་དུ་བཅུག་པས་དཔོན་པོའང་ཤི། གཏེར་སྟོན་ཡང་རིང་པོར་མ་ལོན་པར་སྐུ་གཤེགས། ཤོག་སེར་རྣམས་ཡང་གཏེར་དུ་སྦས་པ་ཕྱིས་པདྨ་གླིང་པས་བཏོན། ཕལ་ཆེར་ཆུད་ཟོས་སུ་སོང་བས་རྫོགས་པར་ཕབ་མ་ཐུབ་ཀྱང་། གཏེར་སྟོན་སྔ་མས་ཕབ་པ་ཉིད་བདག་གིར་མཛད་པ་རྫོགས་ཆེན་གཉིས་མེད་རྒྱུད་བུ་ཆུང་གི་སྐོར་ཡིན་པར་བཤད། འདིའི་གཏེར་ཆོས་འཁོར་འདས་རང་གྲོལ་སྐོར་རྣམས་དངོས་སུ་རྒྱུན་མ་བཞུགས་ཀྱང་སྟག་ཤམ་ཡི་དམ་དགོངས་འདུས་ཀྱི་ཆོས་སྡེར་བཞུགས་པ་དང་གཞུང་གཅིག་པར་སྣང་བས་ཆུ་བོ་གཅིག་འདྲེས་སུ་རུང་བར་མངོན། ༈ ཆོས་བློན་ཉི་མའི་སྐྱེ་བ་ཉི་ཟླ་སངས་རྒྱས་ནི་དྭགས་པོར་འཁྲུངས། མཚོ་མཎྜལ་ནག་པོ་ནས་འཕོ་བ་འཇའ་ཟུག་མའི་གདམས་སྐོར་རྣམས་སྤྱན་དྲངས། ཀླུ་རྒྱལ་གཙུག་ན་རིན་ཆེན་འཁོར་བཅས་ལ་གནང་བས་ཆུ་དེ་ལ་གནས་པའི་སྲོག་ཆགས་ཐམས་ཅད་ཀྱང་ཐར་པ་ཐོབ་པར་མཛད་ཅེས་གྲགས། གཏེར་སྟོན་དེ་ཉིད་ཚུར་མཐོང་རྣམས་ཀྱི་སྣང་ངོར་རླུང་ཡན་ལྟ་བུ་ལ། དོན་དུ་ཟངས་མདོག་དཔལ་རིར་ཕེབ་ནས་ཨོ་རྒྱན་རིན་པོ་ཆེ་དངོས་སུ་མཇལ་ཏེ་འཕོ་བའི་གདམས་པ་ཟབ་ཁྱད་ཅན་ཞིག་ཀྱང་གསན་པར་མཛད། འདི་ལ་འཕོ་བ་སྙན་བརྒྱུད་མར་གྲགས་ཏེ་རིག་འཛིན་གཏེར་བདག་གླིང་པས་མཛད་པའི་ཁྲིད་ཡིག་ཀྱང་ཡོད། ཙ་རི་གཡུ་མཚོ་ནས་བཅུ་གཅིག་ཞལ་གྱི་སྐུ་རང་བྱོན་ངོ་མཚར་ཅན་ཞིག་གདན་དྲངས་པ་དེང་སང་གཉལ་དུ་ཡོད་སྐད། འདི་ཉིད་དགུང་ལོ་ཉིས་བརྒྱ་དང་ཉི་ཤུར་འགྲོ་དོན་དུ་བཞུགས་པའི་ལོ་རྒྱུས་སྣང་ནའང་། ཕྱེད་ལོའི་གྲངས་ཙམ་ནི་བཞུགས་པར་ངེས། འདིའི་སྲས་ཀརྨ་གླིང་པ་ཡིན་པས་དེའི་གཏེར་འདོན་པའི་གྲོགས་ཀྱང་མཛད་ཅིང་ཆོས་བརྒྱུད་ཀྱང་འདི་ལས་འཕེལ། འཕོ་བའི་གདམས་སྐོར་རྣམས་ཟབ་ཁྱད་དང་དེང་སང་ཡང་དར་རྒྱས་ཤིན་ཏུ་ཆེ་བས་འགྲོ་དོན་མཐའ་ཡས་པ་མཛད་པར་སྣང་ངོ་། ༈ །སྤྲུལ་པའི་སྐྱེས་མཆོག་རྡོ་རྗེ་གླིང་པའི་གཏེར་སློབ་སྔགས་འཆང་ལས་འཕྲོ་གླིང་པ་ནི། དོལ་དུ་འཁྲུངས། ཟབ་ལུང་མེ་ཚོར་མཁའ་འགྲོ་ཕུག་ནས་བླ་མ་ཡོངས་རྫོགས་ཀྱི་ཆོས་སྐོར་རྣམས་སྤྱན་དྲངས་ཤིང་གཏེར་རྫས་གདུང་རྒྱུད་སོགས་བྲག་དཀར་ཆོས་སྡིངས་དགོན་པར་ཡོད་པར་གྲགས་ཀྱང་དེང་སང་ཆོས་རྒྱུན་མི་བཞུགས་པར་མངོན། ད་ལྟ་ཡོངས་སུ་གྲགས་པའི་ནད་བརྒྱ་སྔགས་གཅིག་པདྨ་ཤ་ཝ་རི་འདི་ཉིད་ཀྱི་གཞུང་རྡོར་གླིང་སོགས་གཏེར་ཁ་མང་དུ་བྱོན་པར་སྣང་ཡང་སྒྲུབ་ཐབས་པདྨ་ཤ་ཝ་རི་དམར་མོའི་སྐོར་གཏེར་སྟོན་འདིས་ཡང་རྫོང་ནས་བཞེས་པ་རྗེ་བླ་མར་ཡང་གཏེར་་་དུ་བབས་པའང་བཞུགས་སོ། ༈ །ལྷ་སྲས་མུ་ཁྲི་བཙད་པོའི་རྣམ་འཕྲུལ་སྤྲུལ་སྐུ་བཟང་པོ་གྲགས་པ་ནི་ལ་སྟོད་ལྷོ་རུ་འཁྲུངས། རྟེན་དགེ་སློང་། བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས། རྒྱལ་གྱི་ཤྲཱི། མང་ལམ་རི་ཁྲོད། གངས་བུ་ལེ་སོགས་སུ་སྒྲུབ་པ་རྩེ་གཅིག་མཛད་པས་རྟོགས་པ་ཀློང་དུ་གྱུར། གངས་བུ་ལེས་ཁྱེའུ་དར་ཐོད་ཅན་ཞིག་ཏུ་སྤྲུལ་ནས་གཏེར་འདོན་པར་བསྐུལ་ཡང་ཉམས་སྣང་དུ་དགོངས་ནས་རྩིས་གདབ་མ་མཛད། ཨོ་རྒྱན་ཆེན་པོས་སྙི་ནམ་ལ་སྒོམ་ཟེར་བའི་རྣལ་འབྱོར་པ་ཁྱད་པར་ཅན་ཞིག་ཏུ་སྤྲུལ་ནས་གཏེར་གྱི་ཁ་བྱང་བསྩལ་ཅིང་བསླབ་བྱ་མཛད་པ་ལྟར། རུ་ལག་གྲམ་པ་རྒྱང་གི་ལྷ་ཁང་ནས་རྟ་མགྲིན། བྱམས་པའི་སྒྲུབ་ཐབས། གུང་ཐང་རྒྱལ་པོ་ལ་གདམས་པའི་སྐོར། ཡོན་པོ་ལུང་ནས་ཕྱག་རྡོར་སོགས་སྒྲུབ་ཐབས་འགའ་ཞིག་དང་། སྙིང་བྱང་རྒྱས་འབྲིང་བསྡུས་གསུམ། གནས་ཡིག་དང་ཁ་བྱང་། གསོལ་འདེབས་ལེའུ་བདུན་མ། ཕྱིར་ཟློག་འཁོར་ལོ་འབར་བ་སོགས་གདན་དྲངས། ཁ་བྱང་དང་སྙིང་བྱང་སོགས་རིག་འཛིན་རྒོད་ལྡེམ་ཅན་ལ་བསྐུར་བས་ཟང་ཟང་ལྷ་བྲག་གི་གཏེར་ཆེན་འདོན་པར་མཛད་པ་དང་། གསོལ་འདེབས་ཀྱང་དེ་ཉིད་ཀྱིས་ཤོག་སེར་ལས་ཕབས་ཏེ་དབུས་གཙང་ཁམས་གསུམ་དུ་འཕེལ་བས་མཆོག་དམན་ཀུན་གྱིས་མགྲིན་པར་བརྒྱན་ཏེ་ཕྲིན་ལས་ནམ་མཁའ་དང་མཉམ་པའོ། ༈ །ཨ་ཙ་ར་ས་ལེའི་སྐྱེ་བ་དྲི་མེད་ལྷུན་པོ་ནི། ཀོང་པོ་འོར་ཤོང་དུ་ཡབ་ཕྱག་རྡོར་དང་། ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་ཆུ་ཕོ་འབྲུག་ལོ་དཔྱིད་ཟླ་ར་བའི་བཅོ་ལྔར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། བླ་མ་གཡའ་བཟང་པས་འགྲོ་མགོན་རྒྱལ་བའི་སྲས་སུ་ལུང་བསྟན་ནས་མཚན་རྣམ་པར་སྣང་མཛད་འོད་དུ་བཏགས། ལོ་དེའི་དབྱར་ཟླ་ར་བའི་ཚེས་གཅིག་ལ་གཏེར་གྱི་ཁ་བྱང་ཕྱག་ཏུ་བབས། དགུང་ལོ་གསུམ་བཞེས་པ་ནས་མངོན་ཤེས་ཕྱོགས་མེད་དུ་ཤར། དྲང་ངེས་ཆོས་རྣམས་ཐོགས་མེད་དུ་གསུངས། ཨོ་རྒྱན་ཡབ་ཡུམ་དངོས་སུ་ཞལ་བསྟན་ནས་དབང་དང་བྱིན་རླབས་ཞལ་གདམས་གནང་། དགུང་ལོ་བཅུ་གསུམ་པ་ལ་མཆིམས་ཀྱི་གད་པ་སྐྱ་བོར་མཆོད་རྟེན་བྱིན་རླབས་རང་བབས་ནས་བསྟན་པ་ཐམས་ཅད་ཀྱི་དགོངས་པ་འདུས་པ་དང་། རིང་བསྲེལ་དམ་རྫས། གཏེར་ཁ་སུམ་ཅུ་རྩ་གཅིག་གི་ཁ་བྱང་སོགས་སྤྱན་དྲངས། མཁན་པོ་ཆོས་ཀྱི་བློ་གྲོས་ལས་རབ་བྱུང་དང་། ས་སྐྱ་དཔལ་ལྡན་བླ་མ་ལས་བསྙེན་རྫོགས་བསྒྲུབས། རིག་པའི་གནས་ལྔ་སོགས་བསླབ་ཤེས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་ཅིང་རྫོགས་པ་ཆེན་པོ་སོགས་གསན་པའང་རྒྱ་ཆེར་མཛད། ཟབ་གཏེར་བརྒྱ་དང་སུམ་ཅུའི་ཁ་བྱང་ཕྱག་ཏུ་སོན་པ་ཕལ་ཆེར་ཞིག་གཏེར་ནས་བཞེས་པ་ལ་འདུས་པ་སྐོར་དགུ་དང། དོན་ཏིག་འགྲོ་བ་ཀུན་སྒྲོལ། མཆོག་ཏིག་ཡེ་ཤེས་རྣམ་གྲོལ། ཟབ་ཏིག་དགོངས་པ་རང་གྲོལ་སོགས་གྲགས་ཆེ་ཞིང་། འགའ་ཞིག་ཡང་གཏེར་དུའང་སྦས། རྒྱལ་པོའི་བླ་དཔེ་མཁན་སློབ་ཆོས་གསུམ་ཤངས་མཚལ་གྱིས་བྲིས་པའི་རྒྱས་པ་འབུམ་གྱི་གླེགས་བམ་འབུམ་དམར་མར་གྲགས་པ་དང་། སྐུ་རྟེན་ངོ་མཚར་ཅན་དང་ནོར་གཏེར་ཁྱད་པར་ཅན་མང་པོ་སོགས་གཏེར་ཁ་བསམ་ལས་འདས་པ་བཞེས། གཏེར་ཆེན་སངས་རྒྱས་གླིང་པ་དང་ལྷན་ཅིག་ཏུ་བསྟན་པའི་སྤྱི་རིམ་ཆེན་མོའང་མཛད། ལོ་རེ་བཞིན་དུ་དཔྱིད་རར་མཆོད་པ་ཆེན་པོ་དང་། དབྱར་རར་མཆོད་སྦྱིན་སྟོང་རྩ། སྟོན་རར་སྭཙྪ་འབུམ་ཐེར། དགུན་རར་ཚོགས་འཁོར་བརྒྱ་རྩ་རྣམས་རྒྱུན་མི་འཆད་པར་མཛད། རྒྱལ་དབང་རོལ་པའི་རྡོ་རྗེ་ལ་ཆོས་བདག་གི་རྟེན་འབྲེལ་བསྒྲིགས་པས་ཐུགས་དགྱེས་པའི་རྩེར་སོན། ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་ནི་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དུས་རྒྱུན་དུ་བྱུང་། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཞལ་བསྟན་ཅིང་ཕྱག་སྤྱི་བོར་བཞག་ནས། མ་འོངས་པ་ན་སྟེང་ཕྱོགས་ལྷུན་གྲུབ་ཡོན་ཏན་དཔག་ཏུ་མེད་པའི་ཞིང་ཁམས་སུ། དེ་བཞིན་གཤེགས་པ་དྲི་མེད་ལྷུན་གྲུབ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་བའི་ལུང་བསྟན་ཐོབ། དེ་ལྟ་བུའི་འགྲོ་དོན་མཐར་ཕྱིན་ནས་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས་པའི་གདུང་རྟེན་དང་། མཆོད་རྟེན་དཀར་པོ་འགུལ་ཤེས་སོགས་ཙ་གོང་གི་དགོན་པར་ད་ལྟའང་བཞུགས་པར་འདུག །འདིའི་ཟབ་གཏེར་གྱི་གཙོ་བོར་དོན་ཏིག་འགྲོ་བ་ཀུན་སྒྲོལ་དུ་གྲགས་པ་ངོ་མཚར་ཅན་གྱི་སྨིན་གྲོལ་རྣམས་རྫོགས་པར་ཐོབ། ཁམས་གསུམ་འཁྲུགས་བྱེད་ལས་ཀྱི་རླུང་དམར་སྐོར་དྲག་སྔགས་མཁན་པོ་རྣམས་ཀྱི་ཕྱག་ཆར་དེང་སང་གི་བར་རྒྱུན་ཡོད་པར་སྣང་ཡང་སྔར་མ་ཐོས། དེ་ལས་གཞན་པའི་དཔེ་ལུང་གི་རྒྱུན་མི་བཞུགས་པར་མངོན། ༈ གཏེར་སྟོན་དྲི་མེད་རྣམ་གསུམ་དུ་གྲགས་པའི་ནང་ཚན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་དྲི་མེད་ཀུན་དགའ་ནི། གྲྭ་ཕྱིའི་མདའ་ཁང་དམར་དུ་ཡབ་དཔལ་འབྱོར་བཟང་པོ་དང་། ཡུམ་དགོས་དགོས་འཛོམ་མ་གཉིས་ཀྱི་སྲས་སུ་མེ་མོ་ཕག་གི་ཚེས་བཅུར་ངོ་མཚར་བའི་མཚན་རྟགས་དང་བཅས་ཏེ་འཁྲུངས། སྔགས་རིགས་བཟང་པོའི་རྒྱུད་ལས་བྱོན་ཅིང་ཉིད་ཀྱང་ཕྱིས་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་ཚུལ་དུ་བཞུགས། ཐོག་མར་གྲྭ་ཕྱི་ཆུ་བཟང་དུ་བྱོན་ནས་འདུལ་བ་ལ་སྦྱངས། དགུང་ལོ་ཉེར་གཅིག་པར་ཆུ་བཟང་པ་ཆེན་པོ་ལས་བསླབ་ཚིགས་རིམ་པར་བཞེས་ཏེ་མཚན་ཤེས་རབ་རྒྱལ་མཚན་དུ་གསོལ། བླ་མ་མཁའ་འགྲོའི་ལུང་གིས་སྐབས་ཕྱེས་ནས་བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད་པས་དབང་དང་གདམས་ངག་རྣམས་ཨོ་རྒྱན་དངོས་ཀྱིས་གནང་། ཉམས་རྟོགས་ཚད་མེད་པར་འཁྲུངས། ཁྱད་པར་དགུང་ལོ་ཉེར་དྲུག་པའི་སྟེང་མཆིམས་ཕུ་བློན་པོ་མགུལ་གྱི་རྩེ་མོར་ཨོ་རྒྱན་ཆེན་པོས་ལུང་བསྟན། ཡེ་ཤེས་མཚོ་རྒྱལ་གྱིས་ཁ་བྱང་དངོས་སུ་བསྩལ་པ་ལྟར་དེའི་ཕྱི་ལོར་མཆིམས་ཕུའི་མདའ་བྲག་སྣ་སེང་གེའི་གདོང་པ་ཅན་ནས། བླ་མ་ནོར་བུ་ལམ་ཁྱེར། རྫོགས་ཆེན་མཁའ་འགྲོ་ཡང་ཏིག །ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་བཅས་བླ་རྫོགས་ཐུགས་གསུམ་རྒྱས་པ་དང་སྙིང་པོའི་སྐོར། གཞན་ཡང་བཀའ་བརྒྱད་གཙུག་རྒྱན་ནོར་བུ། ཚེ་སྒྲུབ་རྟ་མཆོག་རོལ་པ། མཁའ་འགྲོ་ཆེན་མོ། མགོན་པོ་འབར་ཆུང་སོགས་ཆོས་དང་ནོར་གཏེར་མང་དུ་སྤྱན་དྲངས། མཆིམས་ཕུར་གཏེར་སྒྲུབ་མངོན་རྟགས་ཐོན་པར་མཛད། བླ་རྫོགས་ཐུགས་གསུམ་གྱི་སྒོ་ནས་དབུས་གཙང་ལྷོ་མོན་སོགས་ལ་འགྲོ་དོན་རྒྱ་ཆེར་སྤེལ། མཐར་ཤར་ཀོང་པོའི་ཡུལ་དུ་བྱོན་ནས་ཆོས་ཀྱི་ཆར་ཆེན་པོ་ཕབ། ལྷུན་གྲགས་དགོན་པ་ཞེས་སྔགས་འཆང་གི་སྡེ་བཏབ། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་ངོ་མཚར་བའི་ལྟས་དང་བཅས་ཞིང་ཁམས་གཞན་དུ་གཤེགས། དེའི་གདན་སར་ཉིད་ཀྱི་ཐུགས་སྲས་ཀྱི་ཐུ་བོ་མཚན་ལྡན་གཞོན་ནུ་སངས་རྒྱས་བཞུགས་པ་ལ་ཡེ་ཤེས་མཁའ་འགྲོས་ལུང་བསྟན་རིམ་པར་བྱུང་བ་ལ་བརྟེན་ཉིད་ཀྱི་སྐུའི་ཆས་དང་འདུས་སྡེ་བཅས་དཀར་ཆས་སུ་བསྒྱུར་པ་ལ་བརྟེན། ལྷུན་གྲགས་དཀར་པོ་བར་གྲགས་ཏེ་ཕྲིན་ལས་རྒྱ་ཆེར་འཕེལ། གདུང་རྒྱུད་ཀྱང་ཀོང་པོའི་ཕྱོགས་སུ་འགྲོ་དོན་ཅན་མང་དུ་བྱུང་བར་གྲགས། འདིའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་དང་མགོན་པོ་འབར་ཆུང་སྐོར་དར་རྒྱས་ཆེ་བར་བྱུང་ནའང་ཕྱིས་འདིར་དཔེ་ལུང་གི་རྒྱུན་མ་མཇལ། བླ་རྫོགས་ཐུགས་གསུམ་སྙིང་པོའི་སྐོར་རྣམས་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པ་ལས་འཆད་སྤེལ་མ་མཛད་ཅིང་མ་འོངས་པའི་དུས་ལ་དགོངས་ཏེ་ཤོག་སེར་རྣམས་བྲག་དམར་མགྲིན་པ་བཟང་པོར་ཡང་གཏེར་དུ་རྒྱས་བཏབ་་་པ། ཕྱིས་འདིར་ཟབ་གཏེར་རྒྱ་མཚོའི་བཀའ་བབས་པདྨ་འོད་གསལ་མདོ་སྔགས་གླིང་པས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་སྐོར་དང་ལྷན་ཅིག་སྤྱན་དྲངས་ཤིང་ཡུན་རིང་དུ་གསང་བ་སྲུང་བ་ཉིད་གནས་དུས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་པའི་སྐབས་བླ་མ་མཁའ་འགྲོའི་ལུང་གིས་བསྐུལ་བ་ལྟར་གཏན་ལ་ཕབ་ཅིང་ཁོ་བོ་ལའང་སྨིན་གྲོལ་ཚང་སྤྲུགས་སུ་བསྩལ། བླ་མ་ཡིད་བཞིན་ནོར་བུ་དང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྙེན་སྒྲུབ་སྒྲུབ་ཆེན་བཅས་ཡང་ཡང་བགྱིས་པས་བྱིན་རླབས་ཀྱི་མཚན་མའང་ཐོབ་པས་སྙིང་གི་ནོར་བུར་བཅང་བར་བྱ་བ་ཡིན་ལ། ཉེར་མཁོའི་ཡིག་ཆའི་ཞབས་ཏོག་ཀྱང་འགའ་ཞིག་སྤེལ་བའོ། ༈ །སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་མཆོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་གཏེར་སྟོན་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནི། རི་བོ་བཀྲ་བཟང་གི་ཤར་མདུན་བྱང་ཕྱོགས་ཐོ་ཡོར་ནག་པོའི་ཡུལ་རྒྱུད་སྣ་མོ་ལུང་གི་གཟིམས་ཁང་དུ། ཧོར་གུར་སེར་རྒྱལ་པོའི་རིགས་ལས་ཕུར་པའི་གྲུབ་ཐོབ་བར་མ་ཆད་པར་བྱོན་པ་སློབ་དཔོན་བདུད་འདུལ་གྱི་སྲས་སུ་མེ་མོ་གླང་ལོ་ཟླ་བའི་ཚེས་བཅུ་ལ་མཚན་རྟགས་ཁྱད་པར་ཅན་དང་བཅས་ཏེ་སྐུ་བལྟམས། ལུང་དོན་ལྟར་དགུང་ལོ་བཅུ་གཉིས་པའི་དུས་སུ་དབུ་གཙུག་ཏུ་རྒོད་སྒྲོ་གསུམ་དང་ཉེར་བཞི་པའི་དུས་རྒོད་སྒྲོ་ལྔ་སྐྱེས་པས་རིག་འཛིན་རྒོད་ལྡེམ་ཅན་ཞེས་ཡོངས་སུ་གྲགས། སྐུ་གཞོན་ནུ་ནས་ཡབ་ཆོས་རྙིང་མའི་ཆོས་སྐོར་ཐམས་ཅད་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་དུ་མཛད། མང་ལམ་བཟང་པོ་གྲགས་པས་རྒྱང་ཡོན་པོ་ལུང་ནས་བཏོན་པའི་སྙིང་བྱང་མན་ངག་གནད་ཀྱི་དོན་བདུན་མ་སོགས་ཆོས་ཚན་བརྒྱད་ལྷ་བྲག་གི་གཏེར་འདོན་པའི་ཆ་ལག་ཏུ་དགོས་པར་མཁྱེན་ནས་སྟོན་པ་བསོད་ནམས་དབང་ཕྱུག་ལ་བསྐུར་ནས་རིག་འཛིན་ཆེན་པོ་ལ་ཕུལ་བའི་དོན་བཞིན། མེ་རྟ་སྦྲུལ་ཟླའི་ཡར་ངོའི་ཚེས་བརྒྱད་ལ་རི་བོ་བཀྲ་བཟང་གི་རྩེ་མོ་ནས་འཛེང་བྲག་དཀར་པོའི་རྡོ་རིང་གསུམ་ལ་གཏེར་ཆེན་གསུམ་དང་གཏེར་ཕྲན་བརྒྱ་རྩའི་ལྡེའུ་མིག་ཡོད་པ་སྤྱན་དྲངས་ནས་གཏེར་ཚབ་སྦས། གཏེར་ཤུལ་རང་མལ་བཞག་པ་དེང་སང་རླུང་གསེང་དུ་གྲགས་ཤིང་ལོ་ཕྱི་མའི་ལོ་གསར་སྐབས་མྱུ་གུ་གསར་དུ་སྐྱེས་པའི་རྒྱུན་དེང་སང་ཡོད་སྐད། ལོ་དེའི་ལུག་ཟླའི་ཚེས་བཞིའི་སྲོད་ལ་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་པ་སྟེ་ཟང་ཟང་ལྷ་བྲག་གི་ཕུག་པ་ནས། གཏེར་སྒྲོམ་སྔོན་པོ་གྲུ་བཞི་ནང་ཆོད་སོ་སོར་ཡོད་པ་ནས་མཛོད་ལྔ་འདུས་པའི་ཟབ་གཏེར་ཆེན་པོ་སྤྱན་དྲངས་པ་སྟེ། དེའང་དབུས་སྙིང་མཛོད་སྨུག་པོ་ནས་ཤོག་དྲིལ་གསུམ་དང་ཕུར་པ་གསུམ་ཆུ་དར་སྨུག་པོ་གཅིག་གིས་དྲིལ་བ། ཤར་དུང་མཛོད་དཀར་པོ་ནས་ལས་རྒྱུ་འབྲས་ལ་ཟློ་བའི་ཆོས་དགོངས་པ་ནམ་མཁའ་དང་མཉམ་པ། ལྷོ་གསེར་མཛོད་སེར་པོ་ནས་བསྙེན་སྒྲུབ་རྣམ་པ་བཞིའི་ཆོས་སྤྱོད་པ་ཉི་ཟླ་ལྟར་གསལ་བ། ནུབ་ཟངས་མཛོད་དམར་པོ་ནས་རྟེན་འབྲེལ་ཁྱད་པར་ཅན་གྱི་ཆོས་ཙནྡན་གྱི་སྡོང་པོ་ལྟ་བུ། བྱང་ལྕགས་མཛོད་ནག་པོ་ནས་དགྲ་བགེགས་ཐལ་བར་རློག་པའི་ཆོས་དུག་གི་སྡོང་པོ་ལྟ་བུ་སྟེ། མདོར་ན་ཀུན་བཟང་དགོངས་པ་ཟང་ཐལ་གྱིས་ཐོག་དྲངས་པའི་ཆོས་དང་དམ་རྫས་བགྲང་བ་ལས་འདས་པ་བྱོན། མཛོད་ལྔ་རེ་རེ་ལའང་ཆོས་ཚན་བརྒྱ་རྩ་རེ་བཞུགས་པས་ཡོངས་དྲིལ་ལྔ་བརྒྱ་ཡན་ལག་དང་བཅས་ཤོག་སེར་གཏན་ལ་ཕབ་ནས་སྣོད་ལྡན་རྣམས་ལ་སྤེལ་བས་ཆོས་ཀྱི་སྙན་པས་བོད་ཡུལ་ཐམས་ཅད་ཁྱབ་སྟེ། སྲས་བརྒྱུད། ཡུམ་བརྒྱུད། སློབ་བརྒྱུད་གསུམ་ལས་བྱོན་པའི་ཆོས་རྒྱུན་དེང་སང་བར་མ་ནུབ་པར་གནས། ཟབ་གཏེར་ཐམས་ཅད་བོད་ཁམས་ལ་འདི་ཕྱིའི་བདེ་སྐྱིད་སྤེལ་ཐབས་ཁོ་ན་ལས་མ་འདས་ཀྱང་། ཁྱད་པར་བྱང་གཏེར་འདི་ཉིད་བསྟན་པ་སྤེལ་བ། མཐའ་དམག་ཟློག་པ། རིམས་ནད་གཅོད་པ། ནང་འཁྲུགས་ཞི་བ། འགོང་པོ་ཨར་ལ་གཏད་པ། སྡེ་པའི་མངའ་ཐང་གསོ་བ། ས་ནད་དང་གཉན་ནད་འདུལ་བ་སོགས་གང་ལ་གང་དགོས་མ་ཚང་བ་མེད་ཅིང་། སྟོད་ཁྱུང་ལུང་དངུལ་མཁར་ནས་སྨད་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ཡན་ཆད་ཀྱི་བོད་སྤྱི་དང་བྱེ་བྲག་གི་བདེ་ཐབས་སྣ་ཚོགས་པ་དང་། སྦས་ཡུལ་ཆེན་པོ་བདུན་གཙོ་བོར་གྱུར་པའི་གནས་ཡུལ་མང་པོའི་ཐེམས་བྱང་ལྡེའུ་མིག་སོགས་བཞུགས་པས་བོད་ཁམས་སྤྱི་ལ་ཕན་པ་བློན་པོ་ལྟ་བུའི་གཏེར་གཅིག་ཅེས་ཡོངས་སུ་གྲགས། སྐུ་ཚེའི་སྨད་ལ་འབྲས་མོ་གཤོངས་སུ་ཕེབས་ནས་གནས་སྒོ་ཕྱེས། གུང་ཐང་རྒྱལ་པོ་མཆོག་གྲུབ་སྡེས་ཀྱང་བླ་མར་བཀུར་བས་བོད་ཀྱི་བདེ་སྐྱིད་ལ་ཕན་པར་བྱུང་། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་རྩ་གཉིས་པར་ངོ་མཚར་པའི་ལྟས་དུ་མ་དང་བཅས་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་མོ། །འདིའི་ཆོས་བརྒྱུད་ལས་འཇའ་ལུས་སུ་གཤེགས་པ་དང་གྲུབ་ཐོབ་མང་དུ་བྱོན་ཅིང་། བླ་མ་ཞི་དྲག །ཐུགས་རྗེ་ཆེན་པོ་འགྲོ་འདུལ། རྫོགས་ཆེན་དགོངས་པ་ཟང་ཐལ། བཀའ་བརྒྱད་རང་ཤར། རྟེན་འབྲེལ་ཆོས་ཕལ་ཆེར། བསྟན་སྲུང་གི་སྐོར་སོགས་དེང་སང་རྒྱུན་བཞུགས་པ་ཕལ་མོ་ཆེ་བདག་གིས་ཀྱང་ལེགས་པར་ཐོབ་བོ། ༈ །མང་པོ་བ་དཔལ་རྒྱལ་མཚན་ནི། དགེ་སློང་ནམ་མཁའི་སྙིང་པོའི་སྤྲུལ་པར་ལུང་གིས་ཟིན། མངའ་རིས་སྟོད་དུ་ཀླུང་སྟོན་འཇམ་དབྱངས་མགོན་པོ་ཞེས་པའི་སྲས་སུ་འཁྲུངས། རབ་ཏུ་བྱུང་བའི་མཚན་དཔལ་གྱི་རྒྱལ་མཚན། བཞུགས་གནས་ལས་བྱང་ཆུབ་གླིང་པར་གྲགས། དབུས་གཙང་རྣམས་སུ་ཕེབས་ཤིང་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་མའི་ཁ་བྱང་ཕྱག་ཏུ་འབྱོར་པ་ལ་བརྟེན། དཔལ་མོ་དཔལ་ཐང་གི་ནུབ་ལྷ་མཚོ་སྲིན་མཚོའི་བྲག་ནས་གུ་རུའི་ཕྱག་མཚན་གནམ་ལྕགས་རྡོ་རྗེ་དང་། དམ་ཆོས་ཀུན་བཟང་ཐུགས་གཏེར་སྤྱན་དྲངས། འདིའི་ཤོག་སེར་རྣམས་རྡོ་རྗེའི་གནས་སོ་སོར་བཞུགས་པས། སྤྱི་ཚོམ་ནང་གཏེར། རྭ་སྐོར། ལྟེ་སྐོར། ལྟེ་སྐོར་ཆིངས། རྭ་སྦྲག་གི་སྐོར་ལྔ་རུ་གྲགས། སྐུ་རྟེན་བསོད་ནམས་དཔལ་འབར་དུ་གྲགས་པ་བོད་ཁམས་སྤྱིའི་ཕན་བདེ་སྤེལ་བའི་ཆེད་དུ་བཞེངས་དགོས་པའི་ལུང་བསྟན་ནང་གཞུག་འབུལ་རྒྱུའི་གཏེར་རྫས་དང་བཅས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་བསྒྲུབས་ཤིང་རབ་ཏུ་གནས་པར་མཛད་པས་དགེ་་་མཚན་དང་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་། འདིའི་དབང་སྐལ་རིལ་བུ་མཐོང་བ་དོན་ལྡན་དཀར་ཆག་དང་བཅས་པ། ཀོང་ཡུལ་བྱ་རྒོད་གཤོང་གི་བྲག་རི་རྟ་མགོ་ལྗོན་པའི་རྩེ་ནས་སངས་རྒྱས་གླིང་པས་གདན་དྲངས། ལ་སྟོད་དུ་གཏེར་སྟོན་བྱང་ཆུབ་གླིང་པ་འབྱུང་བའི་ལུང་བསྟན་གཟིགས་ནས། དཀོན་མཆོག་དབང་པོ་ཞེས་པ་བལྟ་བར་བཏང་བས། གཏེར་སྟོན་བྱང་ཆུབ་གླིང་པ་དང་གཉའ་ནམ་དབེན་གནས་སུ་མཇལ་བས་ཐུགས་ཡིད་ཆེས་པའི་ལོ་རྒྱུས་ངོ་མཚར་བའང་སྣང་། སྔར་ཟབ་ཆོས་ཀྱི་ཕྲིན་ལས་ཆེ་རུང་ཕྱིས་སུ་རྒྱུན་མི་བཞུགས་པ་ལ། རྗེ་བླ་མ་མདོ་སྔགས་གླིང་པ་ཉིད་སྐུ་སྲས་བསམ་འགྲུབ་རྡོ་རྗེའི་བག་ཆགས་སད་ཅིང་ཉེ་བརྒྱུད་ཀྱི་བྱིན་རླབས་ཐོབ་པས་ཆོས་བཀའ་ཡོངས་རྫོགས་ཀྱི་སྨིན་གྲོལ་བཀའ་དྲིན་དུ་བསྩལ་པ་དང་ཡིག་ཆའི་ཞབས་འདེགས་འགའ་ཞིག་ཀྱང་ཞུས་པའོ། ༈ །ཅོག་རོ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་གཏེར་སྟོན་ཀརྨ་གླིང་པ་ནི། དྭགས་པོའི་ཡུལ་གྱི་སྟོད་ཁྱེར་གྲུབ་ཅེས་པར་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་ཆེ་ཤོས་སུ་འཁྲུངས། རྟེན་སྔགས་འཆང་། ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང་མངོན་ཤེས་དང་ཕྲིན་ལས་གང་ལའང་ཐོགས་པ་མེད་པའི་བདག་ཉིད་དུ་བཞུགས། དགུང་ལོ་བཅོ་ལྔ་པར་ལུང་བསྟན་དང་རྟེན་འབྲེལ་འཛོམ་ནས་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས་ཞི་ཁྲོ་དགོངས་པ་རང་གྲོལ་དང་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་སོགས་ཀྱི་གཏེར་བཏོན། ཆོས་བདག་བུ་ཆེན་བཅུ་བཞི་ལ་པདྨ་ཞི་ཁྲོའི་ཆོས་སྐོར་ཚང་བར་གནང་། དགོངས་པ་རང་གྲོལ་ཆོས་སྐོར་རྣམས་སྲས་ཉི་ཟླ་ཆོས་རྗེ་ཁོ་ན་ལ་གནང་ནས་བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་བཀའ་རྒྱས་བཏབ། ལུང་ནས་བསྟན་པའི་གཟུངས་མ་དང་རྟེན་འབྲེལ་མ་འགྲིགས་པས་ཞིང་ཁམས་གཞན་དུ་གཤེགས་སོ། །ཞི་ཁྲོ་དགོངས་པ་རང་གྲོལ་ནི་བརྒྱུད་པ་གསུམ་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ནས་རྒྱ་ཆེར་འཕེལ་ཏེ་དབུས་གཙང་ཁམས་གསུམ་དང་ཁྱད་པར་མདོ་ཁམས་ལྷོ་བྱང་ཀུན་དུ་དབང་ལུང་ཁྲིད་རྒྱུན་སྟོང་མཆོད་ལ་སོགས་པའི་ཕྲིན་ལས་ད་ལྟའི་བར་དར་རྒྱས་སུ་བཞུགས། བདག་གིས་ཀྱང་ལེགས་པར་ནོས་ཤིང་བསྙེན་སྒྲུབ་སོགས་ཀྱིས་འབྲེལ་པ་བགྱིས་པའོ། ༈ །རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་གྱི་ཡང་སྲིད་དཔལ་ལྡན་འཇམ་དབྱངས་བླ་མ་ནི། གཙང་ཉང་སྟོད་དུ་སྐུ་འཁྲུངས། སྐུ་གཞོན་ནུ་ནས་གནས་རྙིང་ཚོགས་པའི་གྲྭ་སར་བཞུགས་པར་མཛད་ནས་མདོ་སྔགས་ཐམས་ཅད་ལ་གསན་བསམ་གྱིས་སྒྲོ་འདོགས་ཆོད་པར་མཛད། སྐབས་ཤིག་ཉང་སྟོད་ཁྲོ་སྒང་དུ་ཆོས་འཁོར་ལ་ཕེབས་པས། གཙུག་ལག་ཁང་གི་འགྲམ་གསེབ་ཞིག་ཏུ་སོ་ཕག་ཆེན་པོ་ཞིག་འདུག་པ། ཕ་གི་བཅག་རྒྱུ་བྱུང་ན་དགོངས་པ་ཞིག་བྱུང་སྟེ། གྲྭ་པ་གཞན་མེད་པའི་ཤུལ་དུ་སོ་ཕག་བཅག་པའི་ནང་ནས་གཏེར་གྱི་ཁ་བྱང་བྱུང་སྟེ། སྒྲོལ་བྱེད་ནག་པོའི་མཁར་མཁའ་འགྲོ་གསང་མཛོད་ཕུག་ནས་རུས་སྦལ་དམར་པོའི་ཁོག་པ་བཏོན་པའི་ནང་རྩ་གསུམ་དྲིལ་སྒྲུབ་སྐོར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཀོལ་བྱང་དང་བཅས་པ། བཀའ་སྲུང་སྒྲོལ་བྱེད་ནག་པོའི་སྐོར་དང་བཅས་སྤྱན་དྲངས། གསོལ་འདེབས་འདིའི་གྲོལ་ཚད་ཀྱང་། གང་ཟག་བྱེ་བ་དགུ་ཁྲི་དང་། འབུམ་ཕྲག་ལྔ་རྣམས་གསོལ་འདེབས་འདི་ཡིས་གྲོལ། ཞེས་གསུངས་པའི་ཟབ་ཆོས་འདི་ཉིད་གཙང་ཉང་སྟོད་ཤབ། ཤངས་དང་རྟ་ནག་འོ་ཡུག་སོགས་གཙང་གི་ཕྱོགས་སུ་འགྲོ་དོན་དང་ཕྲིན་ལས་ཆེ་ཞིང་ཆོས་རྒྱུན་མ་ཆད་པར་བཞུགས་པ་ལས་ཁོ་བོས་ཀྱང་སྨིན་གྲོལ་གྱི་གདམས་པ་ནོས་སོ། ༈ །སྤྱན་རས་གཟིགས་དང་དཔལ་རྟ་མགྲིན་ཟུང་དུ་འཇུག་པའི་རྣམ་འཕྲུལ་གུ་རུ་པདྨ་མངལ་སྐྱེས་ཀྱི་ཚུལ་དུ་བྱོན་པ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ནི། གཙང་སྟོད་འོལ་བ་ལྷ་རྩེར་སྐུའི་སྐྱེ་བ་བཟུང་། ཡོངས་འཛིན་ལྔ་བརྒྱ་ལྷག་གཅིག་བསྟེན་ནས་གསན་བསམ་དཔག་ཏུ་མེད་པ་མཛད། རང་བྱུང་གི་གྲུབ་པའི་དབང་ཕྱུག་ཆེན་པོར་བཞུགས་ཀྱང་དགོས་པའི་དབང་གིས་ཀུན་སྤངས་དོན་ཡོད་རྒྱལ་མཚན་ལས་བྱང་གཏེར་ཡོངས་རྫོགས་དང་། བླ་མ་རྡོ་རྗེ་གཞོན་ནུ་ལས་ཤངས་ཆོས་གསན་ཏེ། འདི་གཉིས་ལས་གྲུབ་པ་ཐོབ་པའི་ཚུལ་བསྟན། བརྟུལ་ཞུགས་ཀྱི་སྤྱོད་པས་འཛམ་གླིང་ཀུན་དང་གླིང་ཕྲན། ཁྱད་པར་རྔ་ཡབ་པདྨ་འོད་སོགས་སུ་ཕེབས་ནས་གུ་རུ་རིན་པོ་ཆེ་སོགས་གྲུབ་ཐོབ་དཔག་མེད་ལས་ཆོས་གསན། མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཞབས་སྤྱི་བོར་བླངས། བོད་ལ་མཐའ་དམག་ཟློག་པའི་ས་གནད་ཀྱི་མེ་བཙའི་ལྷ་ཁང་མང་དུ་བཞེངས། ལྷ་འདྲེ་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། བསམ་ཡས་མཆིམས་ཕུ་ནས་ཚེ་སྒྲུབ་འཆི་མེད་དཔལ་སྟེར་སོགས་ཤོག་དྲིལ་ལྔ། གྲོམ་པ་ལྗོངས་ནས་ཐུགས་སྒྲུབ་ཡང་གསང་བླ་མེད། སྒྲུབ་མཚོ་པདྨ་གླིང་ནས་མན་ངག་རིན་ཆེན་གཏེར་སྤུངས། མོན་སྤ་གྲོ་སྟག་ཚང་ནས་མདོ་རྒྱུད་ཐམས་ཅད་ཀྱི་ཟབ་གནད་ཕྱོགས་གཅིག་ཏུ་དྲིལ་བའི་ཤོག་དྲིལ་འདོམ་བཅུ་ཡོད་པ་ཞིག་དང་། ཙ་རི་གསང་སྔགས་ཕོ་བྲང་ནས་ཟབ་ཆོས་ཐུགས་གཏེར་སྐོར་རྣམས་དང་། ཙ་རི་ཟིལ་ཆེན་ཕུག་ནས་གྲུབ་ཆེན་ཉིད་ཀྱི་ལུང་བསྟན་གསལ་བའི་སྒྲོན་མེ་དང་ཞིང་སྐྱོང་གི་སྒྲུབ་ཐབས་སོགས་ཟབ་གཏེར་མང་དུ་སྤྱན་དྲངས་ཤིང་གཏེར་ཁ་མང་པོ་ཕར་ལའང་སྦས། རྒྱ་གར་ཀ་མ་ཏར་སྡིག་སྤྱོད་མུ་སྟེགས་རྒྱལ་པོ་དང་། བོད་ཡུལ་གྱི་མཐའི་ཀླ་ཀློ་རྣམས་རྫུ་འཕྲུལ་གྱི་བཀོད་པས་བཏུལ་ནས་ཆོས་ལ་བཙུད་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་ཚད་ལས་འདས། སྐུ་གསུང་ཐུགས་རྟེན་བློས་མི་འཁྱུད་ཅིང་གྲངས་ལས་འདས་པ་བཞེངས། ལྕགས་ཟམ་ལྔ་བཅུ་རྩ་བརྒྱད། གྲུ་ཤན་བརྒྱ་དང་བཅོ་བརྒྱད་བཙུགས་པ་སོགས་བསམ་གྱིས་མི་ཁྱབ་པའི་མཛད་པ་ཡོངས་སུ་གྲགས་པ་ལྟར་ལགས་ཤིང་། དགུང་ལོ་བརྒྱ་དང་ཉེར་ལྔ་བཞེས་པའི་སྐབས་སྐུ་དངོས་ཀྱིས་མཁའ་སྤྱོད་དུ་གཤེགས་པའི་ཚེ་ཐུགས་སྲས་ཉི་མ་བཟང་པོས་གདུང་དབྱངས་མཛད་པས་སླར་ཕེབས་ཏེ་ཞལ་ཆེམས་རྒྱས་པར་བསྩལ་ནས་དཔལ་རི་བོ་ཆེ་རུ་གཤེགས་་་་་པའི་ཚུལ་བསྟན། མངའ་རིས་གྲུབ་ཆེན་ཚུལ་ཁྲིམས་བཟང་པོ་ཞེས་དགུང་ལོ་བརྒྱ་དང་སུམ་ཅུར་བཞུགས་ནས་མཐར་སྐུ་ལུས་འོད་ཕུང་དུ་གཤེགས་པ་དེ་དང་མདོ་ཁམས་སུ་གྲུབ་ཐོབ་ཕྱར་ཐུལ་ཅན་ཞེས་གྲགས་པ་རྣམས་ཀྱང་གྲུབ་ཆེན་འདི་ཉིད་ཀྱི་སྐུའི་བཀོད་པ་ཡིན་པར་སྣང་ཞིང་ལས་ཅན་རྣམས་ལ་ད་ལྟའི་བར་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་མང་དུ་བྱུང་། སློབ་ཚོགས་མཐའ་ཡས་པ་བྱུང་ཞིང་ཁྱད་པར་གྲུབ་ཆེན་ཉིད་འཆི་མེད་ཚེའི་རིག་འཛིན་བརྙེས་པའི་རྟེན་འབྲེལ་གྱིས་རྒྱུད་འཛིན་སྐུ་ཚེའི་དངོས་གྲུབ་བརྙེས་པ་མང་དུ་བྱོན། ཟབ་ཆོས་ཐང་སྟོང་སྙན་བརྒྱུད་ཆེན་མོའི་རྒྱུན་བཞུགས་པར་སྣང་ཞིང་ཚེ་སྒྲུབ་འཆི་མེད་དཔལ་སྟེར་ནི་གསར་རྙིང་ཀུན་ལ་ཁྱབ། ཕྱིས་འདིར་རྗེ་བླ་མ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཡེ་ཤེས་སྐུས་ཡང་ཡང་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་ལ་བརྟེན་དགོངས་པའི་ཀློང་ནས་བརྡོལ་བའི་ཐུགས་གཏེར་གྲུབ་ཆེན་སྙིང་ཏིག་རྩ་བ་བླ་སྒྲུབ་ཀྱི་སྐོར་བསྐྱེད་རྫོགས་ཟབ་རྒྱས་་་་་་དང། ཡན་ལག་རྒྱུད་སྡེ་སྒྱུ་འཕྲུལ་གྱི་ལམ་རིམ་དང་མཐུན་པའི་སྒྲུབ་ཐབས་སྐོར་ལྔ། སྒྲུབ་སྡེ་བཀའ་བརྒྱད་གྱི་རྒྱུད་ལུང་མན་ངག་སྙིང་པོར་དྲིལ་བ་སོགས་ཆོས་སྡེ་ངོ་མཚར་ཅན་གཏན་ལ་ཕབས་པ་ཁོ་བོས་ཀྱང་བཀའ་དྲིན་དུ་ཐོབ་བོ། །གོང་སྨོས་མངའ་རིས་གྲུབ་ཆེན་དེ་ཉིད་ལ་སྤྱན་རས་གཟིགས་ཀྱིས་དངོས་སུ་བསྩལ་པའི་ཡིག་དྲུག་གསོལ་འདེབས་བྱིན་རླབས་དང་ངོ་མཚར་ཤིན་ཏུ་ཆེ་བ་གྲུབ་ཆེན་ཉིད་ཀྱིས་རྗེ་བླ་མར་དངོས་སུ་གནང་བའང་སྐལ་པ་བཟང་པོའི་དཔལ་དུ་ཐོབ་པ་སྟེ། མཆོག་དམན་ཀུན་ལ་བདུད་རྩིར་གྱུར་པའི་བཟླས་སྒོམ་འདི་ཉིད་བྱང་ཆུབ་སེམས་ལྡན་རྣམས་ཀྱིས་ཅི་ནུས་སུ་སྤེལ་བར་རིགས་སོ། ༈ །ལྷ་སྲས་མུ་ཏིག་སྲས་མོ་ལྷ་ལྕམ་ལེགས་བཞེར་གྱི་སྐྱེ་བ་མགོན་པོ་རིན་ཆེན་ནི། ལྷོ་བྲག་གཏམ་ཤུལ་གྱི་ཕུར་ཤུད་བུའི་རིགས་སུ་འཁྲུངས། ཆུང་ངུ་ནས་ཆོས་ཀྱི་བག་ཆགས་སད། དགུང་ལོ་བཅུ་གསུམ་པར་མཁན་ཆེན་ཕྱག་རྡོར་བ་ལས་ཆོས་མང་དུ་གསན། གཞན་ཡང་དབུས་གཙང་དང་ལྷོ་སྟོད་སྨད་རྣམས་སུ་བླ་མ་མང་པོ་བསྟེན་ནས་གསན་བསམ་ཉམས་བཞེས་དཀའ་སྤྱད་དཔག་མེད་མཛད། བུམ་ཐང་བྲག་ནས་གཏེར་གྱི་ཁ་བྱང་རྙེད་ཀྱང་གཏེར་གནས་མ་རྙེད་པར་ཡུན་རིང་ལུས། དགུང་ལོ་ལྔ་བཅུ་རྩ་གྲངས་བཞེས་སྐབས་མོན་མཚོ་སྣའི་རོང་གི་ཟང་ཡག་བྲག་ནས་རྫོགས་ཆེན་པདྨ་སྙིང་ཐིག་སོགས་ཆོས་བཀའ་མང་པོ་དང་གཞན་ཡང་མཁར་མེ་ཟུར་སོགས་ནས་ཀྱང་གཏེར་ཁ་མང་དུ་ཐོན་ཅིང་གྲུབ་པའི་རྟགས་ཀྱང་མཐའ་ཡས་པ་མངའ། གཏེར་ཆེན་རཏྣ་གླིང་པས་ཀྱང་ཆོས་བཀའ་མང་དུ་གསན། ལྷོ་བྲག་སྟོད་སྨད་མཚོ་སྣ་གྲུ་ཤུལ་རྣམས་སུ་འགྲོ་ཕན་གྱི་ཕྲིན་ལས་རྒྱ་ཆེར་མཛད་ནས་དགུང་ལོ་བརྒྱད་ཅུ་གྱ་བཞི་པར་པདྨ་འོད་དུ་གཤེགས། དབོན་རྒྱུད་གྲུ་ཤུལ་ཕྱོགས་སུ་ཡོད་པར་གྲགས་ཤིང་ཆོས་བརྒྱུད་ནི་མི་བཞུགས། གཏེར་ལུང་གི་ཚིག་ཟུར་ལས་མཚན་གྱི་རྣམ་གྲངས་ཇོ་བོ་རྩེ་མོ་དང་ཤུད་བུ་ཆོས་གྲགས་རྣམས་དོན་གཅིག་པར་བཞེད་དོ། ༈ །ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པ་ནི། ལྷོ་བྲག་གྲུ་ཤུལ་དུ་ཡབ་ཕྱུག་པོ་མདོ་སྡེ་དར་ཞེས་པ་དང་། ཡུམ་སྲི་ཐར་སྨན་གཉིས་ཀྱི་སྲས་སུ་ཆུ་ལུག་སྟོན་ཟླ་ར་བའི་ཚེས་བཅོ་ལྔར་སྐུ་འཁྲུངས། འབྲི་ཀློག་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་ཙམ་ནས་དག་པའི་སྣང་བ་འགའ་ཞིག་ཤར། སྔོན་སྦྱང་སྟོབས་ཀྱིས་རིག་པའི་གནས་རྣམས་ཚེགས་མེད་པར་མཁྱེན། ཆོས་ཀྱི་གསན་པའང་རྒྱ་ཆེར་མཛད། དགུང་ལོ་ཉེར་བདུན་པར་གུ་རུ་རིན་པོ་ཆེ་ཁམས་པའི་བྱ་བྲལ་བ་དབུ་ཞྭ་ན་བཟའ་སེར་པོ་བྱས་པ་ཞིག་ཏུ་སྤྲུལ་ནས་གཏེར་གྱི་ཁ་བྱང་དངོས་སུ་གནང་ཞིང་བསླབ་བྱ་མཛད་པ་ལྟར། དགུང་ལོ་སུམ་ཅུ་པར་ཁྱུང་ཆེན་བྲག་ནས་གཏེར་ཁ་དང་པོ་རྩ་གསུམ་སྒྲུབ་སྐོར་སོགས་ཀྱིས་ཐོག་དྲངས། རིམ་པར་འབྲི་ཐང་ཀོ་རོ་བྲག་ནས་རྟ་ཕག་ཡབ་ཡུམ་ཟུང་འཇུག་ཏུ་སྒྲུབ་པ། ལྷོ་བྲག་གནམ་སྐས་ཅན་ནས་འདུས་པ་སྐོར་བཞི་སོགས། བླ་མ་ཞི་དྲག །ཐུགས་རྗེ་གསང་འདུས། རྫོགས་ཆེན་ཀློང་གསལ་ཉི་མ་གཙོ་བོར་གྱུར་པའི་གཏེར་ཁ་ཉི་ཤུ་རྩ་ལྔ་བཏོན། མཁར་ཆུ་དཔལ་གྱི་ཕུག་རིང་ནས་གཏེར་བཞེས་པའི་ཚེ་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་ཅན་བསྟན་པ་སོགས་མངོན་ཤེས་དང་རྫུ་འཕྲུལ་བསམ་ལས་འདས་པ་བསྟན། ཨོ་རྒྱན་རིན་པོ་ཆེ་དང་ལན་གྲངས་ཉེར་ལྔ་མཇལ། ཟངས་མདོག་དཔལ་རིར་ཕེབས་པའི་དག་སྣང་སོགས་མཛོད་ཁང་བཅུ་གསུམ་གྱི་ཡི་གེར་འཁོད་པ་ལྟར་དང་། ཐུགས་སྒྲུབ་སྨན་སྒྲུབ་སྐྱེ་བདུན་རིལ་སྒྲུབ་ཤིན་ཏུ་མང་པོ་མཛད་ཅིང་དེ་དག་དང་དབང་ཁྲིད་གདམས་ངག་བསྩལ་བ་སོགས་ཀྱི་སྐབས་སུ་འཇའ་འོད་མེ་ཏོག་གི་ཆར་སྨན་སྤོས་ཀྱི་དྲིས་ཁྱབ་པ་སོགས་ངོ་མཚར་བརྗོད་ཀྱིས་མི་ལང་ཞིང་་་་་གང་ལའང་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཀྱང་མ་བྱུང་། རྟེན་འབྲེལ་རབ་དང་ཕུལ་དུ་གྱུར་པས་སྐུ་ཐོག་གསུམ་གྱི་གཏེར་སྐལ་སྐུ་ཐོག་གཅིག་ལ་བཏོན་པས། ཞིག་པོ་གླིང་པ། འགྲོ་འདུལ་གླིང་པ། རཏྣ་གླིང་པ་ཞེས་མཚན་གསུམ་དུ་གྲགས། གངས་ཏི་སེ་ནས། ཁམས་རྒྱལ་མོ་རོང་གི་བར་གྱི་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། ཐུགས་སྲས་སྙིང་གི་བུ་བཞི་སོགས་སྲས་བརྒྱུད་དང་སློབ་བརྒྱུད་བཟང་ལ་གྲངས་མང་བ་ད་ལྟའི་བར་དུ་བྱོན། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་རྩ་དྲུག་པ་ལ་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས་སོ། །འདིའི་རྣམ་ཐར་ཅུང་ཟད་རྒྱས་པར་བཀོད་འོས་ཀྱང་རྗེ་ཉིད་ཀྱི་གསུང་གཏེར་འབྱུང་ཆེན་མོ་དང་དག་སྣང་མཛོད་ཁང་མའི་ལུང་རྒྱུན་བཅས་ད་ལྟའི་བར་བཞུགས་ཤིང་། རྣམ་ཐར་རྒྱས་པ་ཡར་འབྲོག་པ་ཤེས་རབ་བཟང་པོ་དང་། ཉང་པོ་དོན་གྲུབ་རྒྱལ་པོ་རྣམས་ཀྱིས་བཀོད་པ་ལས་ཤེས་པར་བྱ། མཆོག་གཏེར་ཆེན་པོ་འདིའི་རྩ་གསུམ། ཕྱག་ཆེན། བླ་མ་ཞི་དྲག །ཟབ་ལམ་མ་གཏོགས་པའི་འདུས་པ་སྐོར་བཞི། རྫོགས་པ་ཆེན་པོ་ཀློང་གསལ། ཚེ་སྒྲུབ་རྡོར་ཕྲེང་། ཕུར་པ་ཡང་གསང་བླ་མེད། མ་ནིང་སོགས་ཆོས་སྐྱོང་གི་སྐོར། གཏེར་ཕྲན་སྐོར་འགའ་ཞིག །བཀའ་འབུམ་པོད་བཅས་མདོར་ན་ཁམས་ཕྱོགས་འདིར་རྒྱུན་གང་བཞུགས་རྫོགས་པར་ནོས་ཤིང་ཚེ་ཕུར་སོགས་ལ་བསྙེན་སྒྲུབ་ཀྱང་རྒྱས་པར་བགྱིས་པ་དང་། ལང་གྲོའི་རྣམ་འཕྲུལ་དུ་ལུང་གིས་ཟིན་པ་དབོན་སྤྲུལ་ཐུགས་རྗེའི་གཏེར་ཆེན་དང་བགྲོས་ཏེ་དཔལ་སྤུངས་ཀྱི་གདན་ས་ཆེན་པོའི་གཙུག་ལག་ཁང་དུ་ཐུགས་གསང་གི་བུམ་སྒྲུབ་དང་། ཕུར་ཁང་དུ་སྒྲུབ་ཆེན་རྒྱུན་འཛུག་བཅས་ཕྱག་ལེན་གཙང་དག་དང་། དེ་དག་གི་ལག་ལེན་ཡིག་ཆ་གསར་སྤེལ་སོགས་ཀྱིས་ཕྱོགས་འདིར་གཡར་དམ་དུ་སློབ་པ་ཡིན་ནོ། ༈ །འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་རྣམ་འཕྲུལ་གཏེར་སྟོན་སྐལ་ལྡན་རྡོ་རྗེ་ནི། གཉལ་གྱི་ཕྱོགས་སུ་འཁྲུངས། རྟེན་སྔགས་འཆང་། འདིས་ཤམ་པོ་གངས་ནས་གཏེར་ཁ་མང་པོ་གདན་དྲངས་ཤིང་། ཁྱད་པར་སངས་རྒྱས་ཐོད་པའི་རྒྱུད་སྒྲུབ་ཐབས། བདེ་མཆོག་གི་སྒྲུབ་སྐོར། གཅོད་ཡུལ་གྱི་གདམས་སྐོར་སོགས་ཤོག་དྲིལ་བཅོ་བརྒྱད་ཙམ་དང་། ལྷ་ཆེན་ཤམ་པོའི་ཐུགས་ཀྱི་བླ་རྡོ་ལྷ་ཀླུ་མིའི་རིན་པོ་ཆེ་ལས་གྲུབ་པ་ངོ་མཚར་ཅན་དང་། འབྲོག་མི་དཔལ་ཡེའི་དབུ་ཐོད་སོགས་རྫས་གཏེར་ཡང་མང་དུ་བཞེས། ཆོས་བརྒྱུད་ཀྱང་བར་སྐབས་སུ་ཨེ་གཉལ་རྣམས་སུ་མ་ཆད་པ་དང་། ཕྱིས་ཀྱི་བར་གཅོད་ཡུལ་གྱི་སྐོར་རྣམས་དར་སྲོལ་ཆེ་བར་བྱུང་སྣང་ནའང་དེང་སང་རྒྱུན་མི་བཞུགས་པར་མངོན། ༈ ཨ་ཙ་ར་ས་ལེ་དང་དེའི་སྐྱེ་བ་ཆོས་བློ་མགོན་པོའི་རྣམ་འཕྲུལ་མཆོག་ལྡན་རྡོ་རྗེ་ནི། རྒྱ་ཤོད་ལ་གོང་ཞེས་པར་ཤིང་ཕོ་སྟག་གི་ལོ་ལ་འཁྲུངས། རྒྱ་སྟོན་བློ་བཟང་གྲགས་པ་ལས་རབ་ཏུ་བྱུང་། མཁྱེན་པ་དང་གྲུབ་རྟགས་བསམ་གྱིས་མི་ཁྱབ། བྱར་ཁྲི་དཔོན་གྱིས་མེར་བསྲེགས་ཀྱང་གནོད་མ་ནུས། ཨོ་རྒྱན་ཆེན་པོ་ལན་མང་དུ་མཇལ་ནས་ལུང་བསྟན་པ་ལྟར་ཉང་པོ་བྲག་དཀར་ལྷ་ཆུ་ནས་རྫོགས་ཆེན་རྟ་མགྲིན་སྙིང་ཐིག་གི་ཆོས་སྐོར་རྣམས་སྤྱན་དྲངས། གཏེར་སྟོན་འདིའི་ཆོས་སྐོར་རྣམས་སྟག་ཤམ་པ་དང་ཆོས་རྗེ་གླིང་པ་སོགས་ཀྱིས་ཐུགས་རྩིས་ཆེར་མཛད་ནས་འཆད་སྤེལ་མཛད་ཚུལ་རྣམ་ཐར་ན་གསལ་ཞིང་ཁོ་བོས་ཀྱང་ནོས་པ་ཡིན་ནོ། ༈ །ཆག་བྱང་ཆུབ་གླིང་པ་ནི། ལྷོ་བྲག་གཏམ་ཤུལ་གྱི་ལུང་ལག་གཅིག་ཏུ་འཁྲུངས། པདྨ་གླིང་པ་སོགས་ཀྱིས་རྗེས་སུ་བཟུང་། ཟབ་གཏེར་ཡང་འགའ་ཞིག་བཞེས་ཀྱང་བར་སྐབས་ནས་རྒྱུན་བཞུགས་པར་མ་མངོན། གདན་ས་ཕྱིས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཡབ་སྲས་ཀྱི་དུས་ནས་ཞལ་བདག་གནང་བ་ད་ལྟའང་མ་སྟོངས་ཙམ་ཡོད་པར་སྣང་ངོ་། ༈ །ཆོས་བློན་ཆེན་པོ་འགོས་པདྨ་གུང་བཙན་གྱི་སྐྱེ་བ་ཡོལ་མོ་སྤྲུལ་སྐུ་སྔགས་འཆང་ཤཱཀྱ་བཟང་པོ་ནི། ལ་སྟོད་ལྷོ་གྲོམ་པ་ལྗོངས་སུ་དྲང་པོ་རྡོ་རྗེ་འཛིན་པ་ཆེན་པོའི་གདུང་རྒྱུད་དུ་སྐུ་འཁྲུངས། གསང་སྔགས་གསར་རྙིང་བཀའ་གཏེར་རིང་ལུགས་ཀུན་ལ་མཁྱེན་པ་རྒྱས་ཤིང་གྲུབ་པ་བརྙེས། ཡོལ་མོ་གངས་ཀྱི་ར་བའི་གནས་སྒོ་ཕྱེས་ཤིང་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་ཞེས་བྱ་བའི་གདམས་པ་གཏེར་ནས་བཏོན། སྐབས་ཤིག་བསམ་ཡས་མཇལ་བར་ཕེབས་པ་ན་མཁའ་འགྲོའི་ལུང་བསྟན་བྱུང་ནས། ཆུ་སྤྲེལ་ལུག་ཟླའི་ཚེས་བཅོ་བརྒྱད་ལ་མཆོད་རྟེན་དམར་པོ་ནས་བྱ་རུང་ཁ་ཤོར་གྱི་དཀར་ཆག་ཞིག་གསོས་ལུང་བསྟན་གྱི་ཤོག་དྲིལ་གཏེར་ནས་བཞེས། ལུང་བསྟན་འདི་སྔར་ལྷ་བཙུན་སྔོན་མོས་རྣམ་སྣང་སྐུ་རྒྱབ་ནས་བཞེས་པས། སླར་ལུང་བསྟན་བྱུང་ནས་མ་ཡིག་གཏེར་ཤུལ་དུ་འདེབས། བུ་ཡིག་མཆོད་རྟེན་དམར་པོར་སྦས་པ་གཏེར་སྟོན་འདིས་བཞེས་ཞེས་འབྱུང་། དེ་ནས་ལྷ་སའི་ཆུ་རགས་ཀྱི་ཞིག་གསོས་མཛད་པས་ལུང་བསྟན་བྱུང་ནས། ཐུགས་རྗེ་ཆེན་པོ་རྒྱལ་པོ་བཀའ་འབུམ་གྱི་ཆོས་སྐོར་འགའ་ཞིག་གཏེར་ནས་བཞེས། མཆོད་རྟེན་ཆེན་པོའི་ཞིག་གསོས་ནི་དཀར་ཆག་གི་ལུང་བསྟན་ལྟར་རིག་འཛིན་ཆེན་པོ་པདྨ་གླིང་པ། ཀོང་པོ་དཀར་ཆེན་ཀུན་དགའ་གྲགས་པ། འབྲི་གུང་ཀུན་དགའ་རིན་ཆེན་སོགས་སྨོན་ལམ་དང་འབྲེལ་བའི་དམ་པ་རྣམས་དང་མཇལ་ཞིང་བྱིན་གྱིས་བརླབས། དེ་དག་གི་རྟེན་འབྲེལ་ལ་བརྟེན་མཆོད་རྟེན་ཆེན་མོའི་ཞིག་གསོས་མཐར་ཕྱིན་པར་མཛད། མཆོད་རྟེན་འདི་ཉིད་རི་དེའུ་འབུར་ཞིག་བརྐོས་ནས་གསལ་བར་མཛད་པས་གཏེར་ནས་གདན་དྲངས་པ་ལྟ་བུ་ཡིན་འདུག །སྲོག་ཤིང་ལས་བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་གདུང་སྐྱེ་བདུན་ཁྱད་པར་ཅན་སྤྱན་དྲངས་ནས་འགྲོ་དོན་དུ་སྤེལ། གཞན་ཡང་ཀོང་ཆེན་ནམ་མཁའ་དཔལ་ལྡན། མེས་སྟོན་ནམ་མཁའ་རྒྱལ་མཚན། རིག་འཛིན་སངས་རྒྱས་བསྟན་པ། གཙང་སྟོན་ཨོ་རྒྱན་དཔལ་བཟང་སོགས་སྐྱེས་བུ་དམ་པ་མང་པོའི་ཞབས་ལ་གཏུགས། སྔ་འགྱུར་བཀའ་གཏེར་གྱི་དབང་ཁྲིད་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་གསན། ཐུགས་ཉམས་སུ་བཞེས་ཏེ་རིག་འཛིན་མངའ་རིས་པ་ཆེན་པོ་མཆེད་སོགས་ལ་ལྷུག་པར་བསྩལ་པས་བསྟན་པའི་སྲོག་མཐུད་པ་ལྟར་གྱུར། དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱང་མཐར་ཕྱིན་པར་མཛད། མངའ་རིས་དང་གུང་ཐང་ཕྱོགས་སུ་འགྲོ་དོན་ཆེར་བསྐྱངས། རི་བོ་དཔལ་འབར་དུ་ཐུགས་དམ་རྒྱུན་རིང་བཞུགས་པའི་སྐབས། རིག་འཛིན་མཆོག་ལྡན་མགོན་པོ་དང་མཇལ། དེས་ལུང་བསྟན་པ་ལྟར་སྦས་ཡུལ་པདྨའི་ཚལ་ལམ་ཡོལ་མོ་གངས་རར་ཕེབས། ཙཱུ་ཌའི་དགོན་པ་རྟེན་དང་བརྟེན་པར་བཅས་པ་བཏབ། བོད་ཁམས་བདེ་ཐབས་མང་དུ་མཛད་ནས་སྐུ་ཚེའང་མཐར་ཕྱིན་པར་བཞུགས། མཐར་སྐུ་ཞི་བར་གཤེགས་པའི་སྐབས། ཞལ་ཆེམས་ཞིབ་པར་བསྩལ་བ་ལྟར། ལ་སྟོད་མངའ་བདག་པའི་གདུང་རྒྱུད་དགེ་སློང་ནུབ་མར་ཉང་རིན་པོ་ཆེ་ནས་གདུང་རབས་བཅུ་བཞི་བར་འཁྲུངས་པ་ནི་སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་ཡིན་ལ། དེའི་སྤྲུལ་པའི་སྐུ་ནི་རིག་འཛིན་ངག་གི་དབང་པོའི་ཐུགས་སྲས་ཀྱི་གཙོ་བོ་བསྟན་འཛིན་ནོར་བུའམ་སྟོབས་ལྡན་ཤུགས་འཆང་རྩལ་དུ་གྲགས་པས་ཐུབ་བསྟན་རྡོ་རྗེ་བྲག་གི་གདན་ས་མཛད་ཅིང་བསྟན་པ་ལའང་བཀའ་དྲིན་ཆེ། ༈ སྔ་འགྱུར་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་ཡ་གྱལ་ཨོ་རྒྱན་ཆེན་པོའི་ཞལ་སློབ་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ཤེལ་དཀར་བཟའ་ཟུང་གི་རྣམ་འཕྲུལ་འགྲོ་འདུལ་ལས་འཕྲོ་གླིང་པ་ནི། གཉལ་སྟོད་དུ་སྙི་བའི་རིགས་ལས་ཡབ་དཔལ་འབྱོར་རྒྱལ་པོ་དང་ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། དག་སྣང་དཔག་མེད་ཤར། ཁྱད་པར་དགུང་ལོ་བཅུ་དྲུག་པར་ཟབ་གཏེར་གྱི་ཁ་བྱང་ཐོག་མར་བབས། བཅོ་བརྒྱད་པར་ཆོས་ལུང་རི་བོ་ཆེར་མཚུངས་མེད་ནམ་མཁའ་རྒྱལ་པོ་ལ་གཙུག་ཕུད་ཕུལ་བས་མཚན་ནམ་མཁའ་རྡོ་རྗེར་གྲགས། འབའ་ར་བཀའ་བརྒྱུད་ཀྱི་ཟབ་ཁྲིད་གསན་ཅིང་ཐུགས་ཉམས་སུ་བཞེས། ཁྱད་པར་རིག་འཛིན་པདྨ་གླིང་པའི་ཞབས་ལ་གཏུགས་ནས་ཐོས་བསམ་གྱི་སྒྲོ་འདོགས་བཅད། གདམས་ཁྲིད་ཟབ་མོས་ཐུགས་རྒྱུད་སྨིན། རྗེ་དེ་ཉིད་ཀྱི་ཐུགས་སྲས་སྙིང་གི་བུ་གསུམ་ལས། གཉལ་ལོར་རྡོ་རྗེའི་མཚན་ཅན་དུ་ངོས་བཟུང་ཞིང་སྤྲུལ་པའི་གཏེར་སྟོན་དུ་ལུང་བསྟན་པ་ལྟར། དགུང་ལོ་ཉེར་གཅིག་ལོན་པའི་ཚེ་སྔགས་སྲུང་ཨེ་ཀ་ཛཱ་ཊིས་རྗེས་སུ་བསྐུལ་བ་བཞིན་མོན་དོམ་ཚང་རོང་ལ་བྱོན། མཚོ་རྒྱལ་ཕུག་པར་རྟ་མགྲིན་གྱི་ཚོགས་མཆོད་མཛད་པས་ཡེ་ཤེས་མཁའ་འགྲོས་ཁ་བྱང་དངོས་སུ་བསྩལ་པ་ལྟར་ཟླ་བ་ཕུག་ཏུ་བྱོན་ནས་ངོ་མཚར་བའི་ཆོ་འཕྲུལ་དང་བཅས་ཏེ་ཟབ་གཏེར་ཐོག་མར་སྤྱན་དྲངས་པ་ནས་བརྩམ། སྤ་གྲོ་སྟག་ཚང་། མཁར་ཆུ་དཔལ་གྱི་ཕུག་རིང། ལྷོ་སྐྱེར་ཆུའི་ལྷ་ཁང་། མཁའ་འགྲོ་གསང་ཕུག །སྦྲགས་ཡང་རྫོང་། དཔལ་ཕུག་ཉི་ཟླ་འབར་བའི་གསང་མཛོད། མཁའ་འགྲོ་བྲག་གི་བྱ་སྐྱིབས། བསམ་ཡས་མཆིམས་ཕུ། མཆོད་རྟེན་དཀར་པོ། ཤམ་པོ་གངས། ཕྲ་མོ་བྲག་སོགས་ནས་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ། བཀའ་བརྒྱད་ཡང་གསང་བླ་མེད། ཟབ་ཆོས་ཀུན་བཟང་ཐུགས་ཏིག་སོགས་ཆོས་དང་དྲག་སྔགས་དམ་རྫས་རྟེན་གྱི་སྐོར་སོགས་མཐའ་ཡས་པ་སྤྱན་དྲངས། སྒྲུབ་གནས་རྣམས་སུ་བླ་མ་ཞི་དྲག །བཀའ་བརྒྱད། ཕུར་པ་སོགས་ཀྱི་སྒྲུབ་ཆེན། སྨན་སྒྲུབ། སྐྱེ་བདུན་རིལ་སྒྲུབ། གཏོར་སྒྲུབ་སོགས་མང་དུ་མཛད་ཅིང་གདུལ་བྱ་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་ལ་བཀོད་ཅིང་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན། དབོན་པོ་ལྷའི་ཟླ་བ་ཞེས་མཁྱེན་རྟོགས་རྨད་དུ་བྱུང་བས་ཀྱང་འགྲོ་དོན་དཔག་མེད་མཛད། སྐུའི་སྐྱེ་བའང་འགའ་ཞིག་བྱོན་པར་གྲགས་ཤིང་ཁྱད་པར་གདུང་རྒྱུད་ཕྱིས་ཀྱི་བར་སྔགས་འཆང་རྡོ་རྗེ་འཛིན་པ་རིམ་པར་བྱོན་ནས་ཆོས་བརྒྱུད་འཕེལ་རྒྱས་སུ་གྱུར་ནའང་དེང་སང་རྒྱུན་ཡོད་པར་མ་མངོན་ཀྱང་། ཐུགས་རྗེ་ཆེན་པོའི་སྐོར་རྣམས་རྗེ་བླ་མར་ཉེ་བརྒྱུད་དུ་བཀའ་བབས་པ་ལྟར་བདག་གིས་ཀྱང་སྨིན་གྲོལ་རྫོགས་པར་ནོས་སོ། ༈ །སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་མང་རོང་གཏེར་སྟོན་འཇམ་དཔལ་རྡོ་རྗེས་ཡེར་པ་ནས་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་གདམས་སྐོར་སྤྱན་དྲངས་པའི་དབང་ལུང་གི་རྒྱུན་སྨིན་གླིང་གཏེར་ཆེན་བར་དུ་བྱུང་བར་སྣང་། འདིས་གཙང་གངས་ར་ངེས་གསང་རྡོ་རྗེ་གླིང་བཏབ། དེ་རྗེས་ཞིག་གླིང་ཆོས་བདག་ཉི་ཟླ་གྲགས་པ། དེའི་དབོན་ལོ་ཆེན་ངག་གི་དབང་པོ། དེའི་དབོན་གཞན་ཕན་རྡོ་རྗེ་རྣམས་ཀྱིས་གདན་ས་རིམ་པར་བསྐྱངས་པའི་རྗེས་རྒྱལ་དབང་ལྔ་པ་ཆེན་པོས་ཁྲ་ཚང་པ་བློ་མཆོག་རིག་པའི་རྡོ་རྗེ་ལ་གཏོད་པར་མཛད་དོ། ༈ །ཆོས་རྒྱལ་ཁྲི་སྲོང་གི་ཐུགས་སྤྲུལ་རྒྱལ་སྲས་ལྷ་རྗེའི་སྐྱེ་བ་དགུ་པ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ་ནི། གློ་བོ་མ་ཐང་གི་སའི་ཆར་ཡབ་མངའ་བདག་མར་པའི་སྐྱེ་མཐའ་ལྷ་རིགས་མཁས་གྲུབ་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། ཡུམ་འབྲོ་ལྕམ་ཁྲོམ་པ་རྒྱན་གྱི་སྲས་སུ་མེ་མོ་ལུག་གི་ལོ་ལ་སྐུ་བལྟམས། མཚན་པདྨ་དབང་རྒྱལ་དུ་བཏགས། དགུང་ལོ་བརྒྱད་པར་རྟེན་དགེ་བསྙེན་ཏུ་མཛད། ཡབ་ལས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་མའི་སྐོར་ལ་གསན་སྦྱོང་མཐར་ཕྱིན་པར་གནང་། བསྙེན་སྒྲུབ་རྟགས་ཐོན་པ་མང་དུ་མཛད། སློབ་དཔོན་ནོར་བསྟན་བཟང་པོ་ལས་འདུལ་བ་མདོ་སྡེ། བཀའ་གདམས་པའི་སྐོར་སོགས་གསན། དགུང་ལོ་ཉི་ཤུ་པ་ནས་བཟུང། དབུ་ཚད་ཕར་ཕྱིན་གཙོ་བོར་གྱུར་པའི་གཞུང་ལུགས་ཆེན་པོ་བརྒྱ་ཕྲག་གཅིག་ཁོང་དུ་ཆུད་པར་མཛད་པས་ན་དགེ་བའི་བཤེས་གཉེན་མཚན་དོན་དང་མཐུན་པར་ཡོངས་སུ་གྲགས། ཉེར་གཅིག་པར་འཇམ་དབྱངས་ཆོས་སྐྱོང་དང་ཚུལ་ཁྲིམས་དཔལ་སོགས་ལས་གཤིན་རྗེ་གཤེད་དམར་སོགས་ཀྱི་སྨིན་གྲོལ་གསན་ནས་བསྙེན་སྒྲུབ་མཛད་པས་འཇམ་དཔལ་དྲག་པོའི་ཞལ་དངོས་སུ་གཟིགས། ཁྱད་པར་དགུང་ལོ་ཉེར་གཉིས་པར་ཡབ་རྗེ་དམ་པ་ལས་སྔ་འགྱུར་བཀའ་གཏེར་གྱི་ཞུན་ཐར་ལེགས་པར་བཅད། བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་པའི་ཚེ་ཡབ་ཀྱིས་དག་པའི་གཟིགས་སྣང་ཁྱད་པར་ཅན་གྱིས་དབུགས་དབྱུང་ཞིང་གཟེངས་བསྟོད་པ་ལྟར་ཕྱིས་ནས་མངོན་དུ་གྱུར། དགུང་ལོ་ཉེར་གསུམ་གྱི་སྔ་ཕྱིར་གློ་བོ་ལོ་ཙཱ་ལས་ལམ་འབྲས་ཚར་གཉིས་གསན། ཉེར་ལྔ་པའི་ཚེ་བསམ་འགྲུབ་གླིང་གི་ཆོས་གྲྭར་འཇམ་དབྱངས་ས་པཎ་གྱི་རྣམ་འཕྲུལ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་མཁན་སློབ་ལས་བསྙེན་པར་རྫོགས་པ་ནས་བརྩམ། ཀུན་སྤངས་གདན་གཅིག་པའི་བརྟུལ་ཞུགས་བཟུང་སྟེ་དམ་པའི་ཆོས་འདུལ་བའི་ལག་ལེན་ཚུལ་བཞིན་ཕྱག་ཏུ་བསྟར་བ་ལ་བརྟེན། དུས་དེར་འདུལ་བ་འཛིན་པ་ཐམས་ཅད་ཀྱི་ཁྱུ་མཆོག་ཏུ་གྱུར། གཞན་ཡང་མཁན་ཆེན་དེ་ཉིད་དང་གུ་གེ་པཎ་ཆེན་རྣམ་རྒྱལ་དཔལ་བཟང་། འཇམ་དབྱངས་བློ་གྲོས་དཔལ་རྣམས་ལས་སྒྲ་དང་ཚད་མ། གསང་སྔགས་གསར་མའི་དབང་རྒྱུད་མང་དུ་གསན་ཅིང་སྦྱངས་པས་མ་ཧཱ་པཎྜི་ཏ་ཞེས་པའི་མཚན་གྱི་ཅོད་པན་འཕྱངས། དྲང་པོ་གཏེར་སྟོན་ཤཱཀྱ་བཟང་པོ་ལས་ཀྱང་བྱང་གཏེར་མང་དུ་གསན་པས་མཚོན། མདོར་ན་གསང་སྔགས་གསར་རྙིང་གི་དབང་རྒྱུད་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་འབད་པས་གསན་ཅིང་བསྙེན་སྒྲུབ་མཛད། ནེ་པཱ་ལའི་ཡུལ་དུའང་བསྙེན་ནས་བལ་བོད་ཀྱི་བླ་མ་མང་དུ་བསྟེན་ཅིང་། གནས་འབྲེལ་དང་ཐུགས་དམ་མཛད་པས་དག་པའི་གཟིགས་སྣང་མཐའ་ཡས་པ་ཤར། དགུང་ལོ་སོ་བརྒྱད་པ་ནས་བཟུང་གསར་རྙིང་རིས་མེད་པའི་ཆོས་ཀྱི་ཆར་ཆེན་པོ་ཕབས་པའི་སྐབས། དབུས་གཙང་གི་ཕྱོགས་སུ་གསར་རྙིང་གི་ཆོས་བརྒྱུད་ཉམས་པ་གསོ་བའི་ཐུགས་བསྐྱེད་འཁྲུངས་ཏེ་ཡབ་དང་གློ་བོའི་སྡེ་བདག་ཀུན་ལ་གནང་བ་ཞུས་ཤིང་ཟང་ཟང་ལྷ་བྲག་སོགས་བརྒྱུད། གཅུང་ལེགས་ལྡན་རྡོ་རྗེ་དང་ལྷན་ཅིག་ཏུ་དབུས་ལ་བྱོན། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་མཇལ་ཞིང་ལུང་བསྟན་བརྙེས་པ་ལྟར། གཞུང་སྤྲེ་ཞིང་དུ་རྡོག་སྟོན་བསོད་ནམས་བསྟན་འཛིན་དང་། གྲ་ཐང་བའི་ཞྭ་ལུ་ལོ་ཆེན་ལས་རྔོག་དཀྱིལ་དང་གཤེད་དམར་སྐོར་སོགས་གསན། བསམ་ཡས་སུ་བྱོན་པས་ཆོས་རྒྱལ་ཁྲི་སྲོང་གི་བག་ཆགས་མངོན་དུ་སད། བར་ཁང་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་མཛད་ཅིང་ལྷོ་བྲག་གུ་རུ་བ་སོགས་རྗེས་སུ་བཟུང་། ཕྲེང་སོ་ཨོ་རྒྱན་ཆོས་བཟང་དང་ཀོང་ཆེན་ནམ་མཁའ་དཔལ་ལྡན་ལས་བླ་མ་དགོངས་འདུས་གསན། སྦྲགས་ཡང་རྫོང་དང་མཆིམས་ཕུར་ཐུགས་དམ་མཛད་པས་ལྷ་མང་པོའི་ཞལ་གཟིགས། ཆོས་དབང་གི་གདུང་རབས་བརྒྱད་པས་ལྷོ་བྲག་ཏུ་སྤྱན་དྲངས་ནས་ཆོས་རྒྱུན་ཉམས་པ་གསོ་བ་སོགས་བཀའ་དྲིན་ཆེན་པོས་ཁྱད་པར་མཛད། རྗེ་ཉིད་ཀྱིས་ཀྱང་བཀའ་བརྒྱད་བདེ་འདུས་ཁོ་ན་ཚར་ཉེར་ལྔ་གསན་པའི་ཕྱི་མ་ཁུངས་བཙུན་ཅིང་ཡིད་བརྟན་ནུས་པ་དེ་ལྷོ་བྲག་དགོན་དཀར་དུ་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོ་རྗེའུ་རིགས་ནམ་མཁའི་རྣལ་འབྱོར་ལས་རྙེད་པས་ཐུགས་དགོངས་ཡོངས་སུ་རྫོགས། ཁྱད་པར་ཟབ་གཏེར་བཞེས་ཚུལ་ནི་དགུང་ལོ་ཞེ་དྲུག་པར་བསམ་ཡས་སྟེང་ཁང་གི་རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་གསང་སྒྲོམ་ནས་བཀའ་འདུས་ཕྱི་མ་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་གསོལ་འདེབས་ལེའུ་བདུན་མའི་སྒྲུབ་ཐབས་གཏེར་ནས་བཞེས་ཤིང་ཕལ་ཆེར་གཏན་ལ་ཕབས་པ་ད་ལྟའང་དར་རྒྱས་ཆེ་ལ་ཁོ་བོས་ཀྱང་རྫོགས་པར་ནོས། རིག་འཛིན་ལེགས་ལྡན་རྗེས་མཚམས་སྦྱར་ནས་འབྲི་གུང་རིན་ཆེན་ཕུན་ཚོགས་གདན་དྲངས་ཏེ་དཔོན་སློབ་གསུམ་ཀས་བསམ་ཡས་ཀྱི་རབ་གནས་བསྐྱར་བས་བོད་ཁམས་ཕན་བདེའི་རྩ་ལག་ཆེན་པོར་གྱུར། དེས་མཚོན་དབུས་ཕྱོགས་སུ་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་པའི་མཐར། དགུང་ལོ་ང་དྲུག་པར་འོན་སྨོན་ཐང་ནས་ཟངས་མདོག་དཔལ་གྱི་རི་བོ་ཆེན་པོར་གཤེགས་སོ། །སྤྱིར་སྐྱེས་བུ་དམ་པ་འདི་མཁས་བཙུན་གྲུབ་གསུམ་གྱི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ཚུལ་རྗེ་རང་གི་ཞལ་གསུང་རྣམ་ཐར་ཚིགས་བཅད་མར་གསལ་བས་འདིར་མདོར་བསྡུས་ཙམ་བཀོད་པ་ཡིན་ནོ། །གཞན་ཡང་ཚིག་ཉུང་ལ་དོན་ཤིན་ཏུ་མང་བ་སྡོམ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་མཛད་པ་གཅིག་པུའི་བཀའ་དྲིན་ཀྱང་བསམ་གྱིས་མི་ཁྱབ་པས་དེང་སང་གི་བར་དུ་སྔ་འགྱུར་གྱི་བསྟན་འཛིན་རྣམས་ཀྱི་མགྲིན་པའི་རྒྱན་དུ་གྱུར་པས་མཚོན། དངོས་དང་བརྒྱུད་པའི་སྒོ་ནས་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་གསལ་བའི་ཤིང་རྟ་ཆེན་པོར་ཡོངས་སུ་གྲགས་པའང་དོན་དང་ལྡན་པ་ཉིད་དོ། །སྐུའི་སྐྱེ་བ་དེ་མ་ཐག་པ་ནི་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ཏེ་རྣམ་ཐར་འོག་ཏུ་འབྱུང་ངོ་། ༈ །ཤེལ་དཀར་བཟའ་མགོན་སྐྱིད་ཀྱི་སྐྱེ་བ་རྒྱ་མ་མི་འགྱུར་ལས་འཕྲོ་གླིང་པ་ཀུན་དགའ་དཔལ་བཟང་ནི། རིག་འཛིན་ཡོངས་འདུས་ལས། དེ་ལ་འདུད་བྱེད་སྤྲུལ་པའི་གཏེར་སྟོན་བཞིས༔ ང་ཡི་ཟབ་ཆོས་དམ་པ་གཏེར་ནས་འདོན༔ ཞེས་གསུངས་པའི་གཏེར་སྟོན་བཞིའི་ཡ་གྱལ་གཅིག་མི་འགྱུར་ལས་འཕྲོ་གླིང་པ་འདི་ཡིན་ཏེ། དབུར་སྟོད་རྒྱ་མ་ཞེས་པར་འཁྲུངས། འབྲི་གུང་རིན་ཆེན་ཕུན་ཚོགས་དང་ཕན་ཚུན་གཉིས་ཀ་བླ་སློབ་ཏུ་གྱུར། གཏེར་སྟོན་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་ཞབས་ཀྱི་ཆོས་བདག་ཡིན། གཏེར་སྟོན་འདིས་མི་འགྱུར་ཆོས་འབྱུང་བྲག་ནས་ཟབ་ཆོས་འདུས་པ་སྐོར་བཞི་གཏེར་རྫས་བཅས་པ་དང་གཟའ་སྲུང་ཟབ་མོ་ཡུལ་འཁོར་ཀུན་ཐུབ་སོགས་སྤྱན་དྲངས་ནས། ཆོས་བདག་རིན་ཆེན་ཕུན་ཚོགས་སོགས་ནས་བརྒྱུད་དེ་བར་སྐབས་སུ་དར་རྒྱས་ཆེ་བར་བྱུང་ནའང་དེང་སང་དཔེ་ལུང་གི་རྒྱུན་བཞུགས་པ་མ་འཚལ། ཟབ་ཆོས་པདྨ་གཏུམ་པོའི་གཞུང་ཉུང་དུ་ངོ་མཚར་ཅན་རྗེ་བླ་མར་ཡང་གཏེར་དུ་བབས་པའི་སྨིན་གྲོལ་ནོས་ཤིང་འདིའི་དབང་གནང་བའི་སྐབས་མེ་ལོང་ལ་སྔགས་བྱང་བྲིས་པ་རྗེས་ནས་རང་བྱོན་དུ་གསལ་བ་སོགས་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་ཡང་མཐོང་ངོ་། ༈ །སློབ་དཔོན་ཆེན་པོ་ཧཱུྃ་ཀཱ་ར་དང་ལྷ་སྲས་མུ་ཁྲི་བཙན་པོ་ཟུང་དུ་འཇུག་པའི་རྣམ་འཕྲུལ་གཏེར་སྟོན་གནམ་ལྕགས་མེ་འབར་ནི་དབུར་སྟོད་འབྲི་གུང་དུ་འགུ་རྒྱལ་སྐྱུ་རའི་གདུང་ཡབ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དང་། ཡུམ་བསོད་ནམས་སྒྲོན་མ་གཉིས་ཀྱི་སྲས་སུ་ས་མོ་སྦྲུལ་གྱི་ལོ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། གཞོན་ནུ་ནས་ཆོས་ཀྱི་བག་ཆགས་སད་ཅིང་སྐྱེ་སྲིད་མང་པོ་དྲན་པ་སོགས་ཡ་མཚན་པའི་རྣམ་ཐར་བསམ་གྱིས་མི་ཁྱབ། དགུང་ལོ་བརྒྱད་ཀྱི་སྟེང་དུ་ཕག་མོ་གྲུར་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་གྲགས་པ་ལས་རབ་ཏུ་བྱུང་བའི་མཚན་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོར་གསོལ། བླ་མ་དེ་ཉིད་དང་མངའ་རིས་པཎ་ཆེན་སྐུ་མཆེད་སོགས་ལས་མདོ་སྔགས་གཞུང་ལུགས་མཐའ་ཡས་པའི་གསན་པ་ཕུལ་དུ་ཕྱིན། གཞོ་སྟོད་ཏི་སྒྲོ་གཙོ་བོར་གྱུར་པའི་གནས་ངེས་མེད་ཀུན་ཏུ་སྒྲུབ་པ་མཛད་པས་སྣང་སེམས་མཉམ་ཉིད་དུ་འདྲེས། སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་ཆོས་ཀྱི་ཁྲི་ཆེན་པོར་ཞབས་བཀོད་ནས་ལུགས་གཉིས་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། ཏི་སྒྲོར་བཞུགས་པའི་སྐབས་ཤིག་རྒྱ་གར་ནས་ཛོ་ཀི་བཛྲ་ནཱ་ཐ་བྱོན་པ་ལས་བྷཱུ་རླུང་ཛཱ་བིར་གྱི་མན་ངག་གསན། མཁའ་འགྲོས་ལུང་གིས་བསྐུལ་བ་ལྟར་སྐུ་རྟེན་དཀའ་ཆས་སུ་བསྒྱུར་པས་རྟེན་འབྲེལ་ཟབ་མོའི་སྒོ་འཕར་བྱེ་བས་ཡངས་པ་ཅན་དུ་བྱོན་པའི་ཚེ་ཡིད་བཞིན་འོད་མཆོག་གི་གདམས་སྐོར་རྣམས་དག་སྣང་དུ་བྱུང་ཞིང་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པ་ལ་བརྟེན། ཏི་སྒྲོའི་ཚོགས་ཁང་ཆེན་མོ་ནས་དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཆོས་སྡེ་ངོ་མཚར་ཤོག་སྡེ་ལྔར་བཞུགས་པ་སྤྱན་དྲངས། དེ་ཉིད་དུ་སྐུ་མཚམས་བཞུགས་པའི་ཚེས་བཅུའི་ནུབ་གཅིག་དག་པའི་སྣང་བར་ཟངས་མདོག་དཔལ་རིར་ཕེབས། ཨོ་རྒྱན་རིན་པོ་ཆེས་དབང་དང་ཞལ་གདམས་རྒྱ་ཆེར་བསྩལ། ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱད། དུས་འདི་ཙམ་ནས་གསར་རྙིང་བཀའ་གཏེར་རིས་མེད་པའི་བདག་པོར་གྱུར། མཁས་གྲུབ་ཆེན་པོའི་གནས་ལ་བཞུགས་པས་གཞུང་ལུགས་རྣམས་འཆད་པའི་ཚུལ་ཡང་གཞན་ལས་ཀྱང་ཁྱད་དུ་འཕགས། གཏེར་ཁ་གོང་འོག །བཀའ་བརྒྱད་ལུགས་སྲོལ་དགུ། སྙིང་ཐིག་ཡ་བཞི། ཀུན་མཁྱེན་ཀློང་ཆེན་པའི་གསུང་རབ་རྣམས་ལ་རྩལ་དུ་བཏོན། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས། སློབ་མའི་ཚོགས་ནི་སྟོད་མངའ་རི་ལ་དྭགས་ནས། དབུས་གཙང་རུ་བཞི། མདོ་ཁམས་ཧོར་ཡུལ་ཡན་ཆད་དུ་ཁྱབ་པ་ལས་གཙོ་བོར་རིགས་ཆོས་གཉིས་ཀའི་སྲས་སུ་གྱུར་པ་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་སྐྱེ་བ་ཆོས་རྒྱལ་ཕུན་ཚོགས་ཀྱིས་གདན་ས་མཛད་ནས་ད་ལྟའི་བར་གསར་རྙིང་ཟུང་འཇུག་གི་བཀའ་སྲོལ་མ་ཉམས་པར་བཞུགས། དགོངས་པ་ཡང་ཟབ་ཀྱི་འཆད་ཉན་དང་ཉམས་བཞེས་རྒྱུན་མ་ཆད་པ་འབྲི་གུང་བའི་ཆོས་རྒྱུན་འཛིན་པ་ཀུན་ལ་བཞུགས་ཤིང་བདག་གིས་ཀྱང་ཕལ་ཆེར་ཐོབ་བོ། ༈ །ལོ་ཆེན་བཻ་རོའི་རྣམ་འཕྲུལ་ཕྲེང་པོ་འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་ནི། བྱང་ངོམ་ཆེན་གྱི་སའི་ཆར་ཁྲི་བསམ་གཉིས་ཀྱི་ཆོ་འབྲང་ལས་ས་ཕོ་སྟག་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུར་ལྟས་ཁྱད་པར་ཅན་དང་བཅས་ཏེ་སྐུ་བལྟམས། སྐུ་ཆུང་ངུ་ནས་བཅོས་མིན་གྱི་ངེས་འབྱུང་དང་སྙིང་རྗེ། ཤེས་རབ་ཀྱི་རྩལ་ཆེ་བ་སོགས་ཐེག་པ་ཆེན་པོའི་རིགས་སད། དགུང་ལོ་བརྒྱད་པར་སློབ་དཔོན་ཚུལ་ཁྲིམས་འོད་ཟེར་བ་ལས་དགེ་བསྙེན་མཛད་པའི་མཚན་ཤེས་རབ་འོད་ཟེར་དུ་གྲགས། གསེར་མདོག་པཎ་ཆེན་སློབ་མ་རྡོར་རྒྱལ་བ་ལས་རབ་ཏུ་བྱུང་། དགའ་ལྡན་ཁྲི་ཆེན་བསྟན་དར་བ་བསྟེན་ནས་མཚན་ཉིད་ཀྱི་གཞུང་རྣམས་དང་འདུས་པ་སོགས་ལོ་དྲུག་ཏུ་སྦྱངས། རྡོར་རྒྱལ་བ་ལས་ས་ལུགས་ཀྱི་རྒྱུད་སྡེ་དང་དུས་འཁོར་ལ་སོགས་གསན་བསམ་ཕུལ་དུ་ཕྱིན་པས་མཚན་ཉིད་ཀྱི་གྲྭ་ས་རྣམས་སུ་ལུང་རིག་གི་མགྲིན་རྔ་ལྡིར་བ་ན་སུས་ཀྱང་ལན་ལྡོན་པར་མི་ནུས་པས་དགེ་བཤེས་ཆེན་པོའི་མཚན་དུ་གྲགས། དགུང་ལོ་བཅོ་བརྒྱད་པར་འབྲི་གུང་རིན་ཆེན་ཕུན་ཚོགས་མཇལ་བས་དད་པ་དབང་མེད་དུ་སྐྱེས། དཔོན་སློབ་གཉིས་ཆོས་ཀྱི་འབེལ་གཏམ་མཛད་པས་གཅིག་ལ་གཅིག་ཐུགས་ཆེས། འབྲི་གུང་དང་ཀརྨ་བཀའ་བརྒྱུད་ཀྱི་ཟབ་ཆོས་རྣམས་དང་། གསར་རྙིང་གི་རྒྱུད་འབུམ། མདོ་སྒྱུ་སེམས་གསུམ་བཤད་པ་དང་བཅས་པ། མཁའ་འགྲོ་སྙིང་ཏིག་གཙོར་གྱུར་རྙིང་མ་བཀའ་གཏེར་གྱི་ཆོས་ཕྱག་ལེན་དང་བཅས་པ་གསན་པ་མཐའ་ཡས་པ་མཛད། བླ་མའི་བཀའ་བཞིན་ཚོགས་པ་རྒྱ་མཚོའི་དབུས་སུ་ལྔ་ལྡན་ལ་རྩ་བར་བྱས། རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པ་ཆོས་ཚོམས་སུ་བཅད། དགོངས་གཅིག་གི་གྲུབ་མཐའི་རྐང་བཟུང་ནས་མདོ་སྔགས་ཀྱི་ཆོས་འཁོར་བསྟན་པ་ཡོངས་རྫོགས་ཚུལ་དུ་བཤད་པས་བླ་མའི་དགོངས་པ་རྫོགས་ཤིང་འདུས་པ་རྣམས་སྔ་ན་མེད་པའི་ངོ་མཚར་གྱི་གནས་སུ་བཀོད། སྦྱངས་པའི་ཡོན་ཏན་ལ་གནས་པས་རྣམ་གཡེང་འདུ་འཛི་སྤངས་པའི་དབེན་པ་ལོ་བརྒྱད་དང་ཁྱད་པར་གྲོགས་རི་རིན་ཆེན་སྤུངས་པའི་སྒྲུབ་ཕུག་ཏུ་ཉམས་བཞེས་ལོ་གསུམ་མཛད་པས་མངོན་རྟགས་བསམ་གྱིས་མི་ཁྱབ་པ་ཤར། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་བརྙེས། མེ་མོ་ལུག་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུར་མཁའ་འགྲོ་མོན་མོའི་ཆས་ཅན་ཞིག་གིས་ཆང་ཐོད་ཕོར་གང་བྱིན་པ་གསོལ་བའི་རྐྱེན་གྱིས་འོད་དཀར་པོའི་དབུས་སུ་གུ་རུ་པདྨ་རྒྱལ་པོ་ཞལ་གཟིགས་ཏེ་བསླབ་བྱ་བསྩལ་པ་ལྟར་གཏེར་གནས་དེ་ཉིད་ནས་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆོས་སྐོར། སྐུ་གསུང་ཐུགས་ཀྱི་རྟེན་དང་བཅས་པ་སྤྱན་དྲངས། དེ་རྗེས་ལྷ་གདན་ནས་ཀྱང་དེ་བཞིན་གཤེགས་པའི་རིང་བསྲེལ། མྱང་གྲོལ་ཨ་རྒྱ་ཅན་སོགས་རྟེན་དང་དམ་རྫས་ཁྱད་པར་ཅན་གཏེར་དུ་བཞེས་པས་མཚོན། སྔ་རྗེས་གཏེར་གནས་དྲུག་ནས་ཟབ་གཏེར་ཅི་རིགས་པ་སྤྱན་དྲངས། འབྲི་གུང་རིན་པོ་ཆེ་དང་ལྷན་ཅིག་ཤོག་སེར་གཏན་ལ་ཕབས། ཟིང་པ་སྟག་མགོར་གཏེར་སྒྲུབ་མཛད་པའི་སྐབས་དག་པའི་སྣང་བར་པདྨ་འོད་དུ་ཕེབས་ནས་སློབ་དཔོན་ཡབ་ཡུམ་གུ་རུ་བདེ་བ་ཆེན་པོའི་རྣམ་པས་དབང་བསྐུར་ཅིང་ཞལ་གདམས་བསླབ་བྱ་བསྩལ། ཟླ་བ་གཅིག་ཏུ་བཞུགས་པའི་སྣང་བ་བྱུང་། ཕྲེང་པོར་དགོངས་འདུས་ཆོས་བདག་ཉི་མ་རྒྱལ་མཚན་ལས་འབྲི་གུང་པ་དང་ལྷན་ཅིག་བླ་མ་དགོངས་འདུས་སོགས་ཆོས་བཀའ་མང་དུ་གསན། ཕྲེང་པོ་བ་རྣམས་ཀྱིས་གསོལ་བ་བཏབ་པ་ལྟར་དེའི་གདན་སའང་མཛད། རྡོ་རྗེ་བྲག་ཏུ་ལོ་གསུམ་བཅད་རྒྱར་བཞུགས་སྐབས་ཨོ་རྒྱན་རིན་པོ་ཆེས་ཞལ་གཟིགས་ཏེ། དེང་སང་འདི་ན་ལྟ་བ་མ་འཁྲུལ་བའི་ཁྱད་པར་འབྱེད་ཤེས་པ་ཁྱོད་ལས་མི་འདུག་པས་དེའི་གནས་གསལ་བར་སྟོན་ཅིག་གསུངས་པས་ཞལ་ལུང་གསལ་སྒྲོན་ཞེས་པ་དོན་ཟབ་ལ་ཚིག་ཉུང་བའི་བསྟན་བཅོས་མཛད། དུས་དེ་ཙམ་ན་མཁས་པ་དང་གྲུབ་པར་གྲགས་པ་ཐམས་ཅད་ཀྱིས་མངོན་པར་བསྔགས་ཤིང་ཟབ་ཆོས་ཀྱི་བདུད་རྩི་བཞེས། མཁའ་འགྲོ་སྙིང་ཏིག །དགོངས་པ་ཡང་ཟབ། གྲོལ་ཏིག་རྣམས་ཀྱི་སྒྲུབ་པ་དང་དབང་ཁྲིད་མཛད་པས་གྲོལ་དབང་ལ་མི་སྟོང་ཕྲག་བདུན་རེ་ཚོགས་པ་ཤ་སྟག་དང་། དེ་དག་རྣམས་སུ་འཇའ་འོད་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་མང་། ཆོས་ཀྱི་སྤྱན་མངའ་ཞིང་མངོན་ཤེས་ལ་ཆགས་ཐོགས་མེད། ཧོར་བསོད་ནམས་སྟོབས་རྒྱས་ཀྱིས་སྦྱིན་བདག་ཞུས་ནས་འཕྱོང་རྒྱས་དཔལ་རི་ཐེག་ཆེན་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཏབ། དབུས་གཙང་ཁམས་གསུམ་དུ་ཆོས་ཀྱི་ཕྲིན་ལས་ཁྱབ། དགུང་ལོ་དྲུག་ཅུ་རྩ་བདུན་པ་ཆུ་སྤྲེལ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན་ཞི་བར་གཤེགས་པར་བཞེད་པ་ལ། སྐུའི་སྲས་ཀརྨ་ཀུན་བཟང་ཡུམ་སྲས་སོགས་ཀྱིས་གསོལ་བ་བཏབ་པའི་ངོར་ཞག་གསུམ་བཞུགས་ནས་ཚེས་བཅུ་གསུམ་གྱི་ཞོགས་པར་ངོ་མཚར་བའི་ལྟས་དང་བཅས་བདེ་ཆེན་ཤནྟ་པུ་རིའི་གྲོང་ཁྱེར་དུ་དཔའ་བོ་ཆེན་པོ་ཐོད་པའི་་་་་་་དུམ་བུ་རྩལ་གྱི་ཐུགས་ཀར་སྤྲུལ་པའི་བཀོད་པ་བསྡུས་སོ། །འདིའི་རྣམ་ཐར་རྒྱས་པ་གཏེར་འབྱུང་བཅས་ཆོས་རྗེ་ཀུན་བཟང་པས་བསྒྲིགས་པའི་ངོ་མཚར་བའི་གཏམ་སྐབས་བཅུ་པ་ཞེས་པ་ཡོད། གྲོལ་ཏིག་གི་སྨིན་གྲོལ་རྒྱུན་མ་ཉམས་པར་བཞུགས་པ་ཁོ་བོས་ཀྱང་སྐལ་བཟང་དུ་ཐོབ་བོ། ༈ །སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་མངའ་རིས་རིག་འཛིན་ཆེན་པོ་ནི། མངའ་རིས་གློ་བོ་ལྷ་རིགས་ཀྱི་སྔགས་འཆང་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་སྲས་ཏེ། པཎ་ཆེན་རིན་པོ་ཆེའི་གཅུང་དུ་འཁྲུངས། ཀུན་སྐྱོང་གླིང་པའི་ལུང་བསྟན་ལྟར་མཚན་ལེགས་ལྡན་རྡོ་རྗེར་གསོལ། ཐང་ཡིག་འགའ་ཞིག་ནས་གཏེར་སྟོན་རྡོ་རྗེ་གྲོ་ལོད་ཅེས་པ་འབྱུང་བའི་དུས་རྟགས་དང་འགྲིགས་ཤིང་རང་གཏེར་གྱི་ལུང་ལས་ཀྱང་གསལ། ཡབ་ལས་དབང་ཆོས་མང་དུ་གསན་ཅིང་བསྙེན་སྒྲུབ་མཐར་ཕྱིན་པར་མཛད་པས་ཡབ་ཉིད་དཔལ་ཆེན་ཆེ་མཆོག་ཏུ་ཞལ་གཟིགས་པ་སོགས་རྩལ་གསུམ་གྱི་ཞལ་གཟིགས་ལུང་བསྟན་མང་དུ་བྱུང་ཞིང་ཡོན་ཏན་དཔག་ཏུ་མེད་པ་འཁྲུངས། དྲང་པོ་སྔགས་འཆང་ཤཱཀྱ་བཟང་པོ་ཚེ་རབས་ཀྱི་བླ་མ་ཡིན་པར་དགོངས་ནས་རྩ་བའི་བླ་མར་བཟུང་། མངའ་རིས་ནས་ཀོང་པོ་ཡན་གྱི་མཁས་གྲུབ་མང་པོར་བསྟེན་ནས་བཀའ་གཏེར་མན་ངག་གི་ཆོས་ཚུལ་རྒྱ་མཚོའི་བདག་པོར་གྱུར། ཆོས་སྐྱོང་བྲན་ཏུ་ཁོལ་བས་ཕྲིན་ལས་རྣམ་པ་བཞི་ལ་དབང་འབྱོར། གཅེན་པཎ་ཆེན་རིན་པོ་ཆེ་དང་ལྷན་ཅིག་བསམ་ཡས་དབུ་རྩེ་རྣམ་སྣང་གསང་སྒྲོམ་ནས་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་སྤྱན་དྲངས། ཆོས་བདག་རིན་ཆེན་ཕུན་ཚོགས་ལ་པཎ་ཆེན་རིན་པོ་ཆེས་དབུ་འཛུག་ཙམ་ལས་གནང་མ་གྲུབ་པས་རིག་འཛིན་འདི་ལས་བཀའ་ལུང་རྫོགས་པར་གསན། ཡོངས་འདུས་སུ། དེ་ལ་འདུད་བྱེད་སྤྲུལ་པའི་གཏེར་སྟོན་བཞིར་ལུང་བསྟན་པའང་འབྲི་གུང་རིན་ཆེན་ཕུན་ཚོགས། མི་འགྱུར་ལས་འཕྲོ་གླིང་པ། གནས་གསར་མཁྱེན་བརྩེའི་དབང་ཕྱུག །རིག་འཛིན་ལེགས་ལྡན་རྗེ་རྣམས་ཡིན་པར་གསུང་། ཁྱད་པར་རང་གཏེར་འོན་ཕུ་སྟག་ཚང་ནས་དྲག་པོ་དབུ་དགུའི་ཆོས་སྐོར་ཟབ་ལ་རྒྱས་པ་དང་། འབྲས་མོ་གཤོང་གི་གནས་སྒོ་ཕྱེས་ཏེ་ལྷ་རི་རིན་ཆེན་སྙིང་པོའི་བྲག་ནས་ཚེ་སྒྲུབ་བདུད་རྩི་འཁྱིལ་པ་ཞེས་ངོ་མཚར་ཅན་གྱི་ཆོས་སྐོར་སྤྱན་དྲངས། གཞན་ཡང་འཇམ་དཔལ་ཞི་དྲག །ཐུགས་རྗེ་ཆེན་པོ། ཕྱག་རྡོར་སོགས་ཟབ་གཏེར་མང་དུ་བཞེས་པར་བཤད། བསམ་ཡས་དཀོར་སྲུང་གནོད་སྦྱིན་ཙི་དམར་བ་ཨར་ལ་གཏད་ནས་རྒྱུད་འཇམ་དུ་བཏང་པ་སོགས་མཐུ་སྟོབས་ནུས་པ་ཕྱིས་ཚོད་འདི་ལས་ལྷག་པ་མ་བྱུང་བར་གྲགས། སྐུ་ཚེའི་སྨད་ལ་གསང་སྔགས་ཐེག་མཆོག་གླིང་གི་སེང་གེའི་ཁྲིར་བཞུགས། དབང་བསྐུར་ཆོས་འཆད་སོགས་དམ་པའི་མཛད་པ་ལ་ནམ་ཡང་སྐྱོ་ངལ་མེད་ཅིང་། གསར་རྙིང་གི་སྐྱེས་ཆེན་ཡོངས་སུ་གྲགས་པ་རྣམས་ནས་ཉམ་ཆུང་རི་ཕུག་འཛིན་པ་ཡན་ཆད་ཞལ་སློབ་གྲངས་ཀྱིས་མི་ཆོད་པ་བྱུང་། དགུང་ལོ་བརྒྱ་དང་བཅུ་གསུམ་གྱི་བར་བཤད་སྒྲུབ་ཀྱིས་བསྟན་པ་བསྐྱངས་ནས་གསང་སྔགས་ཐེག་གླིང་ཉིད་དུ་སྐུ་བསྙུན་པ་མེད་པར་ཆོས་དབྱིངས་སུ་གཤེགས། གདུང་རྟེན་གྱི་བྱ་བ་སོགས་གཤེགས་རྗེས་ཆོས་རྒྱལ་དབང་པོའི་སྡེས་སྒྲུབ་པར་མཛད་དོ། །ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ། དྲག་པོ་ཡེ་ཤེས་རང་གསལ་དང་ཚེ་སྒྲུབ། བླ་མ་སྐུ་གསུམ་མའི་ཁྲིད་རྒྱུན་རྣམས་བར་མ་ཆད་པར་བཞུགས་ཤིང་བདག་གིས་ཀྱང་ཐོས་སོ། ༈ །མཁར་ཆེན་དཔལ་གྱི་དབང་ཕྱུག་གི་རྣམ་འཕྲུལ་གཏེར་སྟོན་མ་ཏི་རཏྣ་ནི། མདོ་སྨད་རྟ་ཤེལ་གཉིས་ཀྱི་མཚམས་ཤིག་ཏུ་སྐུ་འཁྲུངས་པར་གྲགས། ཤེལ་ཁོག་བ་ཐང་ཤིང་གི་གནས་སིནྡྷཱུ་རའི་ཆུ་ནས་བདུད་འདུལ་དྲག་མོའི་ཆོས་སྐོར་དང་གཞན་ཡང་བླ་སྒྲུབ་ཀྱི་སྐོར་སོགས་སྤྱན་དྲངས། དེང་སང་ཡང་དགོན་གནས་དང་ཆོས་བརྒྱུད་དར་བ་ཡོད། གཏེར་སྟོན་འདི་སྐུ་ཚེ་སྔ་མའི་རྟེན་འབྲེལ་ཞིག་གིས་ཕྱག་རྫས་བཀྲེས་པོ་ལས་མེད་པར། གུ་རུ་རིན་པོ་ཆེར་གསོལ་བ་བཏབ་པས། ཤར་བཞག་ར་དཀར་མོར་གསེར་དྲེལ་རྒྱབ་གཅིག་གཏེར་འདོན་རྒྱུ་ཡོད་པའི་ལུང་བསྟན་བྱུང་། གཏེར་འདོན་དུ་བྱོན་པས་ལ་ཆའི་དྲེའུ་ཆུང་ངུ་ཞིག་གི་རྒྱབ་གཡས་གཡོན་དུ་གསེར་སྲན་འབྲུ་ཕྱེད་པ་ཙམ་རེ་ཡོད་པ་ཞིག་བྱུང། དེ་ཉིད་གཡང་རྟེན་དུ་བཟུང་ནས་གཏེར་སྒྲུབ་མཛད་ན་གསེར་དྲེལ་རྒྱབ་གཅིག་གི་ཚོད་ཀྱི་ལོངས་སྤྱོད་དང་མཉམ་པར་འབྱུང་རྒྱུ་ལ། གཏེར་སྟོན་ཐུགས་ཡིད་ཆད་དེ་ལོག་ལྟ་ཅུང་ཟད་སྐྱེས་པས་རྟེན་འབྲེལ་འཕྱུགས་ཏེ་ལོངས་སྤྱོད་མ་བྱུང་བར་སྐུ་གཤེགས་ཟེར་བའི་ངག་སྒྲོས་སྣང་། རྣམ་ཐར་དང་ལོ་རྒྱུས་ཞིབ་པར་མ་མཇལ། བདུད་འདུལ་དྲག་མོའི་ཆོས་སྐོར་ནི་མདོ་སྨད་ཕྱོགས་སུ་དར་རྒྱས་ཆེ་ཞིང་། འདི་དང་བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་དབང་ལུང་བདག་གིས་ཀྱང་ནོས་པའོ། ༈ །གདོང་དཀར་ལ་ཁ་བ་ཚེ་རིང་རྡོ་རྗེ་ནི། ལྷ་ལྕམ་ནུས་འབྱིན་ས་ལེའི་གཡོག་མོ་གསལ་བའི་སྒྲོན་མ་ཞེས་པའི་སྐྱེ་བ་ཡིན། ལྷོ་སྤ་གྲོའི་ཕྱོགས་སུ་འཁྲུངས། ཉང་རོ་རྩིས་གནས་གསར་གྱི་བྱང་། བྲག་དམར་གཏེར་ཁུང་གི་གནས་ནས་རྫོགས་ཆེན་སྤྱི་ཏིའི་སྐོར་རྣམས་གདན་དྲངས་ཤིང་། གནས་གསར་ཡུམ་ཆེན་མོའི་སྐུ་རྒྱབ་ནས་དམ་རྫས་སྐྱེ་བདུན་གྱི་རིལ་བུ་བྱ་མ་གསར་གྱི་སྒོ་ང་ཙམ་པ་དྲུག་གཏེར་ནས་བཞེས། ལྷོ་སྤ་གྲོ་ནས་ཀྱང་གཏེར་ཁ་མང་དུ་བཞེས་པར་མཛད་ནས་ལྷོ་རྒྱུད་དང་ཉང་ཤབ་རྟ་ནག་རྣམས་སུ་འགྲོ་དོན་རྒྱ་ཆེར་མཛད་ཅིང་། སླར་ཡང་གཏེར་སྟོན་ཉིད་ཀྱི་སྐུ་སྐྱེ་དང་གདུང་སྲས་སྐལ་ལྡན་རྡོ་རྗེ་བྱ་བས་ཀྱང་འགྲོ་དོན་མཐའ་ཡས་པར་མཛད། སྤྱི་ཏིའི་ཆོས་ཉམས་ལེན་མཁན་འོད་ལུས་གྲུབ་པ་འགའ་ཞིག་བྱུང་བར་གྲགས་ཤིང་སྨིན་གྲོལ་གྱི་རྒྱུན་བཟང་མ་ཉམས་པའང་ཐོབ་བོ། ༈ །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་ལང་གྲོ་ལོ་ཙཱ་ཟུང་དུ་འཇུག་པའི་རྣམ་འཕྲུལ་གནས་གསར་བ་མཁྱེན་བརྩེའི་དབང་ཕྱུག་མདོ་སྔགས་གླིང་པ་ནི། རྩིས་གནས་གསར་བ་འ་ཞའི་གདུང་རིགས་ཡབ་སྟོང་དཔོན་ནམ་མཁའ་རྡོ་རྗེ་དང་ཡུམ་ཚེ་བརྟན་བུ་འདྲེན་གཉིས་ཀྱི་སྲས་སུ་ཤིང་ཕོ་སྤྲེའུ་ལོར་གཙང་སྟོད་བོ་དོང་དུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། སྐུ་ཆུང་ངུ་ནས་མི་འཕྲོག་པའི་མཁྱེན་རབ་དང་དད་མོས་སྙིང་རྗེའི་རྩལ་རྒྱས་ཤིང་དམ་པའི་ཀུན་སྤྱོད་ཁོ་ན་ལས་ཐ་མལ་བའི་སྤྱོད་པ་གཏན་ནས་མི་མཛད། དགུང་ལོ་གཅིག་པར་རྗེ་བཙུན་སྒོ་རུམ་པས་བླ་མ་གསང་འདུས་ཀྱི་ཟླུམ་པོ་བཞི་དབང་གནང་བ་ཐུགས་ལ་གསལ་བར་དྲན་ཅིང་སཾསྐྲྀ་ཏའི་སྐད་ཐོལ་བྱུང་དུ་གསུང་བ་དང་། ལྗགས་ཀློག་མ་བཞེས་པའི་སྐབས་སུ་རྣལ་འབྱོར་དབང་ཕྱུག་བིར་ཝ་པ་ལ་བསྟོད་པའི་ཚིགས་བཅད་ཐོལ་བྱུང་དུ་གསུང་བ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ། འབྲི་ཀློག་རིག་གནས་སོགས་ཐོགས་མེད་དུ་མཁྱེན། དགུང་ལོ་བརྒྱད་བཞེས་པའི་སྐབས་རྡོ་རྗེ་འཆང་ཀུན་དགའ་ལེགས་པའི་འབྱུང་གནས་ལས་རབ་ཏུ་བྱུང་། མཚན་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། ཚར་ཆེན་རྡོ་རྗེ་འཆང་། སྒོ་རུམ་པ་གཙོ་བོར་གྱུར་པའི་ཡོངས་འཛིན་རྣམས་ལས་གསན་པ་རྒྱ་མཚོ་ལྟ་བུ་གནང་། བསྙེན་སྒྲུབ་མང་པོ་དང་། རྡོ་རྗེའི་རྣལ་འབྱོར་སོགས་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད། དགུང་ལོ་ཉི་ཤུ་པ་ལ་བསྙེན་རྫོགས་བཞེས་ཏེ་བཙུན་པའི་དཔེར་འོས་པའི་ཀུན་སྤྱོད་གཙང་། སྐུ་མཚམས་བཞུགས་པའི་ཁོངས་སུ་རྒྱ་གར་ནུབ་ཕྱོགས་ནཱ་ཀ་ཀོ་ཊིའི་རྒྱལ་པོའི་སྲས་མ་ཎི་ཀ་ནཱ་ཐ་ཞེས་བྱ་བ་འཆི་མེད་གྲུབ་པའི་ཛོ་ཀི་ཞིག་བྱོན་པ་ལས་ཨོ་རྒྱན་པདྨ་སྐུ་གསུམ་གྱི་སྒྲུབ་ཐབས་དང། ཨ་བྷི་དྷཱ་ན་ལས་བྱུང་བའི་ཕག་མོའི་བྱིན་རླབས། བྷྲཱུ་རླུང་གི་མན་ངག་སོགས་གསན། སློབ་དཔོན་པདྨའི་སྐུ་རྒྱལ་པོ་ལུགས་བལྟ་བས་ཆོག་མི་ཤེས་པ་ཞིག་ཐུགས་དམ་རྟེན་ཏུ་བཞུགས་པ་གཟིགས་པས། ཨོ་རྒྱན་སྒྲུབ་ཐབས་ནི་རཏྣ་གླིང་པའི་གཏེར་མ་དང་དོན་གཅིག་པར་འདུག་ཅིང་། གུ་རུ་རྒྱལ་པོ་ལུགས་པེ་ཧར་གྱིས་བོད་དུ་སྤྲུལ་པ་ཡིན་ཟེར་བའི་རྫུན་ཕུག་རྡིབ། སྔར་རྙིང་མ་ལ་ལོག་རྟོག་ཡོད་པ་དེར་སངས། སྐུར་ཞུས་བྱས་པ་ལ་ཐུགས་འགྱོད་ཆེན་པོ་སྐྱེས་ནས། རྙིང་མ་བཀའ་གཏེར་གྱི་ཆོས་ཡོད་དོ་ཅོག་གསན་བསམ་དང་འཆད་སྤེལ་མཛད་ཅིང་གྲུབ་མཐའི་རྐང་བཟུང་བའི་དམ་བཅའ་མཛད། དེ་ཕྱིན་ཆད་ཛོ་ཀི་དང་རྒྱ་གར་གྱི་སྤྱོད་པ་ལ་ཐུགས་དགྱེས་ཤིང་ན་ག་ར་དང་ཁ་ཆེའི་ཡི་གེ་སོགས་བརྡོལ་ཤེས་སུ་གྱུར། རྟ་ནག་ཐུབ་བསྟན་དུ་མཚན་ཉིད་ཀྱི་གསན་སྦྱང་མཐར་ཕྱིན་པར་མཛད། རྗེ་ཚར་ཆེན་ལས་ས་སྐྱ་པའི་ཆོས་བཀའ་སྤྱི་དང་ཁྱད་པར་ལམ་འབྲས་སློབ་བཤད་སོགས་སྙན་བརྒྱུད་ཀྱི་གདམས་པ་རྫོགས་པར་གསན་ནས་བསྟན་པའི་བདག་པོར་དབང་བསྐུར་བ་ཐོབ། ལུང་བསྟན་ལྟར་གྲོམ་པ་རྒྱང་དུ་གནས་གཟིགས་བྱོན། འདིར་གཏེར་གནས་དང་གཏེར་རྟགས་མཐོང་གསུངས་པ་ཙམ་ལས་གཏེར་འདོན་ཚུལ་མ་གསུངས་ཤིང་། མཚན་ཉིད་ཀྱི་གྲྭ་སར་བཞུགས་པ་དང་དམ་གྲིབ་ཀྱི་སྐྱོན་གྱིས་གཏེར་ཁ་མང་པོ་བཞེས་མ་གྲུབ་ཀྱང་། ཐོག་སེར་སོགས་གདམས་པ་ངོ་མཚར་བ་པུསྟི་གཅིག་ཙམ་བཞེས་པའང་བཤད། སེ་བཀྲ་བཟང་བ་དང་། མངའ་རིས་རིག་འཛིན་ཆེན་པོ་སོགས་ལས་རྙིང་མ་བཀའ་གཏེར་མང་དུ་གསན་ནས་གསར་རྙིང་གཉིས་ཀའི་ཆོས་ཀྱི་ཕྲིན་ལས་མཐའ་ཡས་པ་སྤེལ། གདན་ས་ཆེན་པོ་ཞ་ལུའི་ཆོས་ཁྲིར་ཞབས་བཀོད་ནས་བུ་སྟོན་ཐམས་ཅད་མཁྱེན་པའི་བཀའ་སྲོལ་ཉམས་པ་གསོ་བ་སོགས་བསྟན་པའི་ཞབས་ཏོག་རླབས་ཆེན་མཛད་ནས་དགུང་ལོ་བཞི་བཅུ་རྩ་བཞི་པར་ཞིང་ཁམས་གཞན་དུ་གཤེགས། སྐུའི་དབོན་དབང་ཕྱུག་རབ་བརྟན་དང་མགོན་པོ་བསོད་ནམས་མཆོག་ལྡན་ཞེས་བསྟན་པའི་ཉི་མ་ཆེན་པོ་ཚར་ཆེན་རྣམ་འཕྲུལ་དེ་ཉིད་ནས་བརྩམ། སྤྲུལ་པའི་རྣམ་རོལ་ད་ལྟའི་བར་རིམ་པར་བྱུང་བ་ཡིན་ལ། འདི་ཉིད་ནས་བརྒྱུད་པའི་བྷྲཱུ་རླུང་གི་གདམས་ངག་ཙམ་ཞིག་བདག་གིས་ཀྱང་ནོས་སོ། ༈ །ཆོས་རྒྱལ་ཁྲི་སྲོང་གི་ཡོན་ཏན་རྣམ་འཕྲུལ་དུ་ལུང་གིས་ཟིན་པ་ཀརྨ་གུ་རུའམ་ཆོས་རྒྱལ་དབང་པོའི་སྡེ་ནི། གཡས་རུའི་སྟོད་དུ་མི་ཉག་གི་རྒྱལ་རྒྱུད་བྱང་བ་རིགས་ལྡན་ཆེན་པོ་ནམ་མཁའ་རིན་ཆེན་དང་། ཡུམ་ཆོས་སྐྱོང་འཛོམ་ཆེན་གཉིས་ཀྱི་སྲས་སུ་ལྕགས་ཕོ་ཁྱིའི་ལོར་མཚན་རྟགས་ཁྱད་པར་ཅན་དུ་མ་དང་བཅས་ཏེ་འཁྲུངས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས། དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་ཞེས་པའི་མཚན་དང་ཚེ་དབང་སོགས་གནང་། རྗེ་དེ་ཉིད་དང་། ལོ་ཆེན་རཏྣ་བྷ་དྲ། གནུབས་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། རིག་འཛིན་ལེགས་ལྡན་པ། འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་སོགས་རིས་མེད་ཀྱི་མཁས་གྲུབ་དུ་མ་ལས་མདོ་སྔགས་གསར་རྙིང་གི་གསན་པ་རྒྱ་ཆེར་མཛད་ཅིང་མཁྱེན་རབ་ཕྱོགས་མེད་དུ་རྒྱས། ཁྱད་པར་སྔོན་བྱོན་གཏེར་ཆོས་རྣམས་ཀྱི་བཀའ་བབས་པས་མཚན་སྡོམ་གསོལ་འདེབས་མཛད་པའི་ནང་གསལ་གྱི་གཏེར་ཆོས་རྣམས་ཀྱི་རྒྱུན་གསན་ཅིང་དམ་རྫས་ཀྱི་རིགས་ཐམས་ཅད་ཕྱག་ཏུ་སོན། ནུས་མཐུ་ལ་མངའ་བརྙེས་པས་སྐུ་དགྲ་རྣམས་རྨེག་མེད་དུ་བཅོམ་པ་སོགས་ཕྲིན་ལས་བཞི་ལ་མངའ་དབང་འབྱོར། བསམ་ཡས་ཨརྻ་པ་ལོའི་གླིང་ནས་གཏེར་ཁ་སྤྱི་ལ་གཅེས་པའི་ཞལ་བྱང་དང་མྱང་གྲོལ་པདྨ་རཱ་གའི་ཟ་མ་ཏོག་གཅིག་ཐོག་མར་ཐོན། དེ་ནས་རིམ་པར་གཙང་རོང་གི་བྲག་ལྷང་ལྷང་མའི་ངོས་སུ་ཁྲོམ་ཚོགས་མང་པོས་མཐོང་བར་བྱ་འཕུར་བ་ལྟར་གཤེགས་ཏེ་སྒྲུབ་ཕུག་ནས་སྐུ་གསུམ་རིགས་འདུས་དང་ཀརྨ་གུ་རུའི་ཆོས་སྐོར་སྤྱན་དྲངས། དེ་རྗེས་ལྷོ་བྲག་འཇོད་པ་གསེར་གྱི་མཆོད་རྟེན་ནས་མ་རྒྱུད་སྙིང་པོ་དོན་གསུམ་དང་དམ་རྫས་ཕུར་པ་སོགས་བཞེས། གཞན་ཡང་གཏེར་ཁ་ཐོར་བུ་མང་དུ་བཞེས་པར་སྣང་ཞིང་། དབུས་གཙང་ལྷོ་བྲག་ཁམས་ཀོང་རྣམས་སུ་ཆོས་ཀྱི་ཕྲིན་ལས་སྐྱོང་བ་དང་གྲུབ་པའི་རྟགས་བསྟན་པ་སོགས་བསམ་གྱིས་མི་ཁྱབ། མདོ་ཁམས་ཧ་ཀ་ལིང་ཙེ་ཡན་ཆད་དུ་ཕེབ་ནས་འགྲོ་བ་མཆོག་དམན་མང་པོ་ཐར་པའི་ལམ་ལ་བཀོད། དགུང་ལོ་ལྔ་བཅུ་ང་གསུམ་ས་སྟག་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་ཉེར་གཅིག་གི་སྲོད་འཁོར་ལ་བྱམས་གླིང་མཆོད་རྟེན་ཆེན་མོའི་མདུན་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་སོ། །གོང་སྨོས་གཏེར་ཆོས་གསུམ་པོའི་དབང་ལུང་གི་རྒྱུན་མ་ཆད་པར་བཞུགས་ཤིང་བདག་གིས་ཀྱང་ནོས་སོ། ༈ །རིག་འཛིན་ངག་གི་དབང་པོ་ནི། རིག་འཛིན་ཆེན་པོ་ལེགས་ལྡན་རྗེའི་སྐུའི་སྐྱེ་བ་དེ་མ་ཐག་པ་སྟེ། ཡབ་བྱང་བདག་དབང་པོའི་སྡེ་དང་། ཡུམ་ཟ་ཧོར་གྱི་གདུང་ལས་ལྷ་ལྕམ་ཡིད་བཞིན་དབང་མོའི་སྲས་སུ་ལྕགས་ཕོ་འབྲུག་གི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས་ལ་གཙུག་ཕུད་ཕུལ་བས་མཚན་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་སྨིན་པར་མཛད། ཡབ་རྗེ་ལས་ཆོས་བཀའ་བུམ་པ་གང་བྱོར་གསན་པས་རྙིང་མ་བཀའ་གཏེར་གྱི་ཆོས་ཀྱི་རྒྱ་མཚོ་ཆེན་པོར་གྱུར། རྟེན་སྡོམ་པ་གསུམ་ལྡན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་རྣམ་པར་བཞུགས། ཤེལ་བྲག་སོགས་གནས་ཆེན་མང་པོར་ཐུགས་དམ་བསྙེན་སྒྲུབ་རྩེ་གཅིག་ཏུ་མཛད་པས་ལྷག་པའི་ལྷ་དུ་མ་ཞལ་གཟིགས། རྡོ་རྗེའི་ཆོས་སྲུང་རྣམས་བྲན་དུ་འཁོལ། བསམ་ཡས་ཆོས་སྐྱོང་ཆེན་པོའང་སྤ་བཀང་པས་མཚོན་མཐུ་སྟོབས་ནུས་པ་འགྲན་ཟླ་དང་བྲལ། མངོན་པར་ཤེས་པའང་རྒྱ་ཆེན་པོ་མངའ། སྐུ་ཆུང་དུས་ཡབ་ཀྱི་ཞབས་ཕྱིར་ལན་གཅིག་དང་རྗེས་སུ་རྗེ་ཉིད་སྟོན་འཁོར་རྣམས་ལན་གཅིག་བཅས་ལན་གཉིས་ལ་རྒྱ་ཧ་ཀ་ལིང་ཙེ་ཡན་ཆད་དུ་ཞབས་བཀོད་ནས་འགྲོ་དོན་རླབས་པོ་ཆེ་མཛད། གདན་སའི་མཐིལ་ཐུབ་བསྟན་རྡོ་རྗེ་བྲག་ཏུ་གཏན་ཆགས་ཏེ་འཁོར་ལོ་གསུམ་གྱི་མཛད་པ་གོང་འཕེལ་དུ་རྒྱས། མཐར་ཐུགས་སྲས་ཀྱི་ཐུ་བོ་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་ལ་གདན་ས་གནང་ནས་ས་ཡོས་ནག་པ་ཟླ་བའི་ཚེས་བཅུའི་ཉིན་བསྙུན་མངོན་གྱུར་མེད་པར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། གདུང་བཞུ་བའི་དུས་འཇའ་འོད་དཀར་པོ་འཁྱིལ་ཞིང་མེ་ཏོག་དཀར་པོ་ཁྲུང་ཁྲུང་གི་སྒོ་ང་ཙམ་གྱི་ཆར་བབས་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་། གཤེགས་རྗེས་ཀྱི་བྱ་བ་སྤྱི་དང་གདུང་རྟེན་བཞེངས་པ། སྤྲུལ་པའི་སྐུ་པདྨ་ཕྲིན་ལས་རྣམ་སྲས་གླིང་དུ་སྐུ་འཁྲུངས་པའི་ངོས་འཛིན་སོགས་རིག་འཛིན་ཡོལ་མོ་བ་ཆེན་པོས་མཛད། འདི་ཉིད་ཟབ་གཏེར་གྱི་འཁོར་ལོས་སྒྱུར་བར་ངེས་ནའང་ཤ་གཟུགས་པ་བཀྲ་ཤིས་རྣམ་རྒྱལ་གྱི་གཏེར་འབྱུང་ལས། ཉིད་ཀྱིས་ཟབ་གཏེར་འགའ་རེ་བཞེས་ནའང་ཐུགས་བབས་དཀྱེལ་ཆེ་བས་མངོན་པར་མི་མཛད། ཅེས་སྣང་བ་ལྟར་པདྨ་བཀའ་ཐང་ལས། རེས་འགའ་མི་འབྱིན་གཏེར་རྙིང་བསྟན་པ་སྐྱོང༔ ཞེས་པ་ཕྱག་ལེན་དུ་བཏབ་སྟེ་ཡབ་ཆོས་གཏེར་རྙིང་གི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་འགྲན་ཟླ་དང་བྲལ་བས་གསང་སྔགས་རྙིང་མའི་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་ཏོ། ༈ །ལོ་ཆུང་དཀོན་མཆོག་འོད་ཀྱི་རྣམ་འཕྲུལ་དང་། རྒྱལ་སྲས་ལྷ་རྗེའི་སྐྱེ་བ་བཅུ་པ་ཨེ་སྤེ་ཅོག་གར་དབང་ལས་འཕྲོ་གླིང་པ་ནི། ཨེ་ཡུལ་དྲུག་གི་ལུང་པའི་ལྗོངས་གང་པོ་ནག་གི་སྤེ་ཅོག་ཏུ་ལོ་ཙཱ་བ་ཁེར་གད་འཁོར་ལོ་གྲགས་སོགས་ཀྱི་གདུང་རུས་ལས་རིག་འཛིན་རཏྣ་གླིང་པའི་དབོན་རྒྱུད་དུ་འཁྲུངས། དགུང་ལོ་དྲུག་པར་རབ་ཏུ་བྱུང་། སྤྱོད་པ་ཡ་མཚན་ཆེ་བ་མང་དུ་མཛད། བཅུ་བདུན་པར་ཡར་ལུང་ཤེལ་བྲག་པདྨ་བརྩེགས་པ་ནས་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོ་ལ། ཐུགས་དམ་ཟབ་པ་སྐོར་བདུན། ལུས་མེད་མཁའ་འགྲོའི་ཆོས་སྐོར། ཡི་དམ་ཕག་མོ་དཀར་མོ། བཀའ་བརྒྱད་རྫོང་འཕྲང་། ཚེ་དཔག་མེད། མགོན་པོ་ཕྱག་བཞི་པ་སོགས་ཆོས་དང་རྟེན་དང་དམ་རྫས་དཔག་ཏུ་མེད་པ་སྤྱན་དྲངས། པདྨ་བརྩེགས་པའི་བྲག་ལ་དུས་ཕྱིས་སུའང་མི་ཐར་བ་ལ་རྫུ་འཕྲུལ་གྱིས་བྱ་འཕུར་བ་ལྟར་བྱོན་པས་དེར་ཡོད་ཐམས་ཅད་ངོ་མཚར་གྱི་ས་ལ་བཀོད། གཞན་ཡང་འོད་དེ་གུང་རྒྱལ་མགུལ་ནས་ཚེ་སྒྲུབ་གསང་བ་འདུས་པ་དང་རྡོ་རྗེ་རྒྱ་མདུད། ཁྲོས་མ་ནག་མོ། མ་ནིང་སྟག་ཞོན་ཞིང་སྐྱོང་སོགས། ཨོ་རྒྱན་གླིང་པའི་གཏེར་ཞབས་བཟོ་པ་ཏྲ་ཀ་སོགས་སྔ་ཕྱིར་གཏེར་ཆོས་མང་དུ་སྤྱན་དྲངས། གསང་སྔགས་བཀའ་གཏེར་གྱི་གདམས་པ་དཔག་ཏུ་མེད་པར་གསན་བསམ་སྒོམ་པ་མཐར་ཕྱིན་མཛད། གྲུབ་པའི་རྟགས་དང་མངོན་ཤེས་ཐོགས་པ་མེད་པས་ཕྱིང་དབར་སྟག་རྩེའི་སྡེ་པ་སོགས་ཆེན་པོ་རྣམས་ཀྱིས་མཆོད་གནས་སུ་བཀུར། དབུས་དང་ཡར་འབྲོག་ཨེ་དྭགས་སོགས་སུ་འགྲོ་དོན་རྒྱ་ཆེར་བསྐྱངས། རིག་འཛིན་ཞིག་པོ་གླིང་པའི་ཁྱུང་ཚང་བྲག་གི་གཏེར་གྱི་ཁ་བྱང་ཡང་འདིས་ཕུལ་བར་གྲགས། སྐུ་ཚེའང་མཐར་ཕྱིན་པར་བཞུགས་ཤིང་གདུང་རྒྱུད་དང་ཆོས་བརྒྱུད་ཀྱང་ཨེ་གང་པོ་སྤེ་ཅོག་ན་ཕྱིས་ཀྱི་བར་ཡོད་པར་སྣང་། གཏེར་ཆོས་གྲས་སེང་གདོང་མའི་སྐོར་སོགས་རིག་འཛིན་གཏེར་བདག་གླིང་པས་ཀྱང་གསན་ཚུལ་སྣང་མོད། དེང་སང་རྒྱུན་མི་འདུག །འོན་ཀྱང་རྗེ་བླ་མས་ཡང་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་པའི་ཕག་མོ་དཀར་མོ་ཡེ་ཤེས་འཁོར་ལོའི་སྨིན་གྲོལ་རྫོགས་པར་བཀའ་དྲིན་དུ་ཐོབ་པས་ཕྱོགས་འདིར་ཡང་སྐལ་བཟང་དུ་མཚོན་ནོ། ༈ །གཏེར་སྟོན་རིན་པོ་ཆེ་ཡོངས་འཛིན་ངག་དབང་གྲགས་པ་ནི། སྤ་གྲོ་ཀུན་བཟང་གླིང་དུ་ཀུན་མཁྱེན་ཆེན་པོའི་གདུང་རྒྱུད་དུ་འཁྲུངས། རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་གདམས་ངག་གསན་བསམ་སྒོམ་གསུམ་མཐར་ཕྱིན། ནམ་མཁའ་ལ་བྱ་བཞིན་འཕུར་བ་སོགས་སྣང་རིག་འདྲེས་པའི་རྟགས་མངོན་གྱུར་དུ་སྟོན་ནུས་པ་དེས་གུ་རུ་དྲག་པོ་དམར་ནག་མེ་ཕྲེང་གི་སྐོར་དང་ཚེ་ཆུ་སོགས་གཏེར་ནས་བཞེས་པར་གྲགས་ཀྱང་བར་སྐབས་ནས་རྒྱུན་ཡོད་པར་མ་མངོན། གང་ལྟར་ཡང་མཁས་གྲུབ་ཆེན་པོ་སྟེ་བླ་མ་སོག་ཟློག་པས་ཀྱང་རྩ་བའི་བླ་མ་གཙོ་ཆེ་བ་ཞིག་ཏུ་མཛད་སྣང་ངོ་། ༈ །ལང་པོ་ལྕགས་སྡེ་བའི་སྔགས་འཆང་བཀྲ་ཤིས་ཚེ་བརྟན་གྱིས་སྒྲུབ་གནས་ཟངས་མདོག་དཔལ་རི་ནས་བྱ་སྒྲུབ་ཟབ་མོའི་ཆོས་སྐོར་རྣམས་བཏོན། བར་སྐབས་སུ་དར་རྒྱས་ཅུང་ཟད་བྱུང་བར་མངོན་ནའང་དེང་སང་དཔེ་ལུང་གི་རྒྱུན་གཞན་མ་མཐོང་། ཚེ་སྒྲུབ་ཟབ་ཁྱད་ཅན་ཉུང་ངུ་ཞིག་རྗེ་བླ་མའི་བཀའ་དྲིན་ལས་བདག་གིས་ཀྱང་ནོས་སོ། །སྤྱིར་གཏེར་སྟོན་འདི་དང་རིག་འཛིན་འཇའ་ཚོན་སྙིང་པོ་དུས་མཉམ་ཞིང་སོ་སོའི་ཆོས་བདག་ཀྱང་ཡིན་པས་ཕན་ཚུན་ཆོས་གསན་རེས་མཛད། གཏེར་སྟོན་བདུད་འདུལ་རྡོ་རྗེས་ཀྱང་ཕ་མཆོག་མངྒ་ཨཱ་ཡུཿཞེས་རྩ་བའི་བླ་མ་མཆོག་ཏུ་བསྔགས་པར་མཛད་པས་མཚོན། ཚད་ཐུབ་ཀྱི་སྤྲུལ་པའི་གཏེར་སྟོན་དུ་ངེས་སོ། ༈ །རྒྱལ་སྲས་ལྷ་རྗེའི་སྐྱེ་མཐའ་བཅུ་གཅིག་པར་ངེས་ཤིང་བཻ་རོ་དང་རིག་འཛིན་པདྨ་གླིང་པ་སོགས་ཀྱི་རྣམ་འཕྲུལ་དུའང་གསུངས་ཏེ། གང་ལྟར་ཡང་གཏེར་སྟོན་པདྨ་རིག་འཛིན་ནི། སྤུ་བོ་ར་ཞི་ཞེས་པར་སྐུ་འཁྲུངས། མཚན་ཡང་ར་ཞི་གཏེར་སྟོན་དུ་གྲགས། བདུད་རི་གནམ་ལྕགས་བྲག་ནས་གུ་རུ་ཞི་དྲག་གི་སྐོར་སོགས་གདན་དྲངས། བདུད་ལུང་སྟོབས་ལྡན་ནག་པོའི་དར་སྣ་ནས་བླ་མ་དགོངས་འདུས་གསུང་སྒྲུབ་ནོར་བུ་པད་ཕྲེང་སྐོར་དང་། གཞན་ཡང་སྦྲགས་ཡང་རྫོང་། ལྷོ་བྲག་མཁར་ཆུ། གནམ་སྐས་ཅན། ཟབ་བུ་ལུང་སོགས་ནས་སྤྱི་ཏི་བླ་མའི་རྫོགས་རིམ་སོགས་ཆོས་བཀའ་མང་པོ་དང་། དམ་རྫས་སྐྱེ་བདུན་སྐུ་རྟེན་སོགས་མང་དུ་སྤྱན་དྲངས། སྤུ་བོ་རྨ་སྐུང་ལུང་གི་གནས་སྒོ་འབྱེད་པ་སོགས་མཛད། ཀརྨ་པ་ཆོས་དབྱིངས་རྡོ་རྗེ། ཞྭ་དམར་བདུན་པ་སོགས་ལ་གཏེར་ཆོས་རྣམས་ཕུལ་ནས་ཆོས་བདག་ཏུ་མངའ་གསོལ། གཏེར་སྟོན་འདི་རིག་འཛིན་འཇའ་ཚོན་སྙིང་པོ་དང་དུས་མཚུངས་ལ་འཇའ་ཚོན་པའི་ཆོས་བདག་ཀྱང་ཡིན། རྩེ་ལེ་སྣ་ཚོགས་རང་གྲོལ་སྐུ་ན་ཕྲ་མོའི་དུས་གཙུག་ཕུད་བཞེས་ནས་མཚན་མཁས་མཆོག་པདྨ་ལེགས་གྲུབ་ཏུ་གསོལ། ཁོང་རང་གི་གཏེར་ཆོས་འགའ་ཞིག་གི་དབང་ལུང་ཡང་ཕུལ་བར་མཛད་པ་སོགས་དར་རྒྱས་ཅུང་ཟད་བྱུང་བར་མངོན། སྤུ་བོ་རྦ་ཁ་གསང་སྔགས་ཆོས་གླིང་སོགས་འདིའི་བརྒྱུད་འཛིན་ཡིན་ཀྱང་དེང་སང་དབང་ལུང་གི་རྒྱུན་བཞུགས་པར་མ་ཐོས། རྡོ་རྗེ་ཁྱུང་ཁྲའི་སྐོང་ཉུང་ངུ་ཟབ་ཁྱད་ངོ་མཚར་ཅན་ཞིག་རྗེ་བླ་མའི་བཀའ་དྲིན་ལས་བདག་གིས་ཀྱང་ནོས། འདིའི་སྐྱེ་བ་རྒྱལ་སྲས་ལྷ་རྗེའི་རྣམ་འཕྲུལ་བཅུ་གཉིས་པ་ནི་རིག་འཛིན་ཆོས་རྗེ་གླིང་པ་སྟེ། དེ་ཉིད་ཀྱི་རྣམ་ཐར་ཞལ་གསུང་མ་ལས་སྔོན་གནས་རྗེས་དྲན་གྱི་ཚུལ་ཤིན་ཏུ་གསལ་བར་གསུངས་པ་ལྟར་རོ། ༈ །མཆོག་དབྱངས་རྣམ་འཕྲུལ་གཙང་རོང་ལྡུམ་རར་འཁྲུངས་པའི་རོང་པ་གཏེར་སྟོན་བདུད་འདུལ་གླིང་པར་གྲགས་པ་ནི། ཐོག་མར་སྐྱེད་ཚལ་འོག་གི་ཆོས་གྲྭར་ཞུགས། སྡེ་སྣོད་ལ་སྦྱང་པ་ཅི་རིགས་མཛད། སླར་སྔ་འགྱུར་གྱི་གསང་བ་ཟབ་མོ་ཐུགས་ཉམས་སུ་བཞེས་པས་རླུང་ནུས་དང་གྲུབ་རྟགས་ཐོགས་མེད་དུ་ཐོན། ཟབ་གཏེར་ཡང་མང་དུ་བཞེས་ཤིང་ཕྲིན་ལས་ཅུང་ཟད་འཕེལ་ནའང་མཐར་རྒྱལ་པོ་ལྷ་བཟང་གིས་བར་དུ་བཅད་ནས་རྐྱེན་ལམ་དུ་གཤེགས་པས་ཆོས་རྒྱུན་མ་བྱུང་བར་སྣང་། གང་ལྟར་ཡང་སྨིན་གླིང་གཏེར་ཆེན་སོགས་ཀྱིས་ཚད་མར་བཞེད་པས་གཏེར་སྟོན་ཚད་ཐུབ་ཏུ་སྣང་བས་གཏེར་ཆོས་དངོས་མ་ཐོས་ཀྱང་ཡང་གཏེར་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ཀྱི་ཆོས་བཀའ་རྗེ་བླ་མར་བཀའ་བབས་པ་བདག་གིས་ཀྱང་ནོས། འདིའི་སྐུའི་སྐྱེ་བ་དེ་མ་ཐག་པ་ནི་ཟུང་མཁར་ཐེག་ཆེན་གླིང་པ་ཡིན་ནོ། ༈ །འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐྱེ་མཐའ་གཏེར་སྟོན་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་ནི། སྔོན་གྱི་གཏེར་རྙིང་བཅུ་གསུམ་ཙམ་ནས་ལུང་བསྟན་ཤིན་ཏུ་གསལ་བ་ལྟར། མདོ་ཁམས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་ཁབ་དང་ཉེ་བའི་དངུལ་ཕུ་ནང་དུ་གྲགས་པའི་སྲིབ་ཕྱོགས་སུ་ཡབ་གླིང་གི་རིགས་འཚོ་བྱེད་མཁས་པ་ཀླུ་སྐྱབས་དང་། ཡུམ་བོ་ལུ་མ་ཞེས་པའི་སྲས་སུ་ཤིང་མོ་ཡོས་ཀྱི་ལོ་ལ་འཁྲུངས། ཡབ་ལས་ཡི་གེ་འབྲི་ཀློག་དང་གསོ་དཔྱད་སོགས་སྦྱོང་བདར་མཛད། དགུང་ལོ་དྲུག་པ་ནས་དག་པའི་སྣང་བ་མང་པོ་ཤར། ཆུང་ངུའི་དུས་ནས་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་ཞུགས། རིག་འཛིན་རྒོད་ལྡེམ་ཅན་གྱི་རྣམ་འཕྲུལ་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་བསོད་ནམས་ཆོས་འཕགས་སུ་གསོལ། ཕ་ཝང་ཞིག་ལ་ཞབས་རྗེས་བྱོན་པ་ད་ལྟའང་འདུ་ཁང་ཆེན་མོའི་ཤར་སྒོའི་རྒྱབ་ཏུ་ཡོད། དཔལ་ས་སྐྱ་པའི་གཞུང་ལ་བསླབ་སྦྱང་གསན་བསམ་ཅི་རིགས་མཛད་པའི་སྐབས་སྙིང་པོ་ཡེ་ཤེས་ཀྱི་དོན་ཚོལ་བ་ལ་སྐོམ་པ་ཆུ་འདོད་པ་ལྟར་གྱུར་པས་རྨུགས་སངས་ཀྱི་སྒྲུབ་གནས་སུ་བྱོན། འདྲེན་པ་དཀོན་མཆོག་རྒྱལ་མཚན་ལས་རྫོགས་པ་ཆེན་པོ་སོགས་ཟབ་ཆོས་མང་དུ་གསན་ཅིང་ཐུགས་ཉམས་སུ་བཞེས་པས་རྟོགས་པའི་ཀློང་བརྡོལ། དེ་ནས་དབུས་ཕྱོགས་སུ་ཕེབས། ཉང་པོར་གྲུབ་ཆེན་བཀྲ་ཤིས་ཚེ་བརྟན་དང་མཇལ། སྨིན་གྲོལ་གྱི་གདམས་པ་མང་དུ་གསན། བྲག་དཀར་ལྷ་ཆུར་ཁམས་ཟས་སྤངས་ཏེ་བཅུད་ལེན་ཁོ་ནས་ཟབ་ལམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་མཐར་ཕྱིན་པར་མཛད། དང་པོའི་ཆོས་སྒོར་ཞུགས་པའི་རྟེན་འབྲེལ་གྱིས་གཙང་ས་ངོར་མན་དུ་བྱོན་ནས་གསུང་ངག་ལམ་འབྲས་སོག་གསན། སླར་ཕྱིར་བྱོན་སྐབས་བང་རིར་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་ཞབས་ལ་གཏུགས་ནས་དབང་ཁྲིད་མན་ངག་རྫོགས་པར་གསན། ལྷག་པར་འདིའི་སྐབས་སུ་གཏེར་གྱི་སྐལ་པ་ཅན་དུ་ལུང་བསྟན་པ་ལྟར། སྤུ་བོར་བྱོན་ཏེ་ཕོ་བྲང་གཡུ་མཚོར་རད་གླིང་ཕུར་པ་ཡང་གསང་བླ་མེད་ཀྱི་སྒྲུབ་པ་ལ་བརྩོན་པའི་ཚེ་མནལ་ལམ་དུ་ཟངས་མདོག་དཔལ་རིར་མཁའ་འགྲོ་རྣམས་ཀྱིས་གདན་དྲངས་ནས་ཞག་ཉེར་བརྒྱད་བཞུགས་པའི་ཐུགས་ཉམས་དང་། གུ་རུ་རིན་པོ་ཆེ་ལས་སྨིན་གྲོལ་རྫོགས་པར་གསན་ཅིང་གཏེར་གྱི་ལུང་བསྟན་བསྩལ་པ་སོགས་རྗེ་རང་གི་གསུང་དག་སྣང་དབང་གི་རྒྱལ་པོར་གསལ། དཔལ་ཨོ་རྒྱན་བསྟན་འཛིན་མཇལ་དུ་བྱོན་པས་མཚན་ལམ་ལ་དཔག་སྟེ་ཐུགས་ཤིན་ཏུ་དགྱེས་པས་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བ་གནང་། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་ཚུལ་དུ་བཞུགས། ཟབ་གཏེར་གྱི་ཐོག་མ་ཁ་བྱང་ཕྱག་ཏུ་བྱུང་བ་དང་བསྟུན། དགུང་ལོ་ཉེར་དགུ་པར་རིགས་ལྡན་པདྨ་སྐྱིད་ལས་རྒྱར་བསྟེན་ནས་གཡུ་མཚོ་རིན་ཆེན་བྲག་ནས་ཁ་བྱང་དང་། སྤུ་བོ་འདོང་ཆུ་བདེ་ཆེན་གསང་བ་ཕུག་ནས་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་སྐོར་རྣམས་སྤྱན་དྲངས་ཤིང་ཉིད་ཀྱི་ཟབ་གཏེར་གྱི་གཙོ་བོ་ཡིན་པས། ཕྱིས་སུ་བཞེས་པ་ཐམས་ཅད་དེའི་ཡན་ལག་ཡིན་པར་གསུངས། དེ་ནས་རིམ་བཞིན། ཚ་བ་སྒྲོ་བྲག་ནས་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་བཀའ་སྲུང་ཞིང་སྐྱོང་དང་བཅས་པ། སྤུ་རི་དྭགས་རྫོང་ཕུག་ནས། ཟབ་དོན་གསང་བ་སྙིང་ཐིག །དཔལ་བདེ་མཆོག །བཀའ་སྲུང་ཕྱག་བཞི་པའི་སྐོར་དང་བཅས་པ། སྤུ་རི་ཤེལ་གྱི་ཡང་སྒྲོམ་ནས་སྙིང་ཐིག་ཚེ་ཡང་ཕུར་གསུམ་དྲིལ་སྒྲུབ་སྒོས་སྒྲུབ་དང་བཅས་པ། སྲུང་མ་ཨེ་ཀ་ཛཱ་ཊི་དང་རང་བྱུང་རྒྱལ་མོའི་སྐོར། སྤུ་བོ་འདོང་ཆུའི་བྱང་ངོས་ཀྱི་བྲག་ནས་སྦས་ཡུལ་པདྨོ་བཀོད་པའི་གནས་ཡིག །མདོ་ཁམས་སྡེ་དགེའི་ས་གནས་ཁྲོ་རི་ཟིལ་ཁྲོམ་དཀར་ཡག་ནས་ཡི་དམ་དམར་ནག་འཇིགས་གསུམ་གྱི་སྐོར་རྣམས་སྤྱན་དྲངས་པ་ལས། འཇམ་དཔལ་ཞི་སྒྲུབ་ཀྱི་སྐོར་རྣམས་ཞལ་བཤུས་པ་ལས་གཞན་གཏན་ལ་ཕབས་པ་མི་སྣང་། བྱ་བུ་ལྕགས་ཕུར་ཅན་ནས་དཔལ་མགོན་གདོང་བཞི་པའི་སྐོར་དང་ལྷ་ཆེན་སྒྲུབ་སྐོར། བསམ་ཡས་དབུ་རྩེ་སྟེང་ཁང་ནས་བླ་མ་རིག་འཛིན་འདུས་པ། ཚེ་སྒྲུབ་ཚ་བ་དམར་ཐག །བཀའ་སྲུང་ཞང་བློན་དང་སྤོམ་རའི་སྐོར། ར་ས་འཕྲུལ་སྣང་གློ་འབུར་ནུབ་ཀྱི་སྟེང་ཁང་ནས་སྙན་བརྒྱུད་གཙུག་རྒྱན་ཡིད་བཞིན་ནོར་བུའི་སྐོར་རྣམས་སྤྱན་དྲངས་ནའང་གཏན་ལ་འབེབས་པར་མ་མཛད་པར་མངོན། སྤུ་བོའི་བདུད་རི་གནམ་ལྕགས་འབར་བ་ནས་སྒྱུ་འཕྲུལ་ཞི་ཁྲོ་དང་བཀའ་བརྒྱད་སྐོར་བཀའ་སྲུང་བཅས། ར་ཙག་རྡོའི་མཆོད་རྟེན་ནས་དཔལ་མགོན་སྟག་ཞོན་སྐོར་རྣལ་འབྱོར་པ་དུང་ཕྲེང་ཅན་གྱིས་བཏོན་ནས་ཕྱག་ཏུ་ཕུལ་བ་དང་། གཞན་ཡང་གཡུ་མཚོ་གཤིན་རྗེའི་དོང་ཁ། རིག་འཛིན་གསང་ཕུག །བསེ་རག་ཅོག །ན་བུན་རྫོང་། རྟ་ཤོད་དཀྱིལ་འཁོར་ཐང་སོགས་ནས་སྔ་ཕྱིར་ཟབ་གཏེར་མང་དུ་སྤྱན་དྲངས་པ་གཏེར་འབྱུང་ལས་གསལ། སྦས་ཡུལ་པདྨོ་བཀོད་པ་གཙོས་མཐའ་དབུས་ཀྱི་གནས་ཆེན་མང་པོའི་ཞལ་ཕྱེས། གོང་གི་གཏེར་ཁ་རྣམས་དང་ལྷན་དུ་སྐུ་ཚབ་དང་ཕྱག་མཚན་དམ་རྫས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། མདོར་ན་གནས་གཏེར་བརྒྱ་རྩ། མྱང་གྲོལ་སྟོང་རྩ་སོགས་ཀྱི་བཀའ་བབ་ཏུ་གསུངས་པ་ལྟར་ཕལ་ཆེར་མངོན་དུ་གྱུར། དགུང་ལོ་ཞེ་གཉིས་པར་སྡེ་དགེ་བླ་མ་བྱམས་པ་ཕུན་ཚོགས་ཁུ་དབོན་གྱིས་གདན་དྲངས། རྗེ་ཉིད་སྔར་བཞུགས་ཀྱི་གྲྭ་ཁང་དུ་བདུད་འདུལ་ལྷ་ཁང་དུ་གྲགས་པ་བཞེངས་ནས་བསྟན་སྲིད་ལ་ཕན་པའི་ལུང་དོན་བསྒྲུབ། ཀཿཐོག་རྡོ་རྗེ་གདན་ཡན་སྔ་འགྱུར་རྙིང་མའི་གདན་ས་རྣམས་སུ་ཞབས་བཀོད་ནས་སྐལ་ལྡན་གྱི་སློབ་མ་མང་པོ་རྗེས་སུ་བཟུང་། འཛིང་རྣམ་རྒྱལ་དང་ཉེ་བའི་ནོབས་ཀྱི་ཕུ་སྟག་ཕུ་བྲག་རིང་དུ་རྒྱུན་རིང་ཙམ་བཞུགས་ཤིང་ཐུགས་དམ་མཛད་པའི་གཟིམས་སྤྱིལ་ད་ལྟའང་ཡོད། གླིང་ཚང་དུ་ཕྱག་ཕེབས་ནས་གླིང་དཔོན་པོ་དང་མཆོད་ཡོན་རྟེན་འབྲེལ་ལེགས་པར་འགྲིགས། ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་བུམ་སྒྲུབ་མཛད་སྐབས་རྟགས་མཚན་ངོ་མཚར་བསམ་ལས་འདས་པ་བྱུང་བའི་སྒྲུབ་རྒྱུན་ད་ལྟའང་མཆིས། བར་ཁམས། སྒ་སྟོད། བར་མ་ལྷ་སྟེང་། རི་བོ་ཆེ་སོགས་སུ་རིམ་པར་གདན་དྲངས་པ་ལྟར་ཕེབས། བསྟན་འགྲོའི་དོན་མཐའ་ཡས་པ་མཛད། ཁྱད་པར་སྤོར་ནེ་བྲག་ཏུ་གནམ་ཆོས་མི་འགྱུར་རྡོ་རྗེ་དང་མཇལ་འཛོམ་ཆོས་གསན་རེས་སོགས་རྟེན་འབྲེལ་ལེགས་པར་འགྲིགས། དེ་དག་གི་མཚམས་སྦྱོར་གྲུབ་ཆེན་ཀརྨ་ཆགས་མེད་ཀྱིས་མཛད་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ཆོས་བདག་གི་གཙོ་བོ་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད། རིག་འཛིན་ཀློང་གསལ་སྙིང་པོ། རྦ་ཁ་སྤྲུལ་སྐུ་ཆོས་ཀྱི་རྒྱ་མཚོ། རྫོགས་ཆེན་པདྨ་རིག་འཛིན། ཀུན་བཟང་ཁྱབ་བདལ་ལྷུན་གྲུབ་དང་། གྲུབ་ཆེན་པདྨ་ནོར་བུ་སོགས་ཏའུའི་ཕྱོགས་ཀྱི་རྡོ་རྗེ་འཛིན་པ་མང་པོས་མཚོན་མཐའ་ཡས་ཤིང་། ཁྱད་པར་སྐུའི་གདུང་རྒྱུད་རྒྱལ་སྲས་ནོར་བུ་ཡོངས་གྲགས་སོགས་རིམ་པར་བྱོན་པས་ཆོས་བརྒྱུད་དང་ཕྲིན་ལས་མ་ཉམས་ཤིང་བདག་ཅག་གིས་ཀྱང་ཡོངས་སུ་རྫོགས་པར་ནོས་སོ། །དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་སྦས་ཡུལ་པདྨོ་བཀོད་པའི་གནས་སྒོ་རགས་རིམ་ཙམ་གསལ་བར་མཛད་པའི་རྗེས། དགུང་ལོ་ང་བརྒྱད་པ་ཆུ་ཕོ་བྱི་བའི་ལོར་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་པའི་སྐབས་སྒྲ་དང་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ཆོ་འཕྲུལ་མཐའ་ཡས་ཤིང། ཁྱད་པར་སྐུ་གདུང་ཡང་ཅུང་ཟད་ཙམ་མ་གཏོགས་འོད་དུ་ཡལ་བའི་ལྷག་མ་ཁྲུ་གང་ཙམ་ལུས་པ་ཕྱིས་ཞུགས་སུ་ཕུལ་བས་གདུང་ཆེན་ལྔ་དང་རིང་བསྲེལ་དུ་མའི་ཕུང་པོར་གྱུར་ཏོ། །རྗེ་འདི་ཉིད་ཀྱི་སྤྲུལ་པའི་རྣམ་རོལ་འགའ་ཞིག་བྱོན་པར་གྲགས་པ་ལས་ཡོངས་སུ་གྲགས་པ་རིག་འཛིན་ཀློང་གསལ་སྙིང་པོའི་རྒྱལ་སྲས་བསོད་ནམས་ལྡེ་བཙན་གྱི་སྤྲུལ་རྒྱུད་རིམ་བྱོན་དཔལ་ཀཿཐོག་རྡོ་རྗེ་གདན་གྱི་སེང་གེའི་ཁྲིར་བཞུགས་བཞིན་པའོ།༈།ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་རྣམ་འཕྲུལ་གཏེར་སྟོན་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོ་ནི། རིག་འཛིན་བདུད་འདུལ་རྡོ་རྗེ་སོགས་ཀྱི་གཏེར་ལུང་ལས་གསལ་བ་ལྟར། ཀཾ་པོ་གནས་དང་ཉེ་བའི་ཡུལ་ཕྱོགས་དབྲ་པར་གྲགས་པའི་བྱེ་བྲག་བྱེས་པ་ཞེས་པའི་སའི་ཆར་ཡབ་སྔགས་འཆང་ཀུན་དགའ་དོན་གྲུབ་དང་ཡུམ་སྒྲོལ་མ་དཀར་མོས་བྱིན་གྱིས་བརླབས་པའི་དཀོན་མཆོག་སྒྲོན་མ་ཞེས་པའི་སྲས་སུ་ཤིང་མོ་གླང་གི་ལོ་ལ་སྐུ་བལྟམས། གྲུབ་དབང་བསྟན་པ་རྒྱ་མཚོར་གུར་དྲག་གི་དབང་གསན་ནས་མཚན་དབང་དྲག་རྒྱ་མཚོར་བཏགས། དགུང་ལོ་བདུན་ཙམ་ནས་ཡི་གེ་བསླབ་པ་བརྡའ་བསྟན་པ་ཙམ་གྱིས་མཁྱེན། ཆུང་ངུ་ནས་ངེས་འབྱུང་སོགས་དམ་པའི་ཆོས་ཀྱི་བག་ཆགས་གསལ་བར་སད་པས་དགུང་ལོ་ཉེར་གཉིས་དུས་ཀཿཐོག་ཏུ་ཆོས་བྲོས་ལ་བྱོན། ལམ་བར་ནས་སྒ་རྗེ་ཁམས་གོང་དགོན་དུ་རྗེ་ཆོས་སྐྱོང་རྒྱ་མཚོ་ལས་དབང་དང་གདམས་ཁྲིད་མང་དུ་གསན། སླར་ཀཿཐོག་ཏུ་ཕེབས། མཉམ་མེད་དཀོན་མཆོག་རྒྱལ་མཚན་ལས་རྫོགས་ཆེན་དགོངས་པ་ཟང་ཐལ་སོགས་ཉམས་ཁྲིད་དུ་མ་གསན་ནས་གནས་ལུགས་ལ་རང་དབང་འབྱོར་བར་མཛད། སླར་ཡབ་ཡུལ་ཕྱོགས་སུ་ཕེབས་ཏེ་ཆོས་ལུང་རི་ཁྲོད་སོགས་དབེན་པའི་གནས་ཁོ་ནར་རྗེ་བཙུན་བཞད་པ་རྡོ་རྗེའི་རྣམ་ཐར་ལ་འགྲན་བཟོད་པའི་དཀའ་ཐུབ་ཀྱིས་སྒྲུབ་པའི་དམ་བཅའ་བརྟན་པོར་བཟུང་བས་རྩ་གསུམ་རྒྱ་མཚོའི་ཞལ་གཟིགས། ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྲུང་རྣམས་བྲན་དུ་འཁོལ་ཞིང་ལྷ་སྲིན་གཞི་བདག་རྣམས་ཀྱིས་སྲོག་གི་སྙིང་པོ་ཕུལ་བ་སོགས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཁྱད་པར་ཟབ་མོ་གཏེར་གྱི་བཀའ་བབས་ཚུལ་ནི། དགུང་ལོ་ཉེར་བརྒྱད་ཙམ་གྱི་དུས་ནས་གཏེར་གྱི་ལུང་བསྟན་མང་དུ་བྱུང་ཡང་ཇི་མི་སྙམ་དུ་བཞག་པ་ན། སླར་ཡང་གཏེར་ཆེན་བདུད་འདུལ་རྡོ་རྗེའི་དྲུང་དུ་སོང་ཞིག་པའི་ལུང་བསྟན་བྱུང་བ་ལྟར་སྤོ་བོར་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་དྲུང་དུ་བྱོན་པས་ཐུགས་ཀྱིས་ཤིན་ཏུ་བཏགས་ཤིང་། ཟབ་གཏེར་གསར་བཞེས་ཀྱིས་མཚོན་དབང་ཁྲིད་གདམས་པ་མང་དུ་བསྩལ། དངོས་གྲུབ་གཏེར་གྱི་བཀའ་བབས་ཡོད་ཚུལ་ལུང་བསྟན་གསལ་བར་བསྩལ་ནས། མི་རིང་བར་རིག་འཛིན་དེ་ཉིད་ཀྱིས་བཀས་བསྐུལ་ཏེ་རང་ཡུལ་དུ་ཕྱིར་ཕེབས། མཁའ་ཀློང་རི་ཁྲོད་ཅེས་པར་བསྙེན་སྒྲུབ་ལ་བཞུགས་པའི་སྐབས། དགུང་གྲངས་སོ་གཉིས་སུ་སོན་པ་ས་ཕོ་སྤྲེའུ་ལོར་རྣལ་འབྱོར་བ་སྐུ་མདོག་དམར་སྨུག་རུས་པའི་རྒྱན་ཅན་ཞིག་གིས་ཁ་བྱང་དངོས་སུ་བསྩལ། དེ་ཉིད་གུ་རུ་རིན་པོ་ཆེའི་རྣམ་འཕྲུལ་དུ་ངེས་ཤེས་རྙེད་དེ་ལོ་གཉིས་ཀྱི་ཁོངས་སུ་གཏེར་སྒྲུབ་ཚགས་སུ་ཚུད་པར་མཛད་ནས་གཏེར་ཁ་ཐམས་ཅད་ཀྱི་ཐོག་མ་ནི། ས་ཁྱི་ཧོར་ཟླ་དང་པོའི་ཚེས་བཅུ་ལ་ཁེ་མི་འགྱུར་རྡོ་རྗེའི་བྲག་ནས་སྐུ་གསུམ་རྡོ་རྗེ་སྙིང་པོ་དང་། རྩ་གསུམ་རྡོ་རྗེ་སྙིང་པོའི་སྐོར་རྣམས་གསང་སྟབས་སུ་བཞེས་ཏེ་ཉམས་བཞེས་མཐར་ཕྱིན་པར་མཛད། རིམ་པར་གཏེར་ཁ་གཉིས་པ་ལི་ཐང་གནམ་ཆེན་བྲག་དཀར་ནས་གུར་དྲག་ཡེ་ཤེས་རབ་འབར། གསུམ་པ་སྒྲོལ་མ་བྲག་གི་མགུལ་ནས་སྲོང་བཙན་སྒམ་པོའི་ཐུགས་རྗེ་ཆེན་པོ་སྙན་བརྒྱུད་གཙུག་རྒྱན་ནོར་བུ། བཞི་པ་ར་རི་བར་གྱི་བྲག་ནས་རྫོགས་པ་ཆེན་པོ་ཡང་སྙིང་ཀུན་ཟབ། ལྔ་པ་ཁེ་ནང་གཏེར་གནས་གསུམ་ནས་བི་མ་ལའི་ཆོས་གཏེར་མན་ངག་ཟབ་པ་སྐོར་གསུམ། དྲུག་པ་རོལ་པ་བདེ་ཆེན་ཁང་ནས་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས། བདུན་པ་སྔོ་རྒྱ་གནས་ནས་གནམ་ལྕགས་ཀྱི་རྡོ་རྗེ་སོགས་དང་། བརྒྱད་པ་སྣ་བྲག་དཀར་རྡོ་རྗེའི་ཡང་རྫོང་ནས་ཚེ་སྒྲུབ་ཡང་གསང་བླ་མེད། དགུ་པ་ཤིང་སྒོ་གངས་ར་ནས་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད། བཅུ་པ་གནས་དེའི་གཡུ་མཚོ་ནས་མཁའ་འགྲོ་ཡང་གསང་བླ་མེད། བཅུ་གཅིག་པ་དེའི་བོན་གནས་ནས་བོན་གཏེར། བཅུ་གཉིས་པ་རྫོགས་པ་ཆེན་པོ་སྒྱུ་འཕྲུལ་གསང་བ་ཡང་ཁོལ། བཅུ་གསུམ་པ་ཕ་ཝཾ་བོན་མོ་ནས་ཕྱི་ནང་གསང་བའི་ལུང་བསྟན་དང་བསྟན་སྲུང་དྲག་སྔགས་སྐོར། བཅུ་བཞི་པ་ངོ་ཐི་གཡུང་དྲུང་ནས་ཟབ་གཏེར་གཅིག །བཅོ་ལྔ་པ་ཀཿཐོག་དམ་ཕུག་དང་ཉེ་བ་ནས་དམ་པ་བདེ་གཤེགས་ཀྱིས་སྦས་པའི་སྒྱུ་འཕྲུལ་གླེགས་བམ་ཞིག་ཡང་གཏེར་དུ་སྤྱན་དྲངས་པ་རྣམས་ལས། ངོ་ཐིའི་གཏེར་ཁ་ད་ལྟ་མི་གསལ་བས་མི་བགྲང་། བི་མ་ལའི་ཟབ་པ་སྐོར་གསུམ་གཏེར་གནས་ཐ་དད་པས་སོ་སོར་བགྲངས་པའི་བཅུ་དྲུག་ཏུ་གྲགས་ཤིང་། དེ་རྣམས་དང་ལྷན་ཅིག་སྐུའི་རིགས་དང་ཐུགས་རྟེན་ཕྱག་མཚན་ཁྱད་འཕགས། དམ་རྫས་མྱང་གྲོལ་ཤིན་ཏུ་མང་པོ་སྤྱན་དྲངས། ཕལ་ཆེར་ཆོས་བཀའ་ཡོངས་རྫོགས་གཏན་ལ་ཕབས། སོ་སོའི་གཏེར་སྒྲུབ་རྟགས་ཐོན་པར་མཛད། འགའ་ཞིག་ཡང་གཏེར་དུ་སྦས། ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེ་ཞིང་བསྐྱེད་རྫོགས་ཉམས་བཞེས་མཐར་ཕྱིན་པའི་དབང་གིས་རྗེ་འདི་ཉིད་གཏེར་ཕྲན་ཙམ་གྱི་དབང་སྐལ་ལ་གཏེར་ཆེན་གྱི་དངོས་གྲུབ་བརྙེས་ཤིང་འགྲོ་དོན་ཤིན་ཏུ་རླབས་ཆེ་བར་གྱུར། མཚན་གྱི་རྣམ་གྲངས་ཀྱང་ཨོ་རྒྱན་མདོ་སྔགས་གླིང་པ། ཧཱུྃ་ནག་ནམ་མཁའི་རྡོ་རྗེ་སོགས་མང་དུ་གྲགས། བྲག་གཡང་གཟར་པོ་དང་མཚོ་ཆེན་གྱི་དབུས་སུ་ཆིབས་དང་བཅས་ཏེ་ཕེབས་ཤིང་ཆིབས་པས་ཀྱང་ཞབས་རྗེས་ལན་མང་དུ་བཞག་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་བསམ་ལས་འདས།སྙིགས་དུས་ཀྱི་འདྲེ་རྒོད་མ་རུངས་པ་མང་པོ་དངོས་སུ་སྲོག་སྙིང་འཕྲོག་ནས་དམ་ལ་བཏགས་པ་དང་བསྐྲད་ཅིང་མནན་པ་དང་། ཨར་ལ་གཏད་པ་སོགས་ཀྱིས་ཡུལ་ལྗོངས་མང་པོའི་འགྲོ་བ་རྣམས་ལ་མི་འཇིགས་པའི་སྦྱིན་པ་བསྩལ། སོག་པོའི་རྒྱལ་པོའི་མཁའ་འགྲོའང་རྫུ་འཕྲུལ་གྱིས་དད་དེ་དགོན་གནས་དང་བསྙེན་བཀུར་ཕུལ། ས་སྐྱོང་སྡེ་དགེ་སོགས་མི་ཆེན་མང་པོས་བླ་མར་བཀུར། མདོ་སྨད་ཀྱི་ལྗོངས་ཕལ་ཆེར་ཞབས་ཀྱིས་བཅགས་ཤིང་གནས་སྒོ་མང་པོ་ཕྱེས། སྐུ་ཚེའི་སྨད་ལ་ཀཿཐོག་རྡོ་རྗེའི་གདན་དུ་བཞུགས་ནས་ཆོས་ཀྱི་ཕྲིན་ལས་བསྐྱངས་ཏེ་བསྟན་པ་རྨང་ནས་གསོས། གདན་ས་ཆེན་པོ་འདི་ཉིད་གཙོར་གྱུར་པའི་གནས་ཆེན་རྣམས་སུ་རྟེན་བཞེངས་ཀྱང་རྒྱ་ཆེན་པོ་གནང་བ་སོགས་མཛད་པ་ཐམས་ཅད་མཐར་ཕྱིན་ནས་དགུང་ལོ་དྲུག་ཅུ་རེ་བརྒྱད་པ་ཆུ་སྤྲེལ་སྤྲེའུ་ཟླ་བའི་ཉེར་གསུམ་ལ་ངོ་མཚར་བའི་རྟགས་མཚན་་་དུ་མ་དང་བཅས་མཁའ་སྤྱོད་པདྨ་འོད་དུ་གཤེགས་ཤིང་སྐུ་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར་པས་ཀྱང་ཐམས་ཅད་ངོ་མཚར་གྱི་གནས་ལ་བཀོད་དོ། །རྒྱུད་འཛིན་གཙོ་བོ་བསོད་ནམས་ལྡེའུ་བཙན་སོགས་རྒྱལ་སྲས་སྐུ་མཆེད་རྣམས་དང་། དབོན་བཀྲ་ཤིས་འོད་ཟེར། ཀུན་བཟང་ཁྱབ་བདལ་ལྷུན་གྲུབ། ཏ་བླ་པདྨ་ནོར་བུ་སོགས་བཟང་ལ་གྲངས་མང་བ་བྱོན་ཅིང་མདོ་སྨད་ཀྱི་ཕྱོགས་ཕལ་ཆེར་ཆོས་རྒྱུན་གྱིས་ཁྱབ། གཏེར་ཆོས་རྣམས་ཀྱི་དབང་ལུང་གི་རྒྱུན་དང་རྡོ་རྗེ་སྙིང་པོའི་ཁྲིད་སྲོལ་བཅས་དར་རྒྱས་སུ་བཞུགས་ཤིང་ཆོས་སྐོར་གཙོ་བོར་གྱུར་པ་རྣམས་བདག་གིས་ཀྱང་ཐོབ་བོ། ༈ །ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་ནི། ཀོང་པོ་ཀླུང་རྒྱས་གྲོང་དུ་ཡབ་རིག་འཛིན་ཕྲིན་ལས་དབང་ཕྱུག་དང་། ཡུམ་ཀུན་བཟང་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་ལ་མཁའ་འགྲོའི་བརྡའ་ལུང་བྱུང་བ་ལྟར་སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་གྱི་སྐུ་སྐྱེར་ཐག་ཆོད་ནས་མཚན་བསྟན་འཛིན་ནོར་བུར་གསོལ། སྔོན་གནས་རྗེས་སུ་དྲན་ཅིང་མངོན་ཤེས་དང་རྫུ་འཕྲུལ་མངའ། དགུང་ལོ་ལྔ་པར་ཨོ་རྒྱན་སེང་གེ་ལ་ཆིབས་པ་ཞལ་གཟིགས། རིམ་པར་དབུས་སུ་ཕེབས་ཏེ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་གསན། མཚན་ཀརྨ་ཐུབ་བསྟན་སྙིང་པོ་རྣམ་པར་རྒྱལ་བའི་སྡེ་ཞེས་པ་གནང་། ཀར་འབྲུག་རྣམས་དང་ལོ་ཆེན་འགྱུར་མེད་བདེ་ཆེན་སོགས་ཡོངས་འཛིན་མང་དུ་བསྙེན། ཉིན་གླིང་སོགས་གྲྭ་ས་རྣམས་སུ་མདོ་ཕྱོགས་ལ་ཐུགས་སྦྱང་མཐར་ཕྱིན་པར་མཛད། ཡམ་བུ་རྒྱལ་པོས་ནཻ་པཱ་ལའི་ཡུལ་དུ་སྤྱན་དྲངས་ཏེ་བསྙེན་བཀུར་ཆེན་པོ་ཞུས། འཕགས་པ་ཤིང་ཀུན་ལ་རབ་གནས་མཛད་སྐབས་སོགས་སུ་མེ་ཏོག་གི་ཆར་བབ། བྱ་རུང་ཁ་ཤོར་གྱི་དཀོར་གཉེར་སྡོད་ས་གསར་དུ་བཏབ། ངམ་རིང་དུ་གྲྭ་སྐོར་མཛད་ཅིང་གཙང་པ་རྒྱལ་པོས་ཀྱང་ཞབས་ནས་བཏེགས། ཕྱིར་ཕེབས་ཤིང་སྨན་ཐང་དུ་རིག་འཛིན་ངག་གི་དབང་པོ་མཇལ། སྔ་འགྱུར་ཆོས་བཀའ་མཐའ་ཡས་པ་གསན། རྗེ་འདིའི་བཀའ་དྲིན་ལས་རྟོག་གེ་བའི་ཧོམ་ཐུལ་ཡུལ་བུད། རྙིང་མ་པའི་སྔགས་འཆང་དུ་གཙང་སིང་གིས་སོང་། སླར་མང་ཡུལ་རི་བོ་དཔལ་འབར་དུ་ཕེབས། སྒྲུབ་བའི་ས་སྡེ་བཙུགས་པས། དག་སྣང་དང་ལུང་བསྟན་མང་པོ་བྱུང་། ལོ་ཤས་མཚམས་གཏེར་འདོན་པའི་བསྐུལ་མ་བྱུང་བ་ལྟར་རྒྱང་ཡོན་པོ་ལུང་ནས་ཁ་བྱང་དང་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་སྐོར་ཞིག་སྤྱན་དྲངས། རང་གཏེར་གྱི་ལུང་བསྟན་ངོ་མཚར་ཅན་བྱུང་བ་བསྣམས་ནས་དབུས་སུ་བྱོན། རིག་འཛིན་ངག་གི་དབང་པོར་གཟིགས་ཕུལ་བས་དགྱེས་ཤིང་དབུགས་དབྱུང་བསྩལ། མཆོད་ཆ་རྟེན་གསུམ་གཏེར་རྫས་སོགས་རྩིས་སྤྲོད་མཛད་ནས་གདན་སའི་ཁུར་བཞེས་དགོས་པའི་བཀའ་ལུང་ཡང་གནང་། སླར་རི་བོ་དཔལ་འབར་གྱི་གཏེར་བཞེས་པར་ཕེབས་ཀྱང་གཏེར་གནས་ལ་མ་བསླེབ་ཙམ་དུ་རིག་འཛིན་ངག་གི་དབང་པོ་གཤེགས་པའི་གཏམ་བསླེབས་ནས་དབུས་སུ་ཕེབས་དགོས་བྱུང་བས་རྟེན་འབྱུང་དུས་ལས་ཡོལ། གཤེགས་རྗེས་བསྒྲུབས་ཤིང་གདན་ས་ལོ་ལྔ་དྲུག་ཙམ་བསྐྱངས། སྤྲུལ་སྐུ་ངོས་འཛིན་མཛད་པའི་དག་སྣང་ཟླ་འོད་མ་ཞེས་པ་དང་། རྟ་ནག་སྒྲོལ་མ་ཕུག་ཏུ་བཞུགས་སྐབས་མཁའ་འགྲོས་གནང་བའི་དག་སྣང་ཆོས་སྐོར་ཞིག་ཀྱང་ཡོད་པར་བཤད། ཟབ་གཏེར་གྱི་རྟེན་འབྲེལ་འཆུག་པའི་རྐྱེན་གྱིས་སྐུ་ཚེ་ཚད་དུ་མ་འཁྱོལ་བར་གཤེགས་པར་སྣང་ངོ་། ༈ །པད་འབྱུང་བི་མ་དྭགས་པོ་ལྷ་རྗེ་རྣམས་ཀྱི་རྣམ་འཕྲུལ་ཡོངས་སུ་གྲགས་པ་དྭགས་པོ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་སྤྲུལ་པའི་སྐུ་དེ་མ་ཐག་པ་ནི་སྒམ་པོ་པ་ནོར་བུ་བརྒྱན་པ་ཡིན་ལ། དེའི་རྣམ་འཕྲུལ་སྤྲུལ་པའི་སྐུ་བཟང་པོ་རྡོ་རྗེ་ནི་ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་སའི་ཆ་གང་པོ་ཞེས་པའི་སྨད་ཀྱི་སའི་ཆར་ཡབ་ཆོས་རྒྱལ་གྱི་གདུང་རྒྱུད་རྙིང་མའི་སྔགས་འཆང་ཨ་བོ་ཆོས་མཛད་དང་། ཡུམ་དབང་འཛིན་རྒྱལ་མོའི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས། རིག་འཛིན་འཇའ་ཚོན་སྙིང་པོས་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ཐག་བཅད་པ་ལྟར་དྭགས་པོ་སྤྱན་སྔ་རིན་པོ་ཆེ་དཔོན་སློབ་རྣམས་ཕེབས་ནས་དགེ་བསྙེན་གྱི་སྡོམ་པ་ཕུལ་ཅིང་། མཚན་དཔལ་བཟང་པོ་རྡོ་རྗེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། གདན་ས་ཆེན་པོར་སྤྱན་དྲངས་ཤིང་འཇིགས་མེད་སེང་གེའི་ཁྲིར་མངའ་བཀུར། བང་རི་ནས་རིག་འཛིན་འཇའ་ཚོན་པའང་ཆེད་ཀྱིས་ཕེབས་ཏེ་གཙུག་ཕུད་བཞེས་ནས། མཚན་ཨ་བ་དྷཱུ་ཏི་པ་འགྱུར་མེད་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོར་བཏགས། སྔ་ཕྱིར་ཆོས་བཀའ་ཡང་མང་དུ་གསན། དེ་ནས་མི་རིང་བར་ཀུན་མཁྱེན་བློ་བཟང་རྒྱ་མཚོ་ལས་དགེ་ཚུལ་གསན་པའི་མཚན་བློ་བཟང་ཕྲིན་ལས་རྣམ་རྒྱལ་ངེས་དོན་གྲུབ་པའི་ཤིང་རྟ་མཆོག་གི་སྡེ་དོན་ཡོངས་སུ་གྲུབ་པར་གསོལ། སླར་བསྙེན་རྫོགས་ཀྱང་བཞེས། སྔ་ཕྱིར་བསྙེན་བཀུར་དང་བདག་རྐྱེན་ཚད་མེད་པ་གནང་། སྤྱན་སྔ་རིན་ཆེན་རྡོ་རྗེ་སོགས་ལས་དཔལ་སྒམ་པོ་པའི་བཀའ་བརྒྱུད་སྐོར་དང་། རྩེ་ལེ་སྣ་ཚོགས་རང་གྲོལ་ལས་གྲུབ་མཐའ་རིས་མེད་ཀྱི་བཀའ་ཆོས་མང་དུ་གསན། སྒམ་པོ་ཟངས་ལུང་དུ་ལོ་གསུམ་ཕྱོགས་གསུམ་དུ་ཐུགས་དམ་བཅད་རྒྱ་ལ་བཞུགས་པས་འོད་གསལ་གྱི་གཟིགས་སྣང་ངོ་མཚར་བ་དུ་མ་དང་། ལྷག་པར་ཟབ་གཏེར་ལ་དབང་བའི་གཟིགས་སྣང་འབའ་ཞིག་ཤར་བ་མ་ཟད། རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ལུང་ལས་ཀྱང་རང་ཉིད་ཀྱི་གཏེར་ཞབས་སྡུད་པར་ལུང་གིས་གསལ་བར་བསྟན་པ་ལྟར། ཐོག་མར་སྒམ་པོའི་བྲག་སྒོམ་ཞྭའི་མགུལ་ནས་སེང་ལྡེང་གི་ཕུར་པ་ཁྲུ་གང་ལོངས་ངེས་ཤིག་བཞེས་པའི་འཆང་བཟུང་ནས་ཁ་བྱང་དང་། དབལ་ལས་རྡོ་རྗེ་ཕུར་པའི་མངོན་རྟོགས་བསྡུས་པ་ཞིག་བྱོན། དེ་ལ་བརྟེན་ཏེ་དྭགས་ལུང་ཁྲ་མོ་བྲག་ནས་གསང་བདག་དྲག་པོ་ཆེན་པོའི་སྐོར་དང་གནམ་ལྕགས་རྡོ་རྗེ། བྷུར་ཕུའི་ཁྲ་ལུང་མཚོ་རྒྱལ་སྒྲུབ་ཕུག་དང་། ཀླུ་མཁར་མཚོ་འོག་མའི་མཐའ་རྩ་ནས་གཏེར་རྫས་ཕུར་པ་དང་ཁྱུང་ལྔའི་སྙིང་ཁྲག །ཁྱུང་ཆེན་རྒྱ་མཚོའི་ལྦུ་བ་དང་བཅས་པ། བྲག་དཀར་ལྷ་ཆུ་ནས་ཚེ་སྒྲུབ་དང་ཚེ་ཆུ་རིལ་བུ། གཤིན་རྗེ་ཡང་ཟློག་གི་སྐོར་རྣམས་སྤྱན་དྲངས། ཅི་རིགས་པ་གཏན་ལ་ཕབས། ལྔ་པ་ཆེན་པོར་ཆོས་བདག་གི་རྟེན་འབྲེལ་བསྒྲིག་པར་མཛད་པའི་སྐབས། སྨོན་ལམ་ལོག་པའི་དམ་སྲི་ཞབས་འབྲིང་གི་ཚུལ་བཟུང་བ་དག་གིས་སྒྲོ་སྐུར་ལ་བརྟེན། དགོངས་པ་གཏིང་ནས་འཚམས་པས་གཏེར་ཤོག་མ་བུ་མཐའ་དག་ཞུགས་སུ་འབུལ་བ་དང་། འགའ་ཞིག་ཡང་གཏེར་དུ་སྦས་པ་སོགས་ཀྱིས་ཟབ་གཏེར་གྱི་ཕྲིན་ལས་རྒྱུན་ཆད་ཀྱང་སྨིན་གྲོལ་གླིང་དུ་རྗེ་གཏེར་བདག་གླིང་པར་སྔ་ཕྱིར་བཀའ་ཆོས་གསན་པ་དང་། དབེན་པའི་གནས་དུ་མར་བསྙེན་སྒྲུབ། གསར་རྙིང་གི་ཆོས་འཁོར་རྒྱུན་མི་འཆད་པ་བསྐོར་ཞིང་རྟེན་བཞེངས་རྒྱ་ཆེར་མཛད་པ་སོགས་མཐར་ཕྱིན་ནས། མོན་མཁར་རྣམ་སྲས་གླིང་དུ་ཕེབ་སྐབས་མི་དབང་བཀྲ་ཤིས་རབ་བརྟན་ཡུམ་དང་བཅས་པར་སྐུ་སྐྱེ་བ་ཕྱི་མའི་ཡབ་ཡུམ་དུ་དགོངས་ཏེ་དབང་དང་བྱིན་རླབས་ནན་ཏན་དང་། ལུང་བསྟན་བརྡའ་ཆོས་ཀྱི་རྟེན་འབྲེལ་བསྒྲིགས་པར་མཛད་དེ་གདན་ས་ཆེན་པོར་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན། དེའི་སྐྱེ་བ་མོན་མཁར་རྣམ་སྲས་གླིང་དུ་འཁྲུངས་པའི་ཀུན་བཟང་ངེས་དོན་དབང་པོ། དེའི་སྐྱེ་བ་ཨེ་མངའ་བདག་གི་གདུང་རྒྱུད་སྡེ་པ་ལྷ་རྒྱ་རི་བའི་སྲས་སུ་འཁྲུངས་པ་གཏེར་སྟོན་རྡོ་རྗེ་རྒྱལ་པོ་སྟེ། འདིས་གོང་མ་བཟང་པོ་རྡོ་རྗེའི་ཡང་གཏེར་གསང་བདག་དྲག་པོ་ཆེན་པོའི་སྐོར་རྣམས་སྤྱན་དྲངས་པར་སྣང་ངོ་། ༈ །གཉགས་ལོ་བདུད་འཇོམས་ནམ་སྙིང་རྣམས་ཟུང་དུ་འཇུག་པའི་རྣམ་འཕྲུལ་མངའ་རིས་གཏེར་སྟོན་གར་དབང་ཟླ་བ་རྒྱལ་མཚན་ནམ། གསང་མཚན་པདྨ་གར་དབང་རྩལ་དུ་གྲགས་པ་ནི། མངའ་རིས་གུང་ཐང་གི་ནུབ་རི་ཡམ་ཞེས་པའི་སའི་ཆར་འཁྲུངས། སྐུ་ཆུང་ངུ་ནས་ངོ་མཚར་དུ་མ་མངའ། ལྷག་པར་དབེན་གནས་མུ་སེའི་ཕ་ཝཾ་རུ་སྦལ་འདྲ་བའི་བྱ་སྐྱིབས་སུ་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་མ་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་མཛད་ནས་བཞུགས་པའི་སྐབས། ཡེ་ཤེས་མཁའ་འགྲོ་གཅེར་བུ་རུས་པའི་རྒྱན་ཅན་གསུམ་གྱིས་གླུ་དང་བརྡའ་ཡིས་བསྐུལ་པས་ཐུགས་ཉམས་འུར་ཏེ་ཞབས་ས་ལ་མ་རེག་པར་ཕ་ཝཾ་སྦྲུལ་ནག་འཁྱུགས་པ་འདྲ་བའི་སྟེང་དུ་ཕེབས་པ་ན་སྔར་གྱི་མཁའ་འགྲོ་གསུམ་དང་ཡུལ་དེའི་གཞི་བདག་གཏེར་བདག་རྣམས་ཀྱིས་བསྐུལ་མ་བྱུང་བ་བཞིན། ཐོག་མར་མིས་མི་ཐར་བའི་བྲག་གདོང་ཆེན་པོ་ཞིག་ཏུ་རྫུ་འཕྲུལ་གྱིས་ཕེབས་ནས་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པ་བཞིན། སྦས་ཡུལ་སྐྱིད་མོ་ལུང་ནས་སྔོན་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུས་ཡང་གཏེར་དུ་རྒྱས་བཏབ་པའི་རྡོར་སེམས་ཐུགས་ཀྱི་མེ་ལོང་གི་སྐོར་རྣམས་སྤྱན་དྲངས་ཤིང་སྤེལ་བར་མཛད་པའི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་ད་ལྟའི་བར་མ་ཉམས་པར་བཞུགས་ཤིང་འགྲོ་དོན་རྒྱ་ཆེར་བྱུང་། གཞན་ཡང་འཕགས་པ་ཝ་ཏིའི་ཁྲུས་ཁང་ནས་སྤྱན་རས་གཟིགས་རྩ་གསུམ་སྙིང་ཐིག་གིས་མཚོན། པདྨའི་སྙན་བརྒྱུད་ཡང་གསང་དྲི་མེད། ཟབ་ཏིག་ཆོས་དབྱིངས་རང་གསལ། རྡོ་རྗེ་ཕུར་པ་སོགས་ཆོས་དང་རྟེན་དང་དམ་རྫས་ཀྱི་ཟབ་གཏེར་མང་དུ་བཞེས། རྫུ་འཕྲུལ་དང་མངོན་ཤེས་ཕྱོགས་མེད་དུ་ཤར། ལྔ་པ་ཆེན་པོར་བྱ་མ་རྟའི་ལམ་ནས་གནས་ཚུལ་གསོལ་བར་རྗེ་ཉིད་ཀྱི་ཐུགས་དམ་བརྟགས་པ་དང་རིག་འཛིན་གཏེར་བདག་གླིང་པ་ལའང་བཀའ་འདྲི་ཞུས་ཏེ་གཏེར་སྟོན་འཁྲུལ་མེད་དུ་ངེས་པ་འཁྲུངས་ཏེ་འགྲོ་དོན་ཕྱོགས་བྲལ་དུ་སྐྱོང་ཆོག་པའི་བཀའ་ཕེབས་པས་རྩོད་མེད་ཡོངས་གྲགས་སུ་གྱུར་ཅིང་འགྲོ་དོན་ཕྲིན་ལས་རྒྱ་ཆེར་བྱུང་། དེའི་སྐྱེ་བ་ནི་གྲུབ་ཆེན་ཉི་ཟླ་ཀློང་གསལ་གྱི་སྲས་སུ་འཁྲུངས་པ་ཀུན་མཁྱེན་ཆོས་དབང་རྡོ་རྗེ་འཛིན་པ་སྟེ། འདིས་རིག་འཛིན་གཏེར་བདག་གླིང་པ་སྐུ་མཆེད་གྱི་ཞབས་ལ་གཏུགས་ཤིང་སྨིན་གླིང་དུ་ཡུན་རིང་བཞུགས། མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཛད་པས་མཁྱེན་པ་རྒྱས་པ་ལ་བརྟེན། གོང་མའི་གཏེར་ཆོས་རྣམས་ལ་ཆོག་བསྒྲིག་རྒྱ་ཆེར་སྤེལ་བ་ལས། གཙང་པོ་བྱང་གསང་ཆོས་པདྨ་ལྷུན་སྡིངས་སུ་ད་ལྟའང་བརྒྱུད་འཛིན་མ་ཉམས་པར་བཞུགས་ཤིང་། ཁོ་བོས་ཀྱང་ཟབ་ཏིག་ཆོས་དབྱིངས་རང་གསལ། ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཐིག །རྡོར་སེམས་ཀྱི་ཆོས་སྡེ་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་རྣམས་ཀྱི་སྨིན་གྲོལ་རྗེ་བླ་མའི་བཀའ་དྲིན་ལས་ནོས། འདིའི་ཟབ་ཏིག་དང་དྲི་མེད་ལྷུན་པོའི་དོན་ཏིག །སྟག་ཤམ་པའི་དགོངས་འདུས་འགྲོ་བ་ཀུན་སྒྲོལ་རྣམས་རྒྱུད་ཀྱི་སྐོར་ཡོད་མེད་མ་གཏོགས་ཚིག་དོན་ཞུ་དག་ཕེར་བས་བརྒྱུད་པ་གསུམ་འདུས་སུ་སྦྱར་རུང་བར་མངོན་ནོ། །དེར་མ་ཟད་འཇའ་ཚོན་ཞབས་ཀྱི་སྙིང་ཐིག་ཆོས་དབྱིངས་རང་གསལ་ཡང་གཏན་ལ་འབེབས་པར་མ་མཛད་མོད་དོན་འདི་དང་འདྲ་བར་རྗེ་བླ་མའི་གསུང་ལས་ཐོས་སོ། ༈ །ལྷ་སྲས་མུ་ཁྲི་བཙད་པོའི་རྣམ་འཕྲུལ་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་ནི། མདོ་ཁམས་ཟལ་མོ་སྒང་གི་སྟོད། ལྷོ་རྒྱུད་སྐྱབས་ཆེ་ཞེས་པའི་འབྲོག་སྡེར་ཡབ་ཡོན་དགེ་དཔོན་པོ་དང་། ཡུམ་བེར་མོའི་སྲས་སུ་ས་ཕོ་འབྲུག་གི་ལོར་དཔྲལ་བར་རྡོ་རྗེའི་སྤྱན་སོགས་རྟགས་མཚན་ཁྱད་པར་ཅན་དང་བཅས་ཏེ་བལྟམས། རེ་ཞིག་ནས་ཡུལ་འཕོས་ཏེ་ལྷ་ཐོག་མཛོ་རྫི་དགོན་པའི་ཉེ་འདབས་སུ་འཁོད་པའི་སྐབས། ཟུར་མང་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་ཕྱོགས་དེར་ཕེབས་པ་ལ་གཙུག་ཕུད་ཕུལ། མཚན་ཀརྨ་བསམ་འགྲུབ་ཏུ་གསོལ། གྲུབ་ཆེན་དེ་ཉིད་དང་འཛི་སྒར་བསོད་ནམས་རྒྱ་མཚོ་སོགས་ལས་བཀའ་ཆོས་མང་དུ་གསན། མཛོ་རྫི་དགོན་དུ་རང་གི་ཁུ་བོ་སྒྲུབ་པོའི་སར་བཞུགས་པས་ཡོན་དགེ་དབོན་པོར་འབོད་ཅིང་ཐུགས་རྒྱུད་ཤིན་ཏུ་ཞི་ཞིང་དུལ་བ། ཐུགས་དམ་དང་ཕྱག་དཔེ་གཟིགས་པ་ལ་ཤིན་ཏུ་བརྩོན། ཕྱག་གཟོབ་པས་བྲིས་འབུར་གྱི་སྐུ་བརྙན་དུ་མ་བཞེངས་པར་མཛད། འཇང་ཡུལ་དུ་མགྲོན་པོ་མང་པོ་དང་ལྷན་ཅིག་རྒྱལ་དབང་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་མཇལ་དུ་ཕེབས་པའི་ལམ་ཁར་ས་ཞིག་བསྐོས་པས་གསེར་གྱི་ཟླ་ཚེས་ཤིག་རྙེད་པ་དེ་ཀརྨ་པ་ལ་ལྐོག་ཏུ་ཕུལ་བ་རྟེན་ཁྲོད་དུ་བཞེས། ཕྱིར་ཉིན་ཞིག་རྟེན་མཇལ་གནང་སྐབས་ཟླ་ཚེས་ཕྱག་ཏུ་བསྣམས་ནས། འདི་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མ་ཡིན། ཉི་ཟླ་རྙེད་ན་རྟེན་འབྲེལ་མཆོག་ཡིན་ཞེས་གསུངས་ཀྱང་དེ་སྐབས་སུས་ཀྱང་ཅི་ཡིན་མ་གོ །དེ་ནས་དགུང་ལོ་ཉེར་ལྔ་བར་མཛོ་རྫི་དགོན་དུ་མགོན་པོ་བེར་ཅན་གྱི་སྒྲུབ་པ་མཛད་པའི་སྐབས། ཐོ་རངས་ཞིག་ལ་གྲུབ་ཆེན་ཀརྨ་པཀྴི་དང་ཨོ་རྒྱན་རིན་པོ་ཆེ་གཙོ་འཁོར་ཞལ་གཟིགས་ནས་དབང་དང་བྱིན་རླབས་ཞལ་གྱི་གདམས་པ་གནང་བ་རྣམས་ཡི་གེར་བཀོད་པ་པཀྴིའི་བླ་སྒྲུབ་འདི་ཉིད་ཡིན་ཅིང་དེ་ལ་བརྟེན་ནས་གཟིམ་ཁང་་་་་་འོག་ཏུ་ཕ་ཝཾ་ཞིག་ཡོད་པ་ནས་ཁ་བྱང་བཞེས། གཏེར་ཁ་དང་པོ་མཛོ་རྫི་འགག་གི་མཚོ་ནང་དུ་དངོས་སུ་ཕེབས་ནས་གཏེར་སྒྲོམ་སྔོན་པོ་གྲུ་བཞི་ཞིག་དང་། ཁམས་རྒྱལ་གབ་མཚོ་ནས་ཟངས་སྦུག་ཅིག་བཞེས་པ་རྣམས་ལས་རྡོ་རྗེ་གྲོ་ལོད་རྩ་གསུམ་སྒྲུབ་ཐབས་ཡན་ལག་དང་བཅས་པ་བྱོན། གཏེར་ཁ་གཉིས་པ་སྦས་གནས་གྲུ་གུ་ལྷ་བྲག་གི་གཏེར་གནས་ནས་ཟླ་བ་གཅིག་ཏུ་བྲག་བརྐོས་པ་ལས་ཁྲོ་ལྕགས་ཀྱི་སྡིག་པ་ར་ཙའི་གཟུགས་ལྔ་ཙམ་བྱུང་བ་ལས། བླ་མ་པདྨ་བཛྲ་གྲུབ་ཐོབ་རྒྱ་མཚོའི་དཀྱིལ་འཁོར་ཆ་ལག་ལྔ་དང་བཅས་པ་བྱོན། གཏེར་ཁ་གསུམ་པ་རྫ་སྟོད་སྤྱི་འབྱམས་ནས་ཟླ་བ་བདུན་དུ་འབད་རྩོལ་ཆེན་པོས་བྲག་རྒྱ་བཤིགས་པ་ལས་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་གྱི་ཆོས་སྐོར་རྣམས་བྱོན། དེའི་ཉེ་ལོགས་ཤིག་ནས་ནམ་མཁའི་སྙིང་པོའི་ཚེ་སྒྲུབ་ཀྱི་གདམས་ཕྲན་ཀྱང་བཞེས། དེ་དག་གི་སྐབས་སུ་འཇའ་འོད་མེ་ཏོག་གི་ཆར་དང་དྲི་བཟང་གླུ་དབྱངས་ཀྱི་སྒྲ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་། ཆོས་བཀའ་རྣམས་གཏན་ལ་ཕབས་ནས་ཆོས་བདག་རྣམས་ལ་རིམ་གྱིས་གནང་། འདི་སྐབས་རྩ་བའི་གཟུངས་མ་དང་རྟེན་འབྲེལ་འགྲིགས་ན་གཏེར་ཁ་བརྒྱ་རྩ་བརྒྱད་འདོན་པར་གསུངས་ཀྱང་རྟེན་འབྲེལ་འཆུག་པས་གཏེར་སྟོན་གྱི་དབུ་རལ་བཅད། གཞན་སྣང་དུ་ཐུགས་སློང་བྱུང་བ་ལྟར་རྩིང་སྤྱོད་མཛད་པས་གྲྭ་པ་བདུན་ཡོད་པ་འཐོར། གཉིས་མཚུར་ཕུར་རྒྱལ་དབང་ཡེ་ཤེས་རྡོ་རྗེའི་མདུན་དུ་སྐྱབས་འཇུག་ཞུ་བར་ཕྱིན་པས། མི་འགྱུར་རྡོ་རྗེ་འཁྲུལ་པ་ཞིག་པའི་གྲུབ་ཐོབ་ཆེན་པོ་ཡིན་སྨྱོ་བ་མིན། ཕྱིར་སོང་ལ་སྔར་བཞིན་བཀའ་གང་སྩོལ་སྒྲུབས་ཤིག་གསུངས་པས་དེ་ཕྱིན་ཆད་གྲྭ་པ་རྣམས་ཀྱང་འདུས་ནས་འབྲོག་སྒར་གྱི་ཚུལ་དུ་བཞུགས། སྐུ་ཆས་ཕལ་པའི་རྣམ་པ་དང་གསུང་ཆལ་ཆོལ་ལྟ་བུ་བྱོན་པ་ལ་གང་གསུང་ཐམས་ཅད་ནི་དུས་གསུམ་གཟིགས་པའི་ལུང་བསྟན་ཁོ་ནར་གྱུར་ཅིང་མངོན་ཤེས་སྒྲིབ་མེད་དུ་མངའ། རྫུ་འཕྲུལ་ཡ་མ་ཟུང་ཐོགས་མེད་དུ་སྟོན། ནད་པ་གཅོང་ཆེན་དང་གདོན་ཆེན་ལ་ཐབས་ཕྲ་མོས་སེལ་བ་སོགས་བྱིན་རླབས་ཀྱི་མཐུ་བསམ་གྱིས་མི་ཁྱབ། སྐབས་དེ་ཙམ་ན་ཕྱུགས་ནད་ཧོན་གྱི་གནོད་པ་ཐོག་མར་བྱུང་བ་ནད་བདག་ཨར་ལ་གཏད་ཅིང་དཀར་པོ་འབྱུང་བའི་ཁུངས་བཙུགས། མཐའ་དམག་ཟློག་པའི་ཐབས་དང་རྟེན་འབྲེལ་མཛད་པ་སོགས་བསྟན་འགྲོ་སྤྱི་ལ་དངོས་དང་བརྒྱུད་ནས་བཀའ་དྲིན་ཕུལ་དུ་གྱུར། གནས་ཞལ་ངོ་མཚར་ཅན་འགའ་རེའང་ཕྱེ་བར་མཛད། རྗེ་ཆོས་ཀྱི་འབྱུང་གནས་སྐུ་ན་གཞོན་དུས་ཕྱི་འབྲོག་ཏུ་ཕེབས་པ་དང་མདོ་སྟོད་དུ་མཇལ་བས་རྟེན་འབྲེལ་དང་ལུང་བསྟན་མང་དུ་གནང་། གཏེར་ཆོས་ཡོངས་རྫོགས་ཀྱི་བཀའ་གཏད། དེ་ལྟར་བརྟུལ་ཞུགས་ཀྱི་སྤྱོད་པ་དང་སྐུ་ཚེ་འགྲོ་དོན་མཐར་ཕྱིན་ནས་སྐུ་སྐྱེ་བ་ཕྱི་མའི་ལུང་བསྟན་བསྩལ། ད་ནི་ང་ཡིས་མཐའ་དམག་ཟློག་པའི་དུས་ལ་བབས་གསུངས་ནས་འབམ་ཐང་པོ་ཆེར་རྟེན་འབྲེལ་བརྡའ་རྟགས་ཀྱི་སྤྱོད་པས་གཟུགས་སྐུའི་བཀོད་པ་བསྡུས། དེ་མ་ཐག་པའི་སྤྲུལ་པའི་སྐུ་ཀུན་བཟང་ཆོས་ཀྱི་རྡོ་རྗེའང་མངོན་ཤེས་རྫུ་འཕྲུལ་མཐུ་ནུས་སོགས་སྔ་མ་དང་ཁྱད་པར་མེད་པ་བྱོན་ཏེ་དགོངས་གཏེར་ཐོར་བུ་ཕབ་པར་སྣང་། དེའི་སྤྲུལ་བརྒྱུད་ད་ལྟའི་བར་རིམ་པར་བྱོན་པས་སྒར་ཤུལ་དུ་དགོན་གནས་བཏབ་ཅིང་བསྟན་རྒྱུན་སྐྱོང་། རྒྱལ་སྲས་གུ་རུ་ཆོས་འཛིན་དང་ཞལ་སློབ་འགའ་ཞིག་གི་སྤྲུལ་བརྒྱུད་བྱུང་བ་རྣམས་ཀྱིས་ཀྱང་བསྟན་པའི་ཞབས་ཏོག་ཕུལ་དུ་ཕྱིན་པར་མཛད། གཏེར་ཆོས་རྣམས་ཀྱི་འགྲོ་དོན་རྒྱ་ཆེ་ཞིང་ཁྱད་པར་དུ་རྩ་བའི་ཆོས་བདག་ཞྭ་དམར་ནག་ཟུང་དང་། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་བསྩལ་པ་ཐུགས་ཉམས་སུ་བཞེས་པས་སྒྲུབ་བརྒྱུད་བསྟན་པའི་བར་ཆད་ཞི་ཞིང་བསྟན་རྒྱུན་གནས་པའི་བཙས་སུ་བྱུང་བ་དང་། ལྷག་པར་རྗེ་ཉིད་ཀྱི་གཏེར་ལུང་དུ། ཨ་ཏ་རོང་དུ་ཏཱའི་སི་ཏུ་རྡོ་རྗེ་ཟངས་གྲི་མཁའ་ལ་འཕྱོ༔ ཞེས་ལུང་གིས་བསྟན་པའི་བདེན་དོན་མངོན་དུ་གྱུར་ཏེ། བདག་ཅག་གི་དཔལ་མགོན་བླ་མ་དམ་པ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོས་གཏེར་གཞུང་ཡོངས་རྫོགས་སྤར་དུ་བཀོད་ཅིང་མངའ་རིས་ནས་རྒྱ་མཚམས་ཡན་གྱི་དགོན་ཁག་རྣམས་ལ་སྒྲུབ་མཆོད་འཛུག་པ་སོགས་འགྲོ་འདུལ་ཕྲིན་ལས་མཆོག་ཏུ་སྤེལ་བ་སྟེ་ཕྱིས་བྱོན་གྱི་་་་་གཏེར་ཆོས་ཤིག་ལ་འཇའ་ཚོན་དཀོན་མཆོག་སྤྱི་འདུས་དང་རིག་འཛིན་ཆེན་པོ་འདིའི་ཟབ་གཏེར་ཁོ་ན་བྱིན་རླབས་དང་འགྲོ་དོན་ཆེ་བ་ཚད་མས་གྲུབ་པས་གཞན་གྱིས་འགྲན་ཟླ་དང་བྲལ་བ་ཡིན་ལ་ཁོ་བོས་ཀྱང་སྨིན་གྲོལ་རྫོགས་པར་ནོས་སོ། ༈ །ཆོས་རྒྱལ་ཁྲི་ལྡེའི་ཡང་སྤྲུལ་སྒོམ་སྡེ་ཇ་པ་གཏེར་སྟོན་བྱ་བཏང་སྐུ་མཆོག་གམ་ངག་གི་རྡོ་རྗེར་གྲགས་པ་ནི། སྒོམ་སྡེ་ནང་ཆེན་ཕྱོགས་སུ་འཁྲུངས། རྟེན་སྔགས་པ་དཀྱུས་མར་བཞུགས། ལྷོ་རིན་པོ་ཆེ་སོགས་ཡོངས་འཛིན་དམ་པ་རྣམས་ལས་ཟབ་ཆོས་མང་དུ་གསན་ཅིང་སྐུ་ཆུང་ངུ་ནས་སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་མཛད། ཁྱད་པར་རིག་འཛིན་མི་འགྱུར་རྡོ་རྗེས་རང་གཏེར་རྡོ་རྗེ་གྲོ་ལོད་ཀྱི་བཀའ་བབས་དང་གཏེར་ཁ་ལ་དབང་བར་ལུང་བསྟན། རྡོ་རྗེ་ཕག་མོའི་བསྙེན་སྒྲུབ་མཛད་པའི་སྐབས་གཏེར་སྲུང་གི་ལུང་བསྟན་དང་བསྐུལ་མ་ཡང་ཡང་བྱུང་ནའང་རྩིས་གདབ་མ་མཛད། སླར་དག་སྣང་དུ་མཁའ་འགྲོས་ལམ་སྣ་བྱས་ཏེ་གུ་རུ་རིན་པོ་ཆེ་དམོད་པ་དྲག་སྔགས་ཀྱི་བཀོད་པ་ཅན་གྱི་སྤྱན་སྔར་ཕྱིན་ཅིང་བྱིན་རླབས་དང་གདམས་པ་བསྩལ་ཅིང་། མི་འགྱུར་རྡོ་རྗེ་དང་བླ་མ་ལྷོ་པས་ཀྱང་གཏེར་འདོན་པར་འོས་པའི་གསུང་བསྐུལ་གནང་བ་ལྟར། ཐུགས་རྗེ་ཆེན་པོའི་ཕོ་བྲང་སངས་རྒྱས་མ་ཆགས་པདྨའི་སྤྱན་གྱི་སྐུ་བརྙན་བརྒྱ་རྩ་རང་བྱོན་དུ་གསལ་བའི་གནས་མཆོག་ཇ་པ་བྲག་དཀར་ནས་ཟླ་བ་གསུམ་དུ་རྒྱ་རིམ་པ་བཅུ་གསུམ་བསལ་ཏེ། སྐུ་རྟེན་ཕྱག་ཆ། སའི་སྒྲོམ་བུ་རྣམས་ཐོན་ཅིང་། སྒྲོམ་ནས་གསང་བདག་དམོད་པ་དྲག་སྔགས་ཆེས་ཟབ་པའི་ཆོས་སྐོར་བྱོན། གཏེར་སྒྲུབ་མཛད་སྐབས་གསང་བའི་བདག་པོའི་ཞལ་གཟིགས་ཤིང་ཕྱི་རྟགས་ཀུན་གྱིས་མཐོང་བའི་ཆོ་འཕྲུལ་ཆེན་པོའང་བྱུང་། གཏེར་ཁ་གཞན་བཏོན་པའི་ལོ་རྒྱུས་མི་འདུག་ཅིང་སྐྱེ་བདུན་གྱི་སྐུ་ཤ་སྤྱན་དྲངས་པ་ལ་གཞན་གྱིས་སྒྲོ་སྐུར་གྱི་བར་ཆད་བྱུང་བར་བཤད། ཆོས་བདག་བླ་མ་བློ་གྲོས་རྒྱ་མཚོ་སོགས་ལ་སྤེལ་བའི་རྒྱུན་མ་ཉམས་པར་བཞུགས་པ་བདག་གིས་ཀྱང་ནོས་ཤིང་། སྤྲུལ་བརྒྱུད་རིམ་པར་བྱོན་པ་དེང་སང་ཡང་ནང་ཆེན་ཇ་པ་དགོན་དུ་ཡོད་དོ། ༈ །ལོ་ཆེན་བཻ་རོའི་ཡང་སྤྲུལ་ལ་སྟོད་སྟག་མོ་གཏེར་སྟོན་གུ་རུ་དབོན་གསས་ཁྱུང་ཐོག་ཏུ་གྲགས་པ་ནི། གཙང་ལྷ་རྩེ་དང་ཉེ་བར་རྒྱལ་དབང་ཡེ་ཤེས་རྡོ་རྗེའི་དུས་ཙམ་འཁྲུངས། རྟེན་སྔགས་བཙུན་གྱི་ཚུལ་དུ་བཞུགས། ཐོག་མར་ས་སྐྱའི་ཕྱོགས་ཀྱི་མདོ་སྔགས་ལ་གསན་པ་ཅུང་ཟད་མཛད། སླར་བྱང་གཏེར་གྱི་ཆོས་བཀའ་ཅི་རིགས་པ་གསན་ནས་རིག་འཛིན་གདུང་སྒྲུབ་ཀྱི་ཉམས་བཞེས་གནང་སྐབས་ཟབ་གཏེར་གྱི་ཁ་བྱང་བབས་ཏེ་རུ་ལག་རྒྱང་གི་ཡོན་པོ་ལུང་བྲག་བྱ་ཁྱུང་འདྲ་བའི་མགུལ་ནས། རྫོགས་ཆེན་ཀུན་བཟང་སྙིང་ཐིག་སོགས་བླ་རྫོགས་ཐུགས་གསུམ་གྱི་སྐོར་སྤྱན་དྲངས། ཡན་ལག་ཚེ་སྒྲུབ་ཀྱི་ལུང་བྱང་ལས་གསལ་བ་ལྟར་དབུས་སུ་བྱོན་ནས། རིག་འཛིན་ཆོས་རྗེ་གླིང་པ་རས་ཆུང་ཕུག་ཏུ་བཞུགས་སྐབས་མཇལ། ཟབ་གཏེར་གྱི་བཀའ་བབས་ཡོད་ཚུལ་ལུང་བྱང་དང་བཅས་པ་ཡོངས་གྲགས་སུ་ཕུལ་ཅིང་གསང་བའི་ཚུལ་གྱིས་ཆོས་བདག་ཏུ་རྟེན་འབྲེལ་བསྒྲིགས་པ་ལ་བརྟེན། ཕྱིས་ནས་རིག་འཛིན་སྤྲུལ་པའི་གཏེར་སྟོན་ཆེན་པོར་གྱུར་པ་ཆོས་གླིང་རང་གི་རྣམ་ཐར་དུ་གསལ་བས་རྗེ་འདི་ཉིད་ཚད་ཐུབ་ཀྱི་གཏེར་སྟོན་དུ་ངེས་མོད། སྐུ་ཚེ་དང་ཕྲིན་ལས་རྒྱ་ཆེར་མ་བྱུང་བས། ཟབ་གཏེར་གྱི་རྒྱུན་ཇི་ཙམ་འཕེལ་བར་མ་འཚལ་ཕྱིར་འདིར་མདོ་ཙམ་བྲིས་པ་ཡིན་ལ། འདི་ཉིད་ཀྱི་རྫོགས་ཆེན་ཀུན་བཟང་ཐུགས་ཏིག་གི་ཆ་ལག་ཚེ་སྒྲུབ་ཧྲཱིཿགཅིག་མ་ཡེ་ཤེས་སྲོག་ཏིག་ཅེས་ཟབ་ཅིང་འདྲིལ་བའི་ཆོས་ཚན་ཉུང་ངུ་རྗེ་བླ་མར་བྱིན་རླབས་ཉེ་བརྒྱུད་ཀྱི་ཚུལ་དུ་བབས་པ་བདག་གིས་ནོས་པའང་སྐལ་བཟང་དུ་མཚོན་ནོ། ༈ །ཕྱིས་བྱོན་མདོ་ཁམས་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པ་རིག་འཛིན་སྟག་ཤམ་རྡོ་རྗེའམ་བསམ་གཏན་གླིང་པ་ནི། ལྷོ་སྤར་ཤོད་ཀྱི་འབྲོག་སྡེ་ཞིག་ཏུ་ཟུར་རིགས་ཀྱི་སྔགས་རྒྱུད། ཡབ་གཅོད་པ་བཀྲ་ཤིས་དང་། ཡུམ་ལོད་སྐྱིད་གཉིས་ཀྱི་སྲས་སུ་ཤིང་མོ་ལུག་གི་ལོར་སྐུ་བལྟམས། ལྟས་མཚན་ཁྱད་པར་ཅན་མང་ཞིང་དགུང་ལོ་གསུམ་པ་ནས་རང་བྱུང་གི་ཡེ་ཤེས་ཐུགས་ལ་འཁྲུངས་པས་ལྟ་སྟངས་ཀྱི་ངང་དུ་བཞུགས། ཆུང་ངུ་ནས་ངེས་འབྱུང་དང་དག་སྣང་སྙིང་རྗེ་ཤིན་ཏུ་ཆེ་བས་ཆོས་མིན་གྱི་བྱ་བ་མཐའ་དག་སྤང་། དགུང་ལོ་བཅུ་གཅིག་པར་མཁའ་འགྲོས་དངོས་སུ་ལུང་བསྟན་པས་དག་སྣང་གི་སྣ་ཟིན་ཏེ་ཉིན་མཚན་ངོ་མི་ཤེས་པར་གྱུར། རྡོ་རྗེའི་གླུ་བྲོ་རྟག་ཏུ་མཛད་པས་དཔའ་བོ་ཞེས་པའི་མཚན་ཐོགས། བླ་མ་དམ་པ་འགའ་ཞིག་གི་ཞབས་ལ་གཏུགས་ནས་ཐོས་བསམ་མང་དུ་མཛད། དགུང་ལོ་བཅུ་བདུན་པར་རི་ཁྲོད་དུ་འབྱོན་པའི་ལམ་ཁ་ཞིག་ཏུ་གུ་རུ་རིན་པོ་ཆེ་རྣལ་འབྱོར་པ་ཐོར་ཚུགས་རས་གཟན་ཨང་རག་ཅན་ཞིག་ཏུ་སྤྲུལ་ནས་ཞལ་གདམས་བསླབ་བྱ་གནང་། ཉམས་འུར་ནས་སྐྱེ་བ་སྔོན་མ་དྲན་ཏེ་ང་ལྷ་པ་ཆོས་འབྱུང་ཡིན་བྱས་པས་ཀུན་གྱིས་ཨོ་རྒྱན་ལྷ་པ་ཟེར་བ་བྱུང་། དེར་ཕྲ་མོ་བྲག་ནས་ཟབ་གཏེར་འགའ་ཞིག་གི་ཁ་བྱང་རྣམས་ཐོན། དེའི་ཕྱི་ལོར་གླང་ལུང་སྐུ་གསུམ་བྲག་གི་བཻ་རོའི་སྒྲུབ་ཕུག་ནས་རྡོར་སེམས་སྙིང་ཐིག་དང་དྲག་པོ་ཀཱི་ལ་ཡའི་ཆོས་བཀའ་སྤྱན་དྲངས། དགུང་ལོ་ཉི་ཤུ་པ་ལ་བསྙེན་རྫོགས་བཞེས་ནས་རྟེན་དགེ་སློང་གི་དངོས་པོར་བཞུགས། མཚན་དངོས་བསམ་གཏན་རྡོ་རྗེ་ཞེས་གྲགས། གཏེར་ཁ་གཉིས་པ་ཁྲ་མོ་བྲག་གི་གནས་མདའི་ཕ་ཝཾ་ནས་ཁ་བྱང་དང་ཀ་དཔེ་བྱུང་བ་བཞིན། པདྨ་ཤེལ་ཕུག་གི་བཻ་རོའི་སྒྲུབ་ཕུག་གི་ནང་ནས་པདྨ་ཡོངས་གྲོལ་སྙིང་ཐིག །བཀའ་སྲུང་ཞིང་སྐྱོང་གི་སྐོར། གསུམ་པ་སྲོག་མཁར་སྐྱོག་ཕུག་ནས་དྲག་པོ་ཧཱུྃ་ནག་མེ་འབར། བླ་ཕུར་སྦྲགས་མ། མཁའ་འགྲོ་སེང་གདོང་སོགས་རྒྱ་ཆེར་བྱོན་ཀྱང་གསང་སྒོ་འཆོལ་བ་སོགས་ལུང་བཞིན་མ་བྱུང་བའི་སྟབས་ཀྱིས་པདྨ་ཡོངས་གྲོལ་ཞི་དྲག་གི་སྐོར་ཆོས་ཚན་ཁ་ཤས་རེ་ཕབས་པའི་འཕྲོས་སུ་འཚུབ་སློང་ཆེར་བྱུང་ཞིང་ལུང་བྱང་དམིགས་བསལ་བྱུང་བ་ལ་བརྟེན་བླ་ཕུར་སྐོར་ཙམ་ལས་གཞན་ཡང་གཏེར་དུ་སྦས། བཞི་པ་བྱ་ཁྱུང་ཚལ་གྱི་ཕྱག་རྡོར་གདན་འོག་ནས་ཐུགས་སྒྲུབ་རྣམ་གསུམ་གྱི་གཙོ་བོ་ཞི་དྲག་ཕྱེད་མ་གསེར་ཞུན་མའི་ཆོས་སྐོར། ལྔ་པ་སྲོག་རྫོང་ཙིཏྟ་འབར་བ་ནས་ཞི་བ་པདྨ་གསང་ཐིག །དྲུག་པ་བྲག་དཀར་ལྷ་ཆུ་སྲོག་མཁར་སྒྲུབ་ཕུག་གི་ཆུ་དོང་ནས་རྡོ་རྗེ་དྲག་པོ་རྩལ་གྱི་སྐོར། བདུན་པ་ནི་གཏེར་སྲུང་ཨེ་ཀ་ཛཱ་ཊིས་བསྐུལ་ནས་ལྷོ་སྟོད་དུ་བླ་མ་ཀུན་དགའ་རྒྱ་མཚོ་མཇལ་བར་བྱོན་སྐབས། ལ་ཐོག་ཟེར་བའི་ཁྱིམ་ཚང་གཅིག་གིས་གདན་ཞུས་བྱས། སྔོན་མཆོག་ལྡན་རྡོ་རྗེའི་གཏེར་བྱོན་རྟ་མགྲིན་སྙིང་པོ་དོན་སྦྱོར་པུསྟི་ཕྱག་ཏུ་ཕུལ། དག་སྣང་དུ་གྲུབ་ཆེན་པ་ཉིད་དངོས་སུ་མཇལ་ཏེ་དབང་དང་གདམས་པ་བསྩལ་པས་བཀའ་ལུང་གི་རྒྱུན་ཆད་པ་གསོས་ཏེ་རྒྱ་ཆེར་སྤེལ། བརྒྱད་པ་བྲག་དཀར་ལྷ་ཆུ་གསང་བ་ཕུག་ནས་རྩ་གསུམ་སྙིང་པོ་དོན་སྦྱོར། དགུ་པ་བདུད་རི་ནག་པོའི་ཕ་ཝང་སྙིང་འདྲ་བ་ནས་ཐུགས་རྗེ་ཆེན་པོའི་དགོངས་དོན་འགྲོ་བ་ཀུན་སྒྲོལ། བཅུ་པ་སྤག་ཤོད་ཁ་མདོའི་བྲག་ནས་མཚོ་རྒྱལ་རྣམ་ཐར་སྐབས་དོན་བརྒྱད་པ། བཅུ་གཅིག་པ་གསང་བ་ཡང་ལེ་ཤོད་ནས་གུ་རུའི་རྣམ་ཐར་བཀའ་ཐང་ཆེན་མོ། བཅུ་གཉིས་པ་སྡོམ་ཕུ་གངས་རའི་མཚོ་ནང་ནས་གཏེར་བདག་གིས་དངོས་སུ་ཕུལ་བའི་གསང་བདག་དྲེགས་འདུལ་གྱི་སྐོར། བཅུ་གསུམ་པ་སྤུ་བོ་དགའ་བ་ལུང་ཞེས་གྲགས་པའི་དུར་ཁྲོད་ཆེན་པོ་དགའ་བ་ཚལ་ནས། དིལ་འབུར་གྱི་སྟེང་ན་ཤིང་ཕུང་མང་པོ་སྐྱེས་པ་རྣམས་བཅད་ཅིང་ས་རྡོ་བསལ་བའི་འོག་ནས་རྟ་ཕག་ཡབ་ཡུམ་གྱི་སྐུ་རྟེན་ཐོག་ཚད་མ་གསལ་བར་མཛད། དེའི་སྦྱོར་མཚམས་ནས་བྱུང་བའི་ཁ་བྱང་ལྟར་གནས་དེའི་ཨོ་རྒྱན་གདན་ཁྲི་སོགས་ནས། ཡི་དམ་དགོངས་པ་འདུས་པའི་རྒྱུད་སྒྲུབ་ཐབས་ཆ་ལག་ཚང་བ་པུསྟ་ཀ་དགུར་བཞུགས་པ་དང་། བཅུ་བཞི་པ་ཕ་ཝང་ཁྲོས་མ་ནག་མོ་ནས་མཚོ་རྒྱལ་སྙན་བརྒྱུད། བཅོ་ལྔ་པ་སྟག་ཚང་རྡོ་རྗེ་གྲོ་ལོད་ནས་བདུད་འདུལ་དྲག་མོའི་སྐོར། བཅུ་དྲུག་པ་ཚ་སྒང་གཡུ་བྲག་ནས་དམ་ཅན་ལྕམ་དྲལ་གྱི་སྐོར། བཅུ་བདུན་པ་འདོང་ཆུའི་བྱམས་པའི་ཕུ་དུང་ནས་ཐུགས་རྗེ་ཆེན་པོ་མི་ཏྲའི་སྙིང་ཐིག་གི་ཆོས་སྐོར་རྣམས་སྤྱན་དྲངས་པ་ལས་ཁ་ཤས་མ་གཏོགས་ཚང་བ་གཏན་ལ་ཕབ་ཅིང་ཆོས་བདག་གི་གཙོ་བོ་གཏེར་ཆེན་ཆོས་རྗེ་གླིང་པ། དབོན་ནམ་མཁའ་རྡོ་རྗེ། འཕེལ་ཚ་བསམ་གཏན་བསྟན་འཛིན་སོགས་ལ་གནང་། རིག་འཛིན་ཆོས་རྗེ་གླིང་པས་ཞྭ་དམར་ནག་ཟུང་ལ་བསྩལ་བ་སོགས་ལ་བརྟེན་ཕྲིན་ལས་རྒྱས་ཤིང་གཞན་ཡང་གཏེར་གནས་དེ་དག་ནས་སྐུ་རྟེན། ཐུགས་རྟེན། ཕྱག་མཚན། བྱིན་རྟེན་གྱི་རིགས་ནི་མཐའ་ཡས་པར་བྱོན་ཅིང་ཕུར་པ་ཁོ་ནའང་ཕུར་ཆ་ཚང་མ་བྱུང་བར་གྲགས་གདན་སའི་གཙོ་བོ་སྤར་སྟོད་བསམ་གཏན་གླིང་དུ་མཛད། བོད་ཁམས་སྟོད་སྨད་ཀྱི་སྐྱེ་འགྲོ་མཆོག་དམན་གྲངས་ལས་འདས་པ་འདུ་བ་ལ་སྨིན་གྲོལ་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར། དམ་རྫས་མྱང་གྲོལ་སོགས་སྒྲུབ་པ་ཆེན་པོ་ལན་གྲངས་མང་དུ་མཛད། འདུས་བྱས་ཀྱི་དགེ་རྩའང་མཐའ་ཡས་པ་བསྒྲུབས། དེ་ལྟར་མཛད་པ་མཐར་ཕྱིན་ནས་ལྟས་དང་ཆོ་འཕྲུལ་དུ་མ་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་དབང་ཆེན་ཡབ་ཡུམ་གྱི་ཐུགས་ཀར་བསྡུས་སོ། །སྤུ་བོར་སྤྲུལ་བརྒྱུད་དང་སློབ་བརྒྱུད་རིམ་པར་བྱོན་པས་དགོན་གནས་འཛིན། ཕྱོགས་དེ་དང་ངོམ་རྒྱུད་བཞགས་རྙིང་སོགས་སུ་དར་རྒྱས་སུ་བཞུགས་ལ། ཁོ་བོས་ཀྱང་དེང་སང་རྒྱུན་བཞུགས་སོ་ཅོག་གི་སྨིན་གྲོལ་ལེགས་པར་ཐོབ་པས་ཆེས་སྐལ་པ་བཟང་པོར་རློམ་མོ། ༈ །རླངས་ཆེན་དཔལ་གྱི་སེང་གེའི་རྣམ་འཕྲུལ་རྭ་སྟོན་སྟོབས་ལྡན་རྡོ་རྗེའམ་པདྨ་ཚེ་དབང་རྩལ་ནི་གཙང་རྒྱང་རྩེར་མཐུ་སྟོབས་ཀྱི་དབང་ཕྱུག་རྭ་ལོ་ཙཱ་བ་ཆེན་པོའི་གདུང་རིགས་སྔགས་འཆང་ནུས་ལྡན་བར་མ་ཆད་པར་བྱོན་པའི་རིགས་སུ་འཁྲུངས། རྒྱང་རྩེར་ཟུར་སྡེ་གྲྭ་ཚང་ལས་གསན་སྦྱང་ཕུལ་དུ་ཕྱིན་པར་མཛད། རིག་འཛིན་ཆོས་རྗེ་གླིང་པའི་སྐུ་དྲུང་དུ་བྱོན་པས་ཉིད་ལ་བཞུགས་པའི་བཀའ་ཆོས་ཐམས་ཅད་བུམ་པ་གང་བྱོར་བསྩལ་ཅིང་། ཁྱད་པར་ཉིད་ཀྱི་གཏེར་གསར་ཐམས་ཅད་ཀྱི་ཆོས་ཀྱི་བདག་པོར་མངའ་གསོལ། ཤོག་སེར་འབེབས་པའི་ཡི་གེ་པའང་ཕལ་ཆེར་འདི་ཉིད་ཡིན་ལ་ཡུན་རིང་པོར་ཞབས་པད་བསྟེན་པས་ཐུགས་ཀྱི་དགོངས་པ་ལོན། དབུས་སུ་དུས་ཟིང་བྱུང་བས་ཆོས་གླིང་ཉིད་སྦས་ཡུལ་པདྨ་བཀོད་དུ་ཕེབས་པའི་ཞབས་ཕྱིར་བྱོན། དེ་སྐབས་ཆོས་གླིང་ཉིད་ཞིང་གཤེགས་པའི་དུས་སུ་རྭ་སྟོན་ལ་པདྨ་བཀོད་ཀྱི་བྱང་གླིང་དྲག་པོའི་གནས་རླུང་ནག་རྩུབ་འགྱུར་སོགས་ཀྱི་བདག་པོ་ཁྱོད་ཡིན་པས་ངེད་ཀྱི་སྒྱུ་ལུས་བརྟུལ་བའི་ས་སྤང་འཁོར་གོང་འོག་ཏུ་གནས་གཞི་ཐེབས་པ་དང་། བྱང་གླིང་གི་གནས་རྣམས་ཀྱི་གནས་སྒོ་འབྱེད་པ་དང་། གནས་ཀྱི་གསལ་ཆ་དགོས་ཚུལ་སོགས་ཞལ་ཆེམས་རྒྱས་པར་བསྩལ་པ་བཞིན། ཆོས་གླིང་ཞིང་གཤེགས་པའི་སྤང་འཁོར་གྱི་གཟིམས་ཆུང་དང་སྤུར་ཐལ་གྱི་མཆོད་རྟེན་སོགས་ལ་ཞབས་ཏོག་སོགས་བགྱིས་ནས་ཞལ་ཆེམས་བཞིན་བསྒྲུབ་པར་བརྩམས་ཀྱང་བདུད་རིགས་ཀྱི་འཕྲུལ་གྱིས་གྲྭ་སློབ་སོགས་ཀྱི་རྟེན་འབྲེལ་མ་འགྲིགས་པར་ལུས། ཆོས་གླིང་པའི་སྐུ་སྐྱེ་ཞིག་ཀྱང་ངོས་འཛིན་མཛད་པ་སྤུ་བོ་བྲག་སྐེད་དགོན་པར་བཞུགས་སུ་གསོལ། དེ་ནས་ཡར་གཙང་ཕྱོགས་སུ་ཕེབས། དེ་ནས་ཀྱང་རྒྱ་གར་རྩྭ་མཆོག་གྲོང་དང་མཐའ་འཁོབ་མུན་གླིང་འབྲས་ལྗོངས་སོགས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་ཁོ་ནས་ཕེབས། ཁ་བྱང་ཕྱག་ཏུ་སོན་པ་ལྟར། འོན་ཕུ་སྟག་ཚང་ནས་རྡོ་རྗེ་ཕུར་པ་ཞི་བ་ཀུན་བཟང་ཐུགས་ཏིག །དྲག་པོ་ཆེ་མཆོག་དང་རྟ་ནག་སྐོར་གྱི་ཆོས་སྡེ་ངོ་མཚར་ཅན་སྤྱན་དྲངས་པ་དེང་སང་ཡང་ཆོས་རྒྱུན་དར་ཞིང་ཁོ་བོས་ཀྱང་ནོས། གཞན་ཡང་གཏེར་ཁ་ཤས་སྤྱན་དྲངས་པར་གསལ། སྐུ་ཚེའི་སྨད་ལ་མི་དབང་ཕོ་ལྷ་ཐའི་ཇི་བསོད་ནམས་སྟོབས་རྒྱལ་གྱིས་དབུའི་མཆོད་གནས་སུ་བཀུར། བོད་ཁམས་བདེ་ཐབས་གཙོར་གྱུར་ཞི་རྒྱས་དབང་དྲག་གི་ལས་སྦྱོར་མང་དུ་གནང་ཞིང་རྟགས་ཐོན་པར་མཛད། སྤུ་བོར་བཞུགས་སྐབས་རྗེ་བསྟན་པའི་ཉིན་བྱེད་ཀྱིས་ཀྱང་ཆོས་གླིང་སྐོར་སོགས་དབང་ལུང་མང་དུ་གསན་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར། རྒྱལ་དབང་ཞྭ་དམར་ནག་ཀྱང་ཆོས་བདག་ཏུ་མངའ་གསོལ་བས་མཚོན། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་དང་། དཔལ་ས་སྐྱ་པ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མས་ཀྱང་དངོས་དང་བརྒྱུད་པའི་སྒོ་ནས་གསུང་གི་བདུད་རྩི་བཞེས། དེ་ལྟ་བུའི་སྒོ་ནས་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན་ཏེ་འོག་མིན་རྡོ་རྗེ་བཀོད་པའི་གྲོང་ཁྱེར་དུ་གཤེགས། སྤྲུལ་པའི་སྐུ་དྭགས་པོ་ལ་བར་འཚོ་བྱེད་དུ་ཨ་བོ་ཆོས་རྗེའི་དབོན་རིགས་སུ་འཁྲུངས་གདུང་རྒྱུད་རྒྱང་རྩེ་བྲག་དམར་བླ་བྲང་དུ་ད་ལྟའི་བར་བཞུགས་ཤིང་ཆོས་རྒྱུན་ཀྱང་མ་ཉམས་པ་ཡོད་དོ། ༈ །ཨོ་རྒྱན་ཆེན་པོའི་བྱིན་རླབས་ཀྱི་རྣམ་འཕྲུལ་ཁམས་པ་རིན་པོ་ཆེ་ངག་དབང་ཀུན་དགའ་བསྟན་འཛིན་ཞེས་མཚན་ཡོངས་སུ་གྲགས་པ་ནི། དབུས་གོང་དཀར་རྫོང་ཞོལ་བདེ་སྐྱིད་གླིང་དུ་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ལ་འཁྲུངས། མི་ཕམ་ཆོས་ཀྱི་དབང་ཕྱུག་ལ་གཙུག་ཕུད་ཕུལ་བས་མཚན་ངག་དབང་ཀུན་དགའ་བསྟན་འཛིན་ཞེས་གསོལ། འབྲུག་པ་ཡབ་སྲས། སྒམ་པོ་བཟང་རྡོར། སྨིན་གླིང་སྐུ་མཆེད་སོགས་སྐྱེས་ཆེན་མང་པོ་བསྟེན་ནས་གསར་རྙིང་བཀའ་གཏེར་གྱི་ཆོས་ཚུལ་རབ་འབྱམས་མ་གསན་པ་མེད་པ་ལྟ་བུ་མཛད། ཐུན་མོང་རིག་པའི་གནས་ལའང་མཁས་ཤིང་ཁྱད་པར་གསོ་རིག་གི་མཐར་སོན། སྔོན་བྱོན་འབྲུག་པ་ཀརྨ་བསྟན་འཕེལ་དང་། དབུ་མཛད་ཀུན་དགའ་ལྷུན་གྲུབ་ཀྱི་ཡང་སྲིད་དུ་ངེས་པས་ཁམས་སུ་གདན་དྲངས། ཆོས་ཕྱིར་དཀའ་སྤྱད་ཀྱིས་དབེན་གནས་རི་ཁྲོད་མང་པོར་བཞུགས་སྐབས་གཟེ་རྒྱལ་མགོར་བཞུགས་དུས་བི་མ་མི་ཏྲ་དངོས་སུ་མཇལ་ནས་རྫོགས་ཆེན་གྱི་ཁྲིད་གསན་པ་དང་། སློབ་དཔོན་པདྨས་བྱིན་གྱིས་བརླབས་ནས་གཏེར་གྱི་ཁ་བྱང་དང་ལུང་བསྟན་མང་པོ་བསྩལ་ནའང་ཡུལ་དུས་གནས་སྐབས་ཀྱི་དབང་གིས་དངོས་གཏེར་རྒྱ་ཆེར་མ་བཞེས། འོན་ཀྱང་གནས་སྒོ་མང་པོ་གསར་འབྱེད་དང་ཆོས་སྐྱོང་ཁོག་ཞུགས་སོགས་ལ་བཀའ་བསྒོས་ཏེ་རྟེན་དང་ཆོས་ཀྱི་ཟབ་གཏེར་ཅི་རིགས་པ་ཕྱག་ཏུ་སོན་པ་ལས། མདོར་རྒྱལ་ནས་བཞེས་པའི་སྤོམ་རའི་སྒྲུབ་སྐོར་ཙམ་ཞིག་སྣང་བ་ཁོ་བོས་ཀྱང་ནོས། ཆུ་འབྲུག་ཚེས་བཅུའི་ཐོ་རངས་ཁར་སློབ་དཔོན་པདྨ་སྐུ་གསུམ་རིགས་དྲུག་མཚན་བརྒྱད་དཔའ་བོ་མཁའ་འགྲོའི་འཁོར་ཚོགས་སོགས་ཚེས་བཅུའི་འཆམས་བཀོད་ལྟར་ཞལ་གཟིགས་པ་ལ་བརྟེན། ཨོ་རྒྱན་ཆེན་པོའི་ལུང་བཞིན་བླ་མ་གསང་འདུས་དང་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཕན་ཚུན་གུང་སྤྲོས་ཏེ་ཁམས་པའི་ཐུགས་སྒྲུབ་ཅེས་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་གཏན་ལ་ཕབས། རང་གི་གདན་སར་གར་ཐིག་དབྱངས་རོལ་སོགས་སྔོན་གྱི་ཕྱག་བཞེས་གཞིར་བཟུང་རྗེ་ཉིད་ཀྱི་དག་སྣང་ལ་ཤར་བས་ཁ་བསྐངས་ཏེ་ཚེས་བཅུའི་གར་འཆམས་ངོ་མཚར་ཅན་དང་རྡོ་རྗེ་ཕུར་པའི་རྩ་འཆམས་ལ་སོགས་སྤྲོས་བཅས་ཀྱི་ཕྱག་བཞེས་རྒྱ་ཆེར་མཛད་པ་ཁམས་པའི་སྒྲུབ་ཆེན་ཞེས་གྲགས་པ་ད་ལྟའང་རྒྱུན་མ་ཉམས་པར་མཆིས། རྗེ་ཉིད་ཀྱི་ལུང་ལས། ཚ་བའི་དུས་ཀྱི་གྲིབ་བསིལ་དུ། །འབུམ་ཕྲག་ལྔ་ཡི་སྤྲིན་ཆེན་བསྡུས། །ཞེས་པ་ལྟར་བོད་ཁམས་བདེ་ཐབས་སུ། སྐུ་ཨོ་རྒྱན་རིན་པོ་ཆེའི་སྣང་བརྙན། གསུང་བཛྲ་གུ་རུ་རྡོ་དུང་། ཐུགས་མཆོད་རྟེན། ཡོན་ཏན་ལེའུ་བདུན་མ། ཕྲིན་ལས་པདྨ་བཀའ་ཐང་རྣམས་ཀྱི་རྟེན་སོ་སོ་ནས་འབུམ་ཕྲག་བསྒྲུབས་པ་སོགས་མཛད་པ་རླབས་ཆེ། གཞན་ཡང་མྱང་གྲོལ་རིལ་བུ་དང་། བདུད་རྩི་སྨན་གྱི་སྒྲུབ་ཆེན། མདོ་དབང་སོགས་རྙིང་མ་བཀའ་གཏེར་གྱི་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར་པས་མཚོན་སྔ་འགྱུར་གྱི་རིག་པ་འཛིན་པ་ཆེན་པོའི་ས་ལ་བཞུགས། ཞལ་སློབ་ཀྱང་འབྲུག་ལུགས་རང་གི་བསྟན་འཛིན་ཕལ་ཆེར་དང་། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་དང་། རིག་འཛིན་རོལ་པའི་རྡོ་རྗེ་སོགས་མཐའ་ཡས་པ་འདུས། དེ་ལྟ་བུའི་སྒོ་ནས་བསྟན་འགྲོའི་དོན་མཐར་ཕྱིན་ཏེ་རེ་ཞིག་སྤྲུལ་པའི་དཀྱིལ་འཁོར་བསྡུས་པའི་སྐྱེ་བ་དེ་མ་ཐག་པ། རྗེ་ཆོས་ཀྱི་འབྱུང་གནས་ཀྱི་ཐུགས་སྲས་ཐུ་བོ། མཁས་བཙུན་བཟང་པོའི་ཁྱུ་མཆོག་བསྟན་འཛིན་ཆོས་ཀྱི་ཉི་མ་ནས་ད་ལྟའི་བར་རྒྱུན་མ་ཆད་པར་བྱོན་པས་ཀར་རྙིང་ཟུང་འཇུག་གི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་དོ། ༈ །སློབ་དཔོན་ཧཱུྃ་ཆེན་ཀཱ་ར་དང་མཁོན་ཀླུའི་དབང་པོ་ཟུང་འཇུག་གི་ཐུགས་སྤྲུལ་རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེ་ནི། མདོ་ཁམས་ལྷོ་རྒྱུད་ཀེ་རོང་གི་ལུང་ཕྲན་རུ་ནང་ཞེས་པར་ཡབ་ཚེ་རིང་རྡོ་རྗེ་དང་ཡུམ་ལྷ་མོ་ཞེས་པའི་སྲས་སུ་དགེ་བའི་ལྟས་མཚན་དང་བཅས་ཏེ་འཁྲུངས། མཚན་དཀོན་མཆོག་ལྷུན་གྲུབ་ཏུ་གསོལ། སྐུ་སྐྱེད་དང་གཟི་མདངས་གཞན་ལས་ཆེ་ཞིང་མི་བཟོད་པའི་སྙིང་རྗེ་ཆེན་པོ་མངའ། གང་ལའང་འཇིགས་པ་མེད་པའི་རིག་འཛིན་ཆེན་པོར་ཞལ་གྱིས་བཞེས་ཏེ་བདེན་ཚིག་མཛད་པ་ཙམ་གྱིས་ཕྱུགས་ནད་གཅོད་པ་དང་ཐན་པས་གདུང་བ་ལ་ཆར་འབེབས་པ་སོགས་ཚར་གཅོད་རྗེས་འཛིན་ཐོགས་མེད་དུ་གྲུབ་པས་སྐྱེ་བོ་རྣམས་དད་པ་ལ་བཀོད། མནལ་ལམ་དུ་བདག་མེད་པའི་དོན་ལ་ངེས་ཤེས་རྙེད་པས་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དགོངས་པ་རང་བཞིན་གྱིས་མངོན་དུ་གྱུར། དྲུང་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ། ཆེ་ཚང་རིག་འཛིན་གསུང་རབ་རྒྱ་མཚོ། ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་ལས་མདོ་རྒྱུད་གསང་སྔགས་གསར་རྙིང་གི་ཆོས་བཀའ་མཐའ་ཡས་པ་གསན། ཆོས་སྤྱན་དྲི་མ་མེད་པ་མངའ་བས་གསར་རྙིང་གི་ཟབ་དོན་ཐམས་ཅད་ལུགས་གཅིག་གིས་ཉམས་སུ་ལེན་པའི་ཚུལ། སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཅོག་ལ་དག་སྣང་དགོས་པའི་ཡི་གེ །གསན་ཡིག་རིན་ཆེན་འབྱུང་གནས་ལེགས་བཤད་རྨད་དུ་བྱུང་བའི་བསྟན་བཅོས་ཀྱང་མཛད། རབ་ཏུ་བྱུང་བའི་བཅས་མཚམས་ལས་མི་འདའ་ཞིང་བསད་ཤ་ལྗགས་ལ་མི་འཇོག་པ་སོགས་ལ་བཙུན་པའི་མཐར་ཕྱིན། བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར་ལ་ཅི་རིགས་བརྩོན་པས་སློབ་དཔོན་ཧཱུྃ་ཀ་ར་དང་གུ་རུ་ཡབ་ཡུམ་སོགས་ཀྱིས་ཞལ་ཡང་ཡང་བསྟན་ཅིང་བྱིན་གྱིས་བརླབས། ཟབ་གཏེར་གྱི་དངོས་གྲུབ་འབྱུང་བའི་སྔ་ལྟས་སུ་ཐོག་མར་གསེར་ས་ལེ་སྦྲམ་ཞིག་རྙེད། རིམ་གྱིས་ཕུག་པ་ཞིག་ནས་རྡོའི་གོང་བུ་ཡིད་དུ་འོང་བ་ཞིག་ཕྱག་ཏུ་སོན་པ་ལས་གཏེར་གྱི་ཁ་བྱང་བྱུང་། ལྕགས་སྦྲུལ་སྟོན་ཟླ་ར་བའི་ཚེས་བཅུའི་ཉི་ཤར་ལ་སྒྱུ་འཕྲུལ་གྱི་ཤོག་སེར་སྤྱན་སྔར་སྣང་བ་ལས་མཚོ་གཏེར་གྱི་ལོ་རྒྱུས་གནད་བྱང་ཞིབ་པར་བྱུང་ཞིང་རེ་མ་ཏིས་ཀྱང་ནན་དུ་བསྐུལ་པ་ལྟར་གཏེར་སྒྲུབ་མཛད་པས་ཆུ་རྟ་ས་ག་ཟླ་བའི་ཚེས་བཅུའི་སྲོད་ལ་འབྱུང་པོ་གདུག་པ་ཅན་གྱིས་བར་ཆད་རྩོམ་པ་ཚར་བཅད། ཐོ་རངས་ཨོ་རྒྱན་ཡབ་ཡུམ་གྱིས་དབང་དང་བྱིན་རླབས་ཞལ་གདམས་རྒྱས་པར་བསྩལ་པ་ལྟར་ཟླ་བ་ལྔ་པའི་ཚེས་བཅུར་རྒྱམ་རྒྱལ་རྡོ་ཏིའི་ཞོལ་དུ་ཕེབ། མཆོག་དམན་ཁྲོམ་ཚོགས་དཔག་ཏུ་མེད་པའི་དབུས་སུ་གཡུ་མཚོ་ཆེན་པོར་ཕེབས་པ་ན་འཇའ་འོད་དང་སྒྲ་སྙན་པ་ཀུན་གྱིས་ཐོས་པ་བྱུང་། གནོད་སྦྱིན་དང་མཚོ་སྨན་གཉིས་ཀྱིས་གཏེར་སྒྲོམ་ཕུལ། ཀླུ་བདུད་ཅུང་ཟད་འགྱངས་པ་ལ་ཏིང་ངེ་འཛིན་གྱིས་གཟིར་བས་མཚོ་ཉི་མ་ལྟར་བལྟར་མི་བཟོད་པ་དང་ཐོག་སེར་ཆོ་འཕྲུལ་བཅས་འོང་ནས་གཏེར་སྒྲོམ་ཕུལ་བ་བཞེས་ཏེ་ཁྲོམ་ཚོགས་ཀྱི་དབུས་སུ་ཕེབས་པས་དེར་འཚོགས་ཐམས་ཅད་ཕྱིར་མི་ལྡོག་པའི་དད་པ་ལ་བཀོད། ཨོ་རྒྱན་ཐོར་ཅོག་དགུ་ལྡན་གྱི་ཕོ་བྲང་དང་ཟངས་མདོག་དཔལ་རིའི་དབྱིབས་ཅན། གནམ་ལྕགས་སྡིག་པ་སོགས་གཏེར་སྒྲོམ་དྲུག་བྱོན་ཅིང་། གདན་ས་ཆེན་པོ་བདུད་རྩི་དིལ་གྱི་དབེན་གནས་ཕུན་ཚོགས་རབ་བརྟན་དུ་སྤྱན་དྲངས་ནས་མངའ་གསོལ་ཕུལ། ཟླ་བ་དེའི་ཚེས་ཉེར་གཉིས་ལ་གཏེར་སྒྲོམ་ཁ་གཅིག་རང་འབྱེད་དུ་གྱུར་པ་ལས་ཤོག་སེར་གཏན་ལ་ཕབ་པའི་ཆོས་སྐོར། བླ་མ་རྒྱལ་བ་ཀུན་འདུས་ཕྱི་ནང་གསང་བ་ཡུམ་སྒྲུབ་དང་བཅས་པ། དྲག་པོ་དམར་ནག་གི་གདམས་སྐོར་ཟབ་ཁྱད་ཅན། ཆོས་སྐྱོང་གི་སྐོར་སོགས་བྱོན། སླར་ཡང་ལུང་གིས་བསྐུལ་ཏེ་ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་ཟླ་བ་གསུམ་དུ་བྲག་གི་རྒྱ་བཤིགས་ཏེ་དངོས་གཞིའི་གེགས་སེལ་དུ་ལས་བཞིའི་སྦྱིན་སྲེག་མཛད་པའི་ཚེ་ཕྲིན་ལས་བཞི་སོ་སོའི་དབྱིབས་ཅན་གྱི་སྤྲིན་རིས་གཡོ་འགུལ་མེད་པར་ཤར། སྒྲོམ་བུ་གྲུ་གསུམ་དམར་ནག །སྡིག་གཟུགས་བུམ་པ་རྣམས་སྤྱན་དྲངས་པའི་སྐབས་འཇའ་ཚོན་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་ཀུན་གྱི་སྤྱོད་ཡུལ་དུ་གྱུར། དེ་ལས་བྱོན་པའི་ཆོས་སྐོར་གསང་བདག་དྲེགས་པ་ཀུན་འདུལ་ཞི་ཁྲོ། ཡུམ་བཀའ་སེང་གདོང་དམར་མོ། ཐེམས་མེད་སྐོར་བཅས་ཏེ་སྔ་ཕྱི་བསྡམས་པས་མཚོ་བྲག་གཉིས་སུ་གྲགས་པ་པོད་ལྔ་ཙམ་བཞུགས་པར་སྣང་། གདན་སའི་མཐིལ་བདུད་རྩི་དིལ་ཉིད་དུ་གནང་། གཏེར་ཆེན་སྟག་ཤམ་རྡོ་རྗེ་དང་ཆབ་མདོར་མཇལ་འཕྲད་ཕེབས་པས་ཡི་དམ་དགོངས་འདུས་སོགས་ཉིད་ཀྱི་གཏེར་ཆོས་ཐམས་ཅད་བཀའ་བབས་སུ་གཏད། རྒྱལ་ཚབ་ཆོས་བདག་ཆེན་པོར་མངའ་གསོལ་ཞིང་གཟེངས་བསྟོད། དབང་ཆས་སྐུ་ཆས་སོགས་གནང་ཆ་ཆེན་པོའང་མཛད། ཟླ་ཀླུང་དང་འབྲི་ཀླུང་སྒ་སྟོད་སོགས་སུ་ཞབས་ཀྱིས་བཅགས་ནས་སྐལ་ལྡན་མཐའ་ཡས་པ་མངོན་མཐོ་དང་ངེས་ལེགས་ལ་བཀོད། གདུག་པའི་མི་མ་ཡིན་མང་པོ་བཏུལ་ཅིང་བསླབ་པའི་གནས་ལ་བཀོད། མི་ཏྲ་བརྒྱ་རྩའི་དབང་རྒྱུན་ཆད་དུ་ཉེ་བ་ལ་འཇོ་ཕུ་དགོན་དུ་ཆེད་ཀྱིས་ཕེབས་ནས་འདྲེན་མཆོག་ཡེ་ཤེས་རྡོ་རྗེ་ལས་དབང་ལུང་རྣམ་དག་གི་རྒྱུན་གསན་པས་ད་ལྟའང་འཕེལ་རྒྱས་སུ་བཞུགས་པས་མཚོན་བསྟན་པ་ལ་ཐུགས་བསྐྱེད་ཤིན་ཏུ་ཆེ་ཞིང་གཏེར་ཆེན་མང་པོའི་བདག་པོར་ལུང་ལས་གསལ་བས་སྐུ་ཚེ་མཐར་འཁྱོལ་བ་ཞིག་བྱུང་ན་ཀར་རྙིང་གཉིས་ཀའི་བསྟན་པའི་སྲོག་ཤིང་ཆེན་པོར་འགྱུར་བར་མངོན་ཀྱང་། ཉིད་ཀྱི་བླ་མ་ཆེ་ཚང་རིག་འཛིན་པས་སྐུ་རྟེན་རབ་བྱུང་ལས་ཕྱག་རྒྱ་བཞེས་པ་སོགས་བཀག་པ་དང་། གཏེར་སྲུང་རྒྱལ་ཆེན་ཤོག་སེར་འབེབས་མ་བཅོལ་བ་སོགས་རྟེན་འབྲེལ་འགའ་ཞིག་འཆོལ་བའི་དབང་གིས་མཁའ་འགྲོའི་སུན་མའི་ལྟས་ཡང་ཡང་གཟིགས་ཤིང་ཐ་མའི་མཛད་པ་སྟོན་པའི་བརྡའ་ཚིག་གསལ་བར་མཛད་ནས་གཙང་གཤིས་སུ་ཕེབས་པའི་ལམ་ཁར་གློ་བུར་དུ་ཞི་བར་གཤེགས། སྐུ་གདུང་ཞུགས་སུ་ཕུལ་བའི་ཚེ་ངོ་མཚར་བའི་ལྟས་དང་ཐུགས་ལྗགས་སྤྱན་གསུམ་མ་ཉམས་པར་བྱོན། ཉིད་ཀྱི་བླ་མ་རྣམས་ཀྱིའང་བཀའ་ཆོས་གསན་ཅིང་གར་དབང་ཆོས་སྐྱོང་རྣམ་རྒྱལ། ཚེ་བྷྲཱུྃ་ཀརྨ་བསྟན་འཕེལ་གཙོས་ལུང་ཟིན་ཆོས་བདག་མང་པོས་ཕྲིན་ལས་སོ་སོར་སྤེལ། བརྒྱུད་འཛིན་གཙོ་བོ་གཏེར་དབོན་ཨོ་རྒྱན་ལྷུན་གྲུབ་ཀྱིས་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ལའང་གཏེར་ཆོས་ཚང་མའི་དབང་ལུང་ཕུལ་བས་མཚོན་བརྒྱུད་པ་མ་ཉམས་པར་ད་ལྟའི་བར་བྱོན་ཅིང་བདག་གིས་ཀྱང་སྨིན་གྲོལ་ཆ་ཚང་་་་་་ནོས། གཏེར་ཆོས་ཀྱི་ནང་ནས་གུ་རུ་དྲག་ཁྲོས་ནི་སྙིགས་དུས་ཀྱི་གཉན་རྒོད་དལ་ཡམས་ཀྱི་འཇིགས་པ་ཞི་བའི་འགྲོ་སྐྱོབས་སྲོག་གི་གོ་ཆ་གཅིག་པུར་གྱུར་པས་ཕྲིན་ལས་ཤིན་ཏུ་ཆེའོ། །གཏེར་སྟོན་གྱི་སྤྲུལ་བརྒྱུད་རིམ་པར་བྱོན་པ་རྣམས་ཀྱིས་ད་ལྟའི་བར་ཟུར་མང་གི་གདན་ས་སྐྱོང་ཞིང་ཆོས་རྒྱུན་འཛིན་པར་མཛད་མོད། ཆེ་ཚང་གསུང་རབ་པའི་སྤྲུལ་སྐུ་བར་ཆད་ཀྱི་གཞན་དབང་དུ་གྱུར་ནས་སྤྲུལ་བརྒྱུད་ཆད་པ་སོགས་བྱུང་སྣང་བས་གཏེར་སྟོན་གྱི་བྱ་བ་ཁེ་ཉེན་ཆེ་བའི་ལོ་རྒྱུས་གོང་འོག་དུ་སྨོས་པ་ལྟར། ཕྱིན་ཆད་གཏེར་སྟོན་ཚད་ལྡན་འབྱོན་སྲིད་ན་མཁས་བཙུན་དུ་རློམས་པ་དང་ཆོས་བརྒྱད་ལྟར་སྣང་ལ་ཞེན་ཅིང་རང་རྟོག་གི་བློས་གུ་རུ་རིན་པོ་ཆེའི་རྡོ་རྗེའི་ལུང་ལ་རས་ཆོད་ཅུང་ཟད་ཙམ་ཡང་མི་རུང་བར་མངོན་ནོ། ༈ །ལོ་ཆེན་བཻ་རོ་ཙ་ནའི་ཐུགས་སྤྲུལ་རོང་སྟོན་པདྨ་བདེ་ཆེན་གླིང་པ་ནི། མདོ་སྨད་གསེར་རྡོ་གཉིས་ཀྱི་མཚམས་གོང་ཏི་བྱ་བའི་གྲོང་དུ་ཡབ་དཀོན་མཆོག་དང་ཡུམ་གཟུངས་ཐར་མའི་སྲས་སུ་ཆུ་ཡོས་དཔྱིད་ཟླ་འབྲིང་པོའི་ཚེས་བཅུའི་ཐོ་རངས་སུ་ལྟས་བཟང་པོ་དང་བཅས་ཏེ་སྐུ་འཁྲུངས། མཚན་ཤཱཀྱ་ཐར་ཞེས་བཏགས། དགུང་ལོ་གསུམ་པ་ནས་སྔོན་གྱི་བག་ཆགས་སད་ནས་བླ་མ་དང་འགྲོ་དོན་སྐྱོང་བའི་ཚུལ་ཁོ་ན་མཛད། བླ་མ་སྐུ་གསུམ་གྱི་གསོལ་འདེབས་སོགས་ཚིགས་བཅད་མང་པོ་ཐོལ་བྱུང་དུ་གསུང་ཞིང་དབྱངས་འཐེན། སྲུ་མོ་སྔགས་སྲུང་མའི་རྣམ་འཕྲུལ་ཞིག་ཡོད་པ་དེས་ལས་ཅན་གྱི་སྐྱེས་བུ་ཡིན་པར་ལུང་བསྟན་ཅིང་དད་གུས་ཕུལ། དགུང་ལོ་བཅུ་གསུམ་པ་ལ་ཀློག་བསླབ། འཁོར་བ་ལ་སྐྱོ་ཤས་དང་སེམས་ཅན་ལ་མི་བཟོད་པའི་སྙིང་རྗེ་སྐྱེས། བླ་མ་ཡེ་ཤེས་རྒྱལ་མཚན་པ་ལས་གདམས་ཕྲན་འགའ་རེ་གསན། དགུང་ལོ་ཉི་ཤུ་པར་དབུས་གཙང་དུ་གནས་སྐོར་ལ་ཕེབ་སྟེ་གནས་རྟེན་རྣམས་ལ་སྨོན་ལམ་ཁྱད་པར་ཅན་མཛད། རྟེན་སྔགས་པའི་ཚུལ་དུ་བཞུགས། དགུང་ལོ་ཉེར་གཅིག་ནས་གསེར་པ་བླ་མ་ཡེ་ཤེས་རྒྱལ་མཚན་མཉེས་པ་གསུམ་གྱིས་བསྟེན་ནས་གདམས་པ་གསན། ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས། རྩ་རླུང་དང་ཕྱག་རྫོགས་ཀྱི་ཉམས་བཞེས་ལོ་བདུན་ལ་རྩེ་གཅིག་ཏུ་བརྩོན་པས་གྲུབ་པའི་མཚན་མ་བརྙེས། གནས་ལུགས་ཀྱི་རྟོགས་པ་ཀློང་དུ་གྱུར། དགུང་ལོ་ཉེར་ལྔ་པར་ལུང་བསྟན་ཐོབ་ཅིང་ཁ་བྱང་ཕྱག་ཏུ་སོན་པ་ལྟར་གསང་ཐབས་ཀྱིས་རྒྱལ་མོ་ཤིང་གི་རོང་དུ་ཕེབས། གནས་ཆེན་དམུ་རྡོ་མཁའ་འགྲོ་འབུམ་འདུས་ཀྱི་ཕ་ཝཾ་ནས་ཀློང་གསལ་མཁའ་འགྲོ་སྙིང་ཐིག་བཀའ་སྲུང་སྲོག་བདུད་ཀྱི་སྐོར་བཅས་སྤྱན་དྲངས་ཏེ་གསང་རྒྱས་བཏབ། བླ་མ་རྣམས་ལས་གསར་རྙིང་བཀའ་གཏེར་གྱི་ཆོས་མཐའ་ཡས་པའང་གསན། དགུང་ལོ་ཉེར་བདུན་པར་ཀཿཐོག་ཏུ་རིག་འཛིན་ཀློང་གསལ་སྙིང་པོའི་སྤྱན་སྔར་ཕེབས་པས་སྔོན་རབས་ཀྱི་སྐྱེ་བ་དུ་མར་འབྲེལ་བའི་ལོ་རྒྱུས་ཀྱིས་དབུགས་དབྱུང་། ཐུན་མོང་མ་ཡིན་པའི་གདམས་པ་དང་བྱིན་རླབས་བསྩལ་ནས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། དགུང་ལོ་སུམ་ཅུ་པར་གཏེར་ཆེན་སྟག་ཤམ་རྡོ་རྗེ་བཙན་རིར་ཕེབས་པ་དང་མཇལ་ནས་ཉིད་ཀྱི་གཏེར་ཆོས་ཡོངས་རྫོགས་གསན་ཅིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། ཁྱད་པར་ཏ་བླ་པདྨ་ནོར་བུ་དང་བྲག་དམར་པ་ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་རྣམས་ལས་སྙན་བརྒྱུད་ཐུན་མོང་མ་ཡིན་པ་སོགས་ཆོས་བཀའ་མང་དུ་གསན། མཁའ་འགྲོ་སྙིང་ཐིག་ཀྱང་གསང་རྒྱ་གྲོལ་ཞིང་གནས་དུས་ཀྱི་རྟེན་འབྲེལ་འགྲིགས་པས་དམ་པ་དེ་གཉིས་ལ་སྨིན་གྲོལ་གྱི་གདམས་པ་ཐོག་མར་གནང། དེ་ཕྱོགས་སུ་འགྲོ་དོན་ཕྲིན་ལས་རིམ་གྱིས་རྒྱས། དེ་ནས་ལུང་བྱང་ལྟར་ཏྲེ་ཕུ་བྲག་རི་ཞུན་མཁར་ནས་མཁའ་འགྲོ་གསང་བ་ཡེ་ཤེས་དང་། བཙན་རི་རྡོ་རྗེའི་བྲག་ནས་བཀའ་འདུས་སྙིང་པོའི་སྐོར་རྣམས་ཀྱང་སྤྱན་དྲངས་ཤིང་ཕལ་ཆེར་གཏན་ལ་ཕབ། འདི་ཉིད་ཀྱི་གཏེར་ཁའི་གཙོ་བོ་རི་བོ་ཕག་ཞལ་ནས་མཁའ་འགྲོ་དགོངས་འདུས་བཞེས་དགོས་པ་ཕྱག་ཏུ་མ་འབྱོར་ཞིང་དེའི་དབང་གིས་ཀོང་བུ་ཆུའི་ལྷ་ཁང་ནས་ཐུགས་རྗེ་ཆེན་པོའི་ཟབ་གཏེར་ཡོད་པའང་མ་ཐོན་པར་སྣང་། སྐུ་ཚེའི་སྨད་དུ་གདན་སའི་གཙོ་བོ་བཙན་རིའི་གནས་ནང་དུ་མཛད། ཤིན་ཏུ་གདུལ་དཀའ་བའི་རྨུ་རྒོད་ཀྱི་སྐྱེ་བོའི་ཕྱོགས་སུ་འབྲེལ་ཚད་དོན་ལྡན་གྱི་འགྲོ་དོན་བསམ་ལས་འདས་པ་མཐར་ཕྱིན་ནས་སྤྲུལ་པའི་བཀོད་པ་ཆོས་དབྱིངས་སུ་བསྡུས། སྐུའི་སྲས་པདྨ་དབང་རྒྱལ་ཡབ་ཉིད་དང་སྨིན་གླིང་གཏེར་ཆེན་སྐུ་མཆེད་བླ་མར་བསྟེན། མཁས་ཤིང་གྲུབ་པའི་དབང་པོར་གྱུར། གཅུང་ཆོས་སྐྱོང་དཔལ་ལྡན་ཡང་རྙིང་ཆོས་ལ་མཁས་ཤིང་གྲུབ་པའི་རྟགས་མངོན་གྱུར་མངའ། འདི་ལས་ཞྭ་དམར་བཅུ་པ་དང་། ཀུན་མཁྱེན་བསྟན་པའི་ཉིན་བྱེད་སོགས་ཀྱིས་ཀྱང་གཏེར་ཆོས་གསན། གཙོ་བོ་ཉིད་ཀྱི་རྒྱལ་ཚབ་རིག་འཛིན་ཚེ་དབང་ནོར་བུས་འབྲུག་ཆེན་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། དཔའ་བོ་རྡོ་རྗེ་གཙུག་ལག་དགའ་བ་སོགས་དང་མངའ་རིས་ཕྱིན་ལ་སྨིན་གྲོལ་གྱི་རྒྱུན་སྤེལ་བ་ད་ལྟའང་ཅི་རིགས་བཞུགས། གདན་ས་དངོས་ལ་སྲས་བརྒྱུད་བར་མ་ཆད་པ་བྱོན་ནས་ཆོས་རྒྱུན་སྐྱོང་བར་མཛད། མདོ་ཁམས་སུ་བྱོན་པའི་གཏེར་སྟོན་ཞིག་ལ་གཏེར་ཆོས་ཀྱི་ཚིག་དོན་ཕུལ་དུ་བྱུང་བས་ཆོས་སྤྱན་ལྡན་པ་དག་གིས་རྟོགས་པས་ཤེས་ལ། གཏེར་ཆོས་གསུམ་པོ་ཁོ་བོས་ཀྱང་འབད་པས་ནོས་སོ། ༈ །མདོ་ཁམས་འབའ་ཙེར་གཏེར་སྟོན་པདྨ་ཆོས་རྒྱལ་གྱིས་ཀྱང་ཟབ་གཏེར་མང་དུ་བཞེས་པ་ཀུན་གྱི་མཐོང་སྣང་དུ་གྲུབ། བྱིན་རླབས་ནུས་མཐུ་ཆེ་བར་གྲགས། ད་ལྟའང་གདན་ས་མ་སྟོང་ཙམ་དང་ཆོས་བརྒྱུད་ཐོར་བུ་ཡོད་པར་སྣང་། རིག་འཛིན་ཚེ་དབང་ནོར་བུ་སྐུ་ཆུང་ངུའི་དུས་མཇལ་ཞིང་ཆོས་འབྲེལ་ཅུང་ཟད་གསན་པར་སྣང་། ཁོ་བོས་ཀྱང་བརྒྱུད་པ་གསུམ་ལྡན་གྱི་ཁྱུང་དམར་ཙམ་ཞིག་ཉེར་མཁོར་ནོས་སོ། ༈ །ལོ་ཆེན་བཻ་རོའི་སྐུ་སྤྲུལ་དུ་གྲགས་པ་གླིང་ཚང་རྫོང་མགོ་གཏེར་སྟོན་པདྨ་དབང་ཕྱུག་ཅེས་པ། གཏེར་སྟོན་རང་གི་གསུང་ལས། གསུང་སྤྲུལ་གཏེར་བདག་གླིང་པ། ཐུགས་སྤྲུལ་བདེ་ཆེན་གླིང་པ། ཁོང་རང་བཅས་གསུམ་པོ་ཐུགས་རྒྱུད་གཅིག་པར་གསུངས། གང་ལྟར་ཡང་རིག་འཛིན་ཀློང་གསལ་སྙིང་པོ་མཇལ་བས་ས་གཏེར་གྱི་སྐལ་པ་ཡོད་ཚུལ་དང་ཁ་བྱང་ཡང་བསྩལ་པས། ཡང་འདུལ་གྱི་གཙུག་ལག་ཁང་ཀློང་ཐང་སྒྲོལ་མ་དང་ཉེ་བའི་བྲག་ནས་བཀའ་རྫོགས་པ་ཆེན་པོ་བླ་མ་སྙིང་ཐིག་ཅེས་གུ་རུ་ཞི་དྲག་སེང་གསུམ་ཚེ་སྒྲུབ་དང་བཅས་པའི་ཆོས་སྐོར་སྤྱན་དྲངས་པ་ཁོ་བོས་ཀྱང་དཔེ་མཇལ་བས་ཚིག་དོན་སྐྱོན་མེད་དུ་སྣང་། གཞན་ཡང་ཁྲོ་རི་ཟིལ་ཁྲོམ་གྱི་སྒོ་སྲུབ་རིག་འཛིན་འདུས་པའི་གནས་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་རྩ་གསུམ་སྙིང་ཐིག་དང་། རྒྱ་སྟོད་གངས་བར་ཕུག་མོ་ཆེ་ནས་སྤྱན་དྲངས་པ་བླ་རྫོགས་ཐུགས་གསུམ་གྱི་སྐོར་རྣམས་བཞུགས་པར་གྲགས་ཤིང་ཕལ་ཆེར་གྱིས་གཏེར་སྟོན་ཚད་ལྡན་དུ་བཞེད་པ་དང་། དེས་མཚོན་ཕྲིན་ལས་ཅི་རིགས་བྱུང་བར་མངོན་ནའང་ཞལ་སློབ་གྲགས་ཆེ་བ་མ་མཆིས་ཤིང་། ཉིད་ཀྱི་སྐུའི་སྲས་ཨོ་རྒྱན་གཞན་ཕན་མཆེད་སོགས་ལས་བརྒྱུད་དེ་རྩ་གསུམ་དབང་ལུང་མ་ཆད་ཙམ་ད་ལྟའང་བཞུགས་པར་སྣང་ངོ་། ༈ །ལོ་ཙཱ་བ་གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་དུ་གྲགས་པ་གཏེར་སྟོན་ཁྱུང་གྲགས་རྡོ་རྗེའམ་མཚན་དངོས་ཨོ་རྒྱན་ཕུན་ཚོགས། ཐོག་མར་ཡོངས་དགེ་གཏེར་ཆེན་མི་འགྱུར་རྡོ་རྗེའི་ཞབས་གྲས་སུ་བཞུགས། ཕྱིས་ཉིད་ལ་གཏེར་གྱི་བཀའ་བབས་ཐོག་མར་བྱུང་སྐབས་ཀཿཐོག་ཏུ་རིག་འཛིན་ཀློང་གསལ་སྙིང་པོ་མཇལ་བས་གཏེར་སྟོན་ཚད་མར་ཞལ་གྱིས་བཞེས། གཏེར་སྒྲུབ་ཚད་ལྡན་དགོས་ཚུལ་སོགས་བཀའ་བསླབ་གནང་བ་ལྟར། སྔ་ཕྱིར་རྫོགས་པ་ཆེན་པོ་བཀའ་བརྒྱད། དྲག་པོ་ཡེ་ཤེས་འཇིགས་བྱེད། རྩ་གསུམ་སྐོར་སོགས་མང་དུ་གདན་དྲངས་པའི་གཏེར་ཆོས་ད་ལྟའང་སྣང་། རྗེ་མི་འགྱུར་རྡོ་རྗེའི་ལུང་གིས་བསྐུལ་ནས་ས་ངན་ཕྱོགས་སུ་བྱོན་པས་འགྲོ་དོན་ཕྲིན་ལས་ཅི་རིགས་སུ་བྱུང་བས་འབུལ་སྐྱེལ་ཡང་མཛད་པར་སྣང་། ཞལ་སློབ་ལྷ་སྟེང་འཇའ་མོ་སྤྲུལ་སྐུ། སྒ་དམ་ཚིག་སྤྲུལ་སྐུ་སོགས་འགའ་རེ་བྱུང་བར་གྲགས། གང་ལྟར་ཟང་ཟིང་གི་གདུལ་བྱ་བྱུང་བ་རྣམས་ཀྱིས་རྙིང་རྒྱུད་ཀྱིས་གཙོས་བཀའ་གཏེར་གྱི་གླེགས་བམ་མང་དུ་བཞེངས་པ་སོགས་ཕྱག་རྗེས་བཟང་བར་མཛད། འཁྲུངས་ཡུལ་ལྷ་ཁང་དུ་རྗེ་ཉིད་ཀྱི་སྐུ་རྟེན་དང་རིང་བསྲེལ་ཕྱིས་ཀྱི་བར་ཡོད་པར་སྣང་། ༈ གནུབས་ཆེན་ནམ་སྙིང་ཐུགས་སྤྲུལ་རིག་འཛིན་ཚེ་དབང་ནོར་བུ་ནི། མདོ་སྨད་ས་ངན་བསོ་བ་ཞེས་པའི་ལྗོངས་སུ་ཡབ་རྔུ་པ་ཨ་ཏི་མགོན་པོ་དང་ཡུམ་སྒོ་བཟའ་རྡོ་རྗེ་མཚོའི་སྲས་སུ་འཁྲུངས། ངོ་མཚར་བའི་ལྟས་མཚན་དང་སྐུའི་ཞང་པོ་པདྨ་བདེ་ཆེན་གླིང་པས་མངོན་ཤེས་ཀྱི་གཟིགས་པས་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་དུ་ངོས་བཟུང་ནས་གནས་ནང་གི་གདན་སར་སྤྱན་དྲངས། མཚན་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་དུ་གསོལ། ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། རིག་པའི་གནས་དང་གྲུབ་མཐའི་བཞེད་གཞུང་རྣམས་ཀྱང་མཁས་པར་མཁྱེན། པདྨ་བདེ་གླིང་ཉིད་རྩ་བའི་བླ་མར་བཀུར་ནས་སྨིན་གྲོལ་མང་དུ་གསན་པས་ཉམས་རྟོགས་བཟང་པོ་འཁྲུངས། ཀཿཐོག་རྒྱལ་སྲས་ལས་དགེ་བསྙེན་གྱི་སྡོམ་པ་དང་། ཟུར་མང་ཆེ་ཚང་གསུང་རབ་རྒྱ་མཚོ་ལས་བཀའ་ཆོས་མང་དུ་གསན། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་ཚུལ་དུ་བཞུགས། རིམ་གྱིས་སྤུ་ཀོང་བརྒྱུད་དབུས་གཙང་རྣམས་སུ་བྱོན། རིས་མེད་ཀྱི་བླ་མ་མང་དུ་བསྟེན་ནས་གསང་སྔགས་གསར་རྙིང་གི་དབང་ལུང་ཁྲིད་སྲོལ་མཐའ་ཡས་པ་གསན། ཁྱད་པར་ཆོས་རྗེ་ཀུན་བཟང་དབང་པོ་ལས་ཇོ་ནང་གི་བཀའ་ཆོས་རྫོགས་པར་གསན་ནས་རྒྱུན་སྤེལ་བས་བསྟན་རྒྱུན་ལ་རྗེ་འདི་ཁོ་ན་བཀའ་དྲིན་ཆེ། མངོན་པར་ཤེས་པས་དུས་གསུམ་སྒྲིབ་མེད་དུ་གཟིགས་ཤིང་རྡོ་ལ་ཞབས་རྗེས་དང་། རྦབ་གྱེན་ལ་ཟློག་པ་སོགས་གྲུབ་རྟགས་མང་དུ་བསྟན་པས་མི་དབང་ཕོ་ལྷ་ཐཱ་ཇི་ཡབ་སྲས་ཀྱང་དད་ནས་ཏི་ཤྲཱིར་བཀུར། གཏེར་སྟོན་རོལ་པའི་རྡོ་རྗེ་མཇལ་ཐུབ་ན་གཏེར་ཆེན་བཅུ་གསུམ་འདོན་པའི་རྟེན་འབྲེལ་ཡོད་པ་ལ་རོལ་རྡོར་གློ་བུར་དུ་གཤེགས་ནས་མཇལ་འཕྲད་མ་བྱུང་བས་གཏེར་ཁ་ཆེན་པོ་རྣམས་བཞེས་མ་ཐུབ་ཀྱང་ཀོང་བུ་ཆུ་ནས་སྒྲོལ་མ་དམར་མོའི་གདམས་པ་ཟབ་འདྲིལ་ཞིག་དང་། ཀེ་རྒྱུད་ནས་རོལ་པའི་རྡོ་རྗེས་འདབས་གཏེར་དུ་སྦས་པ་ཁྲོ་རོལ་ཕུར་པའི་དོན་དབང་སོགས། གཙང་གཤིས་ནས་ཀྱང་ལུང་བྱང་འགའ་ཞིག་བཞེས་པར་གྲགས་ཤིང་། བསམ་པ་ལྷུན་གྲུབ་ཀྱི་སྒྲུབ་སྐོར་ཁྱད་པར་ཅན་ཡང་དག་སྣང་དགོངས་གཏེར་གྱི་ཚུལ་དུ་གཏན་ལ་ཕབ། བོད་ཡུལ་གྱི་སྒྲུབ་གནས་མང་པོར་བསྙེན་སྒྲུབ་མཛད། སྤུ་ཀོང་མངའ་རིས་ཕྱོགས་སུ་དགོན་པ་གསར་འདེབས་ཀྱིས་མཚོན་འགྲོ་དོན་རྒྱས། བལ་ཡུལ་དུ་ལན་གསུམ་ཕེབས་པའི་བར་པ་ལ་མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་མཛད། རྗེས་མར་རང་བྱུང་གི་མཆོད་རྟེན་ཆེན་པོ་གོ་མས་ལ་གནྡྷོ་ཞིག་གསོས་མཛད། དེ་སྐབས་གོརྵ་རྒྱལ་པོ་མི་གུས་པ་ལ་ལྷ་ཆེན་པོ་རྣམས་ལ་བདེན་ཚིག་གསོལ་བ་ཙམ་གྱིས་ནཱ་ག་ཀོ་ཊིའི་གྲོང་ལ་མེ་ཤོར་བ་བཙུན་མོ་དང་སྲས་བློན་རྣམས་ཀྱིས་གསོལ་བ་བཏབ་པས་དེའི་མོད་ལ་མེ་ཞི་བར་མཛད་པས་དེ་དག་དད་པ་ཐོབ་སྟེ་ཅི་གསུང་ཉན་པར་བྱུང་། མཆོད་རྟེན་བཞེངས་པའི་ཆ་རྐྱེན་དུ་ལྷ་འདྲེ་རྣམས་ལ་གསེར་བསླངས་པས་མི་ཁུར་བཅོ་ལྔ་ཙམ་བྱུང་བར་གྲགས་ཤིང་རྡོའི་གཏེར་ཆེན་པོའང་བཏོན། དེ་སྐབས་མངའ་རིས་ལ་དྭགས་རྒྱལ་པོ་སྟོད་སྨད་གཉིས་འཁྲུགས་ནས་སྟོད་ཧོར་གྱིས་དམག་འགུགས་པ་སོགས་བྱེད་པར། གཞུང་ས་ནས་ཕེབས་བསྐུལ་ཞུས་པ་བཞིན་ཕེབས་ནས་སྟོད་སྨད་ཀྱི་འཁྲུགས་པ་སྡུམ། སྟོད་ཧོར་གྱི་དམག་རང་ཡུལ་དུ་ལོག །ཐུགས་རྗེས་ཕན་ཚུན་གྱི་འཁྲུགས་པ་ཐམས་ཅད་ཞི་བར་མཛད། སྒར་བལ་ཡུལ་དུ་ཕེབས་ནས་མཆོད་རྟེན་ཉམས་གསོའི་མཛད་པ་རྣམས་ཀྱི་འཕྲོ་བསྐྱང་། མི་རིང་བར་སྐྱིད་གྲོང་ཉིད་ནས་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན། ཞལ་ཆེམས་ལྟར་ཉམས་གསོས་འཕྲོ་བུ་སློབ་རྣམས་ཀྱིས་གྲུབ་པར་མཛད། ཞལ་སློབ་ཀྱི་གཙོ་བོ་རྒྱལ་དབང་ཀརྨ་པ་ཡབ་སྲས། འབྲུག་པ་ཐམས་ཅད་མཁྱེན་པ། རྗེ་ཆོས་ཀྱི་འབྱུང་གནས་སོགས་མངའ་རིས་དབུས་གཙང་མདོ་ཁམས་ཀུན་དུ་མཐའ་ཡས་པ་བྱུང་ཞིང་ཆོས་རྒྱུན་ཀྱང་ཁྱབ་ཆེ། གཏེར་ཕྲན་གཉིས་དང་དགོངས་གཏེར་སོགས་བདག་གིས་ཀྱང་ནོས་སོ། ༈ །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་རྩ་གསུམ་གཏེར་བདག་གླིང་པའམ་གར་དབང་གནམ་ལྕགས་རྡོ་རྗེ་ཞེས་གྲགས་པ་ནི། ལྷོ་ཟླ་ནང་ཆེན་གྱི་སྟོད་གནས་ཆེན་གཟེ་རྒྱལ་གྱི་ཉེ་འདབས་སུ་འགྲུ་ཆེན་རླངས་ཀྱི་རིགས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། རྔོག་བློ་ལྡན་ཤེས་རབ་ཀྱི་སྤྲུལ་པར་གྲགས་པའི་དགེ་ལུགས་ཆོས་རྗེ་ཞིག་ལས་དགེ་བསྙེན་གྱི་སྡོམ་པ་ཞུས་པའི་མཚན་བཀྲ་ཤིས་ཕུན་ཚོགས་སུ་གསོལ། བསླབ་སྦྱང་ཅི་རིགས་མཛད། གཏེར་ཆེན་སྟག་ཤམ་རྡོ་རྗེ་ནང་ཆེན་སྒར་དུ་བྱོན་པ་ལས་ཆོས་འབྲེལ་ཙམ་གསན། ཕྱིས་འབྲི་གུང་དུ་བྱོན་ནས་དཀོན་མཆོག་ཕྲིན་ལས་བཟང་པོ་བླ་མར་བསྟེན་ནས་བཀའ་ཆོས་ཅི་རིགས་དང་ལྷག་པར་རླུང་ཛཱ་བིར་སྙན་བརྒྱུད་ཀྱི་སྐོར་ཞིབ་ནན་ཏུ་གསན་ནས་ལོ་གསུམ་ཙམ་བཞུགས་ཏེ་སྦྱང་པ་མཛད་པས་ཉམས་རྟོགས་ཁོང་ནས་བརྡོལ། རྫུ་འཕྲུལ་དང་མངོན་ཤེས་རྩོལ་མེད་དུ་ཤར། ལུང་བསྟན་དུས་བབ་བཞིན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་གནས་ཆེན་མང་པོ་ཐོགས་མེད་དུ་ཉུལ་བས་ཁ་བྱང་ལུང་བསྟན་ལྟར་བསམ་ཡས་མཆིམས་ཕུ་ནས་བླ་མའི་ཐུགས་སྒྲུབ་བདེ་གཤེགས་ཀུན་་་་་འདུས་དང་། བསམ་པ་ལྷུན་གྲུབ་ཀྱི་སྐོར་ཐོག་མར་བཞེས། གཞོ་སྟོད་ཏི་སྒྲོའི་ཚོགས་ཁང་ནས་ཡང་ཟབ་པདྨ་ཁྲག་འཐུང་ཞེས་རྒྱུད་ལུང་མན་ངག་ཟབ་འདྲིལ་གྱི་སྐོར། སྤོ་བོ་རོང་པདྨའི་སྦ་ཚལ་ནས་ཡི་དམ་བཀའ་བརྒྱད་གསང་བ་ཟིལ་གནོན་རྒྱུད་ལུང་མན་ངག་རྒྱ་ཆེ་བ་གླེགས་བམ་བདུན། དེས་མཚོན་གཏེར་གནས་སོ་སོ་ནས་ཡང་ཕུར་གྭའུ་དམར་ནག །ཚེ་སྒྲུབ་འཆི་བདག་ཟིལ་གནོན་སོགས་ཚེ་སྒྲུབ་སྐོར་བཞི། ཐུགས་རྗེ་ཆེན་པོ་འཁོར་འདས་ཟིལ་གནོན། རྟ་མགྲིན་ཉི་མའི་སྙིང་པོ་དང་ཁྲོ་རྒྱལ་སྟོབས་འདུས། རྡོར་སེམས་ཡེ་ཤེས་འོད་དྲྭ། ཕྱག་རྡོར་དྲེགས་པ་ཟིལ་གནོན། དབང་དྲག་པདྨ་ཡང་གསང་། རྡོ་རྗེ་གྲོ་ལོད་ཀྱི་སྐོར། གཤིན་རྗེ་དུག་རི་མེ་འབར། གསང་བ་ཡེ་ཤེས་ཡིད་བཞིན་ནོར་མཆོག །མཁའ་འགྲོ་བདུད་འདུལ་དྲག་མོ། བླ་མའི་ནོར་སྒྲུབ་ཆོས་སྐྱོང་མགོན་པོ་ཞིང་སྐྱོང་སྐོར་སོགས་རྩ་གསུམ་རབ་འབྱམས་ཀྱི་སྨིན་གྲོལ་གདམས་སྐོར་མང་དུ་སྤྱན་དྲངས་པ་ཤོག་སེར་ལས་ཕབས་གྲུབ་རིགས་པུསྟི་བཅོ་བརྒྱད་ཙམ་གྱི་དབང་ལུང་གི་རྒྱུན་ད་ལྟའང་མ་ཆད་པར་རྡོ་ཤུལ་དང་། ཁྱུང་པོ། སྤོ་བོ་སོགས་སུ་བཞུགས་པར་སྣང་། གདན་སའི་མཐིལ་སྤོ་བོ་ཁྲོམ་གཟིགས་རྔམ་ཆེན་རང་དུ་མཛད། སློབ་ཚོགས་ཅི་རིགས་པར་འདུས་ཤིང་ཕྲིན་ལས་རྒྱས་པར་བྱུང་ནའང་། དགུང་ལོ་བཞི་བཅུ་རྩ་བཞི་པ་ཙམ་ལ་སྐུ་གཤེགས་པས་མཛད་པ་མཐར་ཕྱིན་མ་བྱུང་བར་སྣང་། གཤེགས་རྗེས་ཀྱི་བྱ་བ་སློབ་ཚོགས་རྣམས་ཀྱིས་ལེགས་པར་སྤེལ་ཞིང་། སྐུའི་སྤྲུལ་པ་རོང་སྨྱོན་ཨོ་རྒྱན་རིག་འཛིན་ཁྲོམ་གཟིགས་གདན་སར་བཞུགས། གསུང་གི་སྤྲུལ་པ་ཀུན་བཟང་འཆི་མེད་ནོར་བུ་སྤུ་བོ་དགའ་བ་ལུང་གི་ཕྱོགས་སུ་བྱུང་བར་གྲགས་ཀྱང་སྤྲུལ་བརྒྱུད་མི་གསལ། ཐུགས་ཀྱི་སྤྲུལ་པ་རིག་འཛིན་མི་འཇིགས་རྡོ་རྗེ་ཁྱུང་པོ་ཕྱོགས་ལ་བཞུགས་པ་སྟེ་གོང་འོག་གཉིས་ཀྱི་སྤྲུལ་བརྒྱུད་ད་ལྟའི་བར་ཡོད། སློབ་མའི་གཙོ་བོ་ཐུགས་སྲས་རིག་འཛིན་ཐུགས་མཆོག་རྡོ་རྗེས་ཟབ་གཏེར་ཕལ་ཆེར་ཟུང་མཁར་ཐེག་ཆེན་གླིང་པ་སོགས་ལ་བསྩལ་ནས་རྒྱུན་འཕེལ་བར་བྱུང་། གཞན་ཡང་དཀོན་སེང་པཎྜི་ཏ་དང་། རྗེ་ཀུན་དགའ་བློ་གྲོས། ཡེ་ཤེས་རྒྱལ་མཚན་སོགས་བསྟན་པ་སྤེལ་ནུས་པའི་ཞལ་སློབ་ཀྱང་འགའ་ཞིག་བྱུང། འདི་ཉིད་རིག་འཛིན་གཏེར་བདག་གླིང་པ་དང་མཚན་གྱི་ཟུར་མཐུན་པས་ཕན་ཚུན་མཐུན་མིན་དོགས་གཞི་ཙམ་སློང་ནའང་། གཉིས་ཀའི་ལུང་བསྟན་དུ་ཅིའང་མི་གསལ་བས་རང་གྲིབ་ཤ་ཟར་འཁྲུལ་པའི་དཔེར་ཟད། རྒྱལ་དབང་ཞྭ་དམར་ནག་ཟུང་ལ་མཚུར་ཕུར་གཏེར་ཕུད་འབུལ་བར་ཕེབས་སྐབས་གཟིམ་འགག་པའི་རྐྱེན་གྱིས་ཕྱག་ཏུ་འབུལ་མ་ཐུབ་ཅིང་། གཏེར་སྟོན་ཐུགས་གཤིས་རྩུབ་པས་བསྟུན་ཕྱོགས་ཆེར་མ་མཛད་པར་བརྟེན་ལུང་དོན་ཐོག་ཏུ་མ་ཁེལ་རུང་། ཡབ་སྲས་རྣམས་ཀྱིས་ཐུགས་ལ་མི་བབ་པའང་མ་མཛད་པ་བཅས་གཏེར་སྟོན་ཚད་ལྡན་དུ་གྲགས་པ་ལྟར་ཁོ་བོས་ཀྱང་པདྨ་ཁྲག་འཐུང་དོན་དབང་ཙམ་ཆོས་འབྲེལ་དུ་ནོས་པ་ཡིན་ནོ། ༈ །གནུབས་ནམ་མཁའི་སྙིང་པོ་དང་མཆིམས་ཤཱཀྱ་པྲ་བྷ་ཟུང་གི་རྣམ་འཕྲུལ་རིག་འཛིན་ཐུགས་མཆོག་རྡོ་རྗེ་ཧཱུྃ་ནག་འགྲོ་འདུལ་ནི། དབུས་ཀྱི་བསམ་ཡས་མཆིམས་ཕུའི་ཉེ་ཞོལ་སྐྱིད་མོ་གྲོང་དུ་སྐུ་འཁྲུངས། དཔལ་རིའི་གྲྭ་སར་བཞུགས་ཤིང་ལུགས་གཉིས་ཀྱི་མཁྱེན་པ་རྒྱས་པས་སྐྱིད་གྲོང་ཆོས་མཛད་དུ་གྲགས། མཚན་དངོས་ངག་དབང་བསླབ་གསུམ་དང་ཀུན་བཟང་ཕྲིན་ལས་རྡོ་རྗེར་ཡང་གྲགས་ཤིང་། ཀོང་པོ་རྩུབ་རི་གྲུབ་ཆེན་ཀུན་བཟང་རང་གྲོལ་ལས་རྫོགས་ཆེན་ཡང་ཏི་ནག་པོ་སོགས་གདམས་པ་མཐའ་ཡས་པ་གསན་ཅིང་ཐུགས་ཉམས་སུ་བཞེས་པས་རིག་པ་ཚད་ཕེབས་མངོན་དུ་གྱུར། དེ་ཉིད་ལས་རིག་འཛིན་ཚེ་དབང་ནོར་བུ་དང་ལྷན་ཅིག་བླ་མ་དགོངས་འདུས་རྫོགས་པར་གསན། རིག་འཛིན་ཆོས་རྗེ་གླིང་པ་དང་རྭ་སྟོན་སྟོབས་ལྡན་རྡོ་རྗེ་གཉིས་ཀས་རྗེས་སུ་བཟུང་ཞིང་བཀའ་ཆོས་ཐམས་ཅད་བུམ་པ་གང་བྱོར་བསྩལ། གནས་ངེས་མེད་རྣམས་སུ་བསྙེན་སྒྲུབ་ལ་རྩེ་གཅིག་ཏུ་དྲིལ་བས་གྲུབ་པའི་རྟགས་དང་དག་སྣང་བསམ་གྱིས་མི་ཁྱབ་པ་ཤར། ཁྱད་པར་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ལ་རྩལ་ཐོན། རང་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་ཏེ་འོན་ཕུ་སྟག་ཚང་ནས་ཕུར་པ་རིགས་ལྔའི་སྒྲུབ་སྐོར། འཕྱོང་རྒྱས་བང་སོ་དམར་པོ་ནས་རྩ་གསུམ་དབང་ཆེན་འདུས་པ། བསམ་ཡས་མཆིམས་ཕུ་ནས་ཕྱག་ཆེན་ཡེ་ཤེས་མཐོང་གྲོལ། གཞན་ཡང་དྲེགས་འདུལ་གནམ་ལྕགས་འཁོར་ལོ། ནཱ་ག་རཀྴ་ས་འོག་གདོན་འཇོམས་སོགས་ཟབ་གཏེར་ངོ་མཚར་ཅན་མང་པོ་སྤྱན་དྲངས། དཔོན་པོ་ཆིང་ཝཾ་དཱ་ལས་བཱ་ཐུར་དང་རྟེན་འབྲེལ་འགྲིགས་ན་བསྟན་འགྲོར་ཕན་པའི་ལུང་བསྟན་ཤིན་ཏུ་ཟབ་པ་ཡོད་ཀྱང་། དཔོན་པོ་དེ་ཉིད་བདུད་དབང་དུ་གྱུར་པས་སྤྱོད་པ་ལེགས་མིན་དང་། གཏེར་སྟོན་ཉིད་ལའང་ཐུགས་མི་དགྱེས་པའི་བཀའ་ཕེབས་བསྒྱུར་བྱང་སོགས་གནང་ཁྱབ་ལོག་པ་ལ་བརྟེན་ཁོ་པའི་དབང་སྐལ་གཏེར་ཆོས་རྣམས་འདབས་གཏེར་དུ་སྦས་ཤིང་། ཤོག་སེར་ལས་ཕབས་གྲུབ་པ་རྣམས་ཀྱང་མེར་བསྲེགས་པས་རྟེན་འབྲེལ་འཆུགས་ཏེ་དཔོན་པོ་ཉིད་གོང་མ་ཆེན་པོའི་དགོངས་ཕོག་གི་རྐྱེན་གྱིས་གཤེགས་ཤིང་། མི་རིང་བར་གཏེར་སྟོན་ཡང་སྤོ་བོ་ཕུ་ལུང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་གྱུར། འདིའི་གཏེར་ཆོས་ནཱ་ག་རཀྴ་སོགས་རེ་ཟུང་ནོས། སློབ་མའི་གཙོ་བོ་འགྲོ་དོན་ནུས་ངེས་བཞིར་གྲགས་པ་ནི། ཐེག་གླིང་འགྲོ་དོན་མཐར་ཕྱིན། རིག་འཛིན་འཇིགས་མེད་གླིང་པ། ཀུན་བཟང་བདེ་ཆེན་རྒྱལ་པོ། གནུབས་ནམ་མཁའི་སྙིང་པོའི་སྐྱེ་མཐར་ཡོངས་སུ་གྲགས་པ་མཐུ་ཆེན་ཀྲ་ཏི་སྔགས་འཆང་ཀརྨ་རིག་འཛིན་དང་བཞི་ལས་སྔ་མ་གསུམ་ལ་ཟབ་གཏེར་གྱི་བཀའང་བབས། ཕྱི་མས་གཏེར་བཞེས་པ་མ་ངེས་ཀྱང་། མཁྱེན་རྟོགས་ཀྱི་རྩལ་རྫོགས་ཤིང་རིག་བྱེད་ཡན་ལག་དང་བཅས་པ་ལ་མཁས། རྟོགས་པ་ཀློང་དུ་གྱུར་པས་ཕྲིན་ལས་རྣམ་པ་བཞི་ལ་དབང་བསྒྱུར་ཏེ་བླ་ཆེན་མང་པོ་དང་བོད་ཡུལ་ཀོང་དབུས་ཀྱི་སྲིད་སྐྱོང་ཆེན་པོ་རྣམས་ཀྱིས་བླ་མར་བཀུར། སྐུ་ཚེ་དང་འགྲོ་དོན་མཐའ་རུ་ཕྱིན་པར་གྱུར་ཏོ། ༈ །གཏེར་སྟོན་དྲི་མེད་གླིང་པ་ནི། ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་རོང་གཏེར་བདུད་འདུལ་གླིང་པའི་སྐྱེ་བ་དེ་མ་ཐག་པ་སྟེ། ཟུང་མཁར་ཐེག་ཆེན་གླིང་དུ་གཏེར་སྟོན་བདེ་ཆེན་གླིང་པའི་གདུང་རིགས་སུ་འཁྲུངས། སྐུ་ཆུང་ངུའི་དུས་རྒྱལ་དབང་བྱང་ཆུབ་རྡོ་རྗེ་ལ་གཙུག་ཕུད་ཕུལ་བས་མཚན་ཀརྨ་འགྲོ་དོན་མཐར་ཕྱིན་ཞེས་བསྩལ། སྦྲགས་སྔགས་གྲྭའི་སྒྲིག་ལ་བཞུགས་ནས་གསན་སྦྱང་མཛད། བླ་མ་མཉན་པ་དགེ་ལེགས་སོགས་དམ་པ་འགའ་ཞིག་ལས་གསར་རྙིང་གི་ཆོས་བཀའ་མང་དུ་གསན། ཁྱད་པར་རིག་འཛིན་ཐུགས་མཆོག་རྡོ་རྗེའི་དྲུང་ནས་རྫོགས་ཆེན་ཀུན་བཟང་སྙིང་ཐིག་གི་སྨིན་གྲོལ་གདམས་ཁྲིད་རྫོགས་པར་གསན་ནས་ཐུགས་ཉམས་སུ་བཞེས་པས་ཉམས་རྟོགས་ཀློང་དུ་གྱུར། ཆོས་ཀྱི་ཚིག་དོན་མང་པོ་ཤུགས་འབྱུང་དུ་མཁྱེན། ཐོགས་མེད་ཀྱི་མངོན་ཤེས་ཤར། མེ་ལོང་རྡོ་རྗེ། བདེ་ཆེན་གླིང་པ། བདུད་འདུལ་གླིང་པ་སོགས་སྐུའི་སྐྱེ་ཕྲེང་མང་པོ་དྲན། མགྲིན་པའི་རྩ་མདུད་གྲོལ་བས་རྡོ་རྗེའི་གླུའི་མཛོད་བརྡོལ། ངེས་མེད་ཀྱི་དབེན་གནས་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། ཟབ་གཏེར་ལ་དབང་བའི་ལུང་བསྟན་ཡང་ཡང་ཐོབ། རིག་འཛིན་ཐུགས་མཆོག་རྡོ་རྗེས་ཆོས་བདག་ཏུ་ངོས་བཟུང་ཞིང་གཏེར་གྱི་བཀའ་བབས་ཡོད་ཚུལ་དང་བསླབ་བྱ་གནང་བ་ལྟར། སྦྲགས་ཡང་རྫོང་ནས་འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་དང་། བླ་མའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་ཆོས་སྐོར་སྤྱན་དྲངས་ནས་གཏན་ལ་ཕབ། ཟུང་མཁར་རྡོའི་མཆོད་རྟེན་གོང་མ་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་བྱོན་ཀྱང་སླར་འདབས་གཏེར་དུ་སྦས། ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོས་ཀྱང་འགྲོ་དོན་ཕྱོགས་བྲལ་དུ་བསྐྱང་ཆོག་པའི་བཀའ་ཐམ་བསྩལ། ཆོས་བདག་གཙོ་བོ་གཡུ་སྒྲའི་རྣམ་འཕྲུལ་ལྕགས་ཟམ་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་སོགས་ལས་བརྒྱུད་པའི་བཀའ་སྲོལ་མ་ཉམས་པར་བཞུགས་ཤིང་ཁོ་བོས་ཀྱང་ཚེ་སྒྲུབ་དང་ཐུགས་སྒྲུབ་པདྨ་རྒྱལ་པོའི་གདམས་སྐོར་ཙམ་ཐོས། གདུང་རྒྱུད་ཟུང་མཁར་ལྷ་སྡིངས་སུ་དེང་སང་ཡང་ཡོད་དོ། ༈ །ཨ་ཙ་ར་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཀུན་བཟང་བདེ་ཆེན་རྒྱལ་པོའམ་སྨོན་ལམ་རྡོ་རྗེ་ནི། བསམ་ཡས་རྒོད་དཀར་ལའི་ཞོལ་དུ་འཁྲུངས། དགུང་ལོ་ལྔ་ཙམ་ནས་ལྷ་འདྲེ་དམ་ལ་འདོགས་པ་སོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཤུགས་འབྱུང་དུ་སྤྱད། བསམ་ཡས་རབ་བྱུང་གྲྭ་ཚང་དང་འཕྱོང་རྒྱས་དཔལ་རིར་གསན་སྦྱང་མཛད། རྩུབ་རི་གྲུབ་ཆེན་སོགས་ལས་གདམས་ཁྲིད་མང་དུ་གསན། ཁྱད་པར་རིག་འཛིན་ཐུགས་མཆོག་རྡོ་རྗེས་རྗེས་སུ་བཟུང་ཞིང་རྩ་བའི་བླ་མར་བསྟེན། དགུང་ལོ་བཅུ་གཅིག་པར་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པ་ལ་བརྟེན། ཉེར་དྲུག་ལོར་ཀོང་སྟོད་དྭགས་སྨད་རོལ་བུའི་གནས་ནས་རིགས་ལྔ་སྙིང་པོའི་སྐོར་རྣམས་སྤྱན་དྲངས། དེ་ནས་རིམ་པར་སྤུ་བོ་དགའ་བ་ལུང་བསམ་ཡས་ཀྱི་སྐོར་སོགས་ནས་ཆོས་དང་རྟེན་དང་དམ་རྫས་མང་པོ། རྒྱང་རྩེའི་ཉེ་འདབས་རྩེ་ཆེན་སྒྲོལ་མ་ལྷ་ཁང་ནས་ཇོ་བོ་རྗེས་སྦས་པའི་མོས་པ་རྣམ་བཞིའི་གདམས་ཟབ་སོགས་སྔ་ཕྱིར་གཏེར་ཁ་བཅོ་བརྒྱད་ཙམ་བཞེས་པར་གྲགས་ཤིང་དེ་དག་གི་སྐབས་སུ་ངོ་མཚར་བའི་རྫུ་འཕྲུལ་གྱི་བཀོད་པ་མང་པོའང་བསྟན། གཞན་ཡང་དྭགས་པོ་ལ་ཐོག་ཟུར་མཁར་གྱི་ཕུག་གནམ་ལྕགས་བྲག་ནས་གསོ་དཔྱད་ངོ་མཚར་ཅན་སྨན་གཞོང་ཨ་རུ་ར་རྣམ་པར་རྒྱལ་བ་སོགས་གཏེར་དུ་བཞེས་ཀྱང་རྟེན་འབྲེལ་གྱི་དབང་གིས་འདབས་གཏེར་དུ་སྦས། རྒྱལ་ཚབ་དེ་མོ་རིན་པོ་ཆེས་ཏི་ཤྲཱིར་བཀུར་ཞིང་བསམ་ཡས་ཞིག་གསོས་དུས་ས་འདུལ་ཡང་མཛད། ཨོ་རྒྱན་རིན་པོ་ཆེའི་བླུག་སྐུ་སྟོང་ཕྲག་ཕུལ་བ་དེང་སང་རིག་འཛིན་ལྷ་ཁང་དུ་གྲགས། ལྷ་ལྡན་ཤཱཀྱ་མུ་ནི་མཇལ་དུས་ཐུགས་ཀ་ནས་རིང་བསྲེལ་སྲན་འབྲུ་ཙམ་ཞིག་སྤྱི་བོར་ཕེབས་པ་ཀུན་གྱིས་མཐོང་ཞིང་ལུང་བསྟན་ཁྱད་པར་ཅན་ཐོབ། དཔལ་ས་སྐྱ་པའི་གདུང་རྒྱུད་ཉག་ཕྲ་བ་ལ་བདག་ཆེན་ཀུན་དགའ་བློ་གྲོས་ཀྱི་བཀའ་བཞིན་སྐུ་རིམ་ཞུས་པས་གདུང་རྒྱུད་རིན་པོ་ཆེ་འཁྲུངས་བ་སོགས་མཛད་བཟང་གི་རླབས་ཆེ། ཀོང་པོར་ཆོས་གླིང་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག་གིས་འབྲུག་ཐང་དགོན་ཕུལ་བ་ལ་གདན་ཆགས་ནས་གདུལ་བྱ་མཐའ་ཡས་པ་ལ་ཐར་པའི་ས་བོན་བསྐྲུན་ཏེ་ངོ་མཚར་བའི་ལྟས་དང་བཅས་གཞན་དོན་དུ་གཤེགས། ཆོས་བརྒྱུད་ཐོར་བུ་ཙམ་བྱུང་ཞིང་ཁོ་བོས་ཀྱང་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་ཆོས་སྐོར་ཙམ་ཞིག་ཐོས་སོ། ༈ །ཏའུ་རོང་དུ་བྱོན་པའི་རོག་རྗེ་གླིང་པ་འགྲོ་འདུལ་རྩལ་ནི། རོང་གཏེར་ལས་ལོ་ཆེན་བཻ་རོའི་སྤྲུལ་པའི་བྱེ་བྲག་ཏུ་གསུངས་པ་ལྟར་རོང་སྟོན་པདྨ་བདེ་ཆེན་གླིང་པ་ཞིང་གཤེགས་རྗེས་དེ་མ་ཐག་པར་འཁྲུངས་པ་ཡིན་འདུག་པས་དེའི་སྐྱེ་བར་འབྲེལ་མཚུངས་སུ་མངོན། འདིས་ཕྱོགས་དེའི་རོང་དོང་བོ་ལུང་པ་ནག་པོའི་སྲིན་རྫོང་བྲག་དམར་སོགས་གཏེར་གནས་གསུམ་ནས་རྟ་ཕག་ཡིད་བཞིན་འབར་བ་གཙོས་ཡིད་བཞིན་སྐོར་གསུམ་དུ་གྲགས་པའི་ཆོས་གཏེར་རྣམས་རྫུ་འཕྲུལ་གྱི་བཀོད་པས་གསང་གཏེར་དུ་བཞེས། ཆོས་བདག་ཀྱང་རྟ་མགྲིན་གྱི་ལུང་བྱང་ལས། རྟ་མགྲིན་ཡིད་བཞིན་ནོར་བུའི་ཡང་ཟབ་ཆོས༔ ཐེམས་སུ་མ་བསྟན་སྙན་བརྒྱུད་ཚུལ་དུ་གདམས༔ བཻ་རོ་ཙ་ན་རང་གི་ཐུགས་དམ་མཛོད༔ མ་འོངས་དོན་དུ་ཤར་རོང་མཚམས་སུ་སྦོས༔ སྤྲུལ་པས་རྙེད་ནས་རང་གསང་ཉམས་སུ་ལོངས༔ འོད་དཔག་མེད་དང་སྤྱན་རས་གཟིགས་དབང་གི༔ སྤྲུལ་པ་དམར་མཐིང་ཅོད་པན་འཆང་བ་དང༔ མངའ་བདག་སྐྱེ་བ་བཟང་པོའི་མིང་ཅན་དང༔ ཆོས་ཀྱི་སྤྱན་ཅན་སོགས་ལ་འདི་འཕྲོད་ན༔ སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་པར་འགྱུར༔ ཞེས་སྣང་ཡང་རྒྱལ་དབང་ཞྭ་དམར་ནག་དང་སྐལ་བཟང་རྒྱ་མཚོ་སོགས་སྐུ་ཡུལ་གཉན་ཅིང་ཡུལ་དུས་ཀྱིས་བསྐལ་པས་ཕྱག་ཏུ་འབུལ་བ་མ་བྱུང་། རྗེ་ཆོས་ཀྱི་འབྱུང་གནས་ཧོར་ཕྱོགས་སུ་ཕེབས་སྐབས་ཤིག་འདི་ཉིད་སྦས་ཚུལ་གྱིས་བྱོན་ནས་གསང་ཁོག་ཏུ་ཆོས་བཀའ་ཕུལ་བ་དང་དུ་བཞེས་པས་སྐུ་ཚེ་མཐར་ཕྱིན་པར་གྲགས། འོན་ཀྱང་གཏེར་སྟོན་ཉིད་སྦས་ཚུལ་ཁོ་ན་མཛད་པས་ཤིན་ཏུ་གྲགས་ཆུང་ཞིང་གཏེར་ཆོས་རྣམས་ཀྱང་འགྲོ་དོན་བྱུང་ཚུལ་མ་ཐོས་པ་མ་ཟད་ད་ལྟ་ནི་མཚན་ཙམ་ཡང་ཐོས་མཁན་མི་སྣང་མོད། རྗེ་བླ་མ་རིན་པོ་ཆེར་ཉེ་བརྒྱུད་ཀྱི་ཚུལ་དུ་བཞུགས་པ་གོང་མའི་རྟེན་འབྲེལ་ལ་བསམ་ཁོ་བོས་ཀྱང་རྟ་མགྲིན་ཆ་ལག་ཚེ་སྒྲུབ་ཀྱི་དབང་ལུང་སྐལ་པ་བཟང་པོར་ནོས་སོ། ༈ །གཏེར་སྟོན་གར་དབང་འཆི་མེད་རྡོ་རྗེ་ནི། རིག་འཛིན་ཆོས་རྗེ་གླིང་པས་སྤུ་སྟོད་ནོར་བུ་དོན་གྲུབ་ཚང་ལ་ལུང་བསྟན་ཕྱག་རིས་སུ་བསྩལ་པ་ལྟར། སྦས་གནས་པདྨོ་བཀོད་པའི་སྙིང་ཁ་ཆོས་ཀྱི་འཁོར་ལོའི་ཆར། སྐུ་ཡུལ་ཞེས་པ་མོན་པའི་གྲོང་དུ་ཡབ་སྔགས་འཆང་དཀོན་མཆོག་དང་ཡུམ་རྒྱ་ལ་སྡེ་པའི་སྲས་སུ་ཆུ་མོ་ལུག་གི་ལོར་བལྟམས། དེའང་དགའ་ཆགས་ནས་ཆོས་གླིང་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག་ཞིང་གཤེགས་པ་དང་། འདི་ཉིད་ལྷུམས་སུ་ཞུགས་པ་དུས་འགྲིགས། སྐུ་ན་ཕྲ་མོ་ནས་དམ་པའི་སྤྱོད་པས་དུས་འདས་པས་ཀློ་དང་མོན་པ་རྣམས་ཀྱང་ཡ་མཚན་དུ་འཛིན། སྤུ་བོ་རྦ་ཁ་དགོན་དུ་བསླབ་སྦྱང་མཛད། འབྲུག་ཐང་གཏེར་སྟོན་ལ་གཙུག་ཕུད་ཕུལ་བས་མཚན་ཀུན་བཟང་འོད་ཟེར་གར་དབང་བསྟན་པའི་ཉི་མ་ཞེས་གསོལ་ཞིང་མ་འོངས་པའི་ལུང་བསྟན་དང་དབུགས་དབྱུང་གཟེངས་བསྟོད་མཛད། རྦ་ཁ་དགོན་ནས་གཏེར་གྱི་ཁ་བྱང་ཕྱག་ཏུ་འབྱོར་བ་ལྟར། མེ་རྟ་ཟླ་བ་དྲུག་པའི་ཚེས་བཅུ་ལ་པདྨ་བཀོད་ཀྱི་གནས་སྟོད་མཁའ་འགྲོ་འབུམ་འདུས་ཀྱི་ལུང་པ་དམར་ནག་རཀྟའི་མཚོ་འགྲམ་ནས་འཆི་མེད་ཐུགས་ཐིག །ཚེ་ཆུ། དམ་རྫས། སྐུ་ཚབ་སོགས་སྤྱན་དྲངས། མི་ལོ་བཅུ་གཉིས་ཀྱི་བར་དུ་གསང་རྒྱ་བསྡམས་ནས་ཉམས་བཞེས་མཐར་ཕྱིན་པར་མཛད། བཀའ་རྒྱ་གྲོལ་བའི་ཐོག་མར་སྒམ་པོ་སྤྲུལ་སྐུ་ལ་གདམས་ངག་རྫོགས་པར་བསྩལ། རིམ་གྱིས་སྦྱོར་ར་ཐམས་ཅད་མཁྱེན་པ་སོགས་ལའང་སྤེལ། དབུས་ཕྱོགས་སུ་ཕེབས་ཏེ་གཞུང་ས་རྩེ་ཤོད་དུའང་རྟེན་འབྲེལ་ལེགས་སུ་འགྲིགས། བསྟན་པའི་རིམ་གྲོ་འགའ་ཞིག་བསྒྲུབ། བྱོན་ལམ་གྱི་གནས་རྣམས་དང་། སྦ་ལྕག་ཤྲཱི་སོགས་ནས་གཏེར་ཁ་མང་དུ་བཞེས་པར་གྲགས་ནའང་དེང་སང་འཆི་མེད་ཐུགས་ཏིག་དང་གྲོ་ལོད་གནམ་ལྕགས་མེ་འཁོར་གཉིས་བཞུགས། རྗེ་འདི་དང་དྭགས་པོ་གཏེར་སྟོན་ལྷན་རྒྱས་ཀྱིས་སྦས་ཡུལ་ཆེན་པོའི་ལྟེ་བ་སྤྲུལ་པའི་འཁོར་ལོ་གཙོ་བོར་གྱུར་པའི་གནས་སྒོ་མང་པོ་གསལ་འབྱེད་དང་། བོད་ཁམས་སྤྱིའི་བདེ་ཐབས་སུ་ས་གནད་རྣམས་སུ་ལྷ་ཁང་དང་མཆོད་རྟེན་མང་དུ་བཞེངས་ཤིང་སྒྲུབ་ཆེན་ལན་འགའ་ཞིག་མཛད། གློ་མོན་གྱི་འགྲོ་བ་མང་པོ་བསྡུ་བ་རྣམ་པ་བཞིས་རྗེས་སུ་བཟུང་བར་མཛད་ནས་ཞི་བར་གཤེགས་པའི་སྤྲུལ་བརྒྱུད་ཀྱང་སྦས་ཡུལ་དེ་ཉིད་དུ་རིམ་པར་བྱོན་པར་གྲགས། འདི་ཉིད་གཏེར་སྟོན་ཚད་ཐུབ་ཏུ་སྣང་བས་འཆི་མེད་ཐུགས་ཏིག་ཁོ་བོས་ཀྱང་ནོས་སོ། ༈ །གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་གཏེར་སྟོན་རྡོ་རྗེ་ཐོགས་མེད་དམ་བསྟན་འཛིན་ཟླ་འོད་རྡོ་རྗེ་ནི། ཀོང་པོ་བྲག་གསུམ་གྱི་ནང་ཚན་མཚོ་ཆུ་དར་མ་བྲག་གི་ཕྱོགས་སུ་དྭགས་རྒྱུད་གྲུབ་ཆེན་འཇམ་དབྱངས་ཞེས་པའི་སྲས་སུ་འཁྲུངས། སྐུ་ན་ཕྲ་མོ་ནས་བསྙེན་སྒྲུབ་ཁོ་ན་མཛད་ཅིང་བཞུགས་པ་ལ་བླ་མ་མཁའ་འགྲོས་ལུང་བསྟན་པ་ལྟར་མཚོ་ཕུ་ནོར་བུ་བཀོད་པའི་གནས་སྒོ་ཕྱེས། ཟབ་གཏེར་འགའ་ཞིག་ཕྱག་ཏུ་སོན་ཀྱང་རྟེན་འབྲེལ་དབང་གིས་འདབས་གཏེར་དུ་སྦས། ཕྱིས་སུ་སྒམ་པོ་སྤྲུལ་སྐུ་མཇལ་ནས་རྟེན་འབྲེལ་སོར་ཆུད་དེ་སྤུ་བོ་འདོང་ཆུའི་ལྷ་ཁང་ནས་ཁ་བྱང་ཕྱག་ཏུ་སོན་པ་ལྟར། པུ་ལུང་བཙན་དམར་སྲོག་གི་སྤུ་གྲིའི་བྲག་ནས་ཚེ་སྒྲུབ་འོད་ཀྱི་དྲྭ་བའི་སྐོར་རྣམས་སྤྱན་དྲངས། གཞན་ཡང་གཏེར་ཁ་འགའ་ཞིག་ཁྲོམ་གཏེར་དུ་མཛད་པར་གྲགས། པདྨ་བཀོད་ཀྱི་བྱང་གླིང་བཙན་ཕྱུགས་ཞེས་པའི་སར་རི་ཁྲོད་བཏབ་ནས་བཞུགས། ཐུགས་དམ་མཐར་ཕྱིན་ཏེ་སྐུ་གཤེགས། ཡུམ་ཟླ་འོད་དབང་མོ་ཞེས་འཇའ་ལུས་འགྲུབ་པར་ཉེ་བའི་རྣལ་འབྱོར་དབང་མོ་དེས་རྒྱུན་བཟུང་བས་དེང་སང་ཡང་ཚེ་སྒྲུབ་ཀྱི་སྐོར་བཞུགས་པར་འདུག །ཁོ་བོས་ཀྱང་སྙིང་པོ་ཙམ་ཞིག་རྗེ་བླ་མའི་བཀའ་དྲིན་ལས་ནོས་སོ། ༈ །རྒྱ་སྲས་ལྷ་རྗེའི་རྣལ་འཕྲུལ་ཟླ་བའི་འོད་ཟེར་རམ་གཏེར་སྟོན་རང་གྲོལ་ཏིང་འཛིན་རྒྱལ་པོ་ནི། ཡབ་ཐེག་གླིང་འགྲོ་དོན་མཐར་ཕྱིན་དང་། ཡུམ་གནུབས་བརྒྱུད་རིགས་ལྡན་མ་ཞིག་གི་སྲས་སུ་སྦྲགས་ཀྱི་ཕུ་སྐྱུ་རུ་ཅན་དུ་སྐུ་བལྟམས། ཅུང་ཟད་ནར་སོན་པ་ན་ཡབ་ཀྱིས་གཏེར་ཆོས་ཡོངས་རྫོགས་ཀྱི་སྨིན་གྲོལ་གནང་། དགུང་ལོ་དྲུག་པ་ལ་ཡབ་གཤེགས་པས་གཅེན་གཏེར་སྲས་པདྨ་བསྟན་འཛིན་རྒྱ་མཚོ་དང་། ལྕགས་ཟམ་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ལས་རྙིང་མ་བཀའ་གཏེར་གྱི་ཆོས་ཕལ་མོ་ཆེ་གསན། དགུང་ལོ་བཅུ་གསུམ་པར་དཔལ་རིར་ཆོས་སྒོར་ཞུགས། མཚོ་རྒྱལ་སྤྲུལ་སྐུ་པདྨ་ཆོས་འབྱོར་རྒྱ་མཚོར་གཙུག་ཕུད་ཕུལ། གནས་དེར་དག་པའི་སྣང་བ་ཕྱོགས་མེད་དུ་ཤར། ལྷ་ལྕམ་མནྡཱ་ར་བས་ཨ་རུ་ར་རློན་པ་འབྲུ་བདུན་ཡོད་པ་ཞིག་དངོས་སུ་བསྩལ། གསོ་རིག་ལ་སྦྱངས་པས་མཁས་པར་མཁྱེན། དགུང་ལོ་བཅོ་བརྒྱད་པ་ནས་གཏེར་གྱི་ཁ་བྱང་དང་ལུང་བསྟན་མང་དུ་བྱུང་ཡང་རིག་མའི་རྟེན་འབྲེལ་འགྱངས་པས་གཏེར་ཁ་མང་ཞིག་དུས་ལས་ཡོལ། དེ་ནས་གྲུབ་ཆེན་ངག་དབང་ཆོས་གྲགས་ལས་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་དབང་ལུང་ཡོངས་རྫོགས་གསན་ཏེ་བསམ་ཡས་མཆིམས་ཕུར་ལོ་ལྔར་དཀའ་སྤྱད་ཆེན་པོས་སྒྲུབ་པའི་དམ་བཅའ་མཐར་ཕྱིན་པར་མཛད། གཞན་ཡང་ལོ་གསུམ་དུ་ཡབ་ཆོས་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་ཉམས་བཞེས་གནད་སྨིན་མཛད་ནས་ལྷ་ལྡན་དུ་ཕེབས་སྐབས་རྔ་ཡབ་པདྨ་འོད་དུ་ཕེབས་པ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོས་བྱིན་གྱིས་བརླབ་པ་སོགས་དག་པའི་སྣང་བ་འབྱམས་སུ་ཀླས། བྲག་དམར་མགྲིན་བཟང་ནས་གཏེར་གྱི་ཁ་བྱང་འབྱོར་པ་ལྟར། བསམ་ཡས་མཆིས་ཕུ་བློན་པོ་མགུལ་དུ་ཕེབས་པའི་ལམ་ཁར་དཔལ་རི་མཚོ་རྒྱལ་སྤྲུལ་སྐུས་མངོན་ཤེས་ཀྱིས་དགོངས་ཏེ་དཔོན་སློབ་གསུམ་བྱ་བྲལ་བའི་ཆས་ཀྱིས་བྱོན། ཁོང་དཔོན་སློབ་སྔོན་དུ་ཕེབས་ནས་གུར་དཀར་ཕུག་ཏུ་གྲ་བསྒྲིགས། གཏེར་སྟོན་ལ་བསུ་བ་སོགས་བཀུར་བསྟི་མཛད། དེ་ནས་སྐུ་རྟེན་མཐོང་གྲོལ་ཆེན་མོ། གསུང་རྟེན་བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་གཤེགས་འདུས་པ་ཞི་དྲག །ཐུགས་རྟེན་ཨ་རྒྱ་མ་ཉེར་གཅིག་རྣམས་སྤྱན་དྲངས་ཤིང་བརྡ་རིས་ཞལ་བཤུས། མ་དཔེ་སླར་སྦ་བ་སོགས་ལུང་དོན་ལྟར་གྲུབ་ནས་གཡའ་མ་ལུང་དུ་གཏན་ལ་ཕབས། ལོ་བདུན་དུ་གསང་རྒྱ་དང་སྒྲུབ་པ་མཐར་ཕྱིན་པར་མཛད་ནས་ལུང་ཟིན་ཆོས་ཀྱི་བདག་པོ་རྣམས་ལ་སྤེལ་པའི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་ད་ལྟའང་བཞུགས་ཤིང་ཁོ་བོས་ཀྱང་རིག་འཛིན་བདེ་འདུས་ཀྱི་ཆོས་སྡེ་ཚེ་སྒྲུབ་རྡོ་རྗེ་སྙིང་པོ་འོད་ཀྱི་དྲྭ་བ་དང་། ཕྱག་རྡོར་དྲག་པོ་ཀུན་འདུས་སྐོར་རྣམས་ནོས་སོ། །ཞལ་སློབ་ཀྱི་གཙོ་བོ་བསྟན་འཛིན་བརྒྱད་པ་མཁྱེན་རབ་མཐུ་སྟོབས། རྫོགས་ཆེན་བཞི་པ། གཏེར་འབྱིན་བསྟན་འཛིན་ཤེས་རབ་བླ་སློབ་སོགས་མང་དུ་བྱོན། གཞུང་ས་ཆེན་པོས་སྤྲུལ་པའི་གཏེར་སྟོན་ཆེན་པོར་མངའ་གསོལ་ཞིང་བོད་ཁམས་བདེ་ཐབས་མང་དུ་བསྒྲུབས། བསམ་ཡས་དབུ་རྩེར་ཞུགས་ཀྱི་གནོད་པ་བྱུང་བའི་སྐབས་ཀྱང་ཕེབས་ནས་ལྷ་སྲིན་དམ་བསྒྲག་སོགས་མཛད་པས་གླིང་གཞན་དུ་གནོད་པ་མ་བྱུང་བ་སོགས་ངོ་མཚར་དུ་གླེང་། ཕྱིས་ཞིག་གསོས་སྐབས་ཀྱང་ས་འདུལ་དང་རབ་གནས་སོགས་མཛད་པས་མཚོན་བསྟན་འགྲོའི་དོན་རླབས་ཆེན་མཐར་ཕྱིན་ཏེ་པདྨ་འོད་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་པའི་གཤེགས་རྗེས་ཀྱི་བྱ་བ་རྣམས་གདུང་སྲས་མཆེད་ཀྱིས་སྒྲུབ་པར་མཛད་དོ། །རྣམ་འཕྲུལ་ཁམས་སུ་འཁྲུངས་པ་རྫོགས་ཆེན་བཞི་པས་ལུང་བསྟན་ཅིང་མཆིམས་ཕུར་བཞུགས་ནས་གོང་མའི་ཟབ་ཆོས་ཀྱི་ཕྲིན་ལས་སྤེལ་བར་མཛད་དོ། ༈ །དཔལ་ལྷའི་སྲས་པོ་དམ་འཛིན་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་འགྲན་ཟླ་དང་བྲལ་བའི་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ནི། ཨོ་རྒྱན་དྲི་མེད་ཀུན་དགའི་གཏེར་ལུང་ལས། ཡོར་སྟོད་གྲྭ་ཡི་ལ་བར་དུ༔ རཏྣ་ཨོ་རྒྱན་མཚན་འཆང་བ༔ མཆོག་གཏེར་ཆོས་ལ་ལོངས་སྤྱོད་པ༔ ཆོས་བདག་པདྨའི་ཐུགས་སྤྲུལ་འབྱུང༔ ཞེས་པ་དང་ཚིག་དོན་མཚུངས་པ་རོང་སྟོན་པདྨ་བདེ་ཆེན་གླིང་པའི་ལུང་ལས་ཀྱང་འབྱུང་ཞིང་། རཏྣའི་སྤྱི་ལུང་མ་འོངས་ཆོས་བདག་ཉེར་ལྔའི་གྲས་སུའང་། ནོར་བུའི་མིང་ཅན་ཁམས་ཀྱི་ལྷོ་ཕྱོགས་འབྱུང༔ ཞེས་གསལ་བར་གསུངས་པ་ལྟར། མདོ་ཁམས་ལྷོ་རྒྱུད་ཡོར་སྟོད་དང་འབྲེལ་བར་སྒོམ་སྡེ་གྲྭ་ནང་གི་སའི་ཆར་ནང་ཆེན་ཆིང་ཧུའི་བློན་པོ་ཨ་ལྕགས་འབྲུའི་རིགས་ཡབ་སྡོམ་པ་སྔགས་འཆང་པདྨ་དབང་ཕྱུག་དང་། ཡུམ་ཚེ་རིང་གཡང་མཚོ་གཉིས་ཀྱི་སྲས་སུ་ས་མོ་གླང་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུ་ལ་འཇའ་འོད་སོགས་ལྟས་བཟང་པོ་དང་བཅས་ཏེ་འཁྲུངས། སྐུ་ཆུང་ངུ་ནས་དམ་པའི་སྤྱོད་པ་ངོ་མཚར་བ་བསྟན་ཅིང་ཡི་གེ་འབྲི་ཀློག་ཀྱང་ཚེགས་ཆུང་ངུས་མཁྱེན། བླ་དྭགས་ཀྱི་མཚན་ནོར་བུ་བསྟན་འཛིན་དུ་གསོལ། གཞན་གྱིས་སྐུལ་བ་པོ་མེད་པར་ཐུགས་དམ་གྱི་རིམ་པའང་མང་དུ་མཛད། ལྷོ་ཀུན་བཟང་མཆོག་སྤྲུལ་ལ་གཙུག་ཕུད་ཕུལ་བས་མཚན་དཀོན་མཆོག་བསྟན་འཛིན་དུ་བཏགས། ཕྱིས་ཀྱི་བར་ཡོངས་གྲགས་ཀྱི་མཚན་འདི་ཡིན་པས་དཀོན་མཆོག་གི་ལེགས་སྦྱར་རཏྣ་ཞེས་པ་གོང་གི་ལུང་དོན་དང་འབྱོར་བ་ཡིན་ནོ། །དགུང་ལོ་བཅུ་གསུམ་པར་མ་ཎི་ཁ་ཞེས་པར་རོལ་རྩེད་དུ་བྱོན་སྐབས་ཨོ་རྒྱན་རིན་པོ་ཆེ་དངོས་སུ་བྱོན་ནས་ས་ཆ་སོགས་ལ་ཅི་མིང་དྲི་བ་ལྟར་མཛད་པ་ལ་སོ་སོར་ལན་ཞུས་པས། ས་ལ་མ་ཎི་ཀ །ཁྱོད་ལ་ནོར་བུ་བསྟན་འཛིན། ལུང་པ་ལ་ཨརྻ་ནང་ཟེར་བས་ཁྱོད་ལ་འཇིག་རྟེན་ན་ཁྱད་པར་འཕགས་པ་ཞིག་འོང་ཞེས་ལུང་བསྟན་ནས་འཇའ་ལྟར་ཡལ། འདི་སྐབས་སྟག་ལུང་མ་རིན་པོ་ཆེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོས་བླ་མ་དགོངས་འདུས་ཐུགས་སྒྲུབ་ཚ་བ་དམར་ཐག་དང་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་དཔེ་ལུང་བྱིན་རླབས་ནན་དུ་གནང་ནས་འདི་ལ་ཉམས་བཞེས་མཛད་ན་ལེགས་པར་གདམས་ཤིང་དོན་གྱིས་གཏེར་བརྒྱུད་གཏད། སྔ་ཕྱིར་རྒྱལ་དབང་ཀར་འབྲུག་ཡབ་སྲས། འབྲི་གུང་མཆོག་སྤྲུལ། ཟུར་མང་གདན་མཁན་སློབ་སོགས་ཡོངས་འཛིན་དུ་མ་ལས་མདོ་སྔགས་གསར་རྙིང་གི་དབང་ལུང་མན་ངག །བཤད་རྒྱུན་ཕྱག་ལེན། གར་ཐིག་དབྱངས་རོལ་སོགས་མཐའ་ཡས་པ་གསན་ཅིང་དེ་དག་གི་དོན་ཚེགས་ཆུང་ངུས་ཤིན་ཏུ་མཁས་པའི་ཚུལ་བསྟན། དགུང་ལོ་ཉེར་ལྔ་པར་གུ་རུའི་ལུང་གིས་བསྐུལ་བ་ལྟར་དཔལ་སྤུངས་ཀྱི་གདན་སར་བྱོན་ནས་ཆུ་གླང་ཆོ་འཕྲུལ་ཟླ་བར་སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད་དབང་པོ་མཇལ། ཕུར་པ་དབང་ཆེན་བཞད་པ་སོགས་ཕུལ་བས་དགྱེས་བཞེས་ངོས་བར་ཆད་སེལ་བ་དང་། ཞབས་པད་བརྟན་པའི་རྟེན་འབྲེལ་འགྲིགས། གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པ་དགོས་པའི་བསླབ་སྟོན་ནང་མ་བསྩལ་པ་ནི། གསང་ལུང་ལས། དེ་དུས་ཆོས་བདག་ཇི་ལྟར་འབྱུང་བ་ནི༔ གསེར་ལྡན་འབབས་པའི་གཡོན་འགྲམ་དཔལ་རིའི་སྤོར༔ ང་ཡི་གསུང་སྤྲུལ་པདྨ་ཉིན་བྱེད་ཅེས༔ རྒྱལ་བའི་གདུང་འཚོབ་སྒྲུབ་པའི་རྒྱལ་མཚན་བཙུགས༔ དུས་མཐའི་མུན་རུམ་ནང་དུ་སྒྲོན་མེ་འཛིན༔ ཚེ་སྒྲུབ་མཐར་ཕྱིན་བརྒྱད་ཅུ་རྩ་ལྔ་ཐུབ༔ རྟེན་འབྲེལ་ལེགས་འགྲིགས་དགུ་བཅུར་བསྟན་པ་འཛིན༔ ལྷ་སྲས་ཉིད་ཀྱིས་ཉེར་ལྔའི་དུས་སུ་མཇལ༔ སྦ་གསང་མེད་པར་བློ་གཏད་དེ་རུ་སྐྱོལ༔ དེ་ན་མ་བསྒྲིག་ལྷུན་གྲུབ་རྟེན་འབྲེལ་མང༔ ཞེས་གསུངས་པ་ལྟར་རྩ་བའི་རྟེན་འབྲེལ་གྱི་སྣ་ཁ་མ་ལོག་པའོ། །དེ་ནས་རིམ་པར་མཁན་ཆེན་བྱང་ཆུབ་སེམས་དཔའ་ཟླ་བཟང་སྤྲུལ་པའི་སྐུ་ལས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་སོགས་ཟབ་ཆོས་འགའ་ཞིག་དང་། ཁོ་བོ་ལས་ཀྱང་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱིས་ཐོག་དྲངས་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་བཤད་བཀའ་གཙོར་གྱུར་རྙིང་མ་བཀའ་མ་ཕལ་མོ་ཆེ་དང་། གཏེར་ཆོས་མང་པོ་གསན། ཁྱད་པར་རྟེན་འབྲེལ་མདོ་ཆིངས་ལས། ནམ་མཁའ་མཛོད་དུ་སྦས་པའི་ཟབ་གཏེར་རྣམས༔ མི་བཞག་འདོན་པའི་སྐྱེས་བུ་སྨོན་ལམ་ཅན༔ ལྷ་སྲས་ཁྱོད་ཀྱི་སྐྱེ་བའི་ཐ་མ་འབྱུང༔ དེ་དུས་ལོ་པཎ་རྗེ་འབངས་ཕལ་ཆེར་འཛོམ༔ ཁྱད་པར་མངའ་བདག་ཡབ་སྲས་མཇལ་ནས་སུ༔ གཅིག་གྲོགས་གཅིག་བྱེད་ལས་འཕྲོ་རིམ་པར་སད༔ ང་ཡི་གདམས་པ་མཐར་ཐུག་རྣམས་དང་མཇལ༔ དག་པའི་སྣང་བ་རང་ཉིད་དངོས་དང་འཕྲད༔ གསང་སྔགས་གདམས་པའི་ལག་ལེན་དམར་ཁྲིད་སྟོན༔ རང་ཉམས་བླངས་པས་འབད་མེད་གྲུབ་པ་ཐོབ༔ དངོས་གྲུབ་བརྙེས་པའི་སློབ་མ་མང་དུ་འབྱུང༔ ཞེས་སོགས་ལུང་བྱང་ཕྱི་ནང་གསང་བ་མང་པོས་ཤིན་ཏུ་གསལ་བ་ལྟར། ལོ་དེའི་དབྱུག་པ་ཟླ་བར་གངས་ཅན་མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཇལ་བར་ཆེད་ཀྱིས་ཕེབས་པ་ན། རྗེ་ཉིད་ནས་ཀྱང་མངའ་བདག་སྐྱེས་རབས་རིམ་པར་བརྒྱུད་པའི་འབྲེལ་བར་དགོངས་ནས་ཐོག་མ་ཉིད་དུ་ཕུར་པ་ཡང་གསང་སྤུ་གྲི་དང་ཕྱིས་མཁོན་ལུགས་ཕུར་པའི་དབང་ཆེན་བསྩལ་པས་ཕྱི་ནང་གསང་བའི་བར་ཆད་བསལ། ཡང་ཏིག་ཡིད་བཞིན་ནོར་བུའི་དབང་གི་སྐབས་བླ་མ་པཎ་ཆེན་བི་མ་དངོས་སུ་གཟིགས་པ་སོགས་དག་པའི་སྣང་བ་ཁྱད་པར་ཅན་ཤར་ཅིང་རིག་པ་རྗེན་པར་ངོ་འཕྲོད། སྔགས་སྲུང་མའི་སྲོག་གཏད་སྐབས་ས་གཡོ་བ་ལྟ་བུའི་ཟིལ་ཆེན་པོ་བྱུང་ཞིང་ཨེ་ཀ་ཛཱ་ཊི་དངོས་སུ་གཟིགས། དཔོན་སློབ་གཉིས་ཆར་ལ་ལོ་གསུམ་གྱི་མཚམས་དངོས་གྲུབ་ཆེན་པོ་སྦྱིན་པར་གསུངས་པ་ཕྱིས་རྫོགས་ཆེན་སྡེ་གསུམ་ཐོན་པའི་སྔ་ལྟས་སོ། །དགུང་གྲངས་ཉེར་བདུན་ཤིང་ཡོས་དབྱུག་པ་ཟླ་བར་ཡང་དག་ལྷ་དགུའི་དབང་ཆེན་གནང་སྐབས་བླ་མ་ཧེ་རུ་ཀ་སྤྱི་བོ་ནས་ཐིམ་པའི་ཉམས་ཤར་བས་སྙིང་ཁའི་རྩ་མདུད་གྲོལ། དེ་ནས་བརྩམ་རྡོ་རྗེའི་མགུར་གླུ་ཐོགས་མེད་དུ་བརྡོལ། སྔོན་ཆད་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྡའ་ཡིག་ཇི་བཞིན་མ་ཁྲོལ་བའང་ཚེགས་མེད་པར་མཁྱེན་ཏེ། རྗེ་བླ་མའི་ཟབ་གཏེར་ཐུགས་སྒྲུབ་བདེ་གཤེགས་འདུས་པ་དང་དོན་གཅིག་པ་མ་ཟད་ཚིག་རིས་ཕལ་ཆེར་ཡང་མཐུན་པར་བྱུང་བས་རྣམ་གཉིས་ལྷན་རྒྱས་པས་མ་བུ་ཟུང་བསྡེབས་ཀྱི་ཚུལ་དུ་བར་ཆད་མེད་པར་གཏན་ལ་ཕབས། གཏེར་སྒྲུབ་ཀྱང་ལྷན་ཅིག་ཏུ་མཛད་པས་གུ་རུ་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་བ་སོགས་དག་པའི་སྣང་བ་མཐའ་ཡས་པ་ཤར། གཏེར་ཁ་དུ་མའི་ཁ་བྱང་ཕེབས་པ་སོགས་རྟེན་འབྲེལ་གྱི་སྒོ་མང་པོ་འགྲིགས། གཅིག་ལ་གཅིག་ཐུགས་ཡིད་ཆེས་པས་རྗེ་བླ་མས་ཀྱང་གཏེར་གསར་གྱི་སྨིན་གྲོལ་བདུད་རྩི་བཞེས་ཤིང་མངའ་གསོལ་བས་རྩོད་མེད་ཡོངས་གྲགས་ཀྱི་གཏེར་ཆེན་ཉི་ཟླ་ལྟར་གྱུར། རྗེ་རང་གི་གསུང་ལས། ཐོག་མར་བཀའ་དྲིན་ཆེ་བའི་ཡོངས་འཛིན་བཞི། ཞེས་གསུངས་པ་ནི། ཕྱི་སོ་ཐར་གྱི་མཁན་པོ་སྟག་ལུང་པ་ངག་དབང་བསྟན་པའི་ཉི་མ། ནང་བྱང་སེམས་ཀྱི་དགེ་བའི་བཤེས་གཉེན་ཟླ་སྤྲུལ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས། གསང་བ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་པདྨ་གར་དབང་བློ་གྲོས་མཐའ་ཡས། མཐར་ཐུག་ངེས་པ་དོན་གྱི་རྩ་བའི་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་རྣམས་སུ་བཞེད་པ་སྟེ་སོ་སོ་ལ་གཏན་ཚིག་ཡོད་པར་སྣང་། ཡར་འཁྱིལ་དབེན་པའི་གནས་སུ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་ལ་བཞུགས་པས་ཐོག་དྲངས། གུ་རུའི་ལུང་བཞིན་འོག་མིན་ཀརྨར་ལོ་གསུམ་གྱི་བཅད་རྒྱར་བཞུགས་པ་གཙོར་གྱུར་པའི་ཐུགས་དམ་གྱི་རིམ་པ་ལ་བརྩོན་ཞིང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཉམས་བཞེས་མཐར་ཕྱིན་པར་མཛད་པས་གྲུབ་པའི་རྟགས་མཚན་མཐའ་ཡས་པ་མངོན་དུ་གྱུར། ཕྲིན་ལས་རྣམ་པ་བཞིར་རང་དབང་བསྒྱུར་པའི་བདག་ཉིད་ཆེན་པོར་མངོན་སུམ་ཚད་མས་གྲུབ་པའོ། ཁྱད་པར་རྫོགས་ཆེན་སྡེ་གསུམ་གྱི་ལུང་བསྟན་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་བར་བབས༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཞེས་སོགས་མང་དུ་འབྱུང་བ་ལྟར་ཡབ་སྲས་རྣམ་འཕྲུལ་གཏེར་ཆེན་རྣམ་པ་གཉིས་ལ་སོ་སོར་བཀའ་གཏེར་དག་སྣང་གསུམ་ལས་ཕྱེ་བའི་ཟབ་ཆོས་ཀྱི་བཀའ་བབས་བདུན་དང་ལྡན་པ་སྟེ། འདིར་དང་པོ་ནི་རིང་བརྒྱུད་བཀའ་མ་དེང་སང་རྒྱུན་བཞུགས་པ་ཕལ་ཆེར་གསན་ཅིང་མདོ་སྒྱུ་སེམས་གསུམ་གྱི་འཆད་སྤེལ་ཡང་མང་དུ་མཛད་པར་མ་ཟད་རྗེ་ཉིད་ཀྱི་ཟབ་གཏེར་ལས་མདོ་དང་སྒྱུ་འཕྲུལ་སོགས་བཀའ་མའི་གཞུང་ཇི་ལྟ་བའི་ཆོས་སྐད་གྲུབ་མཐའ་སློང་ནུས་པའི་སྔོན་མེད་ངོ་མཚར་ཅན་བྱོན་པ་རྣམས་ཀྱང་དོན་དུ་བཀའ་མའི་བཀའ་བབས་པ་་་་་་ཡིན་ནོ། །གཉིས་པ་རང་སྐལ་སའི་གཏེར་ནི། དགུང་ལོ་བཅུ་གསུམ་པར་བྲག་དཀར་རྫོང་ཆུང་ནས་ལྷ་སྲས་ཐུགས་དམ་སྒྲུབ་ཐབས་ཉེར་བཞི་དང་དགོངས་འདུས་བཀའ་རྟགས་རྡོ་རྗེ་ཐོད་པ་མེ་ལོང་རྣམས་བཞེས་པ་ནས་བརྩམ། དགུང་གྲངས་སོ་དགུ་པར་རྗེ་བླ་མས་ཁ་བྱང་དང་ཞབས་བསྐུལ་ཕུལ་བ་ལྟར་ཙི་ཀེ་ནོར་བུ་སྤུན་གསུམ་ནས་དམ་ཆོས་ནོར་བུ་སྐོར་བདུན། གུ་རུའི་སྐུ་ཚབ། སེང་སྒྲོོག་སྐུ་རྒྱན་རྣམས་སྤྱན་དྲངས་པའི་བར་མཆོག་གཏེར་སུམ་ཅུ་རྩ་བདུན་དང་། སྦྲགས་ཡང་རྫོང་ནས་ཞི་བྱེད་སྐོར་བདུན་བཅས། དེ་དག་གི་ཁ་བྱང་ཡང་བྱང་གནད་བྱང་སྙིང་བྱང་ལ་སོགས་པ་དང་རྫས་གཏེར་ཕྲན་ཚེགས་ནི་མང་དུ་བཞེས་པ་ལས། གཙོ་ཆེ་བ་ཟླ་ཉིན་ཁ་ལ་རོང་སྒོ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ། ན་བུན་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར། འོག་མིན་ཀརྨའི་རྒྱབ་ཕྱོགས་ནས་ཐུགས་དམ་ཟབ་པ་སྐོར་བདུན། ཡེ་རྒྱལ་ནམ་མཁའ་མཛོད་ནས་དེའི་ཆ་ལག་རྒྱུད་ལུང་གི་སྐོར་རྣམས་དང་། རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས། སྐུ་ཚབ་རྣམ་གཉིས་སོགས། སྨད་ཤོད་ཛཾ་ནང་པདྨ་ཤེལ་ཕུག་ནས་དམ་ཆོས་རྫོགས་པ་ཆེན་པོ་རྒྱ་ཆེ་བ་སྡེ་གསུམ། སེང་ཆེན་གནམ་བྲག་གི་བྲག་རི་གོང་མོ་འོག་མ་ནས་དམ་ཆོས་ཤོག་སྡེ་དྲུག་པ། མཁའ་འགྲོ་འབུམ་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་དང་འཁོར་བ་དོང་སྤྲུགས། ཀརྨའི་དཔལ་དེའུ་ནས་མ་མོ་སྤྱི་བསྡུས། ཀེ་ལ་ནོར་བུ་སྤུན་གསུམ་ནས་རྗེ་བླ་མ་རིན་པོ་ཆེའི་བཀའ་ལུང་བཞིན་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། ཡེ་རྒྱལ་ལྷོ་ཕྱོགས་གཡུ་འབལ་བྲག་ནས་བཀའ་བརྒྱད་བདེ་གཤེགས་ཀུན་འདུས། ཟབ་པ་རྫོགས་ཆེན་གསེར་ཞུན། རོང་མེ་དཀར་མོ་སྟག་ཚང་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང་སྙིང་པོ་སྐོར་ལྔ། རུ་དམ་གངས་ཁྲོད་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར་རྣམས་མཚོན་པ་ཙམ་ཏེ་གཏེར་གནས་རེ་རེ་ནས་ཀྱང་ཆོས་དང་དམ་རྫས་སྐུ་རྟེན་ཕྱག་མཚན་རྣམ་གྲངས་ཤིན་ཏུ་མང་པོ་བྱོན་ཅིང་། དེ་དག་ཕལ་ཆེར་ཁྲོམ་གཏེར་དུ་མཛད་པས་ཀུན་གྱི་དབང་པོའི་སྤྱོད་ཡུལ་རྩོད་པ་དང་བྲལ་བར་གྱུར། མདོར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་གཏེར་བརྒྱ་རྩ། སྙིང་ཐིག་བརྒྱ་རྩ། མྱང་གྲོལ་དུ་མའི་བཀབ་བབས་སུ་ལུང་གིས་གསལ་བ་ལྟར་དཔའ་བོ་དབང་ཆེན་བྲག་ནས་མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་བཞེས་ཏེ་དེ་དག་གི་རྩ་བ་དང་ཡན་ལག་ཏུ་གྱུར་པའི་གནས་ཞལ་དུ་མ་གསར་དུ་སྣང་བར་མཛད། གུ་རུའི་སྐུ་ཚབ་ཀྱི་རྒྱུ་རིམ་པ་གསུམ་ཙམ་གཏེར་ནས་སྤྱན་དྲངས་ཏེ་སྐུ་ཚབ་གཉིས་པ་མང་དུ་འཕེལ་བར་མཛད་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་བོ། །གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། རྗེ་ཉིད་ཀྱི་སྐྱེ་བ་གོང་མ་གཏེར་ཆེན་སངས་རྒྱས་གླིང་པའི་གུར་དྲག་ཧཱུྃ་དམར་སྙིང་ཐིག་བྱིན་རླབས་ཀྱི་སྟོབས་ལས་བཀའ་བབས་པ་དང་། མཁའ་འགྲོ་མ་ཀུན་དགའ་འབུམ་པའི་མ་རྒྱུད་གསང་བ་ལམ་ཁྱེར་ཉེ་བརྒྱུད་དུ་བཀའ་བབས་པའི་སྨིན་གྲོལ་ཁོ་བོ་ལ་བསྩལ། བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། རྗེ་བཙུན་སྒྲོལ་མས་ལེགས་སོ་གསུམ་གྱིས་དབུགས་དབྱུང་བསྩལ་པ་ལ་བརྟེན་སྒྲོལ་མའི་ཟབ་ཏིག་གཏན་ལ་ཕབས། ལྔ་པ་དེ་ལས་འཕྲོས་པའི་རྗེས་དྲན་ནི། རྗེ་ཉིད་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོར་འཁྲུངས་པའི་སྐབས་ཀྱི་སྔོན་གནས་དྲན་པ་ལས་གནུབས་ཆེན་འདའ་ཀའི་ཞལ་ཆེམས་ལུང་རྡོ་རྗེ་བཀོད་པའི་གདམས་པ་གནང་བ་དང་། གནུབས་ཀྱི་ཁ་ཕོ་བཅས་མདོ་ཙམ་ཡི་གེར་བཀོད་པ་དང་། རུ་ལུའི་འདྲེན་སྟངས་དང་གར་གྱི་རྣམ་འགྱུར་མཐའ་ཀླས་པ། སངས་རྒྱས་གླིང་པའི་སྔོན་གནས་རྗེས་དྲན་ལ་བརྟེན་དགོངས་འདུས་རྩལ་སྤྲུགས་རྣམ་དགུའི་འཁྲུལ་འཁོར་ཕྱག་ཁྲིད་ཞིབ་མོར་གཏན་ལ་ཕབ་པ་སོགས་བཞུགས། དྲུག་པ་དག་སྣང་ནི། རི་བོ་དབང་ཞུའི་གནས་གཏེར་གྱི་སྒོ་འབྱེད་སྐབས་བི་མ་ལའི་སྒྲུབ་ཕུག་ཏུ་པཎ་ཆེན་ཉིད་ཞལ་གཟིགས་ཏེ་གདམས་པ་བསྩལ་བ་བི་མ་ལའི་ཟབ་ཏིག་སོགས་བཞུགས་པར་སྣང་། བདུན་པ་དེ་མཐུན་སྙན་བརྒྱུད་ནི། དག་པའི་སྣང་བར་ཟངས་མདོག་དཔལ་རིར་ཕེབས་ཏེ་ཨོ་རྒྱན་རིན་པོ་ཆེ་ལས་ཨ་ཏི་ཟབ་དོན་སྙིང་ཐིག་གི་གདམས་པ་གསན་པ་ཡི་གེར་བཀོད་པ་སོགས་བཀའ་བབས་བདུན་ལྡན་གྱི་རྣམ་ཐར་མདོ་ཙམ་བཀོད་པ་ཡིན་ལ། སྔ་ཕྱིར་རྩ་བ་གསུམ་གྱི་ཞལ་གཟིགས་ཤིང་ལུང་བསྟན་པ་དང་། ཆོས་གཏེར་སྲུང་མ་རྣམས་ཀྱིས་ཕྲིན་ལས་སྒྲུབ་པ་དང་། རྔ་ཡབ་དཔལ་རིར་ཕེབས་པའི་དག་སྣང་རྒྱས་བསྡུས་སྐོར་མང་ཡང་འདི་ཙམ་གྱིས་མཚོན་པར་ནུས་སོ། རང་སྒོ་དང་ཚོགས་སྒྲུབ་གཞན་དག་གི་རྡོར་སློབ་ཏུ་ཕེབས་པ་བཅས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒྲུབ་ཆེན་སུམ་ཅུ་རྩ་གསུམ་ཙམ་མཛད། བསམ་ཡས་ཧས་པོ་རི་དང་དཔལ་ཆུ་བོ་རི་སོགས་བོད་དང་མདོ་ཁམས་ཀྱི་ས་གནད་རྣམས་སུ་བཀའ་ནན་རབ་བརྗིད་དང་། གནས་ཆེན་བྱིན་འབེབས་མང་པོས་མཐའ་དམག་སོགས་རྩུབ་འགྱུར་ཞི་ཞིང་རྒྱལ་ཁམས་ལ་བདེ་ལེགས་འཕེལ་བའི་ཕྲིན་ལས་ལུང་དོན་ལས་འབྱུང་བ་རྒྱ་ཆེར་བསྒྲུབས། རྒྱལ་དབང་ཀར་འབྲུག་ཡབ་སྲས། འབྲི་སྟག་གཙོར་གྱུར་བཀའ་བརྒྱུད་དང་། སྨིན་གླིང་ཀཿདཔལ་ཞེ་རྫོགས་རྣམས་ཀྱི་ཁྲིར་བཞུགས་གཙོར་བྱས་རྙིང་མ། གཞན་ཡང་དཔལ་ས་སྐྱ་པ་སོགས་རིས་སུ་མ་ཆད་པའི་བསྟན་འཛིན་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཟབ་ཆོས་ཀྱི་སྨིན་གྲོལ་བསྩལ་ཅིང་། མྱང་གྲོལ་གྱི་སྦྱིན་པ་ནི་བོད་ཁམས་མཐའ་དབུས་ཐམས་ཅད་དུའང་ཁྱབ། ཁྱད་པར་རྩ་བའི་ཆོས་བདག་རྣམ་བཅུ་ཕལ་ཆེ་བ་དང་རྟེན་འབྲེལ་ལེགས་པར་འགྲིགས་པ་ལ་བརྟེན་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གཙོ་བོར་གྱུར་པའི་གཏེར་ཆོས་ཀྱི་ཕྲིན་ལས་ཀྱང་རྒྱ་ཆེར་འཕེལ། འོག་མིན་མཚུར་ཕུར་ཡང་ཕུར་སྒྲུབ་ཆེན་གྱི་རྩ་འཆམས་འབྲིང་པོ་བཅས་རྒྱུན་འཇག་གིས་མཚོན་དགོན་ཁག་མང་པོར་གཏེར་གསར་གྱི་ཆོས་བཀའ་ཆེ་ཕྲའི་སྒྲུབ་མཆོད་སོགས་ཇེ་དར་དུ་འགྲོ་བར་སྣང་། བོད་ཁམས་བདེ་ཐབས་ཆོས་བཅུའི་ནང་ཚན་རྟེན་འབྲེལ་གྱི་ཆོས་སྐོར་གཏན་ལ་ཕབས་ནས་དེའི་དོན་བཞིན་མཁན་སློབ་ཆོས་གསུམ་གྱི་དུས་སྟོན་མདོ་སྔགས་བསྟན་པ་གཉིས་ལྡན་གྱི་བཤད་སྒྲུབ་ལས་གསུམ་རྒྱས་པའི་ཆོ་ག་ངོ་མཚར་བའང་དཔལ་སྤུངས་ཀཿཐོག་རྫོགས་ཆེན་རྣམས་སུ་རིམ་པར་མཛད། གདན་ས་དངོས་ཀརྨ་རི། གནས་བརྟན་སྒང་། རྩི་ཀེ་འདུས་མདོ་རྣམས་སུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ཕྱི་མ་གཉིས་སུ་དགེ་འདུན་སྡེ་དང་མདོ་སྔགས་བཤད་སྒྲུབ་ཀྱི་རྒྱུན་ཡང་བཀོད། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་རེ་ཞིག་དོན་ཆེ་བ་གཞན་ལ་དགོངས་ནས་དགུང་གྲངས་ཞེ་གཉིས་བཞེས་པ་ལྕགས་ཕོ་རྟ་ལོར་སྐུ་བསྙུན་པའི་ཚུལ་བསྟན་པའི་སྐབས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་ཕེབས་པའི་དག་སྣང་ཤར། ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ས་གཡོ་བ་དང་འཇའ་འོད་སོགས་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས། རྒྱུད་འཛིན་གྱི་གཙོ་བོ་གནུབས་ནམ་སྙིང་གི་སྤྲུལ་པར་ལུང་ནས་ཟིན་པའི་ཐུགས་སྲས་འགྱུར་མེད་ཚེ་དབང་གྲགས་པ་སོགས་ཀྱིས་གཤེགས་རྗེས་དགོངས་རྫོགས་མཆོད་འབུལ་གྱི་རིམ་པ་རྒྱ་ཆེན་པོ་བསྒྲུབས། ཟངས་གསེར་གྱི་མཆོད་སྡོང་ཐོག་ཚད་ཆེན་པོར་ལོངས་པ་བཞེངས་པའི་ནང་དུ་སྐུ་གདུང་རིལ་པོར་བཞུགས་སུ་གསོལ་བ་དང་། རྩི་རྐེ་ནོར་བུ་གླིང་དུ་གདན་སའི་དབུ་འཛུག་ཙམ་ལས་མ་གྲུབ་པའང་མཐར་ཕྱིན་པ་གྲུབ་པར་མཛད་དོ། །གོང་དུ་སྨོས་པས་མཚོན། རྗེ་བླ་མ་རིན་པོ་ཆེ་གཙོར་གྱུར་པའི་སྐྱེས་ཆེན་དུ་མས་ཟབ་ཆོས་མྱང་གྲོལ་སོགས་ཀྱི་ཕྲིན་ལས་སྤེལ་བ་ནི་མཐའ་ཡས་ཤིང་། དམན་པ་བདག་ལྟ་བུ་ལའང་ཟབ་ཆོས་ཀྱི་བཀའ་དྲིན་བསྩལ་པ་ཕལ་མོ་ཆེར་བསྙེན་སྒྲུབ། སྒྲུབ་ཆེན། འཆད་སྤེལ། དབང་བསྒྲིག་གི་ཡིག་ཆ་སོགས་སྲིད་ཞུ་ཅི་ནུས་སྤེལ་ཅིང་། བོད་དུ་བགྲོད་སྐབས་ཀར་འབྲུག་ཡབ་སྲས་སོགས་ལ་གཏེར་གསར་གྱི་ཆོས་བཀའ་ཐོག་མར་ཕུལ། ཤེལ་བྲག་ཏུ་སྒྱུ་འཕྲུལ་ཞི་ཁྲོའི་སྨན་སྒྲུབ་གཙོར་བྱས་གུ་རུའི་སྒྲུབ་གནས་སོ་སོར་ཟབ་བདུན་གྱི་སྒྲུབ་འབྲེལ་དང་ཚོགས་མཆོད་སྟོང་རྩ་རེ་སོགས་བགྱིས་ཤིང་མངའ་རིས་དབུས་གཙང་ཀུན་ཏུའང་གཏེར་སྟོན་གྱི་མཚན་དང་གཏེར་ཆོས་ཀྱི་གྲགས་པ་ཐོག་མར་གསལ་བའི་་་་་་་་ཞབས་ཏོག་ཅུང་ཟད་གྲུབ་པ་ཡིན་ནོ། །གཏེར་ཆེན་འདི་ཉིད་ཞི་བར་གཤེགས་པའི་ལོ་དེའི་མགོ་ཟླ་བའི་ཚེས་བཅོ་ལྔར་གངས་ཅན་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་པའི་གཟིགས་སྣང་དུ། ནུབ་ཕྱོགས་ཀྱི་ཞིང་ཁམས་པདྨས་ཁེབས་པར་གཏེར་ཆེན་ཉིད་བྱང་ཆུབ་སེམས་དཔའ་པདྨའི་མྱུ་གུའི་སྐུར་བཞེངས་པ་དང་མཇལ་ནས་སྒྲུབ་ཐབས་དང་དབང་བསྐུར་ཞལ་གྱི་གདམས་པའི་བདུད་རྩི་ལྷུག་པར་གསན། ཟླ་བ་གཅིག་ཏུ་གསང་བའི་དམ་ཚིག་གིས་རྒྱས་བཏབ། རྒྱལ་ཟླའི་ཚེས་བཅུར་ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བར་གཏན་ལ་ཕབས་པའི་ཡི་གེ་པ་ཁོ་བོས་ཞུས་པའི་ཚེ། ས་གཞིའི་ཁྱོན་ལ་དྲོད་གློ་བུར་དུ་བབས་པས་འཁྱགས་པ་རྣམས་ཆུ་བོའི་རྒྱུན་དུ་གྱུར་པའི་དགེ་མཚན་ཡང་དབང་པོའི་མངོན་སུམ་དུ་གྱུར་པའི་བྱིན་རླབས་ཀྱི་མཚན་མའང་མཐོང་བར་མ་ཟད། གདམས་པ་འདིའི་སྐོར་རྗེས་འཇུག་རྣམས་ལ་ཆེད་དུ་དགོངས་ཏེ་འདས་རྗེས་ཞལ་གདམས་སྙིང་པོར་དྲིལ་ནས་བསྩལ་པར་འདུག་པས་གཏེར་ཆེན་དེ་ཉིད་ཀྱི་སློབ་བརྒྱུད་དུ་གཏོགས་པ་རྣམས་ཀྱིས་ཉམས་བཞེས་སྙིང་པོར་མཛད་ན་ཤིན་ཏུ་གནད་གལ་ཆེ་བ་ཡིན་འདུག་པའང་འཕྲོས་དོན་དུ་སྨོས་་་་་་་་་པའོ། ༈ །ལྷ་སྲས་མུ་ཁྲི་བཙད་པོའི་རྣམ་འཕྲུལ་རིག་འཛིན་ཆོས་རྒྱལ་རྡོ་རྗེ་ནི། མདོ་སྟོད་དགེ་རྒྱལ་གྱི་འབྲོག་སྡེར་སྐུ་འཁྲུངས། དཔལ་ལྡན་འབྲུག་པའི་བསྟན་སྒོར་ཞུགས། འབྲུག་ཆེན་རིན་པོ་ཆེ་སོགས་ཡོངས་འཛིན་འགའ་ཞིག་ལས་བཀའ་ཆོས་མང་དུ་གསན། ཁྱད་པར་རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་ལྷུན་གྲུབ་རབ་བརྟན་ལས་ཐབས་ལམ་ཐུན་མོང་མ་ཡིན་པའི་གདམས་ཟབ་ནོས་ཏེ་ཉམས་བཞེས་མཐར་ཕྱིན་པར་མཛད། གཉན་རྫོང་རྡོ་རྗེ་ཁྱུང་ཕུག་ཏུ་ལོ་གྲངས་མང་པོར་དཀའ་སྤྱད་ཀྱི་སྒོ་ནས་ཡོངས་དགེའི་པདྨ་བཛྲ་ལ་ཐུགས་དམ་རྩེ་གཅིག་ཏུ་དྲིལ་ནས་སྙིང་པོ་དུང་ཕྱུར་བདུན་ལྗགས་བཟླས་མཛད་པས་གྲུབ་པའི་རྟགས་དུ་མ་མངོན་དུ་གྱུར། ཁོང་མི་བཞུགས་པའི་སྐབས་སུའང་ཤུལ་གྱི་བྲག་ཕུག་ཏུ་སྙིང་པོའི་སྒྲ་དི་རི་རི་གྲགས་པ་ཕྱིས་ཀྱི་བར་ཀུན་གྱིས་ཐོས་པར་སྣང་། ཟབ་གཏེར་ལ་དབང་བའི་ལུང་བསྟན་མང་དུ་བྱུང་ཞིང་སྐབས་ཤིག་དག་པའི་སྣང་བར་བདེ་ཆེན་རྒྱལ་མོས་བྲག་དེ་ཀ་ནས། གཏེར་སྒྲོམ་གྱི་བུམ་པར་ཤོག་སེར་བཅས་ཕྱུང་ནས་གསལ་བར་བསྟན་ཅིང་བརྡའ་དཀྲོལ་གནང་བ་ལྟར་ཐུགས་ལ་ངེས་པའི་ཐོག་བུམ་པ་སླར་སྦས། ཕྱིས་དུས་ལ་བབས་པའི་བསྐུལ་བྱང་བྱུང་བའི་ཚེ་གཏན་ལ་ཕབས་པ་གུ་རུ་དྲག་མཐིང་ལྷ་ལྔའི་ཆོས་སྐོར་ཟབ་ཁྱད་ཅན་བཞུགས་ཤིང་། འདིའི་རྩ་བ་ཙམ་བསམ་ཡས་མཆོད་རྟེན་ནག་པོ་ནས་དངོས་གཏེར་བཞེས་པ་ཡིན་འདུག །གཞན་ཡང་ཛམ་དཀར་ལྷ་ལྔའི་གཡང་སྒྲུབ་སྐོར་དགོངས་གཏེར་ལས་ཕྱུངས་ཤིང་ལང་གྲོ་ལོ་ཙཱ་བའི་རིང་བསྲེལ་དང་དམ་རྫས་ཨ་རྒྱ་མ་སོགས་གཏེར་དྲངས་ནས་འགྲོ་དོན་རྒྱ་ཆེར་མཛད་པ་ལས། གཏེར་ཆེན་མཆོག་གྱུར་གླིང་པ་དང་། མཁན་ཆེན་ཟླ་བཟང་རིན་པོ་ཆེ་སོགས་ཀྱིས་ཀྱང་བླ་མར་བཀུར་ཞིང་། གཙོ་བོ་གྲུབ་པའི་དབང་ཕྱུག་ཚོགས་གཉིས་ལ་གཏེར་ཆོས་སོགས་ཀྱི་བཀའ་བབས་ཤིང་ཉམས་བཞེས་མཛད། ཁོ་བོས་ཀྱང་ཆོས་བཀའ་རྣམས་གཏེར་སྟོན་ཉིད་ལས་ནོས་ཤིང་རྒྱུད་འཛིན་གོང་འཕེལ་དུ་བཞུགས་སོ། ༈ །ད་ནི་དེ་དག་ཐམས་ཅད་ལས་ཀྱང་རྩོད་ལྡན་ཐ་མའི་དུས་འདིར་ངོ་མཚར་བའི་རྣམ་ཐར་དུ་མས་ཁྱད་པར་འཕགས་པ། མཁས་གྲུབ་གཏེར་སྟོན་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྣམ་ཐར་ཞལ་གསུངས་ཉིད་རྩ་བར་བཟུང་སྟེ་མདོ་ཙམ་བཀོད་ན། རྗེ་འདི་ཉིད་ངོ་བོ་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། པཎ་ཆེན་བི་མ་མི་ཏྲ་དབྱེར་མེད་པའི་ཐུགས་རྗེའི་རང་གཟུགས་སུ་ཤར་བ་ཡིན་ཅིང་། གདུལ་བྱ་སོ་སོའི་བློ་ངོར་འཕགས་པའི་ཡུལ་དུ་གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ། པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས། པཎ་ཆེན་ནགས་ཀྱི་རིན་ཆེན་ལ་སོགས་པ་དང་། བོད་ཡུལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གུ་རུ་ཆོས་དབང་། རས་ཆུང་རྡོར་གྲགས། ས་སྐྱ་རྗེ་བཙུན་གྲགས་རྒྱལ། གྲུབ་ཆེན་ཐང་རྒྱལ། ལྷ་བཙུན་ནམ་མཁའ་འཇིགས་མེད་སོགས་གསར་རྙིང་གི་སྐྱེས་ཆེན་དམ་པ་དུ་མའི་རྣམ་པར་འཕྲུལ་པར་བསྟན་པ་རྗེ་ཉིད་ནས་ཀྱང་རྗེས་སུ་དྲན་པ་དང་། ཁྱད་པར་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་འབྱིན་རྐྱང་པའི་སྐྱེ་བ་བཅུ་གསུམ་དུ་འབྱོན་པར་གསུངས་པའི་ཐོག་མར་སངས་རྒྱས་བླ་མ་ནས་བཅུ་གཉིས་པ་ཆོས་རྗེ་གླིང་པའི་བར་བྱོན་ཟིན་ནས་བཅུ་གསུམ་པ་རྗེ་འདི་ཉིད་ཡིན་པར་རྡོ་རྗེའི་ལུང་ལས་གསལ་བར་མཚོན་པ་དང་། གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར༔ ཞེས་གསུངས་པའི་ལྔ་པ་མདོ་སྔགས་གླིང་པ་ནི་མཆོག་ལྡན་མགོན་པོ་ཡིན་པར་གྲགས་ཀྱང་རྟེན་འབྲེལ་འཆོལ་བས་གཏེར་ཁ་གང་ཡང་ཕྱག་ཏུ་མ་འབྱོར་ཅིང་གློ་བུར་དུ་མཛད་པ་བརྟུལ་པས་ཡིན་པར་ངེས་པའི་རྒྱལ་པོ་ལྔ་པ་ནི་རྗེ་འདི་ཉིད་ཁོ་ནར་ཚད་མས་གྲུབ་ལ་ཕྱིས་དུས་བྱོན་པའི་གཏེར་སྟོན་ཚད་མ་ཐམས་ཅད་འདི་ཉིད་ཀྱི་བྲན་དུ་གྲུབ་པའང་མངོན་སུམ་གྱིས་གསལ་ལོ། །དེ་ལ་ད་ལྟའི་སྤྲུལ་པའི་སྒྱུ་འཕྲུལ་བསྟན་པའི་ཡུལ་ནི། མངའ་བདག་ཉང་རིན་པོ་ཆེའི་གཏེར་ལུང་ལས། རྩེ་སྒང་ཞེས་པའི་རི་བོའི་མདུན༔ ཕ་ཝཾ་ཀླུ་དབང་འཁྱིལ་པའི་སྟེང༔ མངའ་བདག་འཇམ་པའི་དབྱངས་ཞེས་འབྱུང༔ བཅུ་གསུམ་ཟབ་མོའི་གཏེར་ལ་སྤྱོད༔ ཅེས་དང་། རིན་ཆེན་གླིང་པ། རྡོར་གླིང་། མངའ་རིས་པཎ་ཆེན། བདུད་འདུལ་རྡོ་རྗེ་སོགས་གཏེར་ཁ་མང་པོ་ལས་ལུང་གིས་གསལ་བར་བསྟན་པ་ལྟར། མདོ་ཁམས་སྡེ་དགེའི་མངའ་རིས་གཏེར་ཀླུང་གི་བྱེ་བྲག་རྒྱབ་རི་རྩེ་སྒང་ཞེས་པའི་མདུན། བྲག་རི་སྦྲུལ་འཁྱིལ་པའི་གཟུགས་སུ་ཡོད་པའི་སྟེང་། དིལ་མགོ་ཞེས་པའི་གྲོང་དུ་ཡབ་གཉོས་ཀྱི་རིགས་ཆོས་རྒྱལ་སྡེ་དགེའི་དྲུང་ཆེན་ལུགས་གཉིས་ཀྱི་བློ་གྲོས་དཔེ་ཟླར་འོས་པ་རིན་ཆེན་དབང་རྒྱལ་དང་། ཡུམ་དགེ་རབ་གཉེར་ཆེན་སོག་མོ་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་ཡིད་ལྕགས་ཕོ་འབྲུག་གི་ལོ། ཐུབ་པའི་དབང་པོས་ཆོས་འཁོར་ཐོག་མར་བསྐོར་བའི་དུས་ཆེན་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་དང་པོ་ལ། དབྱར་རུ་ཁྱུང་ཆེན་བྲག་གི་ཉེ་འདབས་སུ་ཡོད་པའི་སྐབས། རས་དཀར་གྱི་ལྡིང་གུར་ཕུབ་པའི་ནང་དུ་དབུ་སྐྲ་ནག་པོ་སིལ་བུར་ཡོད་པའི་རྣམ་པས་སྐུ་བལྟམས་ཤིང་ངོ་མཚར་བའི་ལྟས་མཚན་དུ་མའང་བྱུང་། འདི་ནི་གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་ལུང་ལས། མོན་བུ་སྤྱི་རིང་སྐྲ་ཡི་ལྭ་བ་ཅན༔ རི་བོ་ཁྱུང་ཆེན་ལྡིང་བའི་ཞོལ་དུ་འབྱུང༔ ཞེས་འབྱུང་བ་དང་ཡང་ཤིན་ཏུ་འབྱོར་བ་ཡིན་ནོ། །ཐུགས་ཀྱིས་དྲན་ཙམ་གྱི་དུས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དང་སྔགས་སྲུང་ཨེ་ཀ་ཛཱ་ཊིས་ཡང་ཡང་བརྩེ་ཞིང་སྐྱོང་བ་དང་། སྔོན་རབས་ཀྱི་སྐྱེ་བ་མང་པོ་འལ་འོལ་རྗེས་སུ་དྲན། སྐུ་ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་། ཁྱད་པར་རབ་ཏུ་བྱུང་བའི་ཕྱོགས་ཁོ་ན་ཐུགས་ལ་འདུན། མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན་ཅིང་གླེགས་བམ་ཕལ་ཆེར་ཚར་རེ་གཟིགས་པས་ཚིག་དོན་ཐུགས་ལ་ཆུབ། དགུང་ལོ་ཉེར་གཅིག་པ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས། འཇམ་མགོན་ས་སྐྱ་པ་རྡོ་རྗེ་རིན་ཆེན་དང་། སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་སོགས་ལས་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་ཐུགས་བསྐྱེད་བཞེས། ཐར་རྩེ་མཁན་རིན་པོ་ཆེ་མཆེད་ལས་བདེ་དགྱེས། སྨིན་གླིང་ཁྲི་ཆེན་ལས་ཡང་དག་སོ་ལུགས། རིག་འཛིན་ཐུགས་ཐིག །ཞེ་ཆེན་པ་ཀུན་གཟིགས་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་སྒྱུ་འཕྲུལ་གསང་བ་སྙིང་པོའི་དབང་བསྐུར་གསན་པས་སྔགས་ཀྱི་སྡོམ་པའི་རྩ་བ་བཙུགས། སྐྱེ་སྤྲུལ་གྱི་གོ་ས་དང་རིགས་རུས་སྟོབས་འབྱོར་གྱི་དྲེགས་པ་རྩད་ནས་བསྙིལ་ཏེ་དཀའ་ཆེན་དང་དུ་བཞེས། འབད་པ་དང་བརྩོན་འགྲུས་ཆེན་པོས་དབུས་གཙང་ཁམས་གསུམ་གྱི་བླ་མ་རྡོ་རྗེ་འཛིན་པ། དགེ་བའི་བཤེས་གཉེན། རིག་པའི་གནས་ལ་མཁས་པ་སོགས་ཡོངས་འཛིན་བརྒྱ་དང་ལྔ་བཅུ་ཙམ་བསྟེན་ཏེ་བཟོ་གསོ་སྒྲ་ཚད་ཡན་ལག་རིག་པའི་གནས་བཅུར་གྲགས་པ་རྣམས་དང་། འདུལ་མཛོད་དབུ་ཕར་གྱིས་མཚོན་མཚན་ཉིད་ཕྱོགས་ཀྱི་གཞུང་བཤད་གསན་སྦྱང་མཐར་ཕྱིན་པར་མཛད། རྙིང་མ་བཀའ་གཏེར། བཀའ་གདམས་གསར་རྙིང་། ས་ངོར་ཚར་གསུམ། བཀའ་བརྒྱུད་ཀཾ་ཚང། འབྲི་སྟག་འབྲུག་པ། ཇོ་ཞལ་བོ་དོང་སོགས་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་ཐམས་ཅད་ཀྱི་སྨིན་གྲོལ་ཡོངས་རྫོགས། སྒྱུ་འཕྲུལ་གསང་བ་སྙིང་པོ། དུས་ཀྱི་འཁོར་ལོ། བདེ་དགྱེས་གསང་གསུམ་སོགས་རྒྱུད་དང་བསྟན་བཅོས་ཀྱི་བཤད་སྲོལ་གང་ཡོད་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། རྙིང་མ་རྒྱུད་འབུམ། བསྟན་འགྱུར་ལས་རྒྱུན་གང་བཞུགས་ཀྱི་གཙོས་བོད་ཡུལ་གྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་ཡོངས་བསྡོམས་གླེགས་བམ་བདུན་བརྒྱ་ཙམ་གྱི་བཀླགས་ལུང་གསན་པ་སོགས་མདོར་ན་མི་ལོ་བཅུ་གསུམ་ཙམ་དུ་ཐོས་པ་ཁོ་ན་བཙལ། བཤད་རྒྱུད་འདེགས་པའི་ཀ་ཆེན་བཅུར་གྲགས་པ་རྣམས་ཀྱི་རིང་ལུགས་ཕལ་མོ་ཆེ་གསན། རྗེ་འདིས་ནི་གླེགས་བམ་གཟིགས་པ་ཙམ་གྱིས་དོན་མཐིལ་ཕྱིན་པ་མཁྱེན་ཅིང་ནམ་ཡང་མི་བསྙེལ་བའི་གཟུངས་མངའ་ཡང་ཆོས་ལ་གལ་ཆུང་མི་མཛད་པའི་རྣམ་ཐར་སྟོན་སླད་གསན་པ་ཙམ་དུ་མ་བཞག་པར་སྦྱང་གོམས་མཐར་ཕྱིན་པས་གྲུབ་མཐའ་སོ་སོའི་ལྟ་སྤྱོད་དང་ཁས་ལེན་གྱི་གནད། སོ་སོའི་སྲོལ་དང་དེའི་རིང་ལུགས་འཆུགས་མེད་ཡིན་མིན་སོགས་ཞིབ་ལ་མ་འདྲེས་པར་མཁྱེན་པའི་ཆོས་སྤྱན་རྡུལ་མེད་པར་མངའ་བ་འདི་ཙམ་ཡང་ད་ལྟའི་གང་ཟག་མཆོག་དམན་སུས་ཀྱང་བསྒྲུན་དུ་མི་སྣང་ངོ་། །མདོ་རྒྱུད་བསྟན་བཅོས་གང་གསན་པ་རྣམས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཕལ་མོ་ཆེ་ཞིག་ནི་ལན་གྲངས་མང་དུ་འཆད་པ་དང་། གང་ཡང་ཚར་རེ་མ་འཆད་པ་མི་མངའ་བ་ཟང་ཟིང་མེད་པའི་ཆོས་སྦྱིན་ཁོ་ནས་དམ་པའི་སྐྱེས་བུ་མཆོག་རྣམས་ནས་མུ་ཏོ་ཕལ་པ་ཡན་ཆད་དོན་གཉེར་སོ་སོའི་རེ་བ་ཚུལ་བཞིན་སྐོང་བར་མཛད། སྐུ་ཆུང་ངུའི་དུས་ནས་གདུལ་བྱ་འགྲོ་དོན་དུ་མིང་བཏགས་པའི་གྲོང་ཆོག་ལྡོམ་བུ་སོགས་ལོག་འཚོའི་དཀོར་སྡུད་གཏན་ནས་མ་མཛད་ཀྱང་འབར་བ་གསུམ་དང་འདུ་བ་གསུམ་གྱི་ཡོན་ཏན་ཕྱིར་ཤར་བས་ཟང་ཟིང་གི་དངོས་པོ་འབད་མེད་བྱུང་བ་ཐམས་ཅད་གནས་མིན་དུ་ཆུད་ཟོས་ཕྲ་་་མོ་ཙམ་ཡང་མ་བཏང་པར། སྐུ་རྟེན་གསེར་ཟངས་ཁོ་ན་ལས་གྲུབ་པ་སྟོང་ཕྲག་གཉིས་ཙམ་དང་། གསུང་རྟེན་གླེགས་བམ་པུསྟི་བཞི་བཅུ་ལ་ཉེ་བའི་སྤར། བྲིས་མ་དང་སྤར་མ་བསྡམས་པའི་པུསྟི་ཀ་སྟོང་ཕྲག་གཉིས་ཙམ། ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་ཆེན་མོའི་གཙོས་བརྒྱ་ཕྲག་ལྷག་ཙམ་གསེར་ཟངས་ལས་གྲུབ་པ། དེ་དག་བཞུགས་གནས་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཀོད་ལེགས་པར་བཞེངས་ཤིང་དུས་དང་རྒྱུན་གྱི་མཆོད་པ་བཙུགས། གནས་གཞི་གསར་བཞེངས་རིགས་དུས་དབང་གིས་ཚུལ་ལྡན་འབྱུང་དཀའ་བས་སྤྲོས་པ་མ་མཛད་ཀྱང་ཕྱིས་ཚོད་དུས་ཟིང་དབང་གིས་སྟོད་སྨད་འཁྲུགས་ལོང་སྐབས་དགོན་གནས་ཕལ་མོ་ཆེ་ཉམས་གུད་ཆེར་གྱུར་པ་རྣམས་ལ་རྗེ་ཉིད་ནས་ཀྱང་དགོན་པ་ཆེ་ཆུང་དང་བསྟུན་པའི་གནང་སྦྱིན་དངོས་ཇ་སྟོང་ཕྲག་གསུམ་ལྷག་པ་དང་། རྒྱ་བོད་ཀྱི་མི་དཔོན། ཆོས་རྒྱལ་སྡེ་དགེ་དཔོན་བློན་རྣམས་ལ་མཐུན་སྦྱོར་མཛད་གལ་གནད་བཀྲོལ་གནང་བའི་སྒོ་ནས་སྔར་གནས་སོར་ཆུད་ཀྱི་ཉམས་གསོས་གསར་བཞེངས་དང་། མཆོད་ཐེབས་ཀྱི་ཞལ་འདེབས། ལུགས་གནས་ཚུལ་མཐུན་གྱི་ཞལ་བསྒོས་རྣམས་ཀྱི་སྒོ་ནས་དར་རྒྱས་འཕེལ་བའི་བཀའ་དྲིན་རླབས་པོ་ཆེ་བསྩལ། ཕན་ཚུན་གྱི་ཆོས་སྡེ་ཆེ་ཆུང་རྣམས་ལ་ལོ་རེ་བཞིན་དུ་གཟུངས་སྔགས་བསྔོ་བའི་རྟེན་ཡོན་སྦྱར་གནང་བ་སྔ་རྗེས་དངོས་ཇ་བཞི་སྟོང་གི་རྩ་བ་ཕུལ། སྤྱིར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བརྟན་པ་ཐོབ་པ་དང་། སྒོས་གྲུབ་མཐའ་གང་ལའང་དག་སྣང་དང་མོས་གུས་ཀྱི་རྩལ་རྒྱས་པ་མ་གཏོགས་ཕྱོགས་རིས་དང་ལོག་རྟོག་གཏན་ནས་མི་མངའ་བའི་དོན་གྱིས་ས་སྐྱ་བཀའ་བརྒྱུད་རྙིང་མ་དགེ་ལུགས་ཀྱི་བསྟན་འཛིན་སྐྱེས་མཆོག་ཡོངས་སུ་གྲགས་པ་རྣམས་དང་། དགེ་བའི་བཤེས་གཉེན། རི་ཁྲོད་སྒྲུབ་པ་པོ། ཆོས་པ་ཉམས་ཆུང་། གཡུང་དྲུང་བོན་ལུགས་འཛིན་པ་ཚུན་ཆད་ཀྱི་རིས་སུ་མ་ཆད་པའི་སློབ་མ་གྲངས་ལས་འདས་ཤིང་། རྒྱ་བོད་ཀྱི་དཔོན་ཆེན་མང་པོའི་གཙོས་ཉིན་རེ་བཞིན་ཡང་རྒྱུན་མི་ཆད་པའི་འདུས་པ་ཚད་བཟུང་མེད་པ་ལ་མོས་པ་དང་འཚམས་པའི་ཆོས་སྦྱིན། རྐྱེན་སེལ་དབང་བཀའ་བྱིན་རླབས་ཀྱི་འབྲེལ་བ་སོགས་ནི་མ་ཐོབ་པ་མེད་པ་ལྟ་བུར་སྣང། ཆོས་བརྒྱད་ཀྱི་འཆིང་བ་ལས་གྲོལ་བས་མཆོག་དམན་གང་ལའང་ངོ་སྲུང་དང་རེ་དོགས་ཀྱིས་མཚོན། མི་ཆོས་ཀྱི་སྤྲོས་པ་གཏིང་ནས་ཆོད་པས་ཚེ་བློས་ཐོང་བའི་བྱ་བཏང་རྣམས་ཀྱི་རྒྱལ་པོའི་རྣམ་ཐར་བཟུང་། སྔ་ཕྱི་མི་ལོ་བཅུ་གསུམ་ཙམ་དུ་རྒྱུད་སྡེ་གསར་རྙིང་གི་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་དང་། རྗེ་བཙུན་གྲོལ་མཆོག་གི་གསུང་རབ་ཁྲིད་བརྒྱ་གཙོ་བོར་གྱུར་པའི་ཟབ་ཁྲིད་རྣམས་རེ་རེ་བཞིན་ཉམས་བཞེས་མཛད་པས་དམ་ཚིག་ཞལ་བཞེས་རྗེས་སུ་བསྒྲུབ་པ་འདི་ཁོ་ནའི་རྣམ་ཐར་ཡང་སུས་ཀྱང་འགྲན་ཟླ་བྲལ་བ་སྟེ་སྤང་ཀློག་བྱ་བ་ལས་ཀྱི་འཁོར་ལོ་གསུམ་ལས་བཙམས་པའི་ཕྱིའི་རྣམ་ཐར་མདོར་བསྡུས་པའོ། །གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ་མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལས་བྱུང་བ་སྔ་འགྱུར་རྙིང་མ་བ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་ལྷ་ཆོས་བདུན་ལྡན་བཀའ་གདམས་པ། གྲུབ་ཆེན་བི་རུ་པའི་ཐུགས་བཅུད་དཔལ་ས་སྐྱ་པ་ཡབ་སྲས་ལས་བྱོན་པ་གདམས་ངག་ལམ་འབྲས་བུ་དང་བཅས་པ། བཀའ་བཞི་བརྒྱུད་པའི་གདམས་ངག་མར་མི་དྭགས་གསུམ་ལས་བརྒྱུད་པ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། མཁས་གྲུབ་ཁྱུང་པོའི་གསེར་ཆོས་དཔལ་ལྡན་ཤངས་པ་བཀའ་བརྒྱུད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་རྩལ་དུ་བཏོན་པ་སྦྱོར་བ་ཡན་ལག་དྲུག་པ། གྲུབ་ཆེན་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཡན་ལག་གཅོད་ཡུལ་དང་བཅས་པ། གྲུབ་ཆེན་ཨོ་རྒྱན་པ་ལ་རྡོ་རྗེ་བཙུན་མོས་དངོས་སུ་བསྩལ་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་རྣམས་བརྒྱུད་པའི་ཟམ་པ་མ་ཆད་ཅིང་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་རྣམས་ལ་སོ་སོ་ནས་དད་ཅིང་མོས་པ་ཚད་མེད་པས་སྐུ་ངལ་ཁྱད་དུ་བསད་དེ་འབད་བརྩོན་དྲག་པོས་སོ་སོའི་ཁུངས་དང་འབྲེལ་བའི་ཡོངས་འཛིན་རྣམས་ལས་སྨིན་གྲོལ་གྱི་རིམ་པ་ཚང་ལ་མ་ནོར་བ་་་་་རྫོགས་པར་གསན་ཅིང་། དེ་དག་བསམ་པས་སྒྲོ་འདོགས་གཅོད་པ་དང་། སྒོམ་པས་ཐུགས་ཉམས་བཞེས་པའི་སྐབས་རྣམས་སུ་དངོས་ཉམས་རྨི་ལམ་ཅི་རིགས་པར། འཕགས་བོད་མཁས་གྲུབ། ཡི་དམ་རྒྱལ་བ་ཞི་ཁྲོ། གནས་གསུམ་གྱི་མཁའ་འགྲོའི་ཚོགས་རྣམས་ཀྱིས་གསང་བ་གསུམ་གྱིས་བྱིན་གྱིས་བརླབས་པ་དང་ཉེ་བརྒྱུད་ཀྱི་གདམས་པ་བསྩལ་བ་སོགས་སྐད་ཅིག་རེ་རེ་ལའང་དག་པའི་གཟིགས་སྣང་མཐའ་ཡས་ཀྱང་ཕྱོགས་མཚོན་ཙམ་ལས། ཞལ་གཟིགས་མངོན་ཤེས་སོགས་མི་ཆོས་བླ་མ་ནམ་ཡང་སྒྲོག་པར་མི་མཛད་པས་དེ་ཙམ་གྱིས་རྟོགས་པར་འགྱུར་བ་དང་། གཙོ་བོར་ཤིང་རྟ་བརྒྱད་ཀྱི་རིམ་པ་གཉིས་ཀྱི་ཚུལ་ཐུགས་སུ་ཆུད་པས་འཆད་རྩོད་རྩོམ་གསུམ་ལ་ཆགས་ཐོགས་མ་མཆིས་ཤིང་འཁྲུལ་པའི་དྲི་མ་དང་བྲལ་བས་སྐལ་ལྡན་རྣམས་རྗེས་སུ་འཛིན་པར་མཛད་པ་ནི་ནང་གི་རྣམ་ཐར་ས་བོན་ཙམ་སྨོས་པའོ། ཁྱད་པར་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་ལུང་ལས། བདག་དང་གཉིས་མིན་རྣལ་འབྱོར་པ༔ མཚན་ཉིད་ལྔ་དང་ལྡན་པ་ཞིག༔ འདི་ནས་བདུན་བརྒྱའི་ལོ་ཁོངས་སུ༔ མདོ་ཁམས་བར་ན་འབྲུག་གི་ལོ༔ གཉོས་ཀྱི་རིག་འཛིན་སྒ་ཡི་བུ༔ ལྕགས་ཁམས་དཔའ་བོའི་མཚན་རྟགས་ཅན༔ པདྨ་རྒྱལ་པོས་བྱིན་བརླབས་པས༔ བཀའ་བབས་བདུན་ལྡན་མདོ་སྔགས་གླིང༔ བི་མ་མི་ཏྲས་བྱིན་བརླབས་པས༔ འོད་གསལ་སྤྲུལ་པའི་རྡོ་རྗེ་སྟེ༔ འཇམ་དཔལ་སྤྲུལ་པ་མངའ་བདག་གིས༔ བྱིན་བརླབས་ཆོས་ཀྱི་བཤེས་གཉེན་ཞེས༔ སྒྱུ་མ་ལྟ་བུའི་སྐྱེས་བུ་འབྱུང༔ ཞེས་དང་། རྫོགས་ཆེན་སྡེ་གསུམ་ལུང་བྱང་གོང་དུ་དྲངས་པ་སོགས་བཀའ་བབས་བདུན་ལ་མངའ་དབང་བསྒྱུར་ནས་བསྟན་འགྲོའི་དོན་ཆེན་མཛད་པར་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ལྟར་མངོན་དུ་གྱུར་པ་སྟེ། དགུང་ལོ་བརྒྱད་བཞེས་པའི་དུས་སྐུ་ཁམས་ཤིན་ཏུ་བསྙེལ་ཞིང་ཟུག་རྔུའི་ཚོར་བས་གདུང་བའི་སྐབས་གུ་རུ་རིན་པོ་ཆེ་དང་མཚོ་རྒྱལ་ཡབ་ཡུམ་གཉིས་ཀྱིས་ཞལ་བསྟན་ནས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་བྱིན་གྱིས་བརླབས། རྗེས་སུ་གདམས་པའང་བསྩལ་པས་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར། དགུང་ལོ་བཅོ་ལྔ་པར་དག་པའི་སྣང་བར་རྒྱ་གར་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་པ་དགུ་པའི་དྲུང་དུ་ཕེབ། རྩག་འོག་མ་ནས་རིམ་པར་སྟེང་དུ་ཕེབས་པ་ན། བརྒྱད་པའི་ནང་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་པཎྜི་ཏའི་ཚུལ་ཅན་སྐུའི་གཡས་གཡོན་གླེགས་བམ་མང་པོ་བརྩིགས་པ་ཞིག་མཇལ་བ་ལ་གུས་པ་ཆེན་པོས་བཏུད་ཅིང་གསོལ་གདབ་མཛད་པས། གཡོན་ཕྱོགས་ནས་གླེགས་བམ་ཞིག་བླངས་ཏེ་བསྟན་པ་ཤེར་ཕྱིན་སྡུད་པའི་རྒྱ་དཔེར་འདུག །དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པ་ཡིན་ནོ་གསུངས། གཡས་ཕྱོགས་ནས་གླེགས་བམ་ཞིག་བླངས་ནས་བསྟན་པ་རྫོགས་པ་ཆེན་པོ་རྡོར་སེམས་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བར་སྣང། དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཚིག་དོན་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་གསུངས། ལུང་བསྟན་འགའ་ཞིག་ཀྱང་མཛད་པའི་མཐར་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་དར་གཅིག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྱམས། དེ་ལས་སད་ནས་ཕྱིར་ཕེབས་པའི་ཚེ་སྒོ་དྲུང་དུ་མེ་ཆེན་པོ་འབར་ཞིང་འདུག་པའི་ནང་དུ་དབང་མེད་དུ་ཞུགས་པས་རགས་པའི་ལུས་ཕུང་དངོས་མེད་བསྲེགས་ནས་བི་མ་མི་ཏྲ་ཡིན་སྙམ་པའི་འོད་ཀྱི་སྐུར་ལམ་མེར་གྱུར་པ་བྱུང་། གཞན་ཡང་འདི་སྐབས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་མནལ་ལམ་དུ་ཞལ་བསྟན་ཞིང་བྱིན་གྱིས་བརླབས། གདམས་པ་དང་རྗེས་སུ་གདམས་པ་བསྩལ་པས་བླ་སྒྲུབ་ཙམ་ཡི་གེར་བཀོད། ཕྱིས་བཀའ་རྒྱ་གྲོལ་ཏེ་རིམ་པར་གཏན་ལ་ཕབ་པ་རྫོགས་རིམ་དྲུག་གི་རྩ་ཚིག །སྒྲུབ་སྐོར་ལྔ། ཁྲག་འཐུང་བདེ་གཤེགས་འདུས་པ་སོགས་གྲུབ་ཐོབ་ཐུགས་ཏིག་གི་སྐོར་རྣམས་བྱོན། འཆི་མེད་མགོན་པོ་ཡབ་ཡུམ་གྱིས་ཞལ་བསྟན་ཞིང་བྱིན་གྱིས་བརླབས་པས་དེ་དག་གི་སྒྲུབ་ཐབས་ཁྱད་པར་ཅན་བྱུང་བ་ལས་ཚེ་ཡུམ་ཙཎྜ་ལཱི་རྩ་བ་གཏན་ལ་ཕབ་པ་སོགས་རྩ་གསུམ་རབ་འབྱམས་ཀྱི་གཟིགས་སྣང་མཐའ་ཡས་པ་བྱུང་ཡང་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་གཞན་གྱིས་ཟུར་ཙམ་ཡང་རྟོགས་པར་མ་གྱུར། ཁྱད་པར་ལུང་བསྟན་སྔ་ཕྱི་མང་དུ་བཞུགས་པར་སྣང་ནའང་བཀའ་ལས། གཏེར་སྟོན་ལུང་བསྟན་གྱིས་ཕུང་། ཞེས་བྱ་བ་ཡིན་པས་ལུང་བསྟན་ཟེར་བ་དེ་བྲིས་ཕྱིན་སྤང་བླང་ལག་ཏུ་ལོན་དགོས་པ་ལ་དེ་ནི་སུས་ཀྱང་མི་ལོན། དེ་མ་ལོན་པས་ཐོག་ཏུ་མི་ཁེལ། སྨྲ་བ་མང་པོ་ངག་ལ་བདུད་ཞུགས་པ་ཡིན་གསུངས་ནས་ལུང་བསྟན་མི་གནང་ཞིང་གཞན་ལའང་དགྱེས་པ་མི་མཛད་པ་འདི་ལའང་གནད་དོན་ཆེན་པོ་སྣང་། དགུང་གྲངས་བཅུ་དྲུག་པར་ས་ག་ཟླ་བའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་ཆ་ལ་རྔ་ཡབ་པདྨ་འོད་དུ་ཕེབ། དེའང་བྲག་རི་ལྷུན་ཆགས་པའི་ནང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད་ན་གུ་རུ་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་བཀོད་པ་ཅན་མཇལ། དགོངས་པས་བྱིན་གྱིས་བརླབས་ཤིང་བརྡའི་དབང་བསྐུར་བ་དང་བཀའ་བབས་བདུན་འབྱུང་བའི་དབུགས་དབྱུང་རྒྱས་པར་བསྩལ་པའི་མཐར་སྤྱན་ལྟ་སྟངས་དང་བཅས་ཏེ། གཟུང་བའི་ཡུལ་གྱིས་མ་གོས་ཤིང་། །འཛིན་པའི་རྟོག་པས་མ་བསླད་པ། །རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་གྱི་དགོངས་བ་འོ། །ཞེས་གསུངས་ཏེ་འཁོར་དང་བཅས་པ་རྗེ་ཉིད་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་འདྲེས་པའི་ཉམས་ཤར་ཏེ་དེ་ཕྱིན་ཆད་ཀ་དག་གི་གནས་ལུགས་ལ་རང་བཞིན་གྱིས་བརྟན་པ་ཐོབ་པར་གྱུར། དེ་ལ་ཐུགས་སྤྲོ་བ་བརྟས་ཏེ་གུ་རུ་རིན་པོ་ཆེར་རྩེ་གཅིག་ཏུ་གསོལ་བཏབ་མཛད་པའི་རྐྱེན་ལས་མདོ་རྒྱུད་གསར་རྙིང་བཀའ་གཏེར་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཡོངས་གྲགས་རྣམས་དང་རྒྱུན་ཤིན་ཏུ་དཀོན་པ་རྣམས་ཀྱང་འབད་མེད་དུ་རྙེད་ནས་ཉམས་བཞེས་དང་འཆད་སྤེལ་གྱིས་བསྟན་པའི་མེ་རོ་བསླངས་པ་བཀའི་བཀའ་བབས་དང་པོའོ། །གཉིས་པ་ས་གཏེར་ནི། དགུང་ལོ་ཉི་ཤུ་པར་བྲག་དམར་མགྲིན་བཟང་དུ་ཕེབས་སྐབས་ཡེ་ཤེས་མཁའ་འགྲོས་གཏེར་སྒྲོམ་དངོས་སུ་ཕུལ་བ་ལས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ཆོས་སྐོར་དང་། བྲམ་ཟེ་ཉེར་གཅིག་གི་གདུང་བྱོན་པ་དང་། འདམ་ཤོད་སྙིང་དྲུང་ནས་བླ་མ་སྐུ་བཞིའི་སྒྲུབ་ཐབས་ཀྱི་སྐོར་དང་གུ་རུ་རིན་པོ་ཆེའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་རྣམས་གཉན་ཆེན་ཐང་ལྷས་སྤྱན་དྲངས་ཏེ་ཕུལ་བ་དང་། སི་ངུ་གཡུ་མཚོ་ནས་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་སྐོར། གཏེར་ཀླུང་པདྨ་ཤེལ་རི་ནས་རྩ་གསུམ་སྤྱི་འདུས་ཀྱི་སྐོར་མཁའ་འགྲོའི་རྫུ་འཕྲུལ་གྱིས་དྲངས་ཏེ་ཕུལ་བ་སོགས་མང་དུ་བཞུགས་པ་རྣམས་ལས་སྔར་ཕན་རྩ་བ་ཙམ་རེ་ལས་གཏན་ལ་འབེབས་པར་མ་གནང་ཞིང་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྐོར་དང་། སྐུ་ཚབ་དངོས་གྲུབ་དཔལ་འབར་བཅས་རྩི་སྐེ་ནོར་བུ་སྤུན་གསུམ་དུ་བཞུགས་པ་མཆོག་གྱུར་གླིང་པ་ལ་བཀས་བསྐུལ་ཏེ་སྤྱན་དྲངས་ཤིང་རྫོགས་པར་གཏན་ལ་ཕབ། སྤྱིར་བླ་སྒྲུབ་སྐོར་བཞི་ཀ་དང་བཻ་རོའི་ཐུགས་ཏིག་རྫོགས་ཆེན་སྡེ་གསུམ་སོགས་ཀྱང་རྗེ་འདི་ཉིད་དང་མཆོག་གླིང་ལྷན་རྒྱས་ཀྱི་གཏེར་ཁ་ཐུན་མོང་བར་སྣང་ངོ་། །གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། དོན་གྲུབ་ས་ལུག་ལོར་གུ་རུ་རིན་པོ་ཆེ་ཉིད་གཏེར་ཆེན་སངས་རྒྱས་གླིང་པའི་སྐུར་སྣང་བས་གླེགས་བམ་བསྩལ་ཞིང་བྱིན་གྱིས་བརླབས་པའི་དག་སྣང་ཁྱད་པར་ཅན་གྱིས་གོ་ཕྱེས་ཏེ་གཏེར་སྟོན་རྣམས་ཀྱི་རྣམ་ཐར་དང་གཏེར་ཆོས་གང་བཞུགས་ཐུགས་ལ་གསལ་ཞིང་དེ་དག་བཀའ་བབས་པའི་་་་་་བཀའ་ལུང་ཐོབ་པ་ལྟར། ཕལ་ཆེར་སྔར་གྱི་གཏེར་སྟོན་སོ་སོས་ཡང་གཏེར་དུ་སྦས་པའི་ཤོག་སེར་རྣམས་ཡེ་ཤེས་མཁའ་འགྲོས་སྤྱན་དྲངས་ནས་ཕྱག་ཏུ་ཕུལ་བ་ལས་བརྡའ་བསྒྱུར་པ་དང་། འགའ་ཞིག་བརྡའ་ཡིག་སྤྱན་ལམ་དུ་ཤར་བ་དང་དགོངས་པའི་ཀློང་དུ་རྩོལ་མེད་རང་གསལ་བ་ཉིད་གཏན་ལ་ཕབ་ཅིང་། དེ་དག་གི་སྐབས་སུ་གུ་རུ་རིན་པོ་ཆེ་དངོས་དང་དེ་ཉིད་གཏེར་སྟོན་སོ་སོའི་སྐུའི་རྣམ་པར་བསྒྱུར་ནས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་བའི་ཚུལ་ངོ་མཚར་རྨད་དུ་བྱུང་ཞིང་གནས་དུས་ཤིན་ཏུ་སྙིགས་ཀྱང་ཟབ་ཆོས་འདི་ལྟ་བུ་མཇལ་ཞིང་སྤྱོད་དུ་ཡོད་པ་སྐལ་པ་ཆེས་བཟང་བར་ཤེས་ནས་ཁོ་བོས་ཀྱང་གཞན་གང་ལས་ཀྱང་གཏེར་རྙིང་རྒྱུན་་་་་ཆད་པ་སྣེ་རེ་ཙམ་བྱུང་ནའང་ཡ་མཚན་ཆེ་བས་དོན་གཉེར་ཆེན་པོས་ཡང་ནས་ཡང་དུ་གསོལ་བ་བཏབ་པས། སངས་རྒྱས་བླ་མའི་རྩ་གསུམ་དྲིལ་སྒྲུབ། རྒྱ་ལོ་ཙཱའི་བླ་མ་བསྟན་གཉིས་སྐོར་གསུམ། ཉི་མ་སེང་གེའི་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ། རོང་ཟོམ་ལོ་ཙཱའི་མཁའ་འགྲོ་མ་རིག་བྱེད་རྩལ། ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། ཇོ་མོ་སྨན་མོའི་མཁའ་འགྲོ་གསང་བ་ཀུན་འདུས། ར་མོ་ཤེལ་སྨན་གྱི་རྡོ་རྗེ་བདུད་རྩི། དྲི་མེད་ཀུན་དགའི་བླ་སྒྲུབ་དང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། རྒྱ་སྟོན་པདྨ་དབང་ཕྱུག་གི་བླ་མ་བདེ་མཆོག་འཁོར་ལོ། ལྷ་བཙུན་སྔོན་མོའི་ཞི་བྱེད་སྐོར་བདུན། བལ་པོ་ཨ་ཧཱུྃ་གི་ཡཀྴ་ཛཾ་བྷ་ལ་རིན་ཆེན་གཏེར་སྤུངས། སྔགས་འཆང་ལས་འཕྲོ་གླིང་པའི་པདྨ་ཤ་བ་རི་དམར་མོ། མངའ་བདག་མོལ་མི་འཁྱིལ་གྱི་རྟ་མགྲིན་གནམ་ལྕགས་འཁོར་ལོ། གཡག་ཕྱར་སྔོན་མོའི་སྒྲོལ་ལྗང་འཇིགས་པ་ཀུན་སྐྱོབ། དབུ་རུ་སྟོན་ཤཱཀ་གི་ཕྱག་རྡོར་རྡོ་རྗེ་མེ་འབར། བོན་པོ་བྲག་ཚལ་གྱི་ཚེ་གུར་སྦྲགས་མ། བསམ་གཏན་བདེ་ཆེན་གླིང་པའི་བཀའ་བརྒྱད་དྲེགས་འདུལ། མཆོག་ལྡན་མགོན་པོའི་གཉེན་པོ་ལྷ་ལྔ། མི་འགྱུར་ལས་འཕྲོ་གླིང་པའི་པདྨ་གཏུམ་པོ། གར་དབང་ལས་འཕྲོ་གླིང་པའི་ཕག་དཀར་ཡེ་ཤེས་གསལ་བྱེད་སོགས་ལེགས་པར་གཏན་ལ་ཕབ་ནས་སྨིན་གྲོལ་ཆིག་རྫོགས་སུ་བཀའ་དྲིན་བསྩལ་བ་ཐོབ་ཅིང་། གཏེར་རྙིང་རྒྱུན་མི་བཞུགས་པ་ཉང་གཏེར་གུ་རུ་མཚོ་སྐྱེས་རྡོ་རྗེ། ཐུགས་ཆེན་འགྲོ་འདུལ་དབང་རྒྱས་པ། ར་ཤག་མ་མོ་སྒང་ཤར་གྱི་དབང་། བྱང་གླིང་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར། གྲུ་གུ་ཡང་དབང་གི་རྟ་མགྲིན་དྲེགས་པ་ཀུན་སྒྲོལ། རྡོར་གླིང་བླ་རྫོགས་ཐུགས་གསུམ། རིན་ཆེན་གླིང་པའི་རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ། འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་བཀའ་སྲུང་བཅས། དབོན་གསས་ཁྱུང་ཐོག་གི་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག །རོག་རྗེ་གླིང་པའི་ཚེ་སྒྲུབ་གསང་བ་རྨད་བྱུང་སོགས་ཀྱི་སྨིན་གྲོལ་སྩོལ་བར་གསོལ་བ་བཏབ་པ་ལྟར་དགྱེས་བཞིན་དུ་གནང་བའི་བཀའ་དྲིན་ཐོབ། ད་རུང་ཡང་གཏེར་དང་ཉེ་བརྒྱུད་ཀྱི་ཆོས་སྐོར་གཏན་ལ་འབེབས་རྒྱུའི་རིགས་ནི་མང་པོ་ཞིག་བཞུགས་ཡོད་པར་སྣང་ངོ་། །བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། དགུང་གྲངས་ཉེར་དགུ་ས་སྤྲེལ་ལོར་དབུས་ཕེབ་ལམ་བྱང་འབྲོག་དགེ་རྒྱལ་ནས་ཚེས་བཅུའི་ཚོགས་འཁོར་སྐབས་གུ་རུ་རིན་པོ་ཆེ་དངོས་ཞལ་བསྟན་ནས་བྱིན་གྱིས་བརླབས། བསམ་ཡས་སུ་ཉང་གཏེར་མཚོ་སྐྱེས་རྡོ་རྗེའི་སྐུ་ཚབ་མདུན་མཆོད་འབུལ་སྐབས་སྐུ་དེ་མཚོ་སྐྱེས་རྡོ་རྗེ་དངོས་སུ་གྱུར་ནས་བྱིན་གྱིས་བརླབས་ཤིང་གདམས་པ་གནང་བ་ལ་བརྟེན། བླ་སྒྲུབ་སྐོར་གསུམ་གྱི་གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག་གི་ཆོས་སྐོར་བྱོན་པ་དང་། དགུང་ལོ་སོ་ལྔ་པ་ཤིང་སྟག་རྒྱལ་ཟླ་བར་འཆི་མེད་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་མཛད་པས་འཕགས་མ་ཡི་གེ་བཅུ་པའི་སྒྲ་གདངས་ཅན་དངོས་སུ་ཞལ་གཟིགས་ནས་བྱིན་གྱིས་བརླབས། སླར་འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱིས་ཀྱང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཕགས་མའི་སྙིང་ཐིག་གི་ཆོས་སྐོར་བྱོན་ཅིང་། གྲུབ་ཐོབ་ཐུགས་ཏིག་གི་སྐོར་སྔར་སྨོས་པ་སོགས་ཡིན་ལ་འདི་དག་ནི་རྒྱུད་དང་དབྱེར་མེད་པའི་རྡོ་རྗེའི་ཚིག་རྐང་སོ་སྐྱེའི་བློ་ལས་འདས་པ་དགོངས་གཏེར་གྱི་མཚན་སྨོས་རིན་ཆོག་པར་སྣང་ངོ་། །ལྔ་པ་དེ་ལས་འཕྲོས་པའི་རྗེས་དྲན་ནི། བོད་ཡུལ་དུ་ཕེབ་སྐབས་གཙང་འུ་ཡུག་གི་མདར་ཕེབས་པའི་ཚེ་སྔོན་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་ཇི་ལྟ་བར་རྗེས་སུ་དྲན་ནས་གཏན་ལ་ཕབ་པ་ལྕེ་བཙུན་སྙིང་ཐིག་དང་། ལང་གྲོ་དཀོན་འབྱུང་གི་སྔོན་གནས་རྗེས་སུ་དྲན་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག །སེང་གདོང་དཀར་མོའི་བཅུད་ལེན་སོགས་སྣང་བར་མཛད་དོ། །དྲུག་པ་དག་སྣང་ནི། གོང་སྨོས་འཆི་མེད་ཐུགས་ཏིག་གི་ཚེ་ཡུམ་ཙཎྜ་ལཱིའི་གདམས་སྐོར་དང་། ཀློང་ཆེན་སྙིང་ཐིག་གི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་ཡིག་ཆ། མཆོག་གླིང་བླ་སྒྲུབ་སྐུ་གསུམ་རིགས་འདུས་ཀྱིས་མཚོན་མང་དུ་བཞུགས་པར་གདོན་མི་ཟའང་དངོས་སུ་སྤེལ་བ་ནི་དེ་ཙམ་ལས་ཆེར་མ་མཇལ། བདུན་པ་དེ་མཐུན་སྙན་བརྒྱུད་ནི། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཆེན་དུ་བཞུགས་པའི་སྐབས་དག་པའི་སྣང་བར་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་ཕེབ། དེའི་ཕྱོགས་མཚམས་བརྒྱད་དབུས་དང་དགུར་གུ་རུ་མཚན་བརྒྱད་ཀུན་འདུས་གུ་རུ་རིན་པོ་ཆེ་བཅས་ཀྱི་སྐུའི་བཀོད་པར་བཞུགས་པ་རྣམས་ཀྱིས་སྒྲུབ་ཆེན་བཀའ་བརྒྱད། སྒྱུ་འཕྲུལ་ཞི་ཁྲོ་སོགས་ཀྱི་སྨིན་གྲོལ་སྙིང་པོ་སྙན་བརྒྱུད་དུ་བསྩལ་པ་ལས། གཤིན་རྗེ་གཤེད། ཡང་དག །ཕུར་པ་ཙམ་གཏན་ལ་ཕབ་པ་ཁོ་བོས་ཀྱང་བཀའ་དྲིན་དུ་ནོས་སོ། །དེ་ལྟར་ན་དེ་དག་ནི་གསང་བའི་རྣམ་པར་ཐར་པ་ཟུར་ཙམ་ཡིན་ལ་རྒྱས་པར་ནི་གཏེར་ཁ་རེ་རེ་ལའང་ལུང་བསྟན། བསྐུལ་བྱང་། ཁ་བྱང་སོགས་བབས་ཚུལ། དངོས་གཏེར་བཞེས་པ་དང། གཏེར་སྒྲུབ་སྐབས་ཀྱི་གཟིགས་སྣང་དག་དང་སྨིན་གྲོལ་གསན་ཚུལ། ཡུན་རིང་པོར་གསང་དམ་མཐར་ཕྱིན་པར་མཛད་ནས་དུས་ལ་བབས་ངེས་པའི་ཚེ་ལུང་དང་མཐུན་པར་སྐལ་ལྡན་རྣམས་ལ་སྤེལ་བའི་ཚུལ་སོགས་རྒྱ་ཆེར་བཞུགས་པ་རྣམས་གཏེར་འབྱུང་ཆེན་མོ་སླད་ཆར་སྩོལ་བར་གསོལ་བ་འདེབས་པའི་ཕྱིར་འདིར་དེ་ཙམ་མོ། །ད་དུང་སྙིགས་དུས་བསྟན་འགྲོའི་མགོན་དུ་བགྲང་བྱ་བརྒྱ་ཕྲག་ལས་ལྷག་པར་རྟག་བརྟན་ཆེན་པོར་བཞུགས་པར་གསོལ་བ་འདེབས་ཤིང་། བི་མའི་བླ་སྒྲུབ་མཛད་སྐབས་མ་འོངས་པར་སྐུ་དངོས་ཉིད་རི་བོ་རྩེ་ལྔར་བི་མ་ལའི་ཐུགས་ཀར་ཐིམ། དེ་ལས་སྤྲུལ་པ་ལྔ་བྱོན་ནས་བསྟན་པ་རིས་མེད་ལ་ཕན་པ་སྒྲུབ་པའི་ལུང་བསྟན་ཐོབ་ཅེས་ཞལ་ནས་དངོས་སུ་ཐོས་སོ། །དེ་ལྟར་སྔར་ནས་ད་ལྟའི་བར་བྱོན་པའི་ས་གཏེར་གྱི་བཀའ་བབས་གོ་རིམ་ངེས་པ་རྣམས་སྨོས་ཟིན་ནས། གཞན་ཡང་གཏེར་འབྱུང་སྔ་མ་རྣམས་སུ་ཅི་རིགས་འབྱུང་བའི་གོ་རིམ་མ་ངེས་པ་རྣམས་ཕྱོགས་བསྡམས་སུ་བཀོད་ན། ༈ གཏེར་སྟོན་ཟླ་བན་གཟི་བརྗིད་འབར་གྱིས་བྲག་དཀར་རྡོ་རྗེའི་རྩེ་ཞེས་པ་ནས་དྲག་པོའི་སྔགས་སྡེབ་སྙིང་གི་མེ་ལོང་ཞེས་བྱ་བ་ཟླ་གསང་སྲོག་འདུས་ནག་པོ་བཀོལ་བ་དུམ་བུའི་རྒྱུད་ཅེས་པ་ལེའུ་བཅུ་གཅིག་པ་ཞིག་དང་། དྲག་པོ་སྔགས་སྡེབ་ལྡེ་མིག་རིན་ཆེན་སྒྲོན་མ་ཞེས་བྱ་བ་སློབ་དཔོན་གཙུག་ལག་དཔལ་དགེས་མཛད་པ་གཉིས་གདན་དྲངས། དེ་ལས་གཞན་པའི་གཏེར་ཁ་ཅི་ཡོད་མ་འཚལ་ཞིང་དེང་སང་རྒྱུན་ཡང་མི་སྣང་། ༈ རོག་བན་ཤེས་རབ་འོད་ཀྱིས་ཡང་དག་གི་སྒྲུབ་སྐོར་ལྷ་ལྔ་བཅུ་ང་བརྒྱད་པ་དང་། ཡང་དག་མར་མེ་དགུ་པ་སོགས་མང་ཞིག་སྤྱན་དྲངས་པར་བཤད། ༈ འབྲོམ་ཆོས་ཀྱི་སྙིང་པོ་ནི། གཙང་རོང་དུ་འཁྲུངས། པཱུརྞ་རྫ་རིའི་སྙིང་པོ་ཞེས་བྱ་བ་ནས་རྫོགས་ཆེན་སེམས་ཕྱོགས་སྐོར་དང་། མན་ངག་བི་མ་སྙིང་ཐིག་འབྲིང་པོ། ཐེག་རིམ་གྲུབ་མཐའ་གཡུ་སྡོང་ཟབ་དགུ་མ། ཡེར་པ་ནས་དྲག་སྔགས་རྒྱས་སྡེབ་ཆེན་མོ་སྤྱན་དྲངས། ༈ འོད་ཟེར་སྟོན་པས་མགོན་པོ་ཏྲཀྴད་ཀྱི་གཡུལ་ཟློག་སོགས་བཏོན། ༈ མེ་ཉག་གྲགས་འབྱུང་གིས་གུང་ཐང་གཙུག་ལག་ཁང་ནས་ཐོག་སྲུང་ཟབ་མོ་དང་། ༈ པདྨ་དབང་རྒྱལ་གྱིས་དམ་ཅན་རྡོར་ལེགས་སྐྱེར་མདུང་ཅན་གྱི་སྒྲུབ་ཐབས་དགྲ་ལ་ཆོ་འཕྲུལ་བཏང་ཐབས་ཟབ་ཁྱད་མའི་བརྒྱུད་པ་ཕྱིས་ཀྱི་བར་བྱུང་ཞིང་། ༈ གཏེར་སྟོན་ཟླ་བ་རྡོ་རྗེས་ཀྱང་ཟབ་གཏེར་འགའ་ཞིག་བཏོན་པར་གྲགས། ༈ གཙང་གི་ཉང་སྟོན་ཤེས་རབ་གྲགས་པས། ཁུ་བྱུག་འབུམ་ཐང་གི་སྲིན་ཕུག་གོག་པོ་ནས་གཟའི་གདོང་གཏད་ཟབ་མོ་བཞེས། ༈ གཙང་སྟོན་ཆོས་འབར་གྱིས་མཆོད་རྟེན་སྔོན་པོ་ལ་བརྟེན་པའི་སེར་སྲུང་ཟབ་ཁྱད་ཅན་བཏོན། ༈ ཁམས་པ་མེ་ཟོར་གྱིས་གཙང་རྒྱ་བོ་བྲག་ནས་ཕྱུགས་ནད་བསྲུང་བཅོས་ཀྱི་གདམས་པ་སྤྱན་དྲངས། ༈ སྔགས་འཆང་དབང་ཆེན་བཟང་པོས་བྱང་པྲ་དུན་རྩེའི་ཀ་ཞུ་ནས་པུ་རི་ནག་པོ་ཁྱབ་འཇུག་གདོང་གཏད་ཀྱི་སྐོར་བཏོན། ༈ སར་པོ་བྱའུ་མགོན་གྱིས་བུམ་ཐང་དགེ་གནས་ལྷ་ཁང་གི་ཁྲོ་བོ་རྟ་མགྲིན་མཚན་མ་ནས་སྲོག་གི་ཆན་པ་ནག་པོ་བུམ་ཐང་མའི་སྐོར་རྣམས་སྤྱན་དྲངས་ཏེ་ལྷ་བཙུན་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལ་གནང་། ༈ སྐྱེས་བུ་ཟངས་གླིང་དབང་ཕྱུག་གིས་འཇམ་དཔལ་གཤིན་རྗེའི་ལས་མཐའ་གཏད་རུལ་སྐོར་རྣམས་སྤྱན་དྲངས་པ་ཐམས་ཅད་ལ་དར་རྒྱས་སུ་གྱུར། ༈ ཡང་བོན་རི་ཁྲོད་པ་སེང་གེས་ལྷོ་བྲག་མཁོ་མཐིང་གི་ལྷ་ཁང་ནས་ཕར་ཕྱིན་རྒྱལ་བའི་བཀའ་མཐུ་ཟབ་ཁྱད་ཅན་སྤྱན་དྲངས་པ་ལ་བྱང་བདག་དང་པདྨ་ཕྲིན་ལས་ཀྱིས་མཛད་པའི་ཡིག་ཆའང་བཞུགས་པར་སྣང་། ༈ ལྕང་སྨན་དོན་གྲུབ་དར་རྒྱས་ཀྱིས་གཉལ་སྨད་བྲག་ནག་མདའ་སྒྲོ་ནས་དུག་སྲུང་རྟ་རི་མའི་སྐོར་སྤྱན་དྲངས་པ་ཕྱིས་ཀྱི་གསོ་དཔྱད་ཀྱི་ཡིག་ཆ་འགའ་ཞིག་ཏུའང་བཀོད་འདུག ༈ །འགོས་པདྨས་ལྷ་མོ་བུ་རྫི་མ་དང་དུས་རྩིས་ཀྱི་སྐོར་སོགས་གདན་དྲངས། འདིའི་ལྷ་མོ་བུ་རྫི་མ་སོགས་རྡོར་གླིང་གི་གཏེར་བྱོན་དེང་སང་རྒྱུན་ཡོད་པ་དེ་དང་མཚུངས་སམ་སྙམ། ༈ རང་བྱུང་ཡེ་ཤེས་ཀྱིས་ལྷོ་བྲག་མཁར་ཆུ་ནས་རྟག་ངུའི་བཅུད་ལེན་སོགས་ཐུན་མོང་ལས་ཚོགས་ཀྱི་སྐོར་མང་པོ་ཐོན། ༈ བསེ་བན་ཉི་མའི་སྙིང་པོས་ཟ་ཡིག་བཀའ་རྒྱ་མ་སོགས་ཟ་ཡིག་དང་སྲུང་བའི་སྐོར་འགའ་ཞིག་བཞེས། ༈ ལྷོ་བྲག་པ་ཀུན་དགའ་བཟང་པོས་ཤངས་ཟབ་བུ་ལུང་ནས་སྙིང་ཐིག་སྐོར་ལྔའི་གདམས་པ་གདན་དྲངས། ༈ ཁམས་པ་འབྲུག་སྒོམ་ཞིག་པོས་རྟ་མགྲིན་ནག་པོའི་ཆོས་སྐོར་གཏེར་ནས་ཐོན་ཅིང་འདིའི་གདུང་རྣམས་དེང་སང་ཡང་ནང་ཆེན་ཕྱོགས་ལ་ཡོད་པར་གྲགས། ༈ གཤིན་རྗེ་ཁྲོ་ཆུ་འབྲི་གུང་ལུགས་ཀྱི་བླ་བརྒྱུད་དུ་འབྱུང་བའི་ལྷ་གསུམ་བཟའ་བྱང་ཆུབ་དཔལ་མོ་ནི་ཡུལ་སོག་རོང་དུ་བྱུང་ཞིང་ནག་སོག་སོགས་སུ་འགྲོ་དོན་བསྐྱངས། ལྷ་མོ་སྤྱང་ཞོན་མའི་སྒྲུབ་སྐོར་སོགས་འགའ་ཞིག་གཏེར་ནས་ཐོན་པར་གྲགས། འོན་ཀྱང་རྟེན་འབྲེལ་གཞན་དབང་དུ་གྱུར་པས་གཏེར་ཆོས་ཀྱིས་འགྲོ་དོན་ཆེར་མ་བྱུང་། སྐུ་ཚེའི་སྨད་ལ་ཀོང་པོར་བྱོན། སྤོོ་བོར་ཡང་བྱོན་ཏེ་བཞུགས་པའི་སྒྲུབ་ཕུག་སོགས་སྟག་ཤམ་པའི་གསུངས་ལས་འབྱུང་། མངོན་སྤྱོད་ཀྱི་ལས་ལ་མཁས་ཤིང་ཁྱད་པར་གཤིན་རྗེ་ཁྲོ་ཆུ་ལ་མཁས་པས་དྲག་སྔགས་ཀྱི་ནུས་པ་ཐོན་པའི་མངོན་རྟགས་གསལ་བའི་ལོ་རྒྱུས་མང་། ༈ ནག་ཤོད་དུ་གཏེར་སྟོན་མ་ཧཱ་བཛྲ་ཟེར་བ་ཞིག་བྱོན་ནས་སྲིན་མོ་རྫོང་གི་གནས་ཡིག་དང་། གནམ་ལྕགས་རྡོ་རྗེ་དངོས་གཙང་ཞིག་གཏེར་ནས་བཏོན་པར་སྣང་ལ། གཞན་ཡང་གཏེར་ཆོས་དང་གཏེར་རྫས་འགའ་ཞིག་ཡོད་པར་གྲགས་ཀྱང་མཐར་གཏེར་སྟོན་དེ་ཉིད་གཏེར་བཞེས་པའི་དུས་ཤིག་རྟེན་འབྲེལ་གནད་དུ་མ་སོང་བའི་རྐྱེན་གྱིས་སྐུ་གཤེགས་པར་གྲགས། འདི་རིག་འཛིན་འཇའ་ཚོན་སྙིང་པོའི་སྐྱེ་བ་གོང་མ་ཞིག་ཡིན་པར་གསུངས་སོ།། །། ༈ གཉིས་པ་ཟབ་མོ་དག་སྣང་དང་དགོངས་པའི་གཏེར་གྱི་སྐོར་བྱུང་ཚུལ་ཅུང་ཟད་གླེང་ན། དེའང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་ཁྱད་པར། ལུས་ཅན་རྣམས་ཀྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །ཅེས་པ་ལྟ་བུའི་སྨོན་ལམ་གྱི་མཐུ་བཙན་པ་དང་དེ་དག་ལ་ཆོས་ཀྱིས་ཕོངས་པའི་རྒྱུ་མེད་པའི་ཕྱིར་འབྱུང་བའི་སྒྲ་དང་བྱ་དང་རི་དྭགས་ལྟ་བུ་ལས་ཀྱང་ཆོས་ཀྱི་སྒྲ་རྒྱུན་མི་འཆད་པར་གསན་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཞལ་བསྟན་ཅིང་ཆོས་གསུང་བར་བཤད་དེ། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི། འཇིག་རྟེན་གྱི་ཁམས་གཞན་དུ་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །ཞེས་གསུངས་ཤིང་། ཁྱད་པར་དུ་འཕགས་ཆེན་རྣམས་ཀྱི་གཟིགས་ངོར་དག་པའི་སྣང་བ་འབའ་ཞིག་ལས་མ་དག་པའི་སྣང་བ་མ་མཆིས་པས་དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་དག་དང་ཆོས་ཀྱི་བགྲོ་བ་རྨད་དུ་བྱུང་བ་དུ་མ་རྒྱུན་ཆགས་སུ་མཛད་པ་ལས་ཟབ་མོའི་གདམས་པ་མཐའ་ཡས་པ་བྱུང་བ་དག་སྐལ་པ་དང་ལྡན་པ་རྣམས་ལ་སྤེལ་བར་འོས་པ་རྣམས་གང་ཟག་སོ་སོའི་མོས་བློར་འཚམས་པའི་དག་སྣང་གི་ཆོས་སྡེ་ཇི་སྙེད་པ་ཀུན་གྱི་སྤྱོད་ཡུལ་དུ་སྣང་བར་མཛད་པ་འཕགས་ཡུལ་གྱི་པཎ་གྲུབ་དུ་མ་དང་བོད་ཡུལ་གྱི་གསར་རྙིང་རིས་མེད་ཀྱི་དགེ་བའི་བཤེས་གཉེན་དང་གཏེར་སྟོན་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ལས་བྱུང་བ་ལྟར་དང་། དེ་བཞིན་དུ་དགོངས་གཏེར་དུ་གྲགས་པ་རྣམས་ཀྱང་། མདོ་ལས་འཇམ་དཔལ། འབྱུང་བ་བཞི་ནི་ནམ་མཁའི་གཏེར་ནས་འབྱུང་གི །དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་འབྱུང་བས་གཏེར་གྱི་དོན་ལ་ལོངས་སྤྱོད་པ་ཤེས་པར་བྱོས་ཤིག །ཅེས་གསུངས་པ་དང་རྗེས་སུ་མཐུན་པར་འཕགས་པའི་གང་ཟག་རྣམས་ལའང་དགོངས་པའི་ཀློང་ནས་ཆོས་ཀྱི་གཏེར་ཁ་བརྡོལ་བ་ཡོད་པར་གསུངས་ཏེ། ཆོས་ཡང་དག་པ་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ནི་རང་གི་ཡིད་ཀྱིས་འདོད་པ་ཉིད་ལས་གདམས་ངག་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །ཞེས་དང་། གཞན་ཡང་མདོ་ལས། དོན་ལ་ངེས་པའི་གདིང་རྙེད་ན། །སེམས་ལས་ཆོས་གཏེར་འབུམ་ཕྲག་བརྡོལ། །ཞེས་སོགས་གསུངས་པ་བཞིན་འཕགས་བལ་བོད་ལྗོངས་ཀུན་ཏུ་མཁས་གྲུབ་ཆེན་པོ་རྣམས་ཀྱི་ཟབ་མོ་དགོངས་པའི་གདམས་ཟབ་མཐའ་ཡས་པ་ཞིག་ད་ལྟའི་བར་དུ་བྱུང་བ་ལས། འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་གསང་བ་དང་རྗེས་སུ་འབྲེལ་བ་བོད་ལྗོངས་སུ་གྲགས་པ་རྣམས་དུས་སྔ་ཕྱིའི་གོ་རིམ་ངེས་པ་ལྟར་འགོད་པ་ལས་ཐོག་མར། ༈ བླ་མ་བ་རི་ལོ་ཙཱ་དང་རྗེ་བཙུན་མི་ལ་སོགས་ཀྱི་སྐབས་སུ་བྱོན་པའི་སྤྱན་རས་གཟིགས་དངོས་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པར་ཨོ་རྒྱན་གྱི་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་རྟ་མགྲིན་ཟླ་རྒྱལ་ལུགས་ཀཱ་ལ་མེ་ཕུང་དུ་གྲགས་པའི་སྒྲུབ་ཐབས་རྗེས་གནང་་་ལས་ཚོགས་དང་བཅས་པ་བྱིན་རླབས་ཆེན་པོ་དང་ལྡན་པའི་རྒྱུན་ད་ལྟའི་བར་བཞུགས་ཤིང་ཁོ་བོས་ཀྱང་ནོས་ཤིང་རིན་ཆེན་གཏེར་མཛོད་དུ་བཞུགས་སོ། ༈ །རྗེ་བཙུན་མི་ལ་རས་པའི་ཐུགས་སྲས་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་རྒྱ་གར་དུ་བྱོན་པའི་སྐབས། སློབ་དཔོན་ཆེན་པོའི་གསང་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མནྡཱ་ར་བ་དང་ངོ་བོ་གཅིག་པའི་མ་གཅིག་གྲུབ་པའི་རྒྱལ་མོ་ལ་ཚེ་དཔག་མེད་ལ་བསྟེན་ནས་ཚེ་སྒྲུབ་པ། ཐུགས་རྗེ་ཆེན་པོ་ལ་བསྟེན་ནས་མཆོག་སྒྲུབ་པ། དཔལ་རྟ་མགྲིན་ལ་བསྟེན་ནས་བར་གཅོད་སེལ་བ་སྟེ་རས་ཆུང་ཆོས་གསུམ་དུ་གྲགས་པའི་ནང་ནས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྐོར་རྣམས་ཨོ་རྒྱན་ཆེན་པོ་ལས་གྲུབ་པའི་རྒྱལ་མོས་གསན་ཅིང་། དེ་ལས་རས་ཆུང་པ། བླ་མ་ཟངས་རི་རས་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པ་ལ་བཀའ་བབས་ཏེ་ཀརྨ་ཀཾ་ཚང་རིམ་པར་བརྒྱུད་པའི་ཟབ་ཆོས་ཐུགས་གཙིགས་ཤིན་ཏུ་ཆེ་བ་ད་ལྟའི་བར་རྒྱུན་མ་ཉམས་པར་བཞུགས། འདིའང་དོན་ལ་དག་སྣང་གི་ཆོས་སྡེར་གཏོགས་དགོས་ཏེ་གྲུབ་པའི་རྒྱལ་མོ་ནི་རྗེ་བཙུན་རས་ཆུང་པས་མཇལ་བ་ལས་ཀུན་གྱིས་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། ༈ །མ་བྱོན་སངས་རྒྱས་རབ་གསལ་གྱི་རྣམ་འཕྲུལ་ཁ་ཆེ་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་ཞེས་འཇིག་རྟེན་ན་ཡོངས་སུ་གྲགས་པ་དེ་ཉིད་ལ་ཁྱད་ཆོས་ཀྱི་གདམས་པ་བཞི་ཞེས་ཐུགས་གཙིས་སུ་མཛད་པའི་ནང་ན། ཡང་དག་མེ་གཅིག་ཐོད་གཅིག་ལ་བརྟེན་པའི་རས་ཐུབ་པ་སློབ་དཔོན་པདྨ་དངོས་ལས་གསན་ཅིང་ཟིན་བྲིས་སུ་མཛད་དེ་ལོ་ཙཱ་བ་རབ་མཆོག་དཔལ་དང་ལོ་པཎ་བསྡེབས་ནས་བསྒྱུར་པའི་གཞུང་ཉུང་ངུ་ངོ་མཚར་ཅན་བར་སྐབས་ཀྱི་་་་་་བར་སྨིན་གྲོལ་གྱི་རྒྱུན་བཞུགས་པ་ཕྱིས་འདིར་མི་སྣང་མོད། རྗེ་བླ་མས་མནལ་ལམ་དུ་དཔྱལ་ལོ་ཙཱ་བ་ལས་གསན་པའི་བྱིན་རླབས་ཉེ་བརྒྱུད་ཁོ་བོས་ཀྱང་ནོས་སོ། ༈ །སྨན་རྒྱལ་གཉིས་པ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་ཡེ་ཤེས་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ་མའམ་མནྡཱ་ར་བས་རྒྱུད་བྱིན་གྱིས་བརླབས་པ་ལ་བརྟེན། རྗེ་ཉིད་ཀྱི་ཟབ་མོ་དགོངས་པའི་གཏེར་གྱི་ཚུལ་དུ་གཏན་ལ་ཕབས་པ་གཡུ་ཐོག་སྙིང་ཐིག་ཅེས་གངས་ཅན་ན་ཡོངས་སུ་གྲགས་པའི་བཀའ་སྲོལ་ཆེན་པོ་སྟེ། དེའང་སྤྲུལ་པའི་སྐུ་འདི་ཉིད་འབྲེ་རྗེ་བཛྲ་གྱི་སྲས་ཡབ་ཁྱུང་པོ་རྡོ་རྗེ་དང་། ཡུམ་པདྨ་འོད་ལྡན་གཉིས་ལས་ཉང་སྟོད་རྒྱལ་རྩེའི་ཕུ་སྒོ་བཞི་རེ་ཐང་ཞེས་བྱ་བའི་ཡུལ་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་མཚན་དཔེའི་པདྨ་བཞད། བལྟམས་མ་ཐག་སྨན་གྱི་བླ་མའི་གཟུངས་གསུང་ཞིང་ཡུམ་ལ་སྤྱན་མི་འཛུམ་པར་གཟིགས་པ་སོགས་མཛད། དགུང་ལོ་གསུམ་ཙམ་ནས་གསོ་དཔྱད་ཀྱི་རིགས་སད། བརྒྱད་པ་ནས་རིག་པའི་གནས་ལྔ་དང་གསོ་དཔྱད་ལ་མཁྱེན་པའི་ཀློང་བརྡོལ། ཁྱད་པར་དགུང་ལོ་བཅུ་བཞི་པའི་ཚེ་མནལ་ལམ་དུ་སྨན་གྱི་ལྷ་མོས་དབང་བསྐུར་ཞིང་རྒྱུད་བཞི་འབྱུང་བར་ལུང་བསྟན་པ་ལྟར་ཕྱིས་མངོན་དུ་གྱུར། བཅོ་བརྒྱད་པར་རྒྱ་གར་ལ་ཕེབས། མཁའ་འགྲོ་དཔལ་ལྡན་ཕྲེང་བ་དང་མཇལ། ཐུན་མོང་དང་ཁྱད་པར་གྱི་གདམས་པས་རྗེས་སུ་བཟུང་བས་མཚོན། འཕགས་ཡུལ་དུ་ལན་དྲུག་བྱོན་ནས་མཁས་གྲུབ་དུ་མའི་ཞལ་གྱི་བདུད་རྩི་བཞེས། མུ་སྟེགས་ཀྱི་རྒོལ་བ་བཅོམ། སྒྱུ་འཕྲུལ་གྱི་བཀོད་པ་མཐའ་ཡས་པ་བསྟན་པས་རྒྱལ་པོ་སོགས་ཀྱང་དད་ཅིང་མཆོད་གནས་སུ་བཀུར། ལྷག་པར་བོད་དུ་ཐུགས་སྲས་ཀྱི་གཙོ་བོ་སུམ་སྟོན་ཛྙཱ་ན་དྷཱ་ར་སྟེ་ཡེ་ཤེས་གཟུངས་ཀྱིས་དཀའ་སྤྱད་དང་འབད་པ་དུ་མས་གསོལ་བ་བཏབ་པ་ལྟར། མང་ཡུལ་སྐྱིད་གྲོང་དུ་སྙིང་ཏིག་གི་སྨིན་གྲོལ་རྫོགས་པར་གསན་པས་མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་པ་ནས་བརྒྱུད། ད་ལྟའི་བར་བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པར་བཞུགས། ཁོ་བོས་ཀྱང་ལན་གཉིས་སུ་འབད་པས་ནོས་ཤིང་ལས་བྱང་། དབང་ཆོག །བསྙེན་ཡིག་སོགས་ཡིག་ཆ་འདུས་གསལ་གྱི་ཞབས་ཏོག་ཀྱང་སྤེལ་པ་ཡིན་ནོ། །གྲུབ་མཆོག་འདི་ཉིད་ཀྱིས་དེ་ལྟ་བུའི་མཛད་པ་བསམ་གྱིས་མི་ཁྱབ་པས་བསྟན་འགྲོའི་དོན་མཐའ་ཡས་པ་བསྩལ་ནས། མཐར་དགུང་ལོ་བདུན་ཅུ་རྩ་དྲུག་ལ་སོ་སྐྱེའི་བློས་མི་འཁྱུད་པའི་དག་པའི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་གྱིས་སྐུ་ལུས་མ་སྤངས་པར་སྨན་བླ་མི་སྐྱོད་རྒྱལ་པོའི་ཞིང་དུ་གཤེགས་སོ། ༈ །ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་དཔལ་ལྡན་ཤངས་པ་རིན་ཆེན་རྣམ་བདུན་དུ་གྲགས་པའི་གཉིས་པ་དབོན་སྟོན་སྐྱེར་སྒང་ཆོས་ཀྱི་སེང་གེས་མནལ་ལམ་བཟུང་སྟེ་ཟངས་མདོག་དཔལ་རིར་དངོས་སུ་བྱོན་ནས་ཨོ་རྒྱན་ཆེན་པོར་བོད་ན་རྒྱལ་བསེན་གྱི་གནོད་པ་ཆེ་བར་ཡོད་པས་དེ་ཉིད་འདུལ་བའི་གདམས་པ་ཞུས་པ་ན། དཔལ་རྟ་མགྲིན་གྱི་སྐུར་བཞེངས་ཏེ་རྟ་མགྲིན་གསང་སྒྲུབ་ཀྱི་སྨིན་གྲོལ་རྫོགས་པར་གནང་། འདིའི་གཏེར་བརྒྱུད་སྙེ་མོར་སྔགས་པ་ལས་ཅན་ཞིག་གིས་ཐོན་པས་ཞུས་ཤིག་པའི་ལུང་བསྩལ་པ་ལྟར། རྒྱ་གངས་རི་བ་སངས་རྒྱས་དབང་ཆེན་ལས་གཏེར་དཔེ་རྫོགས་པར་གསན་པས་བཀའ་གཏེར་ཆུ་བོ་གཉིས་འདྲེས་སུ་གྱུར། དཀར་ཆུང་རྒྱལ་པོས་གནོད་པ་སོགས་སྨྱོན་པ་བརྒྱད་ཅུ་ཙམ་བཏུལ་པས་བྱིན་རླབས་ཤིན་ཏུ་ཆེ་བར་གྲགས་ཤིང་གསར་རྙིང་གི་གྲུབ་མཐའ་ཀུན་ལ་ཁྱབ་སྟེ་ད་ལྟའི་བར་དུ་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པར་བཞུགས། ༈ སྐལ་བཟང་སངས་རྒྱས་དྲུག་པ་སེང་གེའི་རྣམ་འཕྲུལ་འཇིག་རྟེན་དབང་ཕྱུག་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་རྣམ་པར་ཐར་པ་ནི་ཡོངས་སུ་གྲགས་པ་ལྟར་ལ། བྱེ་བྲག་དག་སྣང་གི་བཀའ་བབ་ཚུལ་ནི། ས་སྤྱོད་གསུང་གི་འཁོར་ལོ་འོག་མིན་ཀརྨའི་ཡང་དབེན་དེང་སང་རི་བར་གྲགས་པའི་གནས་དེར་ཐུགས་དམ་ལ་བཞུགས་པའི་སྐབས་ཤར་ཕྱོགས་ཀྱི་ནམ་མཁར་མཁས་པ་བི་མ་ལ་དངོས་སུ་བྱོན་ནས་མཛོད་སྤུར་ཐིམ་པའི་རྐྱེན་གྱིས། བི་མ་སྙིང་ཐིག་ཆེན་མོའི་ཚིག་དོན་མ་ལུས་པ་ཐུགས་ལ་ཤར་ནས་གདམས་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་དང་། སྨིན་གྲོལ་གྱི་ཡིག་ཆ་རྫོགས་པར་མཛད་ནས་སྤེལ་བའི་རྒྱུན་ད་ལྟའང་བཞུགས་པ་ཁོ་བོས་ཀྱང་ཐོབ། སློབ་དཔོན་ཆེན་པོ་པདྨའི་བྱིན་རླབས་ཀྱིས་རྩ་གསུམ་དྲིལ་སྒྲུབ་ཀྱི་གདམས་སྐོར་ཟབ་མོ་དགོངས་པའི་གཏེར་ལས་ཕྱུངས་པ་ཕྱིས་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེས་ཐུགས་ཉམས་སུ་བཞེས་པས་དག་སྣང་ཉེ་བརྒྱུད་དུ་བྱུང་བ་ལྟར་ལོ་རྒྱུས་དང་། རྩ་ཚིག་ཡི་གེར་བཀོད། རྗེ་དགུ་པ་དབང་ཕྱུག་རྡོ་རྗེས་ལས་བྱང་དབང་ཆོག་རྒྱས་པར་བཀོད་པ་ལྟར་ཁོ་བོས་ཀྱང་དཔལ་ཀརྨ་པ་བཅུ་བཞི་པའི་བཀའ་དྲིན་ལས་ནོས་ཤིང་ཡིག་ཆའི་ཞབས་ཏོག་ཀྱང་སྤེལ་བ་སྟེ། འདི་ཉིད་ཕྱིས་རིག་འཛིན་ཆོས་རྗེ་གླིང་པའི་གཏེར་བྱོན་འཆི་མེད་རྩ་གསུམ་དྲིལ་སྒྲུབ་དང་ལྷ་སྔགས་ངོ་བོ་གཅིག་པས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུའང་འགྱུར་རོ། ༈ །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ནི། རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པ་སྙིང་ཐིག་རྣམ་པ་གཉིས་ཀྱིས་མཚོན་ཏེ་ཟབ་པ་དང་རྒྱ་ཆེ་བའི་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་གཏན་ལ་ཕབས་པ་འབྱམས་ཀླས་ཤིང་རྒྱ་ཆེ་ལ་རྒྱུན་མི་འཆད་པ་ད་ལྟའི་བར་དུ་ཕྲིན་ལས་ཁྱབ་པར་བརྡལ་བས། ཟབ་མོ་དགོངས་པའི་གཏེར་ཐམས་ཅད་ཀྱི་མཆོག་དང་རབ་དང་ཕུལ་དུ་གྱུར་པ་ཡིན་ལ་དེ་དག་གི་རྣམ་ཐར་རྒྱས་པ་ནི་སྙིང་ཐིག་རྣམ་གཉིས་ཀྱི་ལོ་རྒྱུས་དང་མཐོང་སྣང་རིན་ཆེན་འོད་ཀྱི་དྲྭ་བ་སོགས་ལས་ཤེས་པར་བྱའོ། ༈ །ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ནམ་ལས་ཀྱི་རྡོ་རྗེ་ནི། ཤུད་བུ་དཔལ་གྱི་སེང་གེ་ནས་གྲུབ་ཐོབ་ཉི་ཤུ་རྩ་ལྔ་བར་མ་ཆད་པར་བྱོན་པའི་གདུང་རིགས་ཡབ་ཤུད་བུ་ནམ་མཁའ་རྒྱལ་པོ་དང་། ཡུམ་སྲས་མོ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་ཨོ་རྒྱན་ཆེན་པོས་ལུང་བསྟན་པ་ལྟར་ལྷོ་ནུབ་སྲིན་ཡུལ་ནས་འཕོས་ཏེ་སྐུ་བལྟམས་པའི་ཚུལ་བསྟན། དགུང་ལོ་གསུམ་པར་ཕུར་པའི་དབང་གསན་པས་མཁའ་འགྲོ་མང་པོ་གར་བྱེད་པ་གཟིགས། ལོ་ལྔ་ལ་རྫོགས་ཆེན་གྱི་དབང་གསན་པས་སྔོན་དུས་འབྲེལ་བའི་བླ་མ་རྣམས་དང་མཇལ་ནས་ཆོས་ཞུ་བའི་སྣང་བ་དངོས་སུ་ཡོད་པ་བྱུང་། ཚ་དྲོའི་དུང་སྐད་བྱུང་བ་སོགས་ཀྱི་ཚེ་རྔ་ཡབ་གླིང་དུ་སྲིན་པོ་རྣམས་ཆོས་ལ་སྡུད་པའི་རོལ་མོའི་སྒྲ་ཡིན་སྙམ་པ་སོགས་སྔོན་གནས་དྲན། ཁུ་བོ་མཁན་ཆེན་རྒྱལ་སྲས་པ་ཉིད་ལས་དགེ་བསྙེན་དང་། མཁན་ཆེན་རིན་ཆེན་བཀྲ་ཤིས་ཀྱི་དྲུང་ནས་བསྙེན་རྫོགས་བཞེས། བཀའ་ཆོས་མང་དུ་གསན་ཅིང་དགེ་སྦྱོར་ཉིན་མཚན་ཡེངས་མེད་དུ་མཛད་པས་ལན་གཅིག་སྤྲུལ་པའི་ཨ་ཙ་ར་ཞིག་དངོས་སུ་བྱོན་ནས་གདམས་ངག་གནང་ཞིང་བྱིན་གྱིས་བརླབས། དེས་བདུད་རྩི་ཀ་པཱ་ལ་གང་བྱིན་ནས་ཐ་མལ་གྱི་རྣམ་རྟོག་ཡིད་ལ་མ་བྱེད། རེ་དོགས་ཀྱི་སྲད་བུ་དམ་པོས་མ་བཅིངས་པར་ཨོ་རྒྱན་གྱི་ཡུལ་དུ་ཚོགས་འཁོར་ལ་གཤེགས་ཟེར་བ་དང་། དཔའ་བོ་མཁའ་འགྲོའི་བསུ་བ་ལ་བརྟེན་ནས་ཨོ་རྒྱན་ཡུལ་དུ་བྱོན། རི་བོའི་རྩེར་འཇའ་འོད་ཀྱི་གཞལ་ཡས་ཁང་དུ་པདྨའི་སྡོང་པོའི་སྟེང་དུ་ཨོ་རྒྱན་རིན་པོ་ཆེ་ལ་ཌཱ་ཀི་མང་པོས་མཆོད་པའི་བཀོད་པ་མཐའ་ཡས་པ་དང་། གྲུབ་ཐོབ་ཕོ་མོ་མང་པོས་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བ་དང་། པཎྜི་ཏ་མང་པོས་ཆོས་ཀྱི་བགྲོ་གླེང་བྱེད་པ་དང་། ལྷ་དང་ལྷ་མོ་མང་པོས་ཆོས་ཉན་ཅིང་མཆོད་པ་དང་། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་དབང་བསྐུར་བ་དང་། རྒྱུད་གསུང་བ་དང་། མན་ངག་སློབ་པ་དང་། ཚོགས་ལ་རོལ་པ་རྣམས་དུས་མཉམ་དུ་གྲུབ་པ་བྱུང་། ཆོས་རྒྱུད་སྡེ་བཞིའི་མན་ངག་གསང་བ་བདུད་རྩིའི་རྒྱ་མཚོ། དབང་བཞི་རིན་ཆེན་བུམ་པ། རྫོགས་རིམ་ཡེ་གྲོལ་ལྷུན་གྲུབ་རྣམས་གསུངས་པ་རྫོགས་ཆེན་སྙིང་ཐིག་གི་གཞུང་ཁྱད་པར་ཅན་ཡོད་པར་ངེས་ཀྱང་དེང་སང་ཕྱག་རྡོར་གླེགས་བམ་དཀྱུས་སུ་མི་བཞུགས། ལར་སྙན་བརྒྱུད་ཡི་གེར་བཀོད་པ་ཡོད་མེད་མ་ངེས་མོད། སྤྱིར་རྗེ་འདི་ཉིད་བཀའ་གདམས་རྙིང་མའི་དགེ་བའི་བཤེས་གཉེན་ཆེན་པོར་བཞུགས་པས་རྗེ་ཙོང་ཁ་པས་ཀྱང་ཞབས་ལ་གཏུགས་ཤིང་ལམ་རིམ་སོགས་བཀའ་གདམས་ཀྱི་ཆོས་ཕལ་ཆེར་གསན་ཅིང་རྩ་བའི་བླ་མ་གཅིག་པུར་འཛིན་ནའང་། རྗེ་འདིའི་ཡང་མེས་སྔོན་མ་རྣམས་རྙིང་མ་དང་། བར་སྐབས་མཁན་ཆེན་ནམ་མཁའ་སེང་གེའི་དུས་ནས་བཀའ་གདམས་གཙོར་མཛད་དེ་བཀའ་རྙིང་དབྱེར་མེད་ཀྱི་གྲུབ་མཐའ་འཛིན་པ་ལྟར། རྗེ་ཉིད་ཀྱིས་ཀྱང་སྔ་འགྱུར་གྱི་མ་གཤིན་གཉིས་ཐུགས་དམ་སྙིང་པོར་མཛད་པས་གྲུབ་པའི་རྟགས་བརྙེས་ཤིང་རྙིང་མའི་རིག་འཛིན་ཆེན་པོའི་གྲལ་དུ་བཞུགས་པར་མ་ཟད། ཉིད་ཀྱི་ཟབ་མོ་དག་སྣང་གི་ཆོས་སྡེ་ཕྱག་རྡོར་གླེགས་བམ་དུ་གྲགས་པ་སྔར་གྱི་རྒྱུན་རྙིང་པ་ཅི་རིགས་ཆོག་བསྒྲིགས་མཛད་པ་ཙམ་ལས། ཕྱག་ན་རྡོ་རྗེ་ལས་གསར་དུ་གསན་པ་ཐམས་ཅད་རྫོགས་ཆེན་གྱི་ཆོས་སྐད་ཁོ་ནར་བཞུགས་ཤིང་། ཁྱད་པར་ཞུས་ལེན་བདུད་རྩི་སྨན་མཆོག་ཏུ་གྲགས་པ་ནི། མཁའ་འགྲོ་སྙིང་ཐིག་གི་ཞུས་ལེན་གསེར་ཕྲེང་དང་ཕལ་ཆེར་ཞུ་དག་ཕེར་བ་ཡོད། གང་ལྟར་ཡང་འདིའི་དབང་ལུང་གི་རྒྱུན་བར་སྐབས་སུ་ཉག་ཕྲ་བ་ལ། ལྔ་པ་རིན་པོ་ཆེའི་བཀས་བསྐུལ་བ་ལྟར་རིག་འཛིན་གཏེར་བདག་གླིང་པས་འབད་པ་ཆེན་པོས་གསན་ཅིང་རྒྱུན་སྤེལ་བ་ལས་དེང་སང་དགེ་ལུགས་པའི་ཕྱོགས་སུ་ཁྱབ་བརྡལ་དུ་འཕེལ་བར་སྣང་། རྗེ་འདིའི་རྣམ་ཐར་ཕྱི་ནང་ཟབ་རྒྱས་ཞལ་གསུང་སྙན་བརྒྱུད་གླེགས་བམ་དུ་བཞུགས་པ་དང་ལམ་རིམ་གྱི་ལོ་རྒྱུས་སོགས་ལས་རྒྱ་ཆེར་འབྱུང་བ་ལྟར་ཤེས་པར་བྱའོ། ༈ །རྗེ་ཙོང་ཁ་པའི་བརྒྱུད་འཛིན་གྲུབ་བརྙེས་རྡོ་རྗེའི་མཚན་ཅན་གསུམ་གྱི་ཡ་གྱལ། འཕན་ཡུལ་བ་དཔལ་ལྡན་རྡོ་རྗེ་ཞེས་མ་དག་པའི་ལུས་གནས་གྱུར་ནས་འཇའ་ཚོན་ལྟ་བུའི་ཡེ་ཤེས་ཀྱི་སྐུར་ཇོ་མོ་ལྷ་རི་ན་བཞུགས་པ་དེས། དག་པའི་སྣང་བར་ཨོ་རྒྱན་རིན་པོ་ཆེ་ལས་དངོས་སུ་གསན་པ་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་སྲོག་ཤིང་དུ་གྲགས་པ་རྒྱལ་བ་བསོད་ནམས་རྒྱ་མཚོར་འབྲས་སྤུངས་གཟིམས་ཆུང་ཉི་འོད་འཁྱིལ་པར་བསྩལ་པའི་རྒྱུན་མ་ཉམས་པར་བཞུགས་པ་ཁོ་བོས་ཀྱང་ནོས། ༈ རྨད་དུ་བྱུང་བའི་པཎ་གྲུབ་ཆེན་པོ་ཤྲཱི་བ་ན་རཏྣ་སྟེ་དཔལ་ནགས་ཀྱི་རིན་ཆེན་ནི་རྒྱ་གར་རྡོ་རྗེ་གདན་གྱི་ཤར་ཕྱོགས་ས་ད་ན་གར་སྟེ་གྲོང་ཁྱེར་དམ་པ་ཞེས་བྱ་བར་ཟླ་བའི་རིགས་ལས་བྱུང་བའི་དཔལ་གྱི་འབྱོར་པ་ཟད་མི་ཤེས་པའི་ཆོས་རྒྱལ་ཆེན་པོའི་སྲས་སུ་འཁྲུངས། རིག་བྱེད་ཡན་ལག་དང་བཅས་པ་ལ་བྱང་ཆུབ། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་བོར་ནས་པཎྜི་ཏ་ཆེན་པོ་རཏྣ་ཀཱིརྟི་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན་ཅིང་སྦྱངས། བྱ་བྲལ་ཀུན་སྤངས་པའི་བརྟུལ་ཞུགས་ཁོ་ནས་ཛམ་བུའི་གླིང་གི་གནས་ཆེན་ཕལ་ཆེར་དུ་རྡོ་རྗེའི་རྣལ་འབྱོར་ལ་ཐུགས་དམ་རྩེ་གཅིག་ཏུ་གཞོལ་བས་ལྷག་པའི་ལྷ་དུ་མས་བྱིན་གྱིས་བརླབས། རྡོ་རྗེ་ཐེག་པའི་ཚོགས་སྦྱོར་གྱི་ཡོན་ཏན་མངོན་དུ་མཛད། ཁྱད་པར་དཔལ་ཤ་བ་རིའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མངོན་དུགྱུར་ནས་འཕགས་པའི་གོ་འཕང་མཐོན་པོར་གཤེགས། གཞན་ཡང་གྲུབ་ཆེན་བིརྺ་པ། སློབ་དཔོན་ངག་གི་དབང་ཕྱུགས་གྲགས་པ། པདྨ་སམ་བྷ་ཝ་སོགས་གྲུབ་པའི་དབང་ཕྱུག་མང་པོའི་ཞལ་མངོན་སུམ་མཇལ་ཞིང་གདམས་ངག་གསན། དཔལ་ཤ་བ་རིའི་ལུང་གིས་བསྐུལ་ནས་བོད་དུའང་སྔ་ཕྱིར་བྱོན་ཏེ་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་དོ། །དེ་ལས་བོད་དུ་སྔོན་མ་བྱོན་པའི་སྐབས་ལྷོ་སྤ་གྲོའི་ཨོ་རྒྱན་ཆེན་པོའི་སྒྲུབ་གནས་སུ་ཆེད་ཀྱིས་ཕེབས་ནས་ཡུན་རིང་ཙམ་བཞུགས། སྤ་གྲོ་འདི་རྒྱ་གར་གྱི་གནས་བཟང་པོ་རྣམས་དང་འདྲ་ཞིང་དགེ་སྦྱོར་འཕེལ་བར་བྱུང་གསུངས། ཁྱད་པར་ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་ཚུལ་ནི། ཐོག་མར་བྲག་ཕུག་ཡིན་སྙམ་བྱེད་པ་ཞིག་ཏུ་བུད་མེད་ཅིག་གིས་ནང་དུ་ཁྲིད། ནང་དེར་ཕྱིན་པ་ན་བྲག་ཕུག་གི་རྣམ་པ་མིན་པའི་ཁང་པ་ཤིན་ཏུ་ལེགས་པ་ཞིག་ན་པདྨ་སམྦྷ་བ་འཁོར་དུ་མས་བསྐོར་བ་མཇལ། དེར་ཡུན་རིང་རབ་ཅིག་བཞུགས། ཚོགས་འཁོར་ཞིག་མཛད་པའང་ལོངས་སྤྱད། དེ་ནས་བཟུང་ལན་མང་དུ་མཇལ་ཅེས་གསུང་དངོས་ལས་འབྱུང་། སྐབས་འདིར་པདྨ་ཚེ་ཁྲིད་ཀྱི་གདམས་པ་ཟབ་མོ་གསན་ཅིང་ཤིན་ཏུ་གསང་བས་ཐུགས་ཉམས་སུ་བཞེས་པ། ཕྱིས་འབྲུག་པ་ཆོས་རྗེ་རྒྱལ་དབང་ཀུན་དགའ་དཔལ་འབྱོར་ལ་གནང་པའི་རྒྱུན་བར་སྐབས་སུ་དར་བར་བྱུང་ནའང་དེང་སང་རྒྱུན་མི་བཞུགས་པར་མངོན། འོན་ཀྱང་རྗེ་བླ་མ་མདོ་སྔགས་གླིང་པ་པཎ་ཆེན་ཉིད་ཀྱི་རྣམ་འཕྲུལ་དུ་ངེས་ཤིང་སྔོན་གནས་རྗེས་དྲན་རེ་གསལ་བ་ཡོད་ཅེས་བཀའ་བསྩལ་པ་དང་། བྱིན་རླབས་ཉེ་བརྒྱུད་ཀྱི་གདམས་པའང་བཞུགས་པར་སྣང་། གྲུབ་ཆེན་འདི་བོད་དུ་རྗེས་མར་བྱོན་སྐབས་རིག་འཛིན་རྒོད་ལྡེམས་ཀྱི་གསང་ཡུམ་མཚན་ལྡན་སྤྲུལ་པའི་ཡུམ་ཆེན་ཅེས་གྲུབ་པའི་དབང་མོ་ཉིད་མི་སྣང་བའི་རྫས་ལ་བརྟེན་ནས་ཕྱག་རྒྱར་བཞེས། དེ་སྐབས་པདྨ་སམ་བྷ་བས་སྦས་པའི་ཆོས་དང་གཏེར་ཁ་ཅི་རིགས་བཞེས་པར་གྲགས་ཀྱང་ལོ་རྒྱུས་གསལ་བར་བཀོད་པ་ནི་མི་སྣང་མཐར་ནཻ་པཱ་ལར་སྐུ་གཤེགས་པའི་ཚུལ་ཞིག་བསྟན་པའི་སྐབས་དུར་ཁྲོད་ར་མ་དོ་ལིར་མཚན་མོའི་ཆར་སྐུ་གདུང་ཞུགས་ལ་ཕུལ་བས་ཡུལ་ཕྱོགས་ཐམས་ཅད་ཁྱབ་པའི་འོད་ཀྱི་་་་་་སྣང་བ་ཆེན་པོ་བྱུང་ཞིང་གདུང་ཡང་རང་ཡལ་དུ་སོང་། དེ་རྗེས་སྐུ་དངོས་སུ་བྱོན་པ་ལན་མང་ཞིང་མངའ་རིས་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་དུ་མཇལ་ཚུལ་གསུངས་པ་ལྟར་དོན་དུ་ཡེ་ཤེས་ཀྱི་སྐུ་གྲུབ་པར་ངེས་སོ། །བོད་འདིར་རྒྱ་པཎ་ཕྱིས་སུ་བྱུང་བ་ལ་གྲུབ་ཆེན་འདི་དང་རྗེ་བཙུན་སྒྲོལ་བའི་མགོན་པོའི་བླ་མ་སངས་རྒྱས་སྦས་པའི་མགོན་པོ་གཉིས་ལས་ལྷག་པ་ནི་མ་བྱུང་བར་འདུག ༈ །འགྲོ་མགོན་གཙང་པ་རྒྱ་རས་ཀྱི་རྣམ་འཕྲུལ་འཁྲུལ་མེད་རང་གི་རིགས་སུ་འཁྲུངས་པ་རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་ཞེས་རྣམ་ཐར་ཡོངས་སུ་གྲགས་པ་དེ་ཉིད་རིག་འཛིན་རཏྣ་གླིང་པའི་ཡང་ཆོས་བདག་གི་གཙོ་བོར་ངེས་ཤིང་། གཏེར་ཁ་གོང་འོག་དང་བླ་མ་དགོངས་འདུས་སོགས་གསན་བསམ་རྒྱ་ཆེར་མཛད་པ་མ་ཟད། གསལ་རྗེ་གངས་ཀྱི་ར་བར་བཞུགས་པའི་སྐབས་ཨོ་རྒྱན་ཆེན་པོས་དངོས་སུ་རྗེས་སུ་བཟུང་ཞིང་རྫོགས་པ་ཆེན་པོའི་གདམས་ངག་བསྩལ་པའི་རྒྱུན་མ་ཉམས་པར་གཞིར་མཛད་དེ་ཀུན་མཁྱེན་པདྨ་དཀར་པོས་ཁྲིད་ཡིག་ཟབ་རྒྱས་སུ་བཞུགས་པའི་རྒྱུན་ད་ལྟའང་མཆིས་སོ། ༈ །བསམ་གཏན་གླིང་པའི་ཨ་ཏིར་གྲགས་པ་ནི། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་ནས་བསོད་ནམས་རྒྱལ་མཆོག་གི་བར་རྗེ་ས་སྐྱ་བའི་བསྟན་འཛིན་འགྲན་ཟླ་དང་བྲལ་བར་བྱོན་པའི་དབོན་རིགས་ལས་རྩེས་ཐང་བསམ་གཏན་གླིང་དུ་སྐུ་འཁྲུངས། མཚན་མཉམ་མེད་ནམ་མཁའ་བསོད་ནམས་སུ་གྲགས། རང་གི་ཁུ་བོ་བསོད་ནམས་རྒྱལ་མཆོག་གིས་ཀྱང་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་གྱིས་རྗེས་སུ་བཟུང་བས་རྐྱེན་བྱས། ངོ་བོ་སྐུ་ཚེ་དུ་མར་རྫོགས་པ་ཆེན་པོའི་དགོངས་པ་ཀློང་དུ་གྱུར་པའི་བག་ཆགས་བཟང་པོ་སད་དེ་ཨོ་རྒྱན་རིན་པོ་ཆེ་སོགས་བླ་མ་དང་ཡི་དམ་མང་པོ་དངོས་ཉམས་རྨི་ལམ་དུ་མཇལ། དམ་པའི་ཆོས་ཀྱི་བདུད་རྩི་བཞེས་པ་ལ་བརྟེན། ཡང་ཕུར་གྱི་བསྐྱེད་རྫོགས་སྙིང་པོར་དྲིལ་བ་དགོངས་པའི་ཀློང་ནས་རང་ཤར་བའི་ཚུལ་གྱིས་གཏན་ལ་ཕབས་པའི་རྒྱུན་ཕྱིས་ཀྱི་བར་དར་རྒྱས་སུ་བྱུང་ནའང་དེང་སང་བཞུགས་མིན་མ་ངེས། ཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་བཀའ་འབུམ་དུ་ལམ་རིམ་མདོར་བསྡུས་བཞུགས་པ་བདག་གིས་ནོས་ཤིང་འཁོན་ལུགས་ཕུར་པའི་ཆོག་བསྒྲིག་བགྱིས་པའི་གྲལ་དུའང་ཁྲིད་ཡིག་བཅས་བཞུགས་པ་ཡིན་ནོ། ༈ །དཔལ་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གནས་ཆེན་ཙ་རི་ཏྲར་ཐུགས་དམ་ལ་བཞུགས་པའི་སྐབས། རྔ་ཡབ་གླིང་ནས་སློབ་དཔོན་ཆེན་པོས་གྲུབ་ཆེན་ཟླ་བ་པ་ཕོ་ཉར་མངགས་ཏེ་ཚེ་སྒྲུབ་ཟབ་མོའི་གདམས་པ་བསྩལ་པ། ཕྱིས་རྗེ་དགུ་པ་དབང་ཕྱུག་རྡོ་རྗེས་མངོན་རྟོགས་ཞི་ཕྲེང་གི་གྲལ་དུ་བཀོད་པར་མཛད་པའི་དབང་གི་རྒྱུན་ད་ལྟའང་མཆིས་སོ། ༈ །བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་ཐུགས་སྲས་ཀྱི་ཐུ་བོ་རྩ་རླུང་གི་ནུས་པ་ཐོབ་པས་རྫུ་འཕྲུལ་དང་མངོན་ཤེས་འགྲན་ཟླ་དང་བྲལ་བའི་རས་ཆེན་དཔལ་འབྱོར་བཟང་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དཔལ་ཙ་རི་ཏྲའི་ཟིལ་ཆེན་གསང་ཕུག་ཏུ་་་་བཞུགས་སྐབས། ཨོ་རྒྱན་རིན་པོ་ཆེས་དངོས་སུ་གནང་བའི་ཚེ་དཔག་མེད་ལྷ་བཅུ་བདུན་ལྟས་དང་ཆོ་འཕྲུལ་དངོས་སུ་སྟོན་པ་མདའ་འཕེལ་མར་གྲགས་པའི་དབང་རྒྱུན་ད་ལྟའི་བར་མཆིས་ཤིང་ཁོ་བོས་ཀྱང་ནོས། གདམས་པ་འདི་ལོ་རོ་རིན་ཆེན་གླིང་པའི་ཚེ་སྒྲུབ་དང་ཚིག་དོན་ཕལ་ཆེར་ཞུས་དག་ཕེར་བ་མ་ཟད་རས་ཆེན་པས་རིན་གླིང་ཚེ་སྒྲུབ་སྐོར་གྱི་རྒྱུན་ཀྱང་གསན་པས་བརྒྱུད་པའི་ཆུ་བོ་གཅིག་འདྲེས་སུ་རུང་བར་མངོན། གོང་གི་ཚེ་སྒྲུབ་དང་། གཏུམ་མོ་ཞག་བདུན་མ། འཕོ་བ་མཁའ་སྤྱོད་མ་རྣམས་ལ་རས་ཆེན་ཆོས་གསུམ་དུ་གྲགས་ཤིང་ད་ལྟའང་བོ་དོང་ཕྱོགས་སུ་དར་རྒྱས་ཆེ་བར་སྣང་། ༈ གྲུབ་པའི་དབང་ཕྱུག་ཆེན་པོ་བོ་དོང་རྟོགས་ལྡན་སངས་རྒྱས་མགོན་པོ་དེ་ཉིད་ཀྱིས་རིང་བརྒྱུད་བླ་མ་རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་ལས་བྱུང་བའི་སེང་གདོང་མའི་སྐོར་གསན་ནས་ཐུགས་ཉམས་སུ་བཞེས་པ་ལ་བརྟེན། ཤངས་རྟ་རྣར་ཡེ་ཤེས་ཀྱི་མཁའ་འགྲོ་སིང་ཧ་མས་དངོས་སུ་རྗེས་སུ་བཟུང་ཞིང་དཔལ་ཨོ་རྒྱན་ཆེན་པོས་སྤྲུལ་པའི་དཀྱིལ་འཁོར་དུ་སྨིན་གྲོལ་རྫོགས་པར་བསྩལ་པ་ལས། རྗེས་གནང་གི་བཀའ་བཅུ་དང་བསྐྱེད་རྫོགས་ལས་ཚོགས་དང་བཅས་པའི་གཞུང་གླེགས་བམ་གཅིག་གི་རྒྱུན་མ་ཉམས་པར་བཞུགས་པ་རྗེས་གནང་རྣམས་ཁོ་བོས་ཀྱང་ནོས་ཤིང་གཏེར་མཛོད་དུ་བཞུགས། གྲུབ་བརྙེས་ཀརྨ་ཆགས་མེད་ཀྱི་སེང་གདོང་མའི་སྐོར་ཡང་གཙོ་བོར་གཞུང་འདི་ལ་བརྟེན་པ་ཡིན་ནོ། ༈ །འབྲུག་ལུགས་དྲག་པོ་ཀཱི་ལ་ཡ་ཞེས་ཐུགས་གཙིགས་སུ་མཛད་པ་ནི། རྒྱལ་དབང་རྗེའི་རྣམ་འཕྲུལ་བྱ་འཇམ་དབྱངས་ཆོས་ཀྱི་གྲགས་པའི་མཆོག་གི་སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པ་པདྨ་དཀར་པོ་ཞེས་འཇིག་རྟེན་ན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་དགུང་སྐེག་ཅིག་གི་སྐབས། དག་པའི་སྣང་བར་རྔ་ཡབ་ནས་ཨོ་རྒྱན་ཆེན་པོ་སྤྲུལ་པ་དང་བཅས་པ་ཕེབས་ནས་གདམས་ངག་བསྩལ་པ་ལྟར་ཡི་གེར་བཀོད་པ་དེང་སང་ཡང་དར་རྒྱས་ཆེ་ལ་ཁོ་བོས་ཀྱང་ལེགས་པར་ནོས། སྤྱིར་རྗེ་འདི་ཉིད་ཀྱི་སྤྲུལ་པའི་སྐུ་རྒྱལ་བ་དཔག་བསམ་དབང་པོ་ནས་ད་ལྟའི་བར་རིམ་པར་བྱོན་ཅིང་འབྲུག་རྙིང་གཉིས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོར་བཞུགས་སོ། ༈ །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་རྒྱལ་སྲས་བསྟན་པའི་འབྱུང་གནས་སམ་འཇའ་ཚོན་མེ་འབར་མཁའ་འགྲོའི་དབང་ཕྱུག་ཏུ་གྲགས་པ་ནི། རིག་འཛིན་མཆོག་ལྡན་མགོན་པོའི་སྲས་སུ་འཁྲུངས། རྣམ་པར་ཐར་པ་ངོ་མཚར་བ་མང་པོ་དང་རྨད་དུ་བྱུང་བའི་མཛད་ཕྲིན་རྒྱ་ཆེ། ཕྱིས་སྐུ་ཚེའི་སྨད་འཕྱོང་རྒྱས་དཔལ་གྱི་རི་བོར་བཞུགས། ཁོང་གི་གཏེར་སྐལ་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་སྐོར་རྣམས་བདུད་པོ་བླ་མཁར་གྱི་སྒོ་དྲུང་དུ་བཞུགས་པ་རྟེན་འབྲེལ་གྱི་བབས་ལས་ཤོག་སེར་དངོས་སུ་མ་བཞེས་ཀྱང་། ཞིང་སྐྱོང་མཁའ་འགྲོས་རྫོགས་པར་གནང་བའི་དག་སྣང་ཐོག་བར་མཐའ་གསུམ་གྱི་གླེགས་བམ་ཞིག་བཞུགས་པ་ཐམས་ཅད་ཀྱིས་ཚད་མར་མཛད་ཅིང་བར་སྐབས་སུ་དར་རྒྱས་ཆེ་བར་བྱུང་སྣང་ནའང་དེང་སང་རྒྱུན་བཞུགས་པར་མ་མངོན། ༈ ཨ་ཙ་ར་ས་ལེ་དང་རྗེ་བཙུན་རས་ཆུང་བའི་རྣམ་འཕྲུལ་སྣང་གསལ་རིག་འཛིན་བཀྲ་ཤིས་རྒྱ་མཚོས་སློབ་དཔོན་རིན་པོ་ཆེ་པདྨ་སམ་བྷ་ཝ་དག་སྣང་གི་ཚུལ་དུ་མཇལ་ནས་གསན་པའི་ཚེ་དཔག་མེད་ཧྲཱིཿགཅིག་མ་ཞེས་སྙན་བརྒྱུད་བཀའ་རྒྱ་སྐོར་སོགས་ཟུར་ཆོས་དབྱིངས་རང་གྲོལ་དང་འབྲི་གུང་ཆོས་ཀྱི་གྲགས་པ་ལས་བརྒྱུད། བར་སྐབས་དར་རྒྱས་བྱུང་ནའང་དེང་སང་རྒྱུན་མི་བཞུགས། ༈ དཔལ་འབྲི་གུང་པ་ཞབས་དྲུང་དཀོན་མཆོག་རིན་ཆེན་ཞེས་རྒྱལ་དབང་བསོད་ནམས་རྒྱ་མཚོའི་ཡང་སྲིད་དུ་གྲགས་པ་དེ་ཉིད་ལ་ཐུགས་རྗེ་ཆེན་པོ་སོགས་རྩ་གསུམ་གྱི་དག་སྣང་སྐོར་པུསྟི་ཞིག་བཞུགས་པ་དབང་ལུང་གི་རྒྱུན་བར་་་་་་་་སྐབས་སུ་ཡོད་ནའང་ད་ལྟ་བཞུགས་པར་མ་མངོན། ༈ རྗེ་རིན་ཆེན་ཕུན་ཚོགས་ཀྱི་རྣམ་འཕྲུལ་འབྲི་གུང་པ་ཆོས་ཀྱི་གྲགས་པ་ཞེས་གནས་ལྔ་རིག་པའི་པཎྜི་ཏ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ལ་སྤྱིར་ཟབ་གཏེར་གྱི་བཀའ་བབས་ཀྱང་དངོས་སུ་འདོན་པར་མ་མཛད་ཅིང་དཔལ་འཁོར་ལོ་སྡོམ་པ་དང་འཇམ་དཔལ་གཤིན་རྗེ་ཚེ་བདག་ནག་པོ་དང་། ནཱ་ག་རཀྴ་སོགས་བླ་མ་དང་ལྷག་པའི་ལྷ་མང་པོས་དངོས་སུ་རྗེས་སུ་བཟུང་བ་ལ་བརྟེན་གཤིན་རྗེ་ཡང་ཟློག་སྐོར་ཟབ་ཅིང་རྒྱ་ཆེ་བ་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་པའི་རྒྱུན་དར་རྒྱས་སུ་བྱུང་བ་དང་། གནམ་མཚོའི་བཀྲ་ཤིས་དོ་བོ་ཆེར་བཞུགས་སྐབས་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་ཁྱད་ཅན་ལུང་བྱང་དང་བཅས་དག་སྣང་དུ་བྱུང་བ་དར་རྒྱས་ཆེ་ཞིང་ཁོ་བོས་ཀྱང་རྫོགས་པར་ནོས་པ་ཡིན་ནོ། ༈ །པཎ་ཆེན་བི་མ་ལ་དང་། ཀུན་མཁྱེན་དྲི་མེད་འོད་ཟེར་ཟུང་དུ་འཇུག་པའི་ཐུགས་རྗེའི་རང་གཟུགས་ལྷ་བཙུན་ནམ་མཁའ་འཇིགས་མེད་ནི། ལྷོ་རྒྱུད་བྱར་ཡུལ་ལྷ་བཙད་པོའི་རིགས་ལས་མེ་མོ་བྱ་ལོར་འཁྲུངས། མཛོད་སྤུ་དང་ལྗགས་དང་ཤངས་རྩེར་ཨའི་མཚན་མ་ཤིན་ཏུ་གསལ་བ་སོགས་ངོ་མཚར་བའི་མཚན་རྟགས་དུ་མ་མངའ། གསུང་སྙན་རི་ཁྲོད་དུ་སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར་ལས་རབ་ཏུ་བྱུང་བའི་མཚན་ཀུན་བཟང་རྣམ་རྒྱལ་དུ་གསོལ། ཐང་འབྲོག་གྲྭ་ཚང་དུ་གསན་བསམ་མང་དུ་མཛད། ཁྱད་པར་རྫོགས་ཆེན་པ་བསོད་ནམས་དབང་པོ་ལས་སྙིང་ཏིག་གདམས་སྐོར་རྫོགས་པར་གསན་ནས་ཐུགས་ཉམས་སུ་བཞེས་པས་རྟོགས་པའི་གདིང་ཚད་བརྙེས། བོད་ཡུལ་གྱི་གནས་ཆེན་ཐམས་ཅད་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། མགྲིན་པའི་རྩ་མདུད་གྲོལ་བས་གང་གསུང་ཐམས་ཅད་ཚིག་དོན་བཟང་པོ་འབའ་ཞིག་བྱུང་། རྒྱ་གར་དུ་མུ་སྟེགས་ཀྱི་རྒྱལ་པོ་བཏུལ་ནས་ནང་པའི་བསྟན་པ་ལ་བཀོད་པ་དང་། བོད་དུ་ལྷ་འདྲེ་རྣམས་གྲོགས་སུ་བསྐུལ་ནས་བསམ་ཡས་ཞིག་གསོས་མཛད་ཅིང་ཙ་རིར་རི་ཆེན་ཉིལ་བ་ལ་ལྟ་སྟངས་དང་སྡིགས་མཛུབ་ཀྱིས་ཟློག་པ་སོགས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར། རིག་འཛིན་འཇའ་ཚོན་སྙིང་པོ་སོགས་ཀྱི་བཀས་བསྐུལ་ཏེ་བོད་ཁམས་སྤྱིའི་བདེ་ཐབས་སུ་འབྲས་གཤོང་ལྷ་རི་འོད་གསལ་སྙིང་པོར་ཞབས་ཀྱིས་བཅགས་ནས་གནས་སྒོ་ཕྱེས། ལུང་དོན་ལྟར་གཙུག་ལག་ཁང་དང་སྒྲུབ་སྡེ་བཏབ། བྲག་དཀར་བཀྲ་ཤིས་སྡིངས་སུ་མཁའ་འགྲོས་ལུང་བསྟན་པ་བཞིན་ཌཱ་ཀི་སྙིང་གི་ཕུག་པར་བཞུགས་པའི་སྐབས་སུ་ཨ་ཏི་བླ་མེད་སྙིང་ཐིག་གི་གདམས་པ་ཐུན་མོང་མ་ཡིན་པ་རིག་འཛིན་སྲོག་སྒྲུབ་ཀྱི་ཆོས་སྐོར་རྣམས་དག་སྣང་གི་ཚུལ་དུ་བྱུང་། ཡང་གནས་ཀྱི་ཡན་ལག་ལྗག་མ་ལུང་ཞེས་པར་ཕེབ་དུས་རྗེ་བཙུན་བསོད་ནམས་དབང་པོ་སྟག་ལ་ཆིབས་པ་ཞིག་ཞལ་གཟིགས་ནས་རིག་པའི་རྩལ་དབང་བསྐུར་བའི་དག་སྣང་ལས་གཏེར་ཁ་ཀུན་གྱི་ཡང་ཏིག །སྙན་བརྒྱུད་དག་གི་གནད་འགག །མཐོང་ཐོས་དྲན་རེག་གྲོལ་བར་བསྔགས་པའི་རྡོ་རྗེ་སྙིང་པོ་སྤྲིན་གྱི་ཐོལ་གླུའི་སྐོར་བྱུང་བ་བཅས། སོ་སོར་གཏན་ལ་ཕབས་ཏེ་སྐལ་ལྡན་རྣམས་ལ་སྨིན་གྲོལ་གྱི་བདུད་རྩི་བསྩལ། གཞན་ཡང་རྫོགས་པ་ཆེན་པོ་འཆད་སྤེལ་གྱི་ཕྲིན་ལས་རྒྱ་ཆེན་པོ་བསྐྱངས་པ་ལས་འབྲས་ལྗོངས་རྫོགས་ཆེན་པ་ཞེས་བརྒྱུད་འཛིན་གྱིས་ཕྱོགས་ཐམས་ཅད་ཁྱབ། གདམས་ངག་གི་རྒྱུན་ཡང་ད་ལྟའི་བར་མ་ཉམས་པར་བཞུགས་པ་ལས་རིག་འཛིན་སྲོག་སྒྲུབ་ཀྱི་ཆོས་སྐོར་ཚང་བ་བདག་གིས་ཀྱང་ཐོབ། ཕྱི་དུས་འདིར་བརྟུལ་ཞུགས་ཀྱི་སྤྱོད་པ་མཐར་ཕྱིན་པའི་གྲུབ་ཐོབ་འདི་ལས་ལྷག་པ་སུའང་མ་བྱོན་པར་གྲགས་སོ། ༈ །གནུབས་སངས་རྒྱས་ཡེ་ཤེས་དང་དྲན་པ་ནམ་མཁའ་ཟུང་དུ་འཇུག་པའི་རྣམ་འཕྲུལ་པད་གླིང་གདུང་རབས་ལྔ་པར་བྱོན་པ་མྱོས་སྟོན་རིག་འཛིན་ཆེན་པོ་གསང་བདག་ཕྲིན་ལས་ལྷུན་གྲུབ་ཅེས་སྔ་འགྱུར་བསྟན་པའི་སྲོག་ཤིང་དུ་གྱུར་པ་དེ་ཉིད་ལ་མཁའ་འགྲོ་བདེ་ཆེན་རྒྱལ་མོས་བླང་དོར་གསལ་བར་སྟོན་པའི་ལུང་བྱང་་་དང། བམ་རོ་ལ་བརྟེན་ནས་ལུས་སྣང་སྟོང་རྩའི་རང་ཞལ་སྟོན་པ། གུ་རུ་རིན་པོ་ཆེས་བྱིན་གྱིས་བརླབས་པའི་ཚུལ་སོགས་ངོ་མཚར་བའི་དག་སྣང་ཡི་གེར་བཀོད་པ་ཡོད་འདུག ༈ །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྲིན་ལས་ཀྱི་སྤྲུལ་པ་གཏེར་ཁ་གསར་རྙིང་མང་པོ་ནས་ལུང་བསྟན་ཅིང་གངས་ཅན་མགོན་པོ་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་རང་གཟུགས་སུ་གྲུབ་པ་རྒྱལ་མཆོག་ལྔ་པ་གསང་མཚན་རྡོ་རྗེ་ཐོགས་མེད་རྩལ་དུ་གྲགས་པ་ནི། འཕྱོང་རྒྱས་སྟག་རྩེའི་ཟ་ཧོར་གྱི་རྒྱལ་རྒྱུད་ལས་ཡབ་མི་དབང་བདུད་འདུལ་རབ་བརྟན་དང་། ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་མེ་མོ་སྦྲུལ་ལོར་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། རིག་འཛིན་ངག་གི་དབང་པོས་ཚེ་གུར་གྱི་དབང་བཀའ་ཉེན་སེལ་དུ་མཛད་ནས་ཐོག་མའི་དགེ་མཚན་དུ་གྱུར། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེར་ངོས་འཛིན་མཛད་ནས་དཔལ་ལྡན་འབྲས་སྤུངས་པའི་ཆོས་སྡེ་ཆེན་པོར་སྤྱན་དྲངས། གཙུག་ཕུད་བཞེས་པའི་མཚན་ངག་དབང་བློ་བཟང་རྒྱ་མཚོར་གསོལ་ནས་སེང་གེའི་ཁྲིར་བཀོད། བཅུ་ཕྲག་རིག་པའི་གནས་ལ་བྱང་ཆུབ་པར་མཛད། མཁས་གྲུབ་ཀྱི་ཡོངས་འཛིན་ཁྱད་པར་ཅན་མང་དུ་བསྟེན་ནས། ས་དགེ་རྙིང་གསུམ་གཙོ་བོར་གྱུར་པའི་དེ་སྐབས་བོད་དུ་མདོ་སྔགས་ཀྱི་བཤད་པ་སྔགས་ཀྱི་དབང་ལུང་མན་ངག་རྒྱུན་བཞུགས་པ་ཕལ་ཆེར་གསན་བསམ་མཐར་ཕྱིན་པར་མཛད་པའི་གསན་ཡིག་གླེགས་བམ་བཞིར་བཞུགས་པ་ཐམས་ཅད་ཀྱིས་ཚད་མར་མཛད། ཐུགས་དམ་ཉམས་བཞེས་ཀྱི་སྒོ་ནས་སྤང་རྟོགས་ཀྱི་རྩལ་རྫོགས། ཁྱད་པར་ཟབ་མོ་དག་སྣང་གི་བཀའ་བབས་ཚུལ་ནི། དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་ལུང་ལས། ཉི་ཤུ་རྩ་ལྔ་ཁྱད་པར་ཐུགས་གཏེར་ལྔ༔ ད་ལྟ་མགོ་ནག་མི་ཡི་རྒྱལ་པོ་ཁྱོད༔ སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན༔ ཞེས་འཁྲུལ་མེད་རྡོ་རྗེའི་ལུང་གིས་བསྟན་པ་ལྟར། དཔལ་བསམ་ཡས་སུ་ཕེབས་སྐབས་དངོས་གཏེར་གྱི་རྟེན་འབྲེལ་བྱུང་ནའང་ཡུལ་དུས་གནས་སྐབས་ཀྱི་དབང་གིས་བདག་གིར་མ་མཛད་མོད། ཕྱིས་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་དངོས་སུ་ཞལ་བསྟན་ཏེ་ལུང་བསྟན། དབང་བསྐུར་བརྙེས་པ་ལྟར་ཡི་གེར་བཀོད་དེ་གསང་བ་རྒྱ་ཅན་དུ་མཚན་གསོལ་བའི་ཆོས་སྡེ་ཉི་ཤུ་རྩ་ལྔ། ཁ་སྐོང་ལྗགས་བསྒྲིག་དང་བཅས་གླེགས་བམ་གཉིས་བཞུགས་པ་ཆོས་རྒྱལ་གཏེར་བདག་གླིང་པ། རིག་འཛིན་པདྨ་ཕྲིན་ལས་སོགས་སྔ་འགྱུར་གྱི་རིང་ལུགས་འཛིན་པ་གཙོར་གྱུར་པའི་མཆོག་གི་འདུས་པ་རྣམས་ལ་སྨིན་གྲོལ་ཡོངས་སུ་རྫོགས་པརབ་སྩལ་པས་དར་རྒྱས་ཤིན་ཏུ་ཆེ་བར་བྱུང་ཞིང་ད་ལྟའི་བར་རྒྱུན་མ་ཉམས་པར་བཞུགས་པ་ཁོ་བོས་ཀྱང་ཚང་བར་ནོས། སྲིད་ཀྱི་ངོས་ནས་དགུང་ལོ་ཉེར་ལྔ་པར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་མངའ་རིས་དབུས་གཙང་རྣམས་དཔུང་ཤེད་ཀྱིས་བླངས་ནས་ལྷ་སྡེ་མི་སྡེ་ཐམས་ཅད་ཆབ་འབངས་སུ་ཕུལ། དེ་རྗེས་ཤར་ཕྱོགས་གོང་མ་ཆེན་པོས་པི་ཅིང་དུ་སྤྱན་དྲངས་ཏེ་འཇའ་ས་གསེར་ཡིག་ཤེལ་བམ་དང་བཅས་ཕུལ་ནས་ཏི་ཤྲིར་བསྐུར་བ་ནས་བཟུང་ད་ལྟའི་བར་བོད་ཁམས་ལུགས་གཉིས་ཀྱིས་བདེ་བར་སྐྱོང་བའི་བདག་པོ་ཆེན་པོར་གྱུར། ཆོས་ཀྱི་ངོས་ནས་མདོ་སྔགས་གསར་རྙིང་བཀའ་གཏེར་གྱི་ཆོས་འཁོར་མཐའ་ཡས་པ་བསྐོར་བས། དཔལ་ས་སྐྱ་པ་ཡབ་སྲས། འབྲི་སྟག་འབྲུག་པ་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་དང་། དགའ་ལྡན་ཁྲི་གདན་ཟུར་སོགས་བླ་ཆེན་རྣམས་ནས་བཟུང་། གངས་ཅན་གྱི་བསྟན་འཛིན་ཕལ་མོ་ཆེ་ཞལ་སློབ་ཏུ་གྱུར། བྱེ་བྲག་སྔ་འགྱུར་རིང་ལུགས་འཛིན་པའི་ཤིང་རྟ་ཆེན་པོ་ཆོས་རྒྱལ་གཏེར་བདག་གླིང་པ་དང་རིག་འཛིན་པདྨ་ཕྲིན་ལས། ལྷོ་བྲག་ཐུགས་སྲས་བསྟན་འཛིན་འགྱུར་མེད་རྡོ་རྗེ་སོགས་གྲུབ་མཐའི་རྐང་སློང་ནུས་པའི་གང་ཟག་མང་དུ་བྱོན་ཅིང་སྔ་འགྱུར་གྱི་བསྟན་པ་ལ་དངོས་དང་བརྒྱུད་པའི་སྒོ་ནས་བཀའ་དྲིན་འགྲན་ཟླ་དང་བྲལ་བར་གྱུར། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་གྲངས་དྲུག་ཅུ་རྩ་བཞི་པར་ནག་ཟླའི་ཚེས་ཉེར་ལྔ་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་བདེ་བར་གཤེགས། དེ་མ་ཐག་པའི་རྣམ་འཕྲུལ་མོན་པད་གླིང་གི་གདུང་རྒྱུད་དུ་འཁྲུངས་པ་རིན་འཛིན་ཚངས་དབྱངས་རྒྱ་མཚོ་ནས་ད་ལྟའི་བར་རིམ་པར་བྱོན་པ་འཛམ་གླིང་ན་ཡོངས་སུ་གྲགས་པ་ལྟར་རོ། ༈ །ཡང་སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེའི་གདམས་པ་ཁྱད་པར་ཅན་ཚེ་གཅིག་ལ་འོད་ལུས་སྒྲུབ་བྱེད་བྷྲཱུ་རླུང་གི་མན་ངག་ནི། སློབ་དཔོན་ཆེན་པོས་འཕགས་པའི་ཡུལ་དུ་གྲུབ་ཆེན་མ་ཧཱ་ནཱ་ཐ་ཞེས་བྱ་བར་སྤྲུལ་ནས་སྐལ་ལྡན་ཞིག་ལ་གདམས་པ་གནང་བས་དེ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་ཛ་ཧཱ་བཱིར་ཏེ་ཟ་བའི་དཔའ་བོ་ཞེས་པར་གྱུར་ནས་འོད་ལུས་ཡེ་ཤེས་ཀྱི་སྐུ་གྲུབ། དེ་ལ་ཟག་མེད་འཇའ་ལུས་གྲུབ་པའི་སློབ་མ་མཐའ་ཡས་པ་ཞིག་བྱོན་པའི་ནང་ནས་ཡོངས་གྲགས་ཀྱི་བུ་ཆེན་ནཱ་ཐའི་མཚན་ཅན་བརྒྱད་བཞུགས་ཤིང་། དེ་དག་རྣམས་ནི་དེང་སང་ཡང་སྐལ་པ་དང་ལྡན་པས་ཞལ་མཇལ་ཞིང་གསུང་གི་བདུད་རྩི་ཐོབ་པར་གྲགས་ལ། དེ་དག་གི་ནང་ནས་བླ་མའི་ལུང་བསྟན་ལྟར་ཐོག་མར་མ་ཎི་ཀ་ནཱ་ཐ་བོད་དུ་བྱོན་ནས་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་ཛ་བཱིར་གྱི་གདམས་པ་རྩ་བ་ཙམ་གནང་བ་ནི་བཀའ་བབས་དང་པོ་ཡིན་ལ། དེ་རྗེས་བཛྲ་ནཱ་ཐ་བྱོན་ནས་འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་ཛ་བཱིར་རླུང་ཁྲིད་ཕྱི་ནང་གསང་གསུམ་གྱི་གདམས་པ་བསྩལ་བ་བཀའ་བབས་བར་པ་དང་། ཕྱིས་ལྷ་སྲས་མུ་ནེ་བཙད་པོའི་རྣམ་འཕྲུལ་གྲུབ་ཆེན་ཉི་ཟླ་ཀློང་གསལ་ལ་ཡོངས་རྫོགས་ཉེ་བརྒྱུད་དུ་བྱུང་བ་ནི་བཀའ་བབས་གསུམ་པ་སྟེ། དེའང་རིང་བརྒྱུད་ལྟར་ན། འབྲི་གུང་རིན་ཆེན་ཕུན་ཚོགས་ལས་རྫོགས་ཆེན་པ་ཚུལ་ཁྲིམས་སངས་རྒྱས་ཀྱིས་གསན་ནས་ཟབ་བུའི་གཏེར་ལུང་བདུན་པར་མི་ལོ་བདུན་དུ་ཛ་བཱིར་གྱི་རླུང་ཟས་ཁོ་ན་མཛད་པས་རླུང་སེམས་ལ་རང་དབང་ཐོབ། བཀོད་པ་ལུས་ཀྱི་རྫུ་འཕྲུལ་དུ་མ་བསྟན། ཡུལ་ཉེར་བཞི་དང་སངས་རྒྱས་ཀྱི་ཞིང་རྣམས་སུ་བགྲོད་ནུས་པ་དེ་ལས་མངའ་རིས་པ་འོད་གསལ་མཆོག་ལྡན་གྱིས་གསན། དེ་ནི་སྐྱེས་ཆེན་ཁྱད་པར་ཅན་དུ་མ་བསྟེན་ནས་གསར་རྙིང་གི་ཆོས་དང་གདམས་པའི་མཛོད་དུ་གྱུར་པ་ཡིན་ཞིང་། ཁྱད་པར་བྷྲཱུ་རླུང་ལ་ཉམས་བཞེས་མཐར་ཕྱིན་པ་མཛད་པས་གྲུབ་ཆེན་ཛ་ཧཱ་བཱིར་ཞལ་ལན་གསུམ་དུ་གཟིགས་ནས་བྱིན་གྱིས་བརླབས། གཞན་ཡང་གྲུབ་ཐོབ་རྣམ་བཞི་ཞལ་གཟིགས་ནས་གདམས་པ་ཁྱད་པར་ཅན་མང་པོ་དག་སྣང་དུ་བྱུང་། དགུང་ལོ་བརྒྱ་དང་ལྔ་བཅུ་ང་བདུན་བཞུགས། དེ་ལས་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས་ཆོས་རྒྱལ་གསུང་སྤྲུལ་དྷརྨའི་མིང་ཅན་འབྱུང་བར་གསུངས་པའི་བྲེས་གཤོང་བླ་ཆེན་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེས་གསན་པ་སྟེ། འདིའང་སྐྱེས་ཆེན་དམ་པའི་མཚན་ཉིད་ཡོངས་སུ་རྫོགས་པ་ཚང་ཞིང་གསར་རྙིང་བཀའ་གཏེར་རིང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས། གོང་ར་ལོ་ཆེན་སོགས་ཡོངས་འཛིན་མང་དུ་བསྙེན་ནས་སྒྲོ་འདོགས་ཕྱོགས་མེད་དུ་བཅད། དཀའ་སྤྱད་སྙིང་རུས་དྲག་པོས་རྩེ་གཅིག་ཏུ་བསྒྲུབས་པས་གནས་ལུགས་མངོན་དུ་གྱུར་ནས་གྲུབ་པ་བརྙེས། དུས་གསུམ་ས་ལེར་མཁྱེན་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ། དེ་ལས་གྲུབ་ཆེན་ཉི་ཟླ་ཀློང་གསལ་གྱིས་གསན་པ་སྟེ། འདི་ཉིད་སྐུ་ཆུང་ངུ་ནས་མཁའ་འགྲོ་མང་པོས་ཞབས་ཏོག་བྱེད་པ་དང་། ཡེ་ཤེས་ཌཱ་ཀི་སུ་ཁ་སིདྡྷིས་ཡང་ཡང་བྱིན་གྱིས་བརླབས་ཤིང་ཆོས་དྲུག་གི་གདམས་ངག་འཁྲུལ་འཁོར་དང་བཅས་པ་གནང་། རྩ་འཁོར་རྣམས་ཀྱང་ངོ་སྤྲོད་བསྩལ། དགུང་ལོ་བཅུ་པར་ཛ་བཱིར་གྱི་གདམས་པའི་ཤོག་དྲིལ་ཞིག་ནམ་མཁའ་ནས་ཕྱག་ཏུ་བབས་པས་ཕ་མ་གཉེན་ཚན་ནོར་རྫས་ཐམས་ཅད་བློས་ལིང་གིས་བཏང་ནས་རིག་འཛིན་ཆོས་རྒྱལ་རྡོ་རྗེ་ལས་རྫོགས་ཆེན་གཙོ་བོར་གྱུར་པའི་བཀའ་གཏེར་རབ་འབྱམས་ཀྱི་དབང་ལུང་ཁྲིད་ཚུལ་མང་པོ་དང་། ཁྱད་པར་ཛ་བཱིར་གྱི་གདམས་སྐོར་ཡོངས་རྫོགས་གསན། བླ་མས་ཀྱང་སྐལ་ལྡན་དུ་དབུགས་དབྱུང་གཟེངས་བསྟོད་བསྩལ་ཅིང་འགྲོ་དོན་བྱེད་པའི་རྒྱལ་ཚབ་ཏུ་མངའ་གསོལ། ངེས་མེད་ཀྱི་རི་ཁྲོད་དུ་མི་ལོ་དྲུག་བདུན་ཙམ་ལ་མི་ཟས་རགས་པ་སྤངས་ནས་དཀའ་ཐུབ་བཅུད་ལེན་གྱི་རིགས་ལ་བརྟེན། རླུང་ཟས་ཀྱི་གདམས་ངག་ཁོ་ན་བསྒོམ་པས་ཡེ་ཤེས་མཁའ་འགྲོས་བདེ་སྟེར་གྱི་གྲོགས་དང་གེགས་སེལ་བོག་འདོན་མཛད། ཁྱད་པར་གྲུབ་ཆེན་ཛ་ཧཱ་བཱིར་མངོན་སུམ་དུ་མཇལ་ཞིང་ཞག་གྲངས་བཅུ་གསུམ་བར་འབྲལ་བ་མེད་པར་བཞུགས་ནས་གདམས་ངག་ཉེ་བརྒྱུད་དུ་བསྩལ། ཉིན་རེ་བཞིན་མེ་དབང་བྱིན་འབེབས་བཀྲ་ཤིས་རྣམས་ཚར་རེ་མཛད་པས་དེ་ཕྱིན་ཆད་རླུང་སེམས་ལ་རང་དབང་ཐོབ་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཛ་བཱིར་རླུང་ཁྲིད་འཇའ་ལུས་སྣང་སྟོང་རང་གྲོལ་ཆོས་ཚན་ཉི་ཤུ་པ་གཏན་ལ་ཕབས། གཞན་ཡང་གུ་རུ་རིན་པོ་ཆེ་སོགས་རྩ་གསུམ་རབ་འབྱམས་ཀྱིས་རྗེས་སུ་བཟུང་སྟེ་དག་སྣང་ཆོས་སྐོར། བླ་མ་ཡེ་ཤེས་རང་གསལ། ཚེ་དབང་། སྨེ་བརྩེགས། མཁའ་འགྲོའི་དབང་། རྩ་རླུང་ཁྲིད། ལུང་ཆོས་སྡེ་ཉེར་གསུམ། ཐོག་སྲུང་ཤིན་ཏུ་ཟབ་པ་ྀཨཚ་མ་སོགས་བཞུགས་པ་ལས་ཁོ་བོས་ཀྱང་འཇའ་ལུས་སྣང་སྟོང་རང་གྲོལ་གྱི་སྨིན་གྲོལ་ཡོངས་རྫོགས་རྗེ་བླ་མའི་བཀའ་དྲིན་ལས་ནོས། གདན་ས་གཙང་པོ་བྱང་རྒྱུད་གཡང་ཆོས་པདྨ་ལྷུན་སྡིངས་ཡིན་ཞིང་། རྒྱུད་འཛིན་གཙོ་བོ་གར་དབང་རྡོ་རྗེའི་ཡང་སྲིད་ཐུགས་སྲས་ཀུན་བཟང་ཆོས་དབང་རྡོ་རྗེ་འཛིན་པ་ནས་ད་ལྟའི་བར་སློབ་བརྒྱུད་དང་སྲས་རྒྱུད་བར་མ་ཆད་པར་བྱོན་ཅིང་། གདན་ས་འདི་རྒྱུ་དམག་དུས་ཀྱང་སྲུང་མས་བསྒྲིབས་ཏེ་གནོད་མ་ནུས་ཤིང་གར་དབང་རྡོ་རྗེའི་གཏེར་ཆོས་ཕལ་ཆེར་གྱི་དབང་ལུང་ཕྱག་བཞེས། རྡོར་སེམས་དུས་ཁྲིད་མ་ཉམས་པར་བཞུགས་སོ། ༈ །ལོ་ཆེན་བཻ་རོ་དང་ཤུད་བུ་དཔལ་གྱི་སེང་གེ་ཟུང་དུ་འཇུག་པའི་རྣམ་རོལ་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་ཡང་སྲིད་དེ་མ་ཐག་པ་རིག་འཛིན་མི་འགྱུར་རྡོ་རྗེ་ནི། ལྷོ་རྒྱུད་ངོམ་གྱི་ཡུལ་དུ་ཆོས་རྒྱལ་གྱི་གདུང་རྒྱུད་ལས་སྐུ་འཁྲུངས། གསུང་བརྡའ་འཕྲོད་ཙམ་ནས་སྔོན་གནས་ཀྱི་ཚུལ་གསལ་བར་གསུངས་པ་དང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་སྤྱན་ལྟས་དང་བསྟུན། དགུང་ལོ་ལྔ་བཞེས་པའི་དུས་དཔལ་རི་རྩེར་སྤྱན་དྲངས། ལྗགས་ཀློག་སོགས་སྦྱངས། བཙོག་གྲིབ་ཀྱིས་གོས་པ་ལ་ཆགས་མེད་རིན་པོ་ཆེས་སྐུ་ཁྲུས་ཡང་ཡང་མཛད་པས་སྔོན་གྱི་གནས་གསལ་བར་དྲན་ཞིང་ཐོག་མར་འོད་དཔག་མེད་དང་ཨོ་རྒྱན་ཆེན་པོའི་ཞལ་གཟིགས། སྔོན་གྱི་སྐྱེ་བ་ཉིས་བརྒྱ་ཙམ་ཐ་ལེར་དྲན་ཅིང་གཞན་སེམས་མཁྱེན་པའི་མངོན་ཤེས་ཤར། དགུང་ལོ་བཅུ་གཉིས་པ་ནས་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་རྣམས་རིམ་པར་ཞལ་བསྟན་ཅིང་གདམས་ངག་བསྩལ་པ་རྣམས་ཆགས་མེད་ཞབས་ཀྱིས་ཡི་གེར་བཀོད་པ་ལ་གནམ་ཆོས་ཞེས་པའི་མཚན་གསོལ་བ་པོད་ཆུང་བཅུ་གཉིས་བྱོན། དགུང་ལོ་བཅུ་དྲུག་པ་ནས་ཟབ་མོ་དགོངས་པའི་གཏེར་ཐུགས་ལས་བརྡོལ་ཏེ་ཡི་གེར་བཀོད་པ་པུསྟི་གཉིས་བཞུགས། དེ་དག་འབེབས་རིམ་བཞིན་ཆགས་མེད་རིན་པོ་ཆེས་ཉམས་བཞེས་རྟགས་ཐོན་པར་མཛད་ཅིང་ཆོས་བཀའ་སོ་སོར་ཉེར་མཁོའི་ཆོག་བསྒྲིག་དང་ཁྲིད་ཡིག་འདུས་གསལ་གྱི་ཡིག་ཆ་མང་དུ་བཀོད། འདི་དག་གི་སྨིན་གྲོལ་ལས་ཚོགས་དང་བཅས་པ་ལ་བྱིན་རླབས་ཀྱི་བབས་གཞན་ལས་ཁྱད་པར་དུ་ཆེ་ཞིང་ཐ་ན་མདོས་ཕྲན་ཙམ་གྱིས་ཀྱང་ཕན་ཐོགས་ཤིན་ཏུ་ཆེ་བ་མངོན་སུམ་གྱིས་གྲུབ། བར་སྐབས་སུ་ཐུགས་དམ་བཅད་རྒྱའང་ལོ་གསུམ་མཛད་ཅིང་དེའི་སྐབས་ཡ་མཚན་པའི་ལྟས་ཡུལ་མི་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་། བཟའ་བཏུང་དང་ཀ་ཅ་ཅུང་དཀོན་པར་བྱུང་བའི་ཚེ་རྟེན་འབྲེལ་ཅུང་ཟད་མཛད་པས་ཕོངས་མེད་དུ་འབྱུང་བ་ལན་མང་དུ་མཛད། ཆགས་མེད་ཉིད་ཀྱིས་མཚམས་སྦྱར་ནས་རིག་འཛིན་བདུད་འདུལ་རྡོ་རྗེ་དང་མཇལ་འཛོམ་ཐོག་ཕན་ཚུན་ཆོས་འབྲེལ་གསན་བཞེས་དང་བདུད་འདུལ་བས་བཀུར་བཟོས་ཆེན་པོ་མཛད་ཅིང་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར། ནང་ཆེན་དུ་ཕེབས་ནས་རྫ་སྟོད་སྐྱོ་བྲག །མཁའ་འགྲོ་འབུམ་རྫོང་། ན་བུན་རྫོང་སོགས་གནས་ཆེན་དགུ་ཙམ་གྱི་གནས་ཞལ་གསར་འབྱེད་མཛད། དགུང་ལོ་བཅུ་དགུ་པར་ཀཿཐོག་ཕྱོགས་ནས་གདན་འདྲེན་དང་དུས་བབས་ལ་བརྟེན་ཆིབས་བསྐྱོད་ནས་ས་སྐྱོང་སྡེ་དགེའི་རྒྱལ་ཁབ་དང་དཔལ་ཀཿཐོག་གི་གདན་སར་ཕེབས། རིམ་པར་འབྲི་རྒྱུད་ས་ངན་དང་སྨར་ཁམས་སོགས་སུ་ཞབས་ཀྱིས་བཅགས། ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་ནས་མཐོང་ཐོས་དྲན་རེག་ཐམས་ཅད་འབྲེལ་ཚད་དོན་ལྡན་གྱི་ས་ལ་བཀོད། རྨུགས་སང་གི་གནས་སུ་གདན་ཕབས་སྟེ་རྒྱུད་འཛིན་གྱི་གཙོ་བོ་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་སོགས་འདུས་པ་སྔ་ཕྱི་སྟོང་ཕྲག་གཉིས་རེ་ཙམ་ལ་རང་གཏེར་གནམ་ཆོས་ཚང་མའི་དབང་ལུང་ཉམས་ཁྲིད་ལན་གཉིས་སུ་མཛད་པས་མཚོན། བསྟན་འགྲོའི་དོན་རླབས་པོ་ཆེ་མཐར་ཕྱིན་ནས་དགུང་ལོ་ཉེར་བཞི་པ་ལ། ཞིང་ཁམས་མེ་ཏོག་བཀོད་པར་རྒྱལ་བ་མེ་ཏོག་མྱ་ངན་ལས་འདས་པའི་རྒྱལ་ཚབ་ཏུ་འགྲོའོ་གསུངས་ནས་ནག་པ་ཟླ་བའི་ཚེས་བཅུ་དྲུག་ལ་གཟུགས་སྐུའི་བཀོད་པ་བསྡུས་ཤིང་སྤྲུལ་པའི་རྣམ་རོལ་ཉི་ཤུ་རྩ་ལྔ་འབྱུང་བར་གསུངས། རྗེ་འདིས་ས་གཏེར་བརྒྱ་རྩ་འདོན་པའི་ལུང་བསྟན་ཡོད་ཀྱང་རྟེན་འབྲེལ་གྱི་གནད་འགའ་ཞིག་གིས་ཕྱག་ཏུ་མ་སོན་པས་ཕྱིས་སྟག་ཤམ་རྡོ་རྗེ་དང་ཡོངས་དགེ་མི་འགྱུར་རྡོ་རྗེ་རྣམས་ལ་ཐུགས་རྒྱུད་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་པར་ཡང་བཤད། རྒྱུད་འཛིན་གནས་མདོ་དང་དཔལ་ཡུལ་གྱི་ཆོས་རྒྱུན་རྣམས་ལས་མདོ་སྨད་ཕལ་ཆེར་ཆོས་འདིའི་ཕྲིན་ལས་ཀྱིས་ཁྱབ་ཅིང་ཁོ་བོས་ཀྱང་ཚང་བར་ནོས་པ་ཡིན་ནོ། །རིག་འཛིན་དེ་ཉིད་ཀྱི་རྣམ་འཕྲུལ་དེ་མ་ཐག་པར་ལུང་གིས་ཟིན་པ་རྨོག་གྲུབ་ནམ་མཁའ་ཆོས་དབང་སྟེ། རྗེ་འདི་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོར་ཡོངས་སུ་གྲགས་ཤིང་། ས་གཏེར་ཆོས་དང་རྟེན་དང་ནོར་གཏེར་མང་པོ་གདན་དྲངས་ནའང་རྟེན་འབྲེལ་གྱི་བབས་ཤིག་ལས་ཆོས་གཏེར་གཏན་ལ་འབེབས་པ་སོགས་མ་བྱུང་། དགོངས་གཏེར་མཁའ་འགྲོ་བཀའ་བརྒྱད་དུ་གྲགས་པའི་ལས་བྱང་ཉུང་ངུ་ཞིག་བཞུགས་པ་དོན་དུ་བདེ་འདུས་ཀྱི་ཕྲིན་ལས་ལམ་ཁྱེར་བསྡུས་པ་ལྟ་བུར་སྣང་། རྟེན་ངོ་མཚར་བ་ཅི་རིགས་ད་ལྟའང་མཇལ་དུ་ཡོད་ཅིང་། རྫ་རྒྱུད་ཀྱི་གནས་ཨ་དོས་ནས་གསེར་བུམ་པ་གང་བཞེས་ཏེ་ཀཿཐོག་སྐུ་འབུམ་རིང་མོའི་ཞིག་གསོའི་ཆ་རྐྱེན་མཛད་པ་མངོན་གྱུར་ཚད་མས་གྲུབ། དེ་ཉིད་ཀྱི་སྤྲུལ་པའི་སྐུ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ནས་བཟུང་རིམ་པར་བྱོན་པས་སྔ་འགྱུར་གྱི་བསྟན་པ་དང་འགྲོ་བའི་དོན་མཐའ་ཡས་པ་མཛད་པ་ཡོངས་སུ་གྲགས་པ་ཉིད་དོ། ༈ །ཅོག་རོ་ཀླུའི་རྒྱལ་མཚན་དང་ལྷ་སྲས་སད་ན་ལེགས་ཟུང་དུ་འཇུག་པའི་རྣམ་འཕྲུལ་མཁས་གྲུབ་ཀརྨ་ཆགས་མེད་ནི། ངོམ་ཡུལ་དུ་གདོང་མཁའ་སྤྱོད་པའི་དབོན་རྒྱུད་སྔགས་འཆང་པདྨ་དབང་དྲག་གི་སྲས་སུ་འཁྲུངས་སྐུ་ཆུང་ངུ་ནས་ཡི་གེ་འབྲི་ཀློག་དང་རྩིས་དཀར་ནག་སོགས་ཤིན་ཏུ་བྱང་། བསྐྱེད་རིམ་བརྟན་ཅིང་སེམས་ཀྱི་གནས་ལུགས་མཁྱེན། ཡབ་ལ་གང་བཞུགས་ཀྱི་རྙིང་མའི་ཆོས་སྐོར་མཐའ་དག་གསན། ཟུར་མང་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་ལ་གཙུག་ཕུད་དང་རྟོགས་པ་ཕུལ་བས་ངོ་སྤྲོད་ལེགས་པར་གནང་། འཕན་ཡུལ་ཟ་དམ་གྱི་གྲྭ་སར་བྱོན་ནས་མདོ་སྔགས་ཀྱི་གཞུང་རྣམས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་ལས་བསྙེན་རྫོགས་དང་ཕྱག་ཆེན་ཆོས་དྲུག་སོགས་བཀའ་ཆོས་མང་དུ་ཞུས་ནས་རྩ་བའི་བླ་མར་བཟུང་། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ལུང་བསྟན་ལྟར་རྗེ་འདི་ཉིད་ཀརྨ་པའི་སྐུའི་བཀོད་པ་ཞིག་ཏུ་ངེས་པས་དགོས་པའི་དབང་དུ་གཟིགས་ནས་མཚན་ཀརྨ་ཆགས་མེད་ཅེས་པ་གནང་། གཞན་ཡང་ཡོངས་འཛིན་མང་པོ་ལས་ཀར་རྙིང་གཙོ་བོར་གྱུར་པའི་དབང་ལུང་མན་ངག་ཅི་རིགས་གསན། གནས་མདོ་དཔལ་རི་རྩེར་གདན་ས་མཛད་ནས་སྐབས་འགའ་ཞིག་ཏུ་འགྲོ་དོན་ཕེབས་བཞུད་མ་གཏོགས་སྐུ་མཚམས་ཁོ་ནར་བཞུགས། རྩ་གསུམ་ཆོས་སྲུང་དང་བཅས་པའི་བསྙེན་སྒྲུབ་བརྒྱ་ཕྲག་ལྷག་ཙམ་སོ་སོར་རྟགས་ཐོན་མཛད། རོ་གཅིག་གི་རྟོགས་པ་མངོན་དུ་གྱུར། བླ་མ་དང་ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་ལྟས་ཤིན་ཏུ་མང་བ་ལས་སྐབས་ཤིག་ཐུགས་ཉམས་སུ་ཨོ་རྒྱན་རིན་པོ་ཆེ་སྲིན་པོ་ལ་ཆིབས་པ་ཞིག་ཞལ་གཟིགས་པའི་རྗེས་ཐོག་ཏུ་རྡོ་རྗེའི་ཚིག་རྐང་བཞི་སྤྱན་ལམ་དུ་ཤར་བ་ལ་བརྟེན་ནས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་འགྲོ་དོན་རྒྱ་མཚོ་ལེའུ་བཅོ་བརྒྱད་པ་རྒྱབ་ཆོས་དང་བཅས་པ་གཏན་ལ་ཕབས་ཟིན་པའི་སྐབས་ཆོས་འདིས་དུང་ཕྱུར་བཅོ་བརྒྱད་བདེ་བ་ཅན་དུ་འགྲོ་ཞེས་པའི་ལུང་བསྟན་ཀྱང་ཐོབ། གཞན་ཡང་རི་ཆོས་མཚམས་ཀྱི་ཞལ་གདམས་ནས་གཏོ་རྩིས་ཡན་ཆད་ཀྱི་གསུང་སྐོར་པུསྟི་ལྔ་བཅུ་རྩ་གྲངས་བཞུགས་པ་ཐམས་ཅད་ཀྱང་ལྷག་པའི་ལྷས་རྗེས་སུ་གནང་བས་བྱིན་རླབས་དང་ལྡན་ཅིང་འགྲོ་ཕན་རྒྱ་ཆེན་པོ་མངའ་བས་གཏེར་ཆོས་ཕལ་ཞིག་ལས་ལྷག་པའི་ངོ་མཚར་རྨད་དུ་གྱུར། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་དྲུག་ཅུ་རེ་བཞི་པར་བདེ་བ་ཅན་གྱི་ཞིང་དུ་གཤེགས། དབོན་བླ་མ་ཆོས་དབང་ཀུན་བཟང་དང་མ་ཡུམ། གཉེར་པ་རྣམས་ཀྱང་བདེ་བ་ཅན་དུ་སྐྱེལ་བར་མཛད་པའི་ལོ་རྒྱུས་ཞིབ་པར་བཀོད་པ་ཡོད་ཅིང་། མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་ནས་བཟུང་། སྤྲུལ་པའི་སྐུ་ན་རིམ་དང་། གསང་ཕུ་པདྨ་ཀུན་དགའ་སོགས་སློབ་བརྒྱུད་རིམ་པར་བྱོན་པ་ལས་གནས་མདོ་སྨད་བརྒྱུད། བརྩོན་འགྲུས་རྒྱ་མཚོ་ནས་རིམ་པར་བྱོན་པ་གནས་མདོ་སྟོད་བརྒྱུད་ཀྱི་གསེར་ཕྲེང་དུ་གྲགས་པ་ད་ལྟའི་བར་ཟམ་མ་ཆད་པ་བྱོན་ཅིང་། ཞལ་སློབ་ཐུ་བོ་བི་མའི་རྣམ་འཕྲུལ་རྫོགས་ཆེན་པ་པདྨ་རིག་འཛིན་དང་། དཔལ་ཡུལ་ཀུན་བཟང་ཤེས་རབ་ལས་སྔ་འགྱུར་རྙིང་མའི་བརྒྱུད་འཛིན་གྱིས་མདོ་ཁམས་ཕལ་ཆེར་ཁྱབ་པ་ཡོངས་སུ་གྲགས་པ་ལྟར་རོ། །དེ་ལས་ཁོ་བོས་ཀྱང་ཆགས་མེད་བཞི་པའི་ཞལ་སྔ་ནས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང་། རི་ཆོས་གཙོ་བོར་གྱུར་པའི་གསུང་ཆོས་ཕལ་ཆེ་བ་བླ་མ་མང་པོ་ལས་ནོས་སོ། ༈ །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་འཕྲུལ་རིག་འཛིན་ཐུགས་ཀྱི་རྡོ་རྗེའམ་རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་རྩལ་ནི། མདོ་ཁམས་ལྷོ་རྒྱུད་སྟག་གཟིག་ཅེས་པར་སྐུ་འཁྲུངས། གྲུབ་དབང་བསོད་ནམས་རྒྱ་མཚོའི་ཡང་སྲིད་བཞི་པར་ངེས་པ་རྙེད་ནས་འཛི་དགོན་བཀྲ་ཤིས་ཆོས་གླིང་གི་གདན་སར་མངའ་གསོལ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ལ་གཙུག་ཕུད་ཕུལ་བས་མཚན་བཀའ་བརྒྱུད་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གནང་། རྗེ་དེ་ཉིད་དང་། འབྲུག་ཆེན་ཐམས་ཅད་མཁྱེན་པ། ཡོངས་འཛིན་འཇམ་དཔལ་དཔའ་བོ། ཁམས་པ་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་ཉི་མ་སོགས་ལས་ཟབ་ཆོས་མཐའ་ཡས་པ་དང་། ཁྱད་པར་རིག་འཛིན་རྟ་མགྲིན་མགོན་པོ་ལས་རད་གླིང་ཕུར་པ་སོགས་གཏེར་ཆོས་མང་དུ་གསན་ནས་བསྐྱེད་རྫོགས་ཀྱི་ཉམས་བཞེས་མཐར་ཕྱིན་པར་མཛད་པས། གུ་རུ་ཞི་དྲག་གཙོ་བོར་གྱུར་པའི་རྩ་གསུམ་ལྷག་པའི་ལྷས་ཞལ་གཟིགས་དང་བྱིན་རླབས་ཐོབ། མཐུ་སྟོབས་ཀྱི་གཟི་བྱིན་འགྲན་ཟླ་དང་བྲལ་བས་གསར་བྱུང་གི་གདུག་འདྲེ་མ་རུངས་པ་དམ་ལ་བཞག་ཅིང་སྤྲིངས་ཡིག་ཙམ་གྱིས་ཀྱང་ཞི་བ་དང་སྲུང་བའི་ལས་གྲུབ། ཙ་རིར་ཕེབ་སྐབས་ཅིག་ཆར་དམར་པོས་འཕགས་མཆོག་སེང་གེ་སྒྲའི་རྡོ་སྐུ་ཁྱད་པར་ཅན་ཕུལ། དྲག་པོ་ཀཱི་ལ་ཡ་དང་སྒྲོལ་མ་དམར་མོ་སོགས་དགོངས་པའི་ཀློང་ནས་རང་བརྡོལ་པའི་ཟབ་ཆོས་པུསྟ་ཀ་ལོང་བ་ཞིག་བཞུགས་པའི་སྨིན་གྲོལ་ཁོ་བོས་ཀྱང་ནོས་ཤིང་། སད་སྲུང་བ་དང་། རྒྱལ་གནོད། ས་གདོན་ཞི་བ་སོགས་ལ་བྱིན་རླབས་ཀྱང་ཆེས་འཕགས་པས་གཞན་ཕན་གྱི་ཕྲིན་ལས་ཆེ་བར་སྣང་། དགོངས་གཏེར་ཆོས་བདག་གི་གཙོ་བོ་རྒྱལ་དབང་བདུད་འདུལ་རྡོ་རྗེ། འབྲུག་ཆེན་ཆོས་ཀྱི་སྣང་བ། སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད་དབང་པོ་སོགས་ཚད་མའི་སྐྱེས་ཆེན་རྣམས་ཀྱིས་མཚོན་ཀར་འབྲུག་གཙོར་གྱུར་གྲུབ་མཐའ་རིས་སུ་མ་ཆད་པའི་བསྟན་འཛིན་དུ་མ་བྱོན། དེ་ལྟ་བུའི་ཕྲིན་ལས་རྒྱ་ཆེར་བསྐྱངས་པའི་མཐར་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་པའི་ཚེ་པདྨ་ཉིན་བྱེད་ཞབས་ཀྱིས་ཐུགས་དམ་གསལ་འདེབས་སོགས་གཤེགས་རྗེས་ཀྱི་བྱ་བ་དང་དགོངས་རྫོགས་རྒྱས་པར་བསྒྲུབས། དེའི་སྤྲུལ་པའི་སྐུ་ཕྲིན་ལས་ལྷུན་གྲུབ་དང་ད་ལྟ་ཞལ་བཞུགས་ཀྱི་བར་རིམ་པར་བྱོན་ནས་འབྲུག་རྙིང་གི་བསྟན་པ་དར་རྒྱས་སུ་མཛད་དོ། ༈ །དེ་ཉིད་ཀྱི་ཐུགས་སྲས་ཀྱི་གཙོ་བོ་བདག་ཅག་གི་དཔལ་མགོན་བླ་མ་དམ་པ་བྱམས་མགོན་ཏཱའི་སི་ཏུ་དགུ་པ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ་སྟེ། ཡུལ་ཡིད་ལྷུང་སྨར་ཁམས་ཞེས་རིགས་རུས་མངོན་པར་མཐོ་བ་ངག་དབང་མགོན་པོའི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་མཚན་དཔེའི་པདྨོ་བཞད། རྡོ་རྗེ་གཙུག་ལག་དགའ་བས་རྗེ་བསྟན་པའི་ཉིན་བྱེད་ཀྱི་ཡང་སྲིད་འཁྲུལ་མེད་དུ་ལུང་བསྟན་ཅིང་ཀར་འབྲུག་རྒྱལ་བ་ཡབ་སྲས་ཀྱིས་སྟངས་བཅད་ནས་དགུང་ལོ་ལྔ་པར་གདན་ས་ཆེན་པོར་མངའ་གསོལ། བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས། མ་འོངས་ཆོས་ཀྱི་སྤྱན་ཅན་དྲུག་དང་པདྨའི་ལྗགས་ལྡན་དྲུག་འབྲེལ་ཆགས་སུ་ལུང་བསྟན་པའི་པདྨའི་ལྗགས་ལྡན་དང་པོར་ངེས་པས་རྗེ་དཔའ་བོས་ཀྱང་དག་སྣང་དུ་གསལ་བ་ལྟར་པདྨ་ཉིན་བྱེད་དབང་པོ་ཞེས་པའི་མཚན་གྱི་ཅོད་པན་དཔྱངས། གཞན་དཔལ་པདྨ་དབང་ཆེན་དང་། རྒྱལ་དབང་བཅུ་གསུམ་པ་ལས་རབ་བྱུང་གསན་པའི་སྐབས། དཔལ་ལྡན་བསྟན་འཛིན་ཉིན་བྱེད་ཕྲིན་ལས་རབ་རྒྱས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་མཚན་གནང་། རྗེ་དེ་ཉིད་དང་ཞྭ་དམར་མཆོག་གི་སྤྲུལ་སྐུ་ཆོས་གྲུབ་རྒྱ་མཚོ། འབྲི་གུང་པ་དོན་གྲུབ་ཆོས་རྒྱལ། འབྲུག་ཆེན་ཀུན་གཟིགས་ཆོས་ཀྱི་སྣང་བ། གར་དབང་ཆོས་སྐྱོང་འགྱུར་མེད། འཛི་སྒར་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་རྣམས་དང་། རྗེ་རིག་འཛིན་ཆེན་པོའི་སྐུའི་སྲས་ཚེ་དབང་དཔལ་དར་ལས་ཀྱང་ཆོས་འབྲེལ་ཙམ་གསན་ཅིང་། གཙོ་བོར་རྗེ་བདུད་འདུལ་རྡོ་རྗེ་རྩ་བའི་བླ་མར་འཛིན། དེ་རྣམས་ལས་བཀའ་བརྒྱུད་ཀཾ་ཚང་གི་སྨིན་གྲོལ་ཡན་ལག་དང་བཅས་པའི་རྒྱུན་གང་བཞུགས་གཙོས། འབྲི་འབྲུག་དང་རྙིང་མའི་སྐོར་སོགས་གསན་བསམ་རྒྱ་ཆེར་མཛད། སྡོམ་པ་གསུམ་གྱི་བཅས་མཚམས་ལས་ནམ་ཡང་མི་འདའ་བའི་སྐུ་བཙུན་པའི་མཆོག་ཏུ་གྱུར། ཐུན་མོང་གི་རིག་གནས་ཅི་རིགས་དང་ཁྱད་པར་མདོ་སྔགས་ཀྱི་གཞུང་ལ་དོན་གྱིས་མཁྱེན་པ་རྒྱས་པས་མཁས་པའི་ཕུལ་དུ་གྱུར། བསྟན་འགྲོའི་དོན་ལ་གཅིག་ཏུ་གཞོལ་བའི་ཐུགས་བསྐྱེད་རླབས་པོ་ཆེ་མངའ་བས་བཟང་པོའི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ། གཙོ་བོར་དུས་དང་རྒྱུན་དུ་ཟབ་མོའི་རྣལ་འབྱོར་ལ་གཞོལ་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པར་ངེས་ཀྱང་བཀའ་གདམས་པའི་བཤེས་གཉེན་ཆེན་པོའི་རྣམ་ཐར་ལྟར་རང་གི་ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦེད་ཅིང་གསང་བ་སྲུང་བ་ལ་ཐུགས་སྒམ་པས་སུས་ཀྱང་གཏིང་མཐའ་མི་དཔོག་མོད། ཐག་རིང་ནས་ཕྱག་ནས་ཟང་ཐལ་དུ་ཕེབས་པ་དང་། སྲ་མཁྲེགས་ཀྱི་རྡོ་ལ་ཞབས་ཀྱི་རྗེས་བྱོན་པ་དང་། ཞབས་ས་ལ་མི་རེག་པ་སོགས་ཤུགས་མི་ཐུབ་པའི་ཚུལ་གྱིས་ཐུན་མོང་གི་སྤྱོད་ཡུལ་དུ་བསྟན། གཞན་སེམས་མཁྱེན་པའི་མངོན་ཤེས་དང་། སྤྲུལ་པའི་སྐུ་ངོས་འཛིན་གནང་བ་རྣམས་བསྟན་པ་ལ་ཕན་པ་ཁོ་ནར་བྱུང་བས་འཁྲུལ་པའི་དྲི་མ་ཕྲ་མོ་ཙམ་ཡང་བྲལ། དབུས་ཕྱོགས་སུ་ལན་གསུམ་ཆིབས་བསྐྱོད་ཀྱིས་མཚོན། རང་གི་གདན་ས་དང་ཁམས་ཀྱི་འབྲོག་སྡེ་སྟོད་སྨད་རྣམས་སུའང་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་གྲུབ་འབྲས། ཐུགས་སྲས་ཀྱི་གཙོ་བོ་དཔལ་ཀརྨ་པ་བཅུ་བཞི་པ་ཁྱབ་བདག་ཐེག་མཆོག་རྡོ་རྗེ། འབྲུག་ཆེན་ཆོས་ཀྱི་སྣང་བ་གོང་འོག །དཔའ་བོ་གཙུག་ལག་ཆོས་རྒྱལ་སོགས་ཀར་འབྲུག་གི་སྐྱེས་ཆེན་རྣམས་ཀྱིས་གཙོས། ནང་ཐུགས་ཀྱི་སྲས་ཟླ་སྤྲུལ་རིན་པོ་ཆེ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་དང་། རང་དགོན་གྱི་དབོན་སྤྲུལ་གོང་འོག །དཔལ་ཡུལ་གདན་ས་པ་ཀརྨ་འགྱུར་མེད་སོགས་ཀར་རྙིང་གི་བསྟན་འཛིན་སྐྱེས་ཆེན་ཕལ་ཆེར་རྗེས་སུ་བཟུང་ཞིང་མོས་གུས་གསོལ་འདེབས་ཙམ་ལྷུར་བྱེད་པའི་བདག་ལྟ་བུས་མཐའ་བརྟེན་པའི་སློབ་ཚོགས་ཀྱི་ཕྲེང་བ་བརྗོད་པའི་་་་་་་ཡུལ་ལས་འདས། བདག་ཅག་གི་བླ་མ་དམ་པ་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་ཀྱང་ཕྱག་ཆེན་ཆོས་དྲུག་སོགས་སྨིན་གྲོལ་ཅི་རིགས་པ་གསན་ཅིང་རྗེ་ཉིད་ནས་ཀྱང་ཐུགས་གཏད་ཤིན་ཏུ་ཆེ་བས་དོན་བརྒྱུད་བྱིན་གྱིས་བརླབས་པར་ཞལ་གྱིས་བཞེས་ཤིང་གཏེར་རྙིང་སྐོར་སོགས་འཆད་སྤེལ་དང་ཕྱོགས་བསྡུ་བྱུང་ན་ལེགས་ཞེས་རིན་ཆེན་གཏེར་མཛོད་ཆེན་མོའི་བཀའི་གནང་བའང་དོན་གྱིས་བསྩལ་བས་འཆད་སྤེལ་གྱི་ཐུགས་སྲས་མཆོག་ཏུ་མངོན་པར་མ་ཟད། ཕྱིས་ནས་དཔལ་ཀརྨ་པ་དང་མཆོག་གི་སྤྲུལ་པའི་སྐུས་ཀྱང་ཟབ་ཆོས་གསན་ཅིང་བདག་ཅག་དཔོན་སློབ་ཀྱིས་རིན་ཆེན་གཏེར་མཛོད་ཆེན་མོའི་བཀའི་བསྡུ་བ་མཐར་ཕྱིན་པས་ལུང་དོན་མངོན་དུ་གྱུར་པ་ཡིན་ནོ། །གསུང་རྩོམ་ཆོག་བསྒྲིག་སོགས་སྔར་ཡོད་ལས་གསར་སྤྲོས་རིགས་ལ་ཐུགས་དགྱེས་པ་ཆེར་མེད་ཀྱང་རྒྱལ་དབང་རིན་པོ་ཆེས་གཙོས་མཆོག་ཕལ་གྱི་གདུལ་བྱ་རྣམས་ཀྱིས་ནན་ཏན་དུ་གསོལ་བ་བཏབ་པའི་ངོར། སྒྲུབ་དཀྱིལ་དབང་ཆོག་ཁྲིད་ཡིག་ཞལ་གདམས་སོགས་གླེགས་བམ་གསུམ་ཙམ་བཞུགས་པ་ཁོ་བོས་ཀྱང་ལྗགས་ལུང་རགས་རིམ་གདམས་གཏད་བྱིན་རླབས་ཟབ་མོ་ཐོབ་ཅིང་གཞན་ལ་འཆད་ཅིང་སྤེལ་བ་རྗེས་སུ་གནང་བའི་སྐལ་བཟང་ཡང་ཐོབ་པ་ཡིན། གཞན་ཡང་རྗེ་འདི་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྡུ་བ་བཞི་དང་གཏོང་བ་ལ་མཆོག་ཏུ་གོམས་པས། སྟོད་མངའ་རིས་ནས་འཇང་ཡུལ་རྒྱ་མཚམས་ཡན་གྱི་ཀར་འབྲུག་གི་དགོན་སྡེ་ཆེ་ཕྲ་མཐའ་དག་ལ་དངུལ་འགྱེད་ལན་གསུམ་གནང་བ་དངུལ་སྲང་ཁྲི་ཕྲག་གསུམ་ལྷག་གིས་མཚོན་རྟེན་གསུམ་དང་མཆོད་རྫས་སྒྲུབ་པའི་རྒྱུན་སོགས་མཐའ་ཡས་པ་འཛུག་པར་མཛད། དཔལ་སྤུངས་ཀྱི་གདན་སར་གསེར་གདུང་ཆེན་མོ་རྟེན་དང་བརྟེན་པར་བཅས་པ་དཔེ་བྲལ་དུ་བཞེངས། ཆོས་གོས་དང་ཡོ་བྱད་སོགས་མ་འོངས་བསྟན་པའི་མིག་རྒྱན་དུ་འགྱུར་བ་གནང་བས་མཚོན། བྱ་བ་ལས་ཀྱི་འཁོར་ལོ་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་། དགུང་གྲངས་དྲུག་ཅུ་རྩ་གཅིག་ནས་གཟུགས་སྐུ་མ་གཤེགས་ཀྱི་བར་ལོ་ངོ་བཅོ་བརྒྱད་ལ་སྒྲུབ་ཁང་ཆེན་མོར་ཐེམས་མི་འདའ་བའི་ཚུལ་གྱིས་སྤོང་བ་བསམ་གཏན་གྱི་འཁོར་ལོར་རྩེ་གཅིག་ཏུ་བཞུགས་པ་ཡིན་ནོ། །དེ་ལྟ་བུའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་འཁོར་ལོ་གསུམ་གྱི་མཛད་པ་མཐར་ཕྱིན་ནས་དགུང་གྲངས་བརྒྱད་ཅུ་བཞེས་པའི་ལྕགས་གླང་སྣྲོན་ཟླ་བའི་ཚེས་བདུན་གྱི་ནམ་ཕྱེད་ཙམ་དུ་བསྙུན་ཆེར་མེད་པར་མངོན་པར་ཤེས་བཞིན་དུ་རེ་ཞིག་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་པ་ན་དགོངས་པ་མངོན་དུ་གྱུར་པའི་རྟགས་སུ་ནམ་མཁའ་ལ་སྤྲིན་མེད་ཅིང་སེར་བུ་ཙམ་ཡང་མི་ལྡང་བ་དང་། ཐམས་ཅད་ཀྱིས་ཚོར་བའི་ས་གཡོ་བ་སོགས་རྟགས་དང་ཆོ་འཕྲུལ་མང་པོ་མངོན་པར་འདུ་མཛད། སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་བས་ངོ་མཚར་ཅན་གྱི་རྟེན་མང་དུ་བྱོན་ཅིང་གདུང་གི་ཆ་ཤས་ཙམ་དད་ལྡན་འགའ་རེའི་ལག་ཏུ་སོན་པ་ལས་རིང་བསྲེལ་མང་དུ་འཕེལ་བར་སྣང་། གཤེགས་རྗེས་ཀྱི་བྱ་བ་དགོངས་པ་རྫོགས་པའི་ཐབས་ཀྱང་། སྐུ་མཆོད་ཆེན་མོར། ཚོགས་ཆེན་དུ་མར་ལུགས་དགྱེས་རྡོར་ལྷ་དགུ། གསང་འདུས་མི་བསྐྱོད་པ། མ་ཧཱ་མཱ་ཡ་ལྷ་ལྔའི་སྒྲུབ་མཆོད་རྒྱུན་འཛུག་སོགས་ཕུལ་དུ་ཕྱིན་པར་གྲུབ། མཆོག་གི་སྤྲུལ་སྐུ་དཔལ་ཀརྨ་པས་ལུང་བསྟན་ཅིང་མཚན་པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོར་གནང་བ་པདྨའི་ལྗགས་ལྡན་གཉིས་པར་གྲུབ་བོ། །དེ་ལྟ་བུའི་རྗེ་བླ་མ་འདི་ཉིད་ཀྱིས་ཞལ་གཟིགས་ལུང་བསྟན་ལྟ་ཅི། མནལ་ལམ་ཙམ་གྱི་འཕྲོས་ཀྱང་གཞན་ལ་མི་གནང་བས་དག་སྣང་དགོངས་གཏེར་སོགས་བཞུགས་མིན་མ་ངེས་ཀྱང་། གྲུབ་བརྙེས་བླ་མ་ཀཾ་ཚང་ནོར་བུས་ནན་ཏན་དུ་གསོལ་བ་བཏབ་པའི་ངོར་ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་ཉེར་ལྔས་བསྐོར་བའི་བླ་སྒྲུབ་ཟབ་མོ་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་ཅིང་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བཞི་དང་ཟུང་དུ་འབྲེལ་བའི་རྒྱུན་བདག་ཅག་གིས་ཀྱང་འབད་པས་ཞུས་ཤིང་རིན་ཆེན་་་་་་གཏེར་མཛོད་ཆེན་མོའི་སྙིང་པོར་བཞུགས་སུ་གསོལ་བ་ཡིན་ནོ། ༈ །རྗེ་དེ་ཉིད་ཀྱི་སྐུའི་གཅུང་རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་དང་ལོ་ཆེན་བཻ་རོ་ཟུང་དུ་འཇུག་པའི་རྣམ་འཕྲུལ་དཔལ་ལྡན་དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོ་ཞེས་གྲགས་པ་གསར་རྙིང་རིས་མེད་ཀྱི་ཆོས་ཀྱི་མཛོད་ཆེན་པོར་གྱུར་ཅིང་། བསྟན་འགྲོའི་དོན་རླབས་པོ་ཆེ་གནང་བར་མ་ཟད། ཟབ་མོ་གཏེར་གྱི་བཀའ་བབས་པས་གནས་མཆོག་སྤྱི་འབྱམས་བྲག་ནས་ཤོག་སེར་དང་ཆོས་སྐྱོང་གི་རྟེན་རལ་གྲི་བཅས་དངོས་སུ་བཞེས་ནའང་ཤོག་སེར་གཤིན་རྗེའི་སྐོར་ཞིག་ཡིན་པར་གྲགས་པ་ལས་མཇལ་དུ་མི་སྣང་། རལ་གྲི་དེ་ཉིད་རྟགས་དང་ཆོ་འཕྲུལ་བྱིན་རླབས་ཆེ་བས་རྟེན་གྱི་གྲལ་དུ་བཞུགས་པར་སྣང་། སྔོན་བསམ་ཡས་བར་ཁང་དུ་སློབ་དཔོན་ཆེན་པོའི་སྤྱན་སྔར་ཟབ་ཆོས་གསན་པའི་ཐུགས་ཉམས་དང་། པདྨ་གར་དབང་འགྲོ་འདུལ་རྒྱལ་པོ་རྩལ་གྱི་མཚན་བཏགས་པ་སོགས་སྔོན་རབས་ཀྱི་གནས་ཤིན་ཏུ་གསལ་བར་བྱུང་པ་ལ་བརྟེན་གདམས་ངག་རྗེས་དྲན་གྱི་ཚུལ་དུ་གཏན་ལ་ཕབ་པའི་ཚེ་སྒྲུབ་བདུད་རྩིའི་བུམ་བཟང་ཞེས་ཟབ་ཁྱད་ཅན་བཞུགས་པ་ཁོ་བོས་ཀྱང་ནོས་སོ། ༈ །རྗེ་པདྨ་ཉིན་བྱེད་ཀྱི་ཐུགས་སྲས་ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས་ཞེས་མཁས་བཙུན་གྲུབ་པའི་ཁྱུ་མཆོག་ཆེན་པོ། རྒྱལ་དབང་བཅུ་བཞི་པས་ཀྱང་ཡོངས་འཛིན་མཆོག་ཏུ་བཀུར་བ་དེ་ཉིད་སྒྲུབ་ཁང་དཔལ་རི་རྩེར་རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བསྙེན་སྒྲུབ་ལ་བཞུགས་པའི་སྐབས། སྔོན་གྲུབ་ཆེན་ཀརྨ་ཆགས་མེད་ཀྱིས་གནས་དེར་ཡང་གཏེར་དུ་རྒྱས་བཏབ་པའི་ནོར་ལྷ་དབྱུ་གུ་མཆེད་གསུམ་གྱི་སྒྲུབ་ཐབས་ཁ་ཚང་དོན་འདྲིལ་གྱི་སྐོར་དངོས་སུ་ཕྱག་ཏུ་བབས་པ་ཞལ་བཤུས་པའི་སྨིན་གྲོལ་གྱི་རྒྱུན་ཡང་ནོས་ཤིང་། དགོངས་གཏེར་པདྨ་རྒྱལ་པོའི་རྩ་བ་ལ་གནས་མདོ་གྲུབ་བརྙེས་བདེ་ཆེན་སྙིང་པོས་ཕྲིན་ལས་མཛད་པའི་ལུང་རྒྱུན་ཡང་ཐོབ་བོ། ༈ །རིག་འཛིན་གཏེར་བདག་གླིང་པ་དང་ཐུགས་རྒྱུད་གཅིག་པའི་དགེ་སྦྱོང་བློ་གསལ་རྒྱ་མཚོའི་ཡང་སྲིད་དེ་མ་ཐག་པ་ང་ཕོད་དགེ་རྒན་པདྨ་དགྱེས་པ་ཞེས། རྗེ་རིན་ཆེན་རྣམ་རྒྱལ་སོགས་ཀྱི་ཐུགས་སྲས་མང་དུ་ཐོས་པའི་མཐར་ཕྱིན་ཅིང་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པ་དང་། རྡོ་རྗེ་ཐེག་པའི་ལམ་ལས་དངོས་གྲུབ་བརྙེས་པ་དེ་ལའང་དག་སྣང་བླ་སྒྲུབ་ཀྱི་སྐོར་བཞུགས་པ་ལས་རྩ་བའི་དབང་བསྐུར་ཙམ་ཁོ་བོས་ཀྱང་ནོས། འདི་དང་དུས་མཉམ་ཙམ་དུ་མང་ཐོས་ཚེ་དབང་མི་འགྱུར་རྡོ་རྗེ་ཞེས་གཏེར་ཆེན་ཡབ་སྲས་དང་རིག་འཛིན་པད་ཕྲིན་སོགས་ཀྱི་ཐུགས་སྲས་མཁས་གྲུབ་ཆེན་པོ་དེ་ལའང་དག་སྣང་བདེ་མཆོག་འཁོར་ལོའི་སྐོར་ཚིག་དོན་ངོ་མཚར་ཅན་བཞུགས་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་སོགས་ལ་གནང་བའི་རྒྱུན་ཕྱིས་ཀྱི་བར་ཡོད་པར་སྣང་། ༈ པཎ་ཆེན་བི་མ་ལ་དང་ཆོས་རྒྱལ་ཁྲི་སྲོང་རྒྱལ་སྲས་ལྷ་རྗེ་རྣམས་ཟུང་དུ་འཇུག་པའི་རྣམ་འཕྲུལ་རིག་འཛིན་ཆོས་རྗེ་གླིང་པའི་སྐུའི་སྐྱེ་བ་དེ་མ་ཐག་པ་ཟབ་མོ་དགོངས་པའི་གཏེར་གྱི་བཀའ་བབས་ཆེན་པོ་འོད་གསལ་སྙིང་ཐིག་གི་བསྟན་པའི་ཤིང་རྟ་ཀུན་མཁྱེན་འཇིགས་མེད་གླིང་པ་ནི། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ལུང་མཁའ་རིའི་ཞུས་ལན་དང་། སངས་རྒྱས་གླིང་པ། ཆོས་གླིང་དང་རྭ་སྟོན་ཡབ་སྲས་ཀྱི་གཏེར་ལུང་ལས་གསལ་བ་ལྟར་འཕྱོང་རྒྱས་སྲོང་བཙན་བང་སོ་དམར་པོའི་ལྷོ་ཕྱོགས་དཔལ་རི་དགོན་པའི་ཉེ་འདབས་སུ། ཆོས་རྗེ་འབྲུག་པའི་ཐུགས་སྲས་ཆེ་བ་དྲུག་གི་ནང་ཚན་རྒྱ་བྲག་པའི་དཔོན་རིགས་སུ་ས་མོ་བྱ་ལོ་རྒྱལ་ཟླ་བའི་ཀུན་མཁྱེན་ཆེན་པོའི་སྐུ་མཆོད་ཀྱི་ཉིན་སྔ་དྲོའི་ཆར་སྐུ་འཁྲུངས། ཆུང་ངུ་ནས་གཏེར་ཆེན་སངས་རྒྱས་བླ་མ་དང་ཆོས་རྗེ་གླིང་པའི་སྔོན་རབས་གསལ་བ་སོགས་དམ་པའི་རིགས་སད། དགུང་ལོ་དྲུག་པར་རྗེ་བཙུན་པྲ་ཛྙཱ་རསྨིའི་འཁོར་ལོ་གསུམ་གྱི་ཕྱག་རྗེས་རྨ་མེད་པའི་གནས་དཔལ་གྱི་རི་བོའི་ཆོས་གྲྭར་ཞུགས། མཚོ་རྒྱལ་སྤྲུལ་སྐུ་ངག་དབང་བློ་བཟང་པདྨར་གཙུག་ཕུད་ཕུལ་བས་མཚན་པདྨ་མཁྱེན་བརྩེའི་འོད་ཟེར་ཞེས་གསོལ། ཕྱིས་གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པའང་བཞེས། གནས་བརྟན་ཀུན་བཟང་འོད་ཟེར་ལས་གྲོལ་ཏིག་དང་བླ་མ་དགོངས་འདུས་སོགས་ཀྱི་དབང་ལུང་དང་། ཁྱད་པར་དགུང་ལོ་བཅུ་གསུམ་པར་རིག་འཛིན་ཐུགས་མཆོག་རྡོ་རྗེ་ལ་མཇལ་ནས་ཕྱག་རྒྱ་ཆེན་པོ་ཡེ་ཤེས་མཐོང་གྲོལ་སོགས་གསན་པས་ཐོག་མར་རྒྱུད་སྨིན་ཏེ་རྩ་བའི་བླ་མ་མཆོག་གཅིག་ཏུ་མཛད་པ་ལྟར་ཕྱིས་ཡེ་ཤེས་སྐུས་ཀྱང་རྗེས་སུ་བཟུང་། གཞན་ཡང་སྔ་ཕྱིར་གཏེར་ཆེན་དྲི་མེད་གླིང་པ། རིགས་ཞང་སྒོམ་ཆེན་དྷརྨ་ཀཱིརྟི། སྨིན་གླིང་གྲུབ་དབང་ཤྲཱི་ནཱ་ཐ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། ཐང་འབྲོག་དབོན་པདྨ་མཆོག་གྲུབ། མོན་རྫ་དཀར་བླ་མ་དར་རྒྱས་སོགས་ཡོངས་འཛིན་དུ་མ་ལས་སྔ་འགྱུར་བཀའ་མ་དང་གཏེར་ཁ་གོང་འོག་གཙོ་བོར་གྱུར་པའི་བཀའ་གཏེར་འགང་ཆེ་བ་རྣམས་དང་། གསར་མའི་སྨིན་གྲོལ་ཡང་ཅི་རིགས་པ་གསན། ཞར་བྱུང་སྐར་རྩིས་སོགས་ཐ་སྙད་ཀྱི་རིགས་པའང་ཆ་ཤས་ཙམ་གསན་པ་ལས་ཕྱག་བྲིས་ཀྱིས་མཚོན། མདོ་སྔགས་གཞུང་ལུགས་ཆེན་མོའི་གནད་གསང་དང་སྙན་འགྱུར་ཕུན་སུམ་ཚོགས་པའི་གསུང་རྩོམ་སོགས་དགོངས་པའི་ཀློང་ནས་རང་བརྡོལ་བའི་ཚུལ་གྱིས་སྐྱེས་ཐོབ་ཀྱི་རྩལ་ལས་བྱུང་བ་མ་གཏོགས། ཐ་སྙད་ལ་སྦྱང་རྩོལ་མ་མཛད་པར་སྙིང་པོའི་སྒྲུབ་པ་ལ་ཐུགས་གཞོལ་བས། དགུང་ལོ་ཉེར་བརྒྱད་པ་མེ་གླང་ཆོ་འཕྲུལ་ཆེན་པོ་ནས་བརྩམ། རང་དགོན་དཔལ་གྱི་རིའི་སྒོམ་ཁང་ཐིག་ལེ་ཉག་གཅིག་ཏུ་ལོ་གསུམ་གྱི་བཅད་རྒྱ་དམ་བཅའ་བརྟན་པོས། གཙོ་བོར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གླིང་པའི་ཟབ་གཏེར་རྨད་དུ་བྱུང་བ་གྲོལ་ཏིག་དགོངས་པ་རང་གྲོལ་རིང་བརྒྱུད་དང་ཉེ་བརྒྱུད་ཀྱི་ཚུལ་དུ་བཀའ་བབས་པ་ལྟར་དེའི་བསྐྱེད་རྫོགས་ཁོ་ན་ཐུགས་ཉམས་སུ་བཞེས་པས་དྲོད་རྟགས་ཁྱད་པར་ཅན་བརྙེས། གཞན་ཡང་གཏེར་ཁ་གོང་འོག་གིས་མཚོན་ཟབ་གཏེར་ཚད་ཐུབ་མང་པོའི་ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་པས་རྣམ་པར་སྨིན་པའི་རིག་འཛིན་གྱི་ལྡངས་ཚད་མངོན་དུ་གྱུར། རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་དབང་འབྱོར་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་ཁམས་ཡི་གེའི་སྤྲིན་དུ་དེངས་ཤིང་སྣང་བ་དཔེ་ཆར་ཤར་བས་ཚིག་དོན་ཕུན་སུམ་ཚོགས་པའི་རྡོ་རྗེའི་གླུ་སོགས་ཆོས་ཀྱི་མཛོད་ཆེན་པོ་བརྡོལ། བླ་མ་དགོངས་པ་འདུས་པའི་བསྙེན་སྒྲུབ་སྐབས་སྤྱི་གཙུག་ནས་རྟ་སྐད་ཀྱི་གདངས་འཚེར་ཅིང་ཨོ་རྒྱན་ཆེན་པོས་དཔལ་པདྨ་དབང་ཆེན་ཞེས་མཚན་གྱི་ཅོད་པན་དཔྱངས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མངོན་སུམ་དུ་བྱིན་གྱིས་བརླབས་པའི་མཐུས་མཚོན་བྱེད་དཔེ་ཡི་ཡེ་ཤེས་ཇི་བཞིན་པ་ཐུགས་ཉམས་སུ་བསྟར་བས་ཧེ་རུ་ཀའི་ཆས་ཀྱིས་བརྗིད་པའི་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་བསྐྱངས། ཁྱད་པར་འོད་གསལ་གྱི་སྣང་ཆར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་རི་འདབས་སུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་མཁའ་འགྲོའི་བརྡའ་མངོན་ཏུ་བསྩལ་པ་ལ་བརྟེན་ནས། བཀའ་འདུས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་ཡོངས་སུ་གྲགས་པའི་ཆོས་མཛོད་ཆེན་པོར་དབང་བསྒྱུར་པ་སོགས་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས་ཀྱང་དེ་ཙམ་གྱིས་ཀྱང་ཐུགས་མ་ཚིམས་པར་འཕགས་ལམ་གྱི་ཡེ་ཤེས་མངོན་དུ་མཛད་པའི་དམ་བཅའ་བརྟན་པོས་ཕྱོགས་དེའི་ལོ་གསུམ་གྲོལ་འཕྲལ་དཔལ་གྱི་བསམ་ཡས་མཆིམས་ཕུར་བྱོན། གསང་ཆེན་མེ་ཏོག་ཕུག་ཏུ་རྗེ་བཙུན་བཞད་པ་རྡོ་རྗེའི་རྣམ་ཐར་ལ་འགྲན་བཟོད་པའི་དཀའ་སྤྱད་ཀྱིས་ལོ་གསུམ་སྙིང་པོ་དོན་གྱི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་སྐབས། སྤྱིར་དག་པའི་གཟིགས་སྣང་མཐའ་ཡས་པ་དང་། ལྷག་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ཀློང་ཆེན་རབ་འབྱམས་བཟང་པོའི་ཡེ་ཤེས་ཀྱི་སྐུ་ལན་གསུམ་དུ་མཇལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་སུ་འཕོས་ཤིང་གསུང་གི་གནང་བ་ཆེན་པོ་ཐོབ་པ་ལ་བརྟེན། འཕགས་ལམ་དོན་གྱི་ཡེ་ཤེས་རྫོགས་པ་ཆེན་པོའི་བདེན་པ་མཐོང་། ཐུགས་གཏེར་ཆེན་མོ་གཏན་ལ་འབེབས་པའི་སྐབས་སུའང་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་མཚན་གསོལ། གནས་དེར་སྐལ་ལྡན་གྱི་སློབ་མ་བཅོ་ལྔ་ལ་སྨིན་གྲོལ་གྱི་སྒོ་འཕར་དང་པོར་དབྱེ་བ་ནས་བརྩམས། ཟབ་དོན་ཐང་མར་བརྡལ་པས་རྫོགས་པ་ཆེན་པོ་སྙིང་ཐིག་གི་ཤིང་རྟ་གཅིག་པུར་གྱུར། ལོ་གསུམ་གྱི་དམ་བཅའ་མཐར་ཕྱིན་ནས། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་མཁའ་རིའི་ཞུས་ལན་ལས། འཕྱོང་རྒྱས་ནང་དུ་ང་སྤྲུལ་དོན་བྱེད་འོང༔ སུ་ཡིན་མི་ཤེས་གཅིག་ཅར་སྨྲ་བ་འབྱུང༔ འཕྱིང་བར་མདོ་འམ་བང་སོ་དམར་པོའི་ལྷོར༔ ལྷ་བབས་མཆོད་རྟེན་དགོན་སྡེ་འཆའ་ཡང་སྲིད༔ ཅེས་རྡོ་རྗེའི་ལུང་གི་བདེན་དོན་མངོན་དུ་གྱུར་ཅིང་། རྩེ་ལེ་རྒོད་ཚང་པ་སྣ་ཚོགས་རང་གྲོལ་གྱི་ཡེ་ཤེས་ཀྱི་སྐུས་དགོངས་པ་མངོན་དུ་གཏད། བརྡའ་ཐབས་བསྟན་པ་སོགས་རྒྱུ་རྐྱེན་རྟེན་འབྲེལ་དུ་མ་ལ་བརྟེན་ནས་རང་གནས་སུ་ཕེབས་ཏེ། འཕྱོང་རྒྱས་སྲོང་བཙན་བང་སོའི་ལྷོ་ཕྱོགས་སྐུང་གི་རི་སུལ་དོན་མཁར་ལུང་པའི་ཕུར། དཔལ་ཚེ་རིང་ལྗོངས་པདྨ་འོད་གསལ་ཐེག་མཆོག་གླིང་གི་རི་ཁྲོད་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཏབ་ནས་སྐུ་ཚེ་དེ་སྲིད་དུ་བྱ་བྲལ་སྦས་པའི་རྣལ་འབྱོར་གྱི་ཚུལ་གྱིས་བཞུགས་སྟན་ཆགས། གངས་ཅན་མཐའ་དབུས་ཀུན་དང་ལྷོ་མོན་རྒྱ་གར་གྱི་ས་མཚམས་ཚུན་ནས་ལས་ལྡན་གྱི་སློབ་མ་མཐའ་ཡས་པ་ལ། རྙིང་མ་བཀའ་གཏེར་ཚད་ཐུབ་སྤྱི་དང་། གཙོ་བོར་སྙིང་ཐིག་གསར་རྙིང་གི་གདམས་པ་རྩལ་དུ་བཏོན་ནས་གསུངས་པས་ཆོས་ཀྱི་ཕྲིན་ལས་རྨད་དུ་བྱུང་། ཆོས་འཁོར་རྣམ་པ་གསུམ་དུ་ཁྲི་མཆོད་མང་པོ་དང་། འཆི་ངེས་པའི་སྲོག་བསླུ་གྲངས་ལས་འདས་པ་སོགས་ལན་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པའི་ཆོས་སྦྱིན་རླབས་པོ་ཆེ་གནང་། བསམ་ཡས་ཆོས་འཁོར་ཆེན་པོར་གསེར་སྦྱང་གི་འཁོར་ལོ་ཕུལ་ཅིང་རིན་ཆེན་གཉིས་པའི་རྒྱལ་བ་མ་ཕམ་པའི་སྣང་བརྙན་ཆེན་པོ་བཞེངས། རབ་གནས་བསྐྱར་བ་སོགས་དང་། ལྷ་མ་ཡིན་གྱི་བརྟུལ་ཞུགས་འཛིན་པའི་གོརྵའི་དཔུང་ཆེན་བོད་དུ་ལྷགས་པའི་སྐབས་དམག་ཟློག་རྟགས་ཐོན་མཛད་པས་མཚོན་བྱ་བ་ལས་ཀྱི་འཁོར་ལོ་དང་བསྟན་སྲིད་བདེ་ཐབས་ཀྱི་མཛད་པ་རྨད་དུ་བྱུང་བས་གཞུང་ས་ཆེན་པོ་ནས་ཀྱང་མཐོང་བཀུར་ཕུལ་དུ་བྱུང་བ་གནང་། ཁྱད་པར་ཐུགས་གཏེར་ཆེན་པོ་ཀློང་ཆེན་སྙིང་ཐིག་གཞུང་རྩ་བ་གསལ་བྱེད་བཅས་པའི་གླེགས་བམ་གཉིས་དང་། རླངས་ཆེན་དཔལ་གྱི་སེང་གེས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་གདམས་ངག་བསྩལ་པ་ལ་བརྟེན་བཀའ་ཡི་བསྡུ་བ་གསར་དུ་མཛད་པའི་ཕུར་པ་རྒྱུད་ལུགས་ཀྱི་གླེགས་བམ། ཀུན་མཁྱེན་ཆེན་པོའི་བྱིན་རླབས་ལ་བརྟེན་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་པའི་བསྟན་པ་ཡོངས་རྫོགས་ཀྱི་ལམ་རིམ་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་གླེགས་བམ་གཉིས་སོགས་གསུང་རྩོམ་པོད་ཆེན་དྲུག་སྟེ་གླེགས་བམ་དགུ་ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཆེན་་་་་་པོར་སྤར་དུ་བཞུགས་ལ། གསུང་ལས་སྐྱེས་པའི་སློབ་མ་དཔལ་ས་སྐྱ་པ་ཁྲི་ཆེན་ངག་དབང་དཔལ་ལྡན་ཆོས་སྐྱོང་སྐུ་མཆེད། རྒྱལ་བ་འབྲི་གུང་པའི་སྤྲུལ་སྐུ་རྣམ་གཉིས། རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་སྐུ། ལྷོ་བྲག་གསུང་སྤྲུལ་དང་ཐུགས་སྲས། བོ་དོང་པའི་བསྟན་འཛིན་ཆེན་པོ་སྦྱོར་ར་སྤྲུལ་སྐུ། རི་བོ་དགའ་ལྡན་པའི་རིང་ལུགས་འཛིན་པ་ཆེན་པོ་དགའ་ལྡན་ཤར་བྱང་རྣམ་གཉིས་དང་། མོན་མཚོ་སྣ་དགོན་རྩེ་སྤྲུལ་སྐུ་སོགས་བླ་ཆེན་དང་། མི་ཆེན་དྲེགས་པ་ཅན་རྣམས་ནས་བཟུང་། བྱ་བྲལ་སྒྲུབ་བཙུན་གྱིས་མཐའ་བརྟེན་པ་གྲངས་ཀྱིས་མི་ལངས་པ། ཁམས་ཕྱོགས་རྙིང་མའི་བླ་སྤྲུལ་ཕལ་ཆེར་གྱིས་ཀྱང་ཞབས་ལ་གཏུགས། ཁྱད་པར་ནང་ཐུགས་ཀྱི་སྲས་གཅིག་པུ་ལྷ་སྲས་མུ་རུབ་བཙད་པོའི་རྣམ་འཕྲུལ་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར། འཕགས་མཆོག་ཕྱག་ན་པདྨོ་ལྟར་གཞན་ཕན་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་འཇིགས་མེད་རྒྱལ་བའི་མྱུ་གུ། མོན་མཁས་གྲུབ་འཇིགས་མེད་ཀུན་གྲོལ་སོགས་ཀྱི་ཕྲིན་ལས་ལ་བརྟེན་ལྷོ་ཕྱོགས་རྒྱ་གར་གྱི་ས་མཚམས་དང་ཤར་ཕྱོགས་རྒྱ་སོག་གི་བར་ཆོས་ཀྱི་སྣང་བས་ཁྱབ་པའི་ཕྲིན་ལས་ནི་ཕྱི་དུས་འདིར་སུས་ཀྱང་་་་་་་་་འགྲན་ཟླར་མ་གྱུར་པ་མ་ཟད། རྗེ་ཉིད་ཀྱིས་ཁོ་བོས་དབེན་པའི་རིར་ལོ་བདུན་དུ་བྱང་ཆུབ་ཀྱི་སེམས་རྩེ་གཅིག་ཏུ་བསྒོམས་པས་བསྟན་པ་དར་རྒྱས་སུ་འབྱུང་བར་ཞལ་གྱིས་བཞེས་པ་ལྟར། དེང་སང་ཡང་སྙིང་ཐིག་གི་སྨིན་གྲོལ་ཉམས་ལེན་ཕྱོགས་ཐམས་ཅད་དུ་མ་ཁྱབ་པ་མེད་པ་ལྟ་བུས་ཇེ་དར་དུ་འགྲོ་བར་སྣང་བས་ལུང་བསྟན་གྱི་བདེན་དོན་མངོན་དུ་གྱུར་པ་ཡིན་ལ། ཁོ་བོས་ཀྱང་ཐུགས་རྗེའི་གཏེར་ཆེན་རྗེ་བླ་མ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དང་། ཀུན་མཁྱེན་གཉིས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་དྲིན་ལས་དགོངས་གཏེར་གྱི་སྨིན་གྲོལ་དང་བཀའ་འབུམ་བཀླགས་ལུང་རྫོགས་པར་ནོས་པ་ཡིན་ནོ། །དེ་ལྟ་བུའི་འཁོར་ལོ་གསུམ་གྱི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་བཅུར་སོན་པ་ས་རྟ་དབྱུག་པ་ཟླ་བའི་ཚེས་གསུམ་ལ་རང་གནས་ཚེ་རིང་ལྗོངས་ཀྱི་ཐོག་སྟེང་ཡང་དབེན་རྣམ་གྲོལ་ཡང་རྩེར་བསྙུན་བབས་ཆེར་མེད་པར་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོར་རྟགས་དང་ཆོ་འཕྲུལ་མངོན་་་་་པར་འདུ་མཛད་དེ་གཤེགས་པ་ན། སྔ་ཚུད་ནས་ཞལ་ཆེམས་རྡོ་རྗེའི་ཚིག་བཅད་ལྷུག་ངོ་མཚར་ཅན་ཞིབ་མོར་བརྩལ་པ་ལྟར་རྗེས་ཀྱི་བྱ་བ་རྣམས་དབོན་འོད་ཟེར་ཕྲིན་ལས་སོགས་ཀྱིས་ཐུགས་དགོངས་རྫོགས་པའི་བྱ་བ་རྒྱ་ཆེན་པོ་མཐར་ཕྱིན་དུ་མཛད་པ་ཡིན་ནོ། །སྐུའི་སྲས་གཅིག་པུ་ཞིག་བྱུང་བ་འབྲི་གུང་གི་གདན་སར་མངའ་གསོལ་བས་རྒྱལ་སྲས་ཉིན་བྱེད་འོད་ཟེར་རམ་ཆོས་ཀྱི་རྒྱལ་མཚན་ཏེ་སྐྱེས་བུ་དམ་པའི་རྣམ་ཐར་རྨད་དུ་བྱུང་བར་བཞུགས་ཀྱང་བསྟན་འགྲོའི་དོན་རྒྱ་ཆེར་མ་བྱུང་བར་སྣང་། ༈ རྗེ་འདི་ཉིད་ཀྱི་ཞལ་སློབ་དཔལ་རི་སྤྲུལ་པའི་སྐུ་པདྨ་ཆོས་འབྱོར་རྒྱ་མཚོ་ཞེས་མཁས་བཙུན་བཟང་པོའི་རྣམ་ཐར་རྨད་དུ་བྱུང་བ་འདི་ཉིད་ལའང་ལྷ་མོ་ཙཎྜ་ལཱིས་དངོས་སུ་བསྩལ་པའི་ཚེ་ཡུམ་གྱི་གདམས་སྐོར་བཀའ་སྲུང་ཨུ་མ་དེ་བཱི་བཅས་པོད་ཆུང་ཙམ་ཞིག་སྣང་བ་ལས་རྩ་བའི་སྨིན་གྲོལ་ལེ་ཚན་ཙམ་ཁོ་བོས་ཀྱང་ནོས། ༈ རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྲས་ཀྱི་གཙོ་བོ་གྲུབ་པའི་དབང་ཕྱུག་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་ནི། གཏེར་ཆེན་སངས་རྒྱས་གླིང་པའི་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས་གསལ་བ་ལྟར། བོད་ཆེན་པོའི་བྱེ་བྲག་རྡོ་ཡུལ་ཞེས་པའི་སྟོད་དུ་སྨུག་པོ་གདོང་གི་རིགས་རུས་མ་སྨད་པ་བོད་ཆུང་གི་རྒྱུད་ལས་ཤིང་མོ་གླང་གི་ལོར་སྐུ་འཁྲུངས། ཆུང་ངུ་ནས་དམ་པའི་རིགས་སད་ཅིང་དག་པའི་སྣང་བ་ཅི་རིགས་ཤར། ཕྱོགས་དེར་གདན་ས་བཀའ་བརྒྱུད་དང་དཔལ་ཡུལ་བའི་བཤེས་གཉེན་རྣམས་ལས་ཕྱག་རྫོགས་ཀྱི་གདམས་པ་མཐིལ་ཕྱིན་པ་གསན། ཞེ་ཆེན་རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་ལ་གཙུག་ཕུད་ཕུལ་བས་མཚན་ཀུན་བཟང་གཞན་ཕན་བཏགས། རྟེན་ཚངས་སྤྱོད་དགེ་བསྙེན་གྱི་ཚུལ་དུ་བཞུགས། གངས་ཁྲོད་བདེ་བ་ཆེན་པོར་ལོ་བདུན་བར་མ་ཆད་པས་མཚོན་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། བོད་དུ་སྔ་ཕྱིར་ལན་བཞིར་བྱོན་པའི་དང་པོ་གཉིས་སུ་རང་ཉིད་ཆོས་སྒོར་ཞུགས་པའི་འབྲེལ་གྱིས་དྭགས་ལ་སྒམ་པོར་གྲུབ་ཆེན་དམ་ཆོས་དབང་ཕྱུག་སོགས་ལས་ཟབ་ཆོས་མང་དུ་གསན་ཅིང་ཉམས་རྟོགས་ཀྱི་ཞུན་ཐར་བཅད། གཞན་ཡང་སྔ་ཕྱིར་དཔལ་ཡུལ་ཀརྨ་བཀྲ་ཤིས་བླ་སློབ། ཟེ་ཆེན་འགྱུར་མེད་ཀུན་བཟང་རྣམ་རྒྱལ། ཀཿཐོག་པ་དྲི་མེད་ཞིང་སྐྱོང་། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ་སོགས་རྣམ་འདྲེན་དམ་པ་ཉི་ཤུའི་ཞབས་པད་ལས་སྔ་འགྱུར་གཙོ་བོར་གྱུར་པའི་གསན་བསམ་མཐའ་ཡས་པ་མཛད། ཁྱད་པར་དགུང་གྲངས་ཞེ་གཅིག་ཏུ་སོན་པའི་དབུས་བྱོན་གསུམ་པའི་སྐབས་དོན་མཁར་ཚེ་རིང་ལྗོངས་སུ་རིག་འཛིན་འཇིགས་མེད་གླིང་པ་ཆེད་ཀྱིས་མཇལ་བ་ན་ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ་དུ་ངོས་བཟུང་ཞིང་ཕས་བུ་གཅིག་པུ་ལ་བརྩེ་བ་ལྟར་བཀའ་དྲིན་ཆེན་པོས་བསྐྱངས་ཏེ་ཆོས་བདག་གི་གཙོ་བོར་དབང་བསྐུར། འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་མཚན་གྱི་ཅོད་པན་དཔྱངས། སྙིང་ཐིག་གསར་རྙིང་སོགས་བཀའ་ཆོས་རྒྱ་ཆེར་བསྩལ་པ་ལྟར་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ། སླར་ཡང་ལན་བཞི་པར་ཀུན་མཁྱེན་གྱི་དྲུང་དུ་འབུལ་ནོད་དང་བཅས་ཕེབས་ཤིང་ཆོས་འཕྲོ་རྫོགས་པར་གསན། དེ་སྐབས་བལ་བོད་ཀྱི་དུས་གཟིང་སྟོབས་སུ་བདོ་བས་དབུས་གཙང་གི་མཆོག་དམན་ཐམས་ཅད་འཇིགས་སྐྲག་ཆུ་ཁོལ་བ་ལྟ་བུའི་སྐབས་དམག་ཟློག་གི་རིམ་གྲོ་དང་དབུས་ཕྱོགས་སུ་འཇིགས་པ་མེད་པའི་ལུང་བསྟན་བསྩལ་པ་མངོན་དུ་གྱུར་པས་་་གཞུང་ས་ཆེན་པོ་ནས་ཀྱང་མཐོང་བཀུར་བདག་རྒྱན་ཚད་མེད་པ་གནང་། སྐབས་འདི་ནས་གྲུབ་ཆེན་ཅེས་པའི་མཚན་ཡོངས་སུ་གྲགས་པ་བྱུང་། ཙ་རི་རོང་སྐོར་ལ་ཕེབ་ཅིང་། སླར་རིམ་གྱིས་མདོ་སྨད་དུ་ཕེབས་ནས་ས་དབང་སྡེ་དགེ་ཡུམ་སྲས་ཀྱིས་དབུ་བླར་བཀུར་ཞིང་མཐུན་པའི་རྐྱེན་སྦྱར་ཏེ་ཞེ་རྫོགས་ཀཿཐོག་ཕྱོགས་ཀྱི་བླ་སྤྲུལ་རྣམས་ལ་སྔ་ཕྱིར་རྙིང་རྒྱུད། སྙིང་ཐིག་གསར་རྙིང་། མཛོད་བདུན་སོགས་ཀུན་མཁྱེན་ནས་གསན་པ་རྣམས་ཀྱི་ཆོས་འཁོར་བསྐོར་བས་མཛད་པ་དོན་ལྡན་དུ་གྱུར། རྫ་རྒྱུད་སྟོད་སྨད་རྣམས་སུ་ཀུན་མཁྱེན་གྱི་རང་ལུགས་འཛིན་པའི་ཆོས་སྡེ་གཉིས་ཙམ་བཏབ་ཅིང་ཁྱད་པར་རོང་སྟོན་བདེ་ཆེན་གླིང་པའི་ལུང་བསྟན་ལས། ལྷ་སྲས་རྣམ་འཕྲུལ་བྱང་སེམས་སྙིང་སྟོབས་ཅན༔ རྫོགས་ཆེན་ཨ་ཏིའི་སྟོན་སྒོམ་ཁྱུ་གཅིག་འབྱུང༔ གསེར་གྱི་སྟོད་སྨད་དགོན་གནས་གསུམ་ཙམ་འཆའ༔ ཞེས་གསལ་བར་བསྟན་པ་ལྟར། རང་གནས་སུ་ཤུགས་ཆེན་སྟག་མགོར་ལྷ་ཁང་རྟེན་གསུམ་སོགས་ལེགས་པར་བཞེངས་ནའང་མཐའ་འཁྱོལ་བ་མ་བྱུང་། སླར་གསེར་སྟོད་དུ་ཡར་ལུང་ཞེས་པར་པདྨོ་བཀོད་ཅེས་པའི་གདན་ས་བཏབ་པར་སྐུ་ཚེ་རིལ་པོར་དེར་བཞུགས་སྟན་ཆགས། མདོ་ཁམས་སྡེ་དགེ་མན་དང་རྒྱ་སོག་རྒྱ་རོང་ཡན་གྱི་སློབ་མ་དང་མི་ཆེན་སྦྱིན་བདག་སྤྲིན་ལྟར་འདུས། ལུགས་གཉིས་ཀྱི་ཕྲིན་ལས་གོང་དུ་འཕེལ། བྱེ་བྲག་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་པའི་གྲུབ་འབྲས་གསུང་ལས་སྐྱེས་པའི་སློབ་མའི་གཙོ་བོ་ཀཿརྫོགས་ཞེ་ཆེན་རྒྱ་རོང་སོགས་ཀྱི་བླ་ཆེན་ཐམས་ཅད་དང་། ཁྱད་པར་མཁས་མཆོག་འཇིགས་མེད་སྐལ་བཟང་། གྲུབ་དབང་དམ་ཚིག་རྡོ་རྗེ། ཀུན་མཁྱེན་མཆོག་གི་སྤྲུལ་སྐུ། སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་བསྟན་པ་འཛིན་ནུས་པའི་སྐྱེས་ཆེན་དུ་མ་བསྐྲུན་ཅིང་། དེ་ལྟ་བུའི་མཛད་པ་བསམ་གྱིས་མི་ཁྱབ་པ་མཐར་ཕྱིན་ནས་དགུང་གྲངས་བདུན་ཅུ་དོན་བདུན་དུ་ཕེབས་པ་སྦྲུལ་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་གྱི་ནམ་གུང་ཙམ་དུ་སྐུ་ལ་བསྙུན་ཟུག་བལྟར་མངོན་པ་མེད་ཅིང་། རླུང་གི་ཐིམ་ཚུལ་སོགས་དང་ཞལ་ཆེམས་རིགས་རྒྱས་པར་བསྩལ་པའི་མཐར་རྟགས་དང་ཆོ་འཕྲུལ་མངོན་པར་འདུ་མཛད་དེ་ཆོས་དབྱིངས་ཞི་བ་ཆེན་པོར་བཤེགས་པ་ན་དབོན་དང་སློབ་རིགས་རྣམས་ཀྱིས་གསེར་གདུང་བཞེངས་པ་སོགས་དགོངས་རྫོགས་མཐའ་རྒྱས་སུ་སྤེལ། སྐུ་གསུང་ཐུགས་ཀྱི་ཟློས་གར་ད་ལྟའི་བར་བྱོན་པ་རྣམས་མཁས་གྲུབ་གཉིས་ལྡན་གྱི་བསྟན་པའི་གསལ་བྱེད་ཆེན་པོར་བྱུང་ཞིང་། ཁྱད་པར་ཟབ་གཏེར་གྱི་བཀའ་བབས་ཚུལ་ནི། ལུང་བསྟན་སྔ་ཕྱིའི་བབས་ལ་བརྟགས་ན་གཏེར་གྱི་བདག་པོར་ངེས་ཀྱང་ཕྱག་བཞེས་སུ་མ་མཛད་མོད། མགོན་པོ་འོད་དཔག་མེད་པའི་ཞལ་ཡང་ཡང་གཟིགས་ཤིང་། ཨོ་རྒྱན་ཆེན་པོ་དང་ཀུན་མཁྱེན་ཡབ་སྲས་ཀྱི་བྱིན་རླབས་ལ་བརྟེན་དམ་ཆོས་བདེ་ཆེན་ལམ་མཆོག་ཅེས་སྣང་བ་མཐའ་ཡས་ཕྱི་ནང་གསང་གསུམ་གྱི་སྒྲུབ་སྐོར། ཡང་གསང་རྟ་མགྲིན། སྤྲུལ་པའི་བཀའ་སྲུང་མ་ཧཱ་དེ་བ་བཅས་ཀྱི་སྨིན་གྲོལ་ཆ་ཚང་དགོངས་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་ནས་སྤེལ་བར་མཛད་པ་དང་། གཞན་ཡང་དག་སྣང་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒྲུབ་སྐོར་དང་། རྗེ་བཙུན་མི་ལའི་བླ་སྒྲུབ། མ་གཅིག་ལབ་སྒྲོན་གྱི་སྒྲུབ་ཐབས། དབང་ཆོག །གཅོད་ཡུལ་ཆུ་བོ་གཉིས་འདྲེས་ཀྱི་སྐོར་སོགས་ད་ལྟའི་བར་རྒྱུན་མ་ཉམས་པར་བཞུགས་ཤིང་། ཁོ་བོས་ཀྱང་འོད་དཔག་མེད་ཀྱི་སྐོར་རྣམས་ཅི་རིགས་པར་ནོས་པ་ཡིན་ནོ། ༈ །མཁས་གྲུབ་ངག་དབང་རྡོ་རྗེ་ནི། ཨེ་ཡུལ་རིག་པའི་འབྱུང་གནས་སུ་འཁྲུངས། ཨེ་ནེ་རིང་ནུབ་དགོན་ཞེས་པ་སྔོན་ནས་རྙིང་ལུགས་ཀྱི་ཆོས་རྒྱུད་འཛིན་པ་དེའི་བླ་མར་མཛད། ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་གཙོ་བོར་བསྐྱངས། ལུགས་གཉིས་ཀར་མཁྱེན་པ་ཆེ་ཞིང་ཕྲིན་ལས་རྒྱས། ཁྱད་པར་ཟབ་གཏེར་གྱི་བཀའ་བབས་རིམ་པར་བྱུང་བ་སྦྱོར་ར་ཐམས་ཅད་མཁྱེན་པ་དང་དྭགས་པོ་སྤྲུལ་པའི་སྐུ་སོགས་ཀྱིས་གསན་བཞེས་གནང་བ་ལས། ཡང་ཟབ་རྩ་གསུམ་ཀུན་འདུས་ཀྱི་ཆ་ལག་ཁྲོ་བོ་སྨེ་བརྩེགས་ཀྱི་གདམས་སྐོར་ཉུང་ངུ་ཟབ་ཁྱད་ཅན་ཞིག་བདག་གིས་ཀྱང་ནོས་སོ། ༈ །གནུབས་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་དུ་གྲགས་པ་ཀཿཐོག་པ་ཀུན་བཟང་ངེས་དོན་དབང་པོ་ཞེས་མཁས་གྲུབ་ཆེན་པོར་ཡོངས་སུ་གྲགས་པ་དེ་ཉིད་རིག་འཛིན་འཇིགས་མེད་གླིང་པས་ཀྱང་དོན་གྱིས་ལུང་་་་་་་བསྟན་པ་ལྟར་གཏེར་འབྱིན་གྱི་གང་ཟག་ཏུ་ངེས་ཀྱང་ཚངས་སྤྱོད་ལ་ཐུགས་ཞེན་ཆེས་པས་སྔགས་སྤྱོད་མ་མཛད་སྟབས་ཟབ་གཏེར་དངོས་ཕྱག་ཏུ་མ་སོན་རུང་། དམ་གཙང་བྱམས་གསུམ་གྱི་བྱིན་རླབས་ལ་བརྟེན་དམ་པའི་དག་སྣང་གསུང་རྡོ་རྗེ་དབང་ཆོག་དང་བཅས་པ། དགོངས་གཏེར་སྒྲོལ་དཀར་ཉུང་ངུ་བཞུགས་པ་བདག་གིས་ཀྱང་ནོས། ༈ པཎ་ཆེན་བི་མ་ལ་དང་རླངས་དཔལ་གྱི་སེང་གེ་སོགས་ཀྱི་རྣམ་འཕྲུལ་གྲུབ་ཆེན་ཆགས་མེད་རིན་པོ་ཆེའི་ཐུགས་སྲས་ཀྱི་ཐུ་བོ། མདོ་ཁམས་རྫོགས་ཆེན་པ་པདྨ་རིག་འཛིན་ཞེས་བོད་ཆེན་པོའི་ལྗོངས་སུ་སྔ་འགྱུར་རྡོ་རྗེ་ཐེག་པའི་ཕྲིན་ལས་ལྷག་པར་སྤེལ་བ་ལ་སྨོན་ལམ་གྱི་མཐུ་གྲུབ་པ་དེ་ཉིད་སྐུ་ཕྲེང་རིམ་པར་བྱོན་པའི་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ལམ། འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་ཕྲིན་ལས་རྣམ་རྒྱལ་རྡོ་རྗེ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ལ། སྤྱིར་རྩ་གསུམ་ཆོས་སྲུང་རབ་འབྱམས་ཀྱི་ཞལ་གཟིགས་ལུང་བསྟན་བར་མ་ཆད་པ་དང་། དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་མངོན་ཤེས་མངའ་བ་ཀུན་ལ་གསལ། ཁྱད་པར་ཟབ་མོ་དག་སྣང་གི་ཆོས་སྡེ་ཅི་རིགས་བཞུགས་པ་ལས། ཐོག་མ་ཙམ་དུ་གཏན་ལ་ཕབས་པའི་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཅེས་པའི་ཉུང་གསལ་སྙིང་པོར་དྲིལ་བ་ཞིག་སློབ་ཚོགས་རྣམས་ལ་ལན་མང་དུ་གནང་ཞིང་། གཏེར་ཆེན་མཆོག་གྱུར་གླིང་པས་ཀྱང་ཆེད་དུ་གསན་པར་མཛད་ལ་ཁོ་བོས་ཀྱང་ནོས་པ། མཆོག་གཟིགས་སྤྲུལ་པའི་སྐུ་འདི་ཉིད་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན་པས་རྟེན་འབྲེལ་ལེགས་པར་གྲུབ་བོ། ༈ །དེ་ལྟར་ན་སངས་རྒྱས་གཉིས་པ་པདྨ་ཀཱ་ར་དང་ཞལ་མི་གཉིས་པའི་མཁས་ཤིང་གྲུབ་པའི་དབང་ཕྱུག་ཚད་མའི་སྐྱེས་བུ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་དཀར་ཆགས་ཀྱི་རྩ་ཐོ་གནང་བ་ལ་གཞིར་བྱས་ཏེ་རིན་ཆེན་གཏེར་མཛོད་ཆེན་པོར་ཆོས་ཀྱི་རྣམ་གྲངས་བཞུགས་སུ་གསོལ་བའི་གཏེར་ཆེན་དང་གཏེར་ཕྲན་རྣམས་དང་། ཆོས་རྒྱུན་མ་རྙེད་ཀྱང་སྔོན་བྱོན་གཏེར་སྟོན་ཚད་ལྡན་འགའ་ཞིག་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་ཡིན་ལ། འདིར་མ་འཐུས་པའི་གཏེར་སྟོན་ཚད་ལྡན་དག་ཀྱང་སྣང་མོད། གསར་མའི་ཆོས་ལུགས་དང་རྙིང་མའི་གཏེར་སྟོན་རྣམས་ཕན་ཚུན་གཅིག་ལ་གཅིག་ཟུར་ཟ་དང་སྒྲོ་སྐུར་གྱི་གཞི་ཆེ་བས་དེ་དག་གི་དགོངས་པའི་གསང་མི་ཤེས་ཤིང་ཆོས་མིག་དང་མི་ལྡན་པའི་རྨོངས་ཞེན་ཕྱོགས་རིས་ཁོ་ན་ལ་འཐས་པ་རྣམས་ལོག་རྟོག་གི་གཡང་སར་འཕེན་པར་སྣང་་་བས་མཁྱེན་ལྡན་རྣམས་ཀྱིས་ཟུར་དུ་བཀོད་ན་འབྲེལ་ཆེ་བར་སྣང་ངོ་། །སྤྲུལ་པའི་གཏེར་སྟོན་དེ་རྣམས་གཅིག་རྗེས་གཅིག་མཐུད་དུ་བྱོན་པ་དང་། དུས་གཅིག་ལའང་མང་པོ་བྱོན་པ་དང་། སྐུ་ཚེའི་སྟོད་སྨད་ཙམ་གྱི་སྔ་ཕྱི་དང་། པདྨ་བཀའ་ཐང་དུའང་དགོངས་ཏེ་གསུངས་པས་གོ་རིམ་དཀྲུགས་པ་སོགས་ཀྱིས་བྱོན་དུས་ཀྱི་གོ་རིམ་ངེས་པ་ཅན་བསྒྲིག་དཀའ་ཡང་རགས་པ་ཙམ་གྱི་དབང་དུ་བྱས་ན། རྒྱལ་པོ་གླང་དར་མས་ལྕགས་བྱ་ལ་བསྟན་པ་བསྣུབས་ནས་ལོ་ལྔ་བཅུ་ང་གཉིས་འདས་པའི་ཆུ་གླང་དེར་བསྟན་པ་ཕྱི་དར་གྱི་ཐོག་མ་ཡིན་ལ། དེ་ནས་ལོ་ལྔ་འདས་པའི་ས་རྟ་ལ་ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས། འདི་དང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཙམ་ནས་སྤྲུལ་པའི་གཏེར་སྟོན་ཆེན་པོ་རྣམས་རིམ་པར་བྱོན་པར་སྣང་སྟེ། དེ་ལ་ཐོག་མ་སངས་རྒྱས་བླ་མ། རྒྱ་བན་རྡོ་རྗེ་འོད། གཙུག་ལག་དཔལ་དགེ །རྒྱ་ལོ་ཙཱ། གུ་རུ་ཧཱུྃ་འབར་རྣམས་བྱོན། དེ་ལས་ཅུང་ཟད་ཕྱི་བར་ལྷ་བཙུན་བྱང་ཆུབ་འོད། ཇོ་བོ་དཱི་པཾ་ཀ་རའི་དུས་ཙམ་དུ། ཁྱུང་པོ་དཔལ་དགེ །ཤ་མི་རྡོར་རྒྱལ། དབོན་གསས་ཁྱུང་ཐོག་སོགས་བྱོན། དེ་ནས་མངའ་བདག་མར་པའི་དུས་ཙམ་ན། གྲྭ་པ་མངོན་ཤེས། ཞང་བཙུན་དར་མ་རིན་ཆེན། རྡོར་འབུམ། སྣ་ནམ་ཐུབ་རྒྱལ། སངས་རྒྱས་འབར། རྒྱ་ཞང་ཁྲོམ། སེ་སྟོན་རིང་མོ། རྒྱ་ཕུར་བུ། དགེ་བཤེས་གྲྭ་པ་ཀུན་གྲགས། བོན་པོ་ལྷ་འབུམ། ལྷ་རྗེ་གནུབས་ཆུང་། རྒྱ་སྟོན་བརྩོན་འགྲུས་སེང་གེ་སོགས་བྱོན། དེ་ནས་མེ་མོ་ཡོས་ཀྱི་ལོ་ལ་དུས་འཁོར་རྒྱུད་འགྲེལ་བོད་དུ་ཕེབས། རབ་བྱུང་གི་ཐོག་མ་དྲུག་ཅུ་སྐོར་དང་པོར་བསྒྲངས་ཏེ་འདིའི་ནང་ཙམ་ལ་རྗེ་བཙུན་མི་ལ་དང་རྔོག་ལོ་ཆེན་པོ་སོགས་དང་དུས་མཉམ་དུ། བྱང་སེམས་ཟླ་རྒྱལ། གཏེར་སྟོན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །ལྷ་བཙུན་སྔོན་མོ། ཉི་མ་སེང་གེ །སར་བན་ཕྱོགས་མེད། ར་ཤག་ཆོས་འབར། གཉན་ལོ་དར་མ་གྲགས། དབུ་རུ་སྟོན་ཤཱཀ །བོན་པོ་བྲག་ཚལ་སོགས་བྱོན། དེ་ནས་དྲུག་ཅུ་སྐོར་གཅིག་སོང་བའི་རབ་བྱུང་གཉིས་པའི་ནང་། ཕག་གྲུ་དུས་མཁྱེན་རྣམས་དང་དུས་མཚུངས་སུ། གཉལ་པ་ཇོ་སྲས། ཟངས་རི་རས་པ། སྙེ་མོ་རྒྱ་གོང་རི་བ། གྲུབ་ཐོབ་དངོས་གྲུབ། མངའ་བདག་ཉང་། ར་མོ་ཤེལ་སྨན། སྙེ་མོ་ཞུ་ཡས། གྲུ་གུ་ཡང་དབང་། ཆུ་ཕོ་རྟོགས་ལྡན། བ་མཁལ་སྨུག་པོ། སུམ་པ་བྱང་ཆུབ་བློ་གྲོས། མངའ་བདག་མོལ་མི་འཁྱིལ། ཀུ་ས་སྨན་པ། ལྕེ་སྒོམ་ནག་པོ། ཞང་སྟོན་བཀྲ་ཤིས་རྡོ་རྗེ་སོགས་བྱོན། རབ་བྱུང་གསུམ་པར་རྗེ་བཙུན་གྲགས་རྒྱལ་དང་ས་པཎ་རྣམས་ཀྱི་དུས་སུ། འབྲེ་རྐྱང་སུམ་པ་སུམ་ཚོགས། གཡུ་ཐོག་ཡོན་ཏན་མགོན་པོ། སྟག་ལུང་སངས་རྒྱས་དབོན། སྨན་པ་ཉི་འོད་གསལ། གཉལ་པ་ཉི་མ་ཤེས་རབ། ཁྲོ་ཕུ་ལོ་ཙཱ། གཡས་བན་ཡ་བོན། གཡག་ཕྱར་སྔོན་མོ། བལ་པོ་ཨ་ཧཱུྃ། ཨ་ཇོ་དཔལ་བོ། གྲུབ་ཐོབ་འདར་འཕྱར། དུ་གུ་རིན་ཆེན་སེང་གེ །གཙང་རིང་ཤེས་རབ། སྤྲུལ་སྐུ་དམར་པོ། ཤངས་པ་རས་པ་སོགས་བྱོན། རབ་བྱུང་བཞི་པར་ཆོས་རྒྱལ་འཕགས་པ་སོགས་དང་དུས་མཉམ་དུ། གུ་རུ་ཆོས་ཀྱི་དབང་ཕྱུག །ཇོ་མོ་སྨན་མོ། མེ་ལོང་རྡོ་རྗེ། གྲུམ་དང་མཁར་ནག །སྐལ་ལྡན་བྱིས་པ། རཀྴི་སྟོན་པ། ཁམས་པ་ཉི་མ་གྲགས། རྒྱ་སྟོན་པདྨ་དབང་ཕྱུག །བྲང་ཏི་མཁར་བུ། སྒོམ་ཆེན་འབྲུག་པ། གཉན་སྟོན་ཛམྦྷ་ལ། པདྨ་གྲགས་པ། དོན་གྲུབ་སེང་གེ །གུ་རུ་ཇོ་ཚེ། ཚེ་བརྟན་རྒྱལ་མཚན། དུང་མཚོ་རས་པ་སྔ་མ་སོགས་བྱོན། རབ་བྱུང་ལྔ་པར་ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། བུ་དོལ་རྣམ་གཉིས་སོགས་དང་དུས་མཚུངས་སུ་ཀུན་དགའ་འབུམ་པ། རྒྱ་གར་གཏེར་སྟོན་བཛྲ་མ་ཏི། དོ་བན་རྒྱ་མཚོ། དུང་མཚོ་རས་པ་ཕྱི་མ། ལས་འབྲེལ་རྩལ། རྒྱལ་སྲས་ལེགས་པ། ཀློང་ཆེན་རབ་འབྱམས། རིན་ཆེན་གླིང་པ། གྲྭ་སྒོམ་ཆོས་རྡོར། ཉི་ཟླ་སངས་རྒྱས། ཨོ་རྒྱན་གླིང་པ། རྡོ་རྗེ་གླིང་པ། ཨོ་རྒྱན་བཟང་པོ། ཤེས་རབ་མེ་འབར། དོལ་ལས་འཕྲོ་གླིང་པ། བཟང་པོ་གྲགས་པ་སོགས་བྱོན། རབ་བྱུང་དྲུག་པར་རྒྱལ་དབང་རོལ་པའི་རྡོ་རྗེ། ངོར་ཆེན་ཀུན་དགའ་བཟང་པོ། འཇམ་མགོན་བློ་བཟང་གྲགས་པ་སོགས་དང་དུས་མཉམ་ཙམ་ན་སངས་རྒྱས་གླིང་པ། དྲི་མེད་ལྷུན་པོ། དྲི་མེད་ཀུན་དགའ། རྒོད་ལྡེམ་ཅན། བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན། ཀརྨ་གླིང་པ། འཇམ་དབྱངས་བླ་མ། ཐང་སྟོང་རྒྱལ་པོ་སོགས་བྱོན། རབ་བྱུང་བདུན་པ་རྗེ་མཐོང་བ་དོན་ལྡན། པཎ་ཆེན་དགེ་འདུན་གྲུབ། ་འགོས་ལོ་གཞོན་ནུ་དཔལ་སོགས་དང་དུས་མཚུངས་སུ། ལོང་པོ་བསམ་གཏན་བདེ་ཆེན་གླིང་པ། མགོན་པོ་རིན་ཆེན། རཏྣ་གླིང་པ། ལེགས་ལྡན་རྡོ་རྗེ། ཉང་པོ་མཆོག་ལྡན་རྡོ་རྗེ། པདྨ་གླིང་པ། ཆག་བྱང་ཆུབ་གླིང་པ། ཡོལ་མོ་ཤཱཀྱ་བཟང་པོ། ཀུན་སྐྱོང་གླིང་པ། མདོ་སྔགས་གླིང་པ། བསྟན་གཉིས་གླིང་པ། གྲོ་ཤུལ་འགྲོ་འདུལ་ལས་འཕྲོ་གླིང་པ་སོགས་བྱོན། རབ་བྱུང་བརྒྱད་པ་མི་སྐྱོད་རྡོ་རྗེ། འབྲུག་པ་པད་དཀར། རྗེ་དགུ་པ་སོགས་ཀྱི་དུས་སུ། མངའ་རིས་པཎ་ཆེན། རྒྱ་མ་མི་འགྱུར་ལས་འཕྲོ་གླིང་པ། རིན་ཆེན་ཕུན་ཚོགས། ཞིག་པོ་གླིང་པ། ཤེས་རབ་འོད་ཟེར། ལེགས་ལྡན་རྗེ། མ་ཏི་རཏྣ། སྤ་གྲོ་ཚེ་རིང་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྒྱལ་སྲས་བསྟན་པའི་འབྱུང་གནས། སྣང་གསལ་བཀྲ་ཤིས་རྒྱ་མཚོ་སོགས་བྱོན། རབ་བྱུང་དགུ་པར་རྒྱལ་བ་བསོད་ནམས་རྒྱ་མཚོ། ཇོ་ནང་རྗེ་བཙུན་སོགས་དང་དུས་མཉམ་དུ། གྲོ་ཤུལ་བདེ་ཆེན་གླིང་པ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། གར་དབང་ལས་འཕྲོ་གླིང་པ། ཡོངས་འཛིན་ངག་དབང་གྲགས་པ། འབྲི་གུང་དཀོན་མཆོག་རིན་ཆེན་སོགས་བྱོན། རབ་བྱུང་བཅུ་པར་རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། ཀུན་གཟིགས་ལྔ་པ་ཆེན་པོ་སོགས་ཀྱི་དུས་སུ། ར་ཞི་པདྨ་རིག་འཛིན། འཇའ་ཚོན་སྙིང་པོ། ལོང་པོ་བཀྲ་ཤིས་ཚེ་བརྟན། བདུད་འདུལ་ནུས་ལྡན་རྡོ་རྗེ། ལྷ་བཙུན་ནམ་མཁའ་འཇིགས་མེད། གནམ་ཆོས་མི་འགྱུར་རྡོ་རྗེ། གར་དབང་ཟླ་བ་རྒྱལ་མཚན། གཏེར་བདག་གླིང་པ། ཀློང་གསལ་སྙིང་པོ། དྭགས་པོ་བཟང་པོ་རྡོ་རྗེ། ཡོལ་མོ་བསྟན་འཛིན་ནོར་བུ། ཡོངས་དགེ་མི་འགྱུར་རྡོ་རྗེ་སོགས་བྱོན། རབ་བྱུང་བཅུ་གཅིག་པར་རྒྱལ་དབང་བྱང་ཆུབ་རྡོ་རྗེ་དང་སྐལ་བཟང་རྒྱ་མཚོ། ཆོས་ཀྱི་འབྱུང་གནས་སོགས་དང་དུས་མཉམ་དུ། སྟག་ཤམ་རྡོ་རྗེ། ངག་གི་རྡོ་རྗེ། སྟག་མོ་དབོན་གསས་ཁྱུང་ཐོག །ཆོས་རྗེ་གླིང་པ། ར་སྟོན་སྟོབས་ལྡན་རྡོ་རྗེ། ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན། རོལ་པའི་རྡོ་རྗེ། རོང་སྟོན་པདྨ་བདེ་ཆེན་གླིང་པ། ཐུགས་མཆོག་རྡོ་རྗེ། རིག་འཛིན་ཚེ་དབང་ནོར་བུ། ཏའུ་རོག་རྗེ་གླིང་པ་སོགས་བྱོན། རབ་བྱུང་བཅུ་གཉིས་པར་རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་དང་། རྒྱལ་བ་འཇམ་དཔལ་རྒྱ་མཚོ་སོགས་ཀྱི་དུས་སུ། ཐེག་ཆེན་དྲི་མེད་གླིང་པ། འབྲུག་ཐང་བདེ་ཆེན་རྒྱལ་པོ། བསམ་ཡས་རྫོགས་ཆེན་པ་འཇིགས་མེད་གླིང་པ། རྡོ་རྗེ་དྲག་པོ། རྨོག་གྲུབ་ནམ་མཁའ་ཆོས་དབང་སོགས་བྱོན། རབ་བྱུང་བཅུ་གསུམ་པའི་ནང་དུ། ཀུན་བཟང་འོད་ཟེར་རམ་འཆི་མེད་རྡོ་རྗེ། བྲག་གསུམ་རྡོ་རྗེ་ཐོགས་མེད། པདྨ་ཆོས་འབྱོར་རྒྱ་མཚོ། ལྷ་ལྡིང་ཞབས་དྲུང་ཟླ་བའི་འོད་ཟེར། གྲུབ་དབང་ཀུན་བཟང་གཞན་ཕན། ཨེ་ནེ་རིང་ཆོས་རྗེ་སོགས་བྱོན། རབ་བྱུང་བཅུ་བཞི་པར་རྒྱལ་དབང་ཐེག་མཆོག་རྡོ་རྗེ་སོགས་ཀྱི་དུས་སུ། དཔའ་བོ་གཙུག་ལག་ཆོས་རྒྱལ། ཆགས་མེད་བཞི་པ། ཆོས་རྒྱལ་རྡོ་རྗེ། རྫོགས་ཆེན་བཞི་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། མཆོག་གྱུར་བདེ་ཆེན་གླིང་པ་སོགས་བྱོན་པ་སྟེ། དེ་དག་ཐམས་ཅད་ཀྱི་རྣམ་ཐར་གཅིག་ཏུ་བཟླུམས་ཤིང་། ངོ་མཚར་བསམ་གྱིས་མི་ཁྱབ་པ། ཆེས་ཤིན་ཏུ་སྙིགས་མའི་སྟོབས་གཡོ་ཞིང་ལྷ་མིན་འཇུག་པ་རྩོམ་པའི་སྐབས་འདིར་གངས་ཅན་བསྟན་འགྲོ་སྐྱོབ་པའི་དཔུང་གཉེན་གཅིག་པུ་པར་ཨོ་རྒྱན་རྡོ་རྗེའི་ལུང་གིས་བསྔགས་པ། བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་རྗེ་བླ་མ་འོད་གསལ་མདོ་སྔགས་གླིང་པ་ཉིད་ད་ལྟའི་རབ་བྱུང་བཅོ་ལྔ་པའི་ཁོངས་སུའང་འཚོ་ཞིང་གཞེས་ལ་ཆོས་འཁོར་བསྐོར་བཞིན་པ་སྟེ། ད་རུང་བགྲང་བྱ་བརྒྱ་ཕྲག་ལས་ལྷག་པར་རྟག་བརྟན་རྡོ་རྗེའི་རང་བཞིན་དུ་བཞུགས་པར་སྙིང་ཐག་པ་ནས་གསོལ་བ་འདེབས་སོ། །སྔ་ཕྱིའི་དུས་བསྒྲིགས་དེ་དག་ནམ་བྱོན་པའི་དུས་ཚོད་ཕྱོགས་ཙམ་ངེས་པའི་སླད་དུ་འོལ་སྤྱི་རགས་པར་བརྗོད་པ་ཡིན་གྱི་མཐའ་གཅིག་ཏུ་སྔ་རྗེས་གོ་རིམ་ངེས་པ་ཅན་བསྒྲིག་མི་ནུས་ཏེ། གྲུབ་ཐོབ་དངོས་གྲུབ་དང་། ཉི་ཟླ་སངས་རྒྱས་སོགས་སྐུ་ཚེ་རིང་པོར་བཞུགས་ཤིང་། ཐང་སྟོང་རྒྱལ་པོ་དྲུག་ཅུ་སྐོར་གཉིས་དང་ལོ་ལྔར་བཞུགས་པ་དང་། འགའ་ཞིག་དྲུག་ཅུ་སྐོར་རེ་རེའི་ནང་དུའང་སྐྱེ་བ་སྔ་རྗེས་གཉིས་གསུམ་བྱོན་པ་དང་དུས་གཅིག་ལ་གཏེར་སྟོན་ཚད་ལྡན་མང་དུ་ཚོགས་པ་སོགས་སྣང་བའི་ཕྱིར་རོ། །སྔོན་གྱི་ལས་འཕྲོའི་སྟོབས་ཀྱིས་གཏེར་གྱི་དབང་སྐལ་ཆེ་ཕྲ་སྣ་ཚོགས་སུ་ཡོད་པ་དང་། ཚེ་འདིར་སྦྱང་སྟོབས་ཆེ་ཆུང་དང་མི་གཞི་བཟང་ངན་སྤྱོད་ལམ་རྩིང་ཞིབ་ཀྱི་རྐྱེན་སོགས་ལ་བརྟེན་ནས་ལུང་དོན་གྱི་རྟེན་འབྲེལ་གནད་དུ་སོང་མ་སོང་གི་དབང་ལས་གཞན་ཕན་རླབས་ཆེ་ཆུང་ཅི་རིགས་སུ་འབྱུང་བ་མ་གཏོགས། ཟོལ་མེད་ཀྱི་གཏེར་སྟོན་ཚད་ལྡན་ཡིན་ཕྱིན་ཆད་སྦྱང་བ་སྔོན་སོང་སྨོན་ལམ་མཐུ་ཅན་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུ་དམ་པའི་གྲངས་སུ་ངེས་པ་སྟེ། རྡོ་རྗེའི་གསུངས་ལས། པདྨའི་རྒྱུད་འཛིན་གཏེར་སྟོན་གཏེར་སློབ་རྣམས༔ སྤྱོད་པ་ཁྱི་ཕག་འདྲ་ཡང་ལས་ཅན་ཡིན༔ ཕལ་པ་གཞན་དང་མི་འདྲ་ཁྱད་དུ་འཕགས༔ སངས་རྒྱས་སྦས་ཐབས་ཐམས་ཅད་ངེས་མེད་འཕྱོ༔ ཟོག་པོ་བསླུ་བྲིད་མཁན་རྣམས་ཚུལ་འཆོས་ཆེ༔ གསེར་དང་བོང་བ་མ་སྙོམས་འགྲོ་བ་རྣམས༔ ཞེས་གསུངས་སོ། །དེ་དག་ལ་སྤྱི་ཙམ་དུ་བླ་རྫོགས་ཐུགས་གསུམ་ཚང་བ་ལ་གཏེར་ཆེན་དང། མ་ཚང་བ་ལ་གཏེར་ཕྲན་དུ་གྲགས་མོད། ཨོ་རྒྱན་གཏེར་བདག་གླིང་པའི་ཞལ་སྔ་ནས། གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་རྐྱེན་ཡོངས་སུ་རྫོགས་པའི་ཆོས་སྡེ་ཡོད་པ་གཏེར་ཆེན་དང་། སྒྲུབ་ཐབས་ཐོར་བུའམ་ཕན་གནོད་ཀྱི་ལས་ཚོགས་ཙམ་བཏོན་པ་གཏེར་ཕྲན་དུ་བཞེད་པར་སྣང་ངོ་། །དེ་ལྟར་བྱོན་པའི་གཏེར་སྟོན་དེ་རྣམས་རེ་རེས་ཀྱང་ཆོས་དང་དམ་རྫས་གཙོ་བོར་གྱུར་པའི་ཕྲིན་ལས་ཀྱི་འདུལ་ཐབས་སྣ་ཚོགས་པས་དངོས་དང་བརྒྱུད་ནས་མཆོག་དམན་གྱི་འགྲོ་བ་མཐའ་ཡས་པ་ཐ་ན་དུད་འགྲོ་ཡན་ཆད་གནས་སྐབས་མི་མཐུན་སེལ་ཞིང་མཐུན་རྐྱེན་ལེགས་ཚོགས་སྤེལ་བ་དང་། མཐར་ཐུག་ངན་སོང་དང་འཁོར་བ་ལས་སྐྱོབ་ཅིང་རྣམ་གྲོལ་ཐར་པ་མཆོག་ལ་བཀོད་པ་དང་། འགའ་ཞིག་གིས་དུས་སྐབས་དང་མཐུན་པར་བོད་ཡུལ་མཐའ་དམག་གི་འཇིགས་པ་ལས་བསྐྱབས་པ་སོགས་བཀའ་དྲིན་རྨད་དུ་བྱུང་བའི་ཕྲིན་ལས་རླབས་པོ་ཆེའི་བདག་ཉིད་ཁོ་ནར་ངེས་ཤིང་། དེ་ཐམས་ཅད་ཀྱང་བོད་ཁམས་སྐྱབ་གཅིག་ཨོ་རྒྱན་གྱི་སློབ་དཔོན་རིན་པོ་ཆེ་ཁོ་ནའི་ཐུགས་རྗེའི་རོལ་པ་ལས་བྱུང་བ་སྟེ། ལུང་ལས། མ་འོངས་འགྲོ་ལ་ཆོས་སྦྱིན་ཟད་མེད་དུ༔ སྲིད་པ་ཐམས་ཅད་པདྨའི་གཏེར་གྱིས་བཀང༔ འབྱིན་མཁན་ཐམས་ཅད་ང་ཡི་སྤྲུལ་པ་ཡིན། ཆ་ལུགས་སྤྱོད་པ་ངེས་མེད་ཅི་ཡང་བྱེད༔ དད་ལྡན་སྣང་བ་ཐེབས་རེ་མི་ལྡོག་མེད༔ ཀུན་གྱིས་ཚད་འཛིན་དཀའ་བ་མང་དུ་འབྱུང༔ ཞེས་གསུངས་པ་ལྟར་ངེས་པས་གུ་རུ་ཡབ་ཡུམ་གྱི་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ལ་སྙིང་ནས་རྗེས་སུ་དྲན་པས་སྲོག་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་མཆོད་སྤྲིན་དུ་འབུལ་ཞིང་རྟག་ཏུ་གསོལ་འདེབས་ལ་བརྩོན་པ་སོགས་དགོངས་པ་སྐོང་བར་རིགས་སོ། །དེ་ལྟར་ན་ཐོག་མར་སྟོད་མངའ་རིས་ནས་དབུ་བརྩམས། བར་དུ་དབུས་གཙང་ལྷོ་མོན། མཐར་མདོ་ཁམས་སྟོད་སྨད་བར་གསུམ་དུ་གཙོ་བོར་བྱོན་པའི་གཏེར་སྟོན་ཚད་ཐུབ་ཀྱི་དམ་པ་རྣམས་ལ་ཡོངས་སུ་གྲགས་པའི་ཆོས་བཀའ་སྣ་ཚང་གི་བཀའ་བསྡུ་བགྱིས་ཤིང་རྣམ་ཐར་མདོ་ཙམ་བཀོད་པ་འདི་དག་རྗེ་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ངོ་མཚར་སྤྲུལ་པའི་གཏེར་ཆེན་མདོ་སྔགས་གླིང་པའི་བཀའ་དྲིན་ལས་ཚད་མར་གྱུར་་་་པར་རློམ་ལ། གཞན་ཡང་ཡུལ་ཕྲན་ཁོལ་བུར་གཏེར་སྟོན་གྱི་མཚན་འཛིན་པ་མང་དུ་བྱོན་ཅིང་ཆོས་བཀའ་སྣ་ཚོགས་པས་འགྲོ་དོན་མཛད་པའང་ཡོད་པ་ཐོས་རུང་། གུ་རུ་རིན་པོ་ཆེའི་སངས་རྒྱས་ཀྱི་ཕྲིན་ལས་ཉེ་རིང་མེད་པ་གདུལ་བྱའི་ཡུལ་དང་འཚམས་པར་འཇུག་པ་ལ་ཚད་བཟུང་བྲལ་བས་དེ་དག་གུས་ཤིང་དང་བར་བྱ་བའི་ཡུལ་ཙམ་ལས་འདིར་སྡུད་པ་ལ་དགོས་པ་ཆུང་ཞིང་ཐམས་ཅད་བསྡུ་བའང་མི་ནུས་མོད། གསར་རྙིང་བཀའ་གཏེར་གྱི་ཆོས་བཀའ་ཟབ་ཅིང་རྒྱ་ཆེ་བ་དྲི་མེད་བདུད་རྩིའི་རྒྱ་མཚོ་ལ་ལོངས་སྤྱོད་དུ་ཡོད་བཞིན་ཁྲོན་པའི་ཆབ་ལ་འགྲམ་ཆུ་མ་ལྡང་ན་ཁེ་ཆེ་བར་མངོན་ནོ། ཁ་ཅིག་ཟག་མེད་ཀྱི་མངོན་ཤེས་ལྟ་ཅི་ཆོས་སྤྱན་དྲི་མེད་ཕྱོགས་ཙམ་ཡང་མི་ལྡན་པར། ལམ་གྱི་བར་གཅོད་མཐོང་སྣང་ཟར་ཟིར་རམ། རང་ཕྱོགས་གཟེངས་བསྟོད་ཅིང་གཞན་སྡེ་སྨ་འབེབས་པའི་བསམ་པ་དང་། སྐྱོ་མ་སྔ་བཙན་གྱི་ཕྱོགས་ཞེན་ལ་གཅིག་ཏུ་འཐས་པས་རང་ལ་གུས་འདུད་མ་བྱས་པ་ཐམས་ཅད་བདུད་སྤྲུལ་དང་ཆོས་ལོག་ཏུ་ངོས་བཟུང་ནས་ལོག་ལྟ་དང་ཆོས་སྤོང་གི་ཁུར་ཆེན་པོས་བརྒྱུད་མ་ནས་བརྒྱུད་མར་ནོན་པ་དང་། ལྷག་པར་གཞན་ཕན་གྱི་ཕྲིན་ལས་སྟོབས་སུ་ཆེ་བ་མངོན་སུམ་ཚད་མས་གྲུབ་པའི་གང་ཟག་དམ་པ་རྣམས་ལའང་ཟུར་གྱིས་སྨོད་ཅིང་རྒྱབ་ཕྱོགས་པར་སྣང་བས་དེ་དག་གི་རྗེས་སུ་འབྲངས་ན་རྟོན་པ་བཞི་ལས་ཕྱིན་ཅི་ལོག་ཏུ་འགྱུར་ཞིང་དེ་ལྟར་ན་སྟོན་པ་ཐུབ་པའི་དབང་པོའི་རྗེས་འཇུག་ཏུ་མི་འགྱུར་བ་དང་། རྒྱལ་བ་ཐམས་ཅད་མཁྱེན་པས། ང་དང་འདྲ་བའི་གང་ཟག་གིས་གང་ཟག་གི་ཚོད་བཟུང་བ་ལས་གཞན་དུ་ཉམས་པར་འགྱུར་བར་གསུངས་པའི་ཕྱིར། སངས་རྒྱས་དང་འདྲ་བའི་གང་ཟག་ནི་འཇིག་རྟེན་ན་དཀོན་པས་ཁུངས་མེད་ཀྱི་འཆལ་གཏམ་ལ་མི་ཞེན་པར་དག་སྣང་གི་མིག་ཡངས་པར་བྱས་ན་མནར་མེད་པའི་ས་བོན་ལས་ལྡོག་སྟེ་ཐར་པའི་ལམ་བཟང་པོར་འཇུག་པར་འགྱུར་རོ། །གཏེར་ལུང་རང་འདོད་མེད་པ་ཞིག་ཏུ་ལུང་བསྟན་པ་ཡོད་དུ་ཆུག་ཀྱང་ལུང་དེའི་དགོངས་གཞི་དང་དགོངས་པ་ཤེས་ཤིང་དངོས་ལ་གནོད་བྱེད་མེད་པ་ཞིག་གིས་ངེས་པར་བྱ་དགོས་པ་ལས། དྲང་ངེས་མ་ཕྱེད་པའི་ཚིག་ཙམ་ཐད་ཀར་བཟུང་ནས་ལུང་དོན་ཕྱོགས་གཅིག་ཏུ་བདེན་ཞེན་བྱ་བ་མ་ཡིན་ཏེ་ཤེས་བྱེད་ཀྱང་། དུས་སོགས་བཟང་ངན་འདི་འབྱུང་གི་ལུང་འགའ་རེའང་གནས་སྐབས་རྒྱུ་རྐྱེན་རྟེན་འབྲེལ་གྱིས་བསྒྱུར་བས་ལུང་བསྟན་པའི་ཐོག་ཏུ་མ་ཁེལ་བ་སྣང་བའི་ཕྱིར་རོ། །འབྱུང་འགྱུར་དུའང་སྤྲུལ་པའི་གཏེར་སྟོན་རྒྱུན་མི་འཆད་དུ་འབྱོན་པ་རྡོ་རྗེའི་ལུང་དང་དངོས་སྟོབས་ཀྱི་རིགས་པས་གྲུབ་ཀྱང་། སྔོན་བྱོན་རྣམས་ལས་མཆོག་གི་སྤྲུལ་སྐུ་རྣམ་པ་གསུམ་དང་། གླིང་ཆེན་ཁ་ཤས་ཙམ་ལས་ལུང་དོན་མཐར་ཕྱིན་པ་དཀོན་པར་གྱུར་ན། ཕྱིན་ཆད་དུས་ཀྱི་སྙིགས་མ་ཆེས་བདོ་ཞིང་སེམས་ཅན་བསོད་ནམས་རིམ་པར་ཆུང་དུ་འགྲོ་བས་རྟེན་འབྱུང་ཕུན་སུམ་ཚོགས་པར་འགྱུར་བ་ནི་དཀའ་བ་ལྟར་སྣང་མོད། འོན་ཀྱང་ཨོ་རྒྱན་རིན་པོ་ཆེའི་ཐུགས་རྗེ་དང་བྱིན་རླབས་ནི་ཇེ་མྱུར་དུ་འགྲོ་བས་ཟབ་གཏེར་དང་འཕྲད་པ་རྣམས་ཀྱིས་ཐོག་མ་ནས་ང་རྒྱལ་རློམས་སེམས་མཐུན་འཇུག་ཆོས་བརྒྱད་ཀྱི་བདུད་དབང་དུ་མི་ཤོར་བར། པད་འབྱུང་ཡིད་བཞིན་ནོར་བུས་རྗེས་འཇུག་ལ་ཐུགས་བརྩེ་བ་ཆེན་པོས་ཇི་ལྟར་གདམས་པའི་སྤང་བླང་གི་བསླབ་བྱ་རྣམས་ལ་རས་ཆོད་ཐོ་ཅོ་དེས་ཆོག་སྙོམས་ལས་སོགས་མི་ཆོས་ཀྱི་དབང་དུ་མི་གཏོང་བར་བཀའ་བཞིན་བསྒྲུབ་ན་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་ལྷུན་གྱིས་འགྲུབ་པར་འགྱུར་རོ། །འདི་ལྟར་བཤད་པའི་ཁུངས་ནི། ཉང་ཆོས་དབང་གཙོས་གཏེར་ཆེན་ཡོངས་གྲགས་སོ་སོའི་རྣམ་ཐར་དང་གཏེར་འབྱུང་། གཞན་ཡིག་རྙིང་ལོ་རྒྱུས་ཐོར་བུ་ནས་བྱུང་བ་དང་། སྤྱིར་བཏང་རྙིང་མ་བཀའ་མའི་ལོ་རྒྱུས་མང་ཚན་དང་རྒྱུད་འབུམ་དཀར་ཆག་སྔ་ཕྱི། ཁྱད་པར་གཏེར་མའི་ཕྱོགས་ལ་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཨོ་རྒྱན་རྣམ་ཐར་ཡིད་ཀྱི་མུན་སེལ། ཤ་གཟུགས་པ་བཀྲ་ཤིས་རྣམ་རྒྱལ་གྱི་གཏེར་མའི་ལོ་རྒྱུས་དཔག་བསམ་རབ་རྒྱས། ཟབ་ལུང་གདན་ས་པ་དབང་གི་རྒྱལ་པོའི་གཏེར་སྟོན་བརྒྱ་རྩའི་ཆོས་འབྱུང་། གཡག་སྡེ་འདུལ་འཛིན་མཁྱེན་རབ་རྒྱ་མཚོའི་ཆོས་འབྱུང་ནོར་བུའི་བང་མཛོད། མཁས་མཆོག་ངག་དབང་བློ་གྲོས་ཀྱི་སྔ་འགྱུར་ཆོས་ཀྱི་བྱུང་ཁུངས་མཁས་པ་དགའ་བྱེད། འགོས་ལོ་གཞོན་ནུ་དཔལ་དང་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་ལས་རྙིང་མའི་སྐབས། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་མཚན་སྡོམ་གསོལ་འདེབས་ལེ་ཚན། ཀུན་གཟིགས་ལྔ་པའི་གསན་ཡིག་ཆེན་མོ་དང་། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་གསན་ཡིག་སོགས་ལའང་ཞིབ་པར་གཏུགས། དེ་རྣམས་སུའང་ཆད་ལུས་དང་སྣང་ལ་མ་ངེས་པ་བྱུང་རིགས་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཆོས་སྤྱན་དྲི་མ་མེད་པ་དང་འཁྲུལ་བྲལ་ཡེ་ཤེས་ཀྱི་གཟིགས་པ་རྨད་དུ་བྱུང་བས་གསལ་བར་མཛད་པ་ཡིན་པས་ཚིག་ཉུང་ངུར་བསྡུས་ཀྱང་དོན་གྱི་ཆར་གཏེར་འབྱུང་སྔ་་་་མ་རྣམས་ལས་ཁྱད་པར་འཕགས་པ་ཡོད་དོ། །ཨོཾ་སྭསྟི་སིདྡྷི། མཁའ་དང་རབ་མཉམ་རྡོ་རྗེའི་སྐུ་ནི་འགྲོ་རེའི་མདུན་ན་གང་འདུལ་གཟུགས། །བརྗོད་པ་ལས་འདས་གསང་བ་ཟབ་མོ་མཐའ་ཡས་སྐད་ཀྱི་རྗེས་སུ་ཞུགས། །བསམ་གྱིས་མི་ཁྱབ་འོད་གསལ་དགོངས་པ་བརྟན་གཡོ་སྲིད་ཞིར་ཕྱོགས་ལྷུང་མེད། །རིགས་བརྒྱའི་སྤྱི་དཔལ་བདེ་བ་ཆེན་པོས་ཐོག་མཐའ་བར་དགེའི་བྱིན་རླབས་སྩོལ། །གྲོལ་བ་བཞི་ལྡན་གཏེར་མཛོད་ནོར་བུའི་སྒྲོམ། །རྡོ་རྗེའི་རྒྱ་ཡིས་བཏབ་པ་ལེགས་བཀྲོལ་ནས། ཁ་བ་ཅན་ལྗོངས་མཐའ་དབུས་རིས་མེད་པའི། །འདི་དང་གཏན་གྱི་ཕོངས་པ་སེལ་མཛད་པ། །ངོ་མཚར་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡི། །རྣམ་ཐར་རྨད་བྱུང་སྙིགས་འགྲོ་སྐྱོབ་པའི་མགོན། །འདོད་དགུ་ཀུན་འབྱུང་རིན་ཆེན་རྒྱན་ཕྲེང་བཞིན། །གྲུབ་མཆོག་གཏེར་སྟོན་རིམ་པར་བྱོན་རྣམས་ཀྱི། །རྟོགས་བརྗོད་ཚིག་ཚོགས་ཉུང་ལ་དོན་བཟང་བ། །དྲི་མེད་བཻ་ཌཱུརྻ་ཡི་ཕྲེང་མཛེས་འདི། །པདྨའི་རྗེས་འཇུག་སྐལ་བཟང་བློ་ལྡན་རྣམས། །སྤྲོ་བསྐྱེད་མགྲིན་པའི་རྒྱན་དུ་བསྟེན་འཚལ་ལོ། །ཇི་ལྟར་ཡིད་འོང་སྣ་ཚོགས་པདྨོའི་ཚལ། །ཀུན་ཀྱང་དབྱར་གྱི་དཔལ་ལས་བྱུང་བ་བཞིན། །ཇི་སྙེད་རིག་འཛིན་རྩལ་འཆང་རྣམ་འཕྲུལ་སྤྲིན། །ཀུན་བཟང་པདྨའི་ཡེ་ཤེས་མཁའ་ལས་ཤར། །དོན་དམ་དབྱིངས་སུ་གཅིག་དང་ཐ་དད་ཀྱི། །རིས་སུ་མ་ཆད་གདུལ་བྱའི་སྐལ་པ་དང་། །འཚམས་པར་སྣང་བའི་གསང་བ་ཁོང་ཆུད་པའི། །མཁས་རྣམས་མཆོག་དམན་བླང་དང་དོར་བྱས་དབེན། །ས་བོན་འདི་ལས་ལེགས་བཤད་ཡལ་ག་འབུམ། །རབ་རྒྱས་དཔག་བསམ་གསར་པའི་གྲིབ་བསིལ་དུ། །ཡིད་ཆེས་དད་པས་སྐྱེ་དགུ་ཀུན་བསྙེགས་ནས། །སྲིད་པའི་ཚ་གདུངས་རྨངས་ནས་འཇིལ་བར་ཤོག །ཟབ་གསང་བདུད་རྩི་རྟོག་གེའི་བློ་ཡི་ཆུས། །མ་བསླད་མ་ནོར་བྱིན་རླབས་གཟི་འོད་ཅན། །ཟབ་གཏེར་བསྟན་པས་ནོར་འཛིན་ཡངས་པའི་ཁོང། ཁྱབ་ཅིང་རྟག་ཏུ་མི་ནུབ་བརྟན་གྱུར་ཅིག །སྔོན་བྱོན་རིག་མཆོག་རྣམས་ཀྱི་དགོངས་པ་བསྐང་། །ད་ལྟར་བཞུགས་རྣམས་ཞབས་བརྟན་བཞེད་དོན་འགྲུབ། །འབྱོན་འགྱུར་གེགས་སེལ་དོན་གཉིས་མཐར་ཕྱིན་པའི། །བཙས་གྱུར་པདྨའི་མཆོག་བསྟན་རབ་རྒྱས་ཤོག །བདག་ཀྱང་སྐྱེ་ཀུན་གུ་རུས་རྗེས་བཟུང་སྟེ། །མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་ཟླ་མེད་པས། །གསང་མཆོག་ཐར་པའི་གྲོང་དུ་མཁའ་ཁྱབ་ཀྱི། །འགྲོ་ཀུན་ཕྱམ་གཅིག་བཀོད་པའི་མཐུ་ཐོབ་ཤོག །མཐར་ཐུག་པདྨ་ཀུན་ཏུ་འཆང་ཆེན་པོའི། །གསང་བ་གསུམ་དང་མཉམ་པ་ཉིད་གྱུར་ནས། །རབ་འབྱམས་སྐུ་དང་ཞིང་ཁམས་སྤྲིན་བཀོད་དེ། །སངས་རྒྱས་མཛད་པ་བསམ་ཡས་བསྒྲུབ་གྱུར་ཅིག །རབ་དཀར་སྲིད་ཞིའི་ཕུན་ཚོགས་གཅིག་བསྡུས་ཤིང་། །དགེ་མཚན་གཡས་སུ་འཁྱིལ་བ་ཆོས་ཀྱི་དུང་། །སྟོང་ཁམས་རྣ་བའི་བཅུད་དུ་ལེན་པ་ཡི། །དབྱངས་སྙན་འཇིག་རྟེན་ཀུན་ཏུ་རྟག་ཁྱབ་ཤོག །ཅེས་བོད་ཁམས་སྐྱོབ་པའི་དཔལ་མགོན་གཅིག་པུ་པ་རྒྱལ་དབང་པདྨཱ་ཀ་རའི་རྡོ་རྗེའི་གསུང་གི་གསང་བ་ཟབ་མོ་རྣམས་གཅེས་པར་བསྡུས་པའི་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་བྱུང་ཁུངས་དང་འབྲེལ་བའི་ལོ་རྒྱུས་མདོར་བསྡུས་་་་འདིའང། རྡོ་རྗེ་འཆང་པདྨའི་མཚན་ཅན་དང་ཀུན་གཟིགས་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་སོགས་གསར་རྙིང་གི་ཡོངས་འཛིན་དམ་པ་མང་པོས་རྗེས་སུ་བཟུང་ཞིང་། ཁྱད་པར་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང་ཞལ་མི་གཉིས་པའི་གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་པ་རྡོ་རྗེ་གཟི་བརྗིད་རྩལ་གྱི་བཀའ་དྲིན་ལ་བསྟེན་ནས་མདོ་རྒྱུད་རིག་གནས་དང་བཅས་པ་མང་དུ་ཐོས་ཤིང་རྒྱལ་བསྟན་རིས་སུ་མ་ཆད་པ་ལ་དག་པའི་སྣང་བ་རྒྱས་པ་དགེ་སྦྱོང་གཟུགས་བརྙན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེའམ། རིག་པ་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དད་གུས་འབད་རྩོལ་ཆེན་པོས་བགྱིས་པ་བདག་གཞན་སྐྱེ་དགུ་མཐའ་དག་ལ་གུ་རུ་རིན་པོ་ཆེའི་བྱིན་རླབས་འཇུག་པའི་སྣོད་དུ་རུང་ཞིང་ཟབ་མོ་གཏེར་གྱི་བསྟན་པ་ས་སྟེང་ཀུན་དུ་དར་ཞིང་རྒྱས་ལ་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །། སྙིགས་འགྲོའི་སྐྱོབ་པ་ཨོ་རྒྱན་ཐོད་ཕྲེང་གི །རིང་ལུགས་ཟབ་གཏེར་བསྟན་པའི་ཉིན་བྱེད་གཟིས། །འཇིག་རྟེན་ཀུན་ཁྱབ་རྩོད་པའི་དུས་ཀྱི་མུན། །རབ་བསལ་ཕན་བདེའི་དཔལ་གྱིས་མཛེས་གྱུར་ཅིག །སརྦ་སིདྡྷི་རསྟུ། །ཞེས་ཞུ་དག་པས་ཆེད་དུ་བརྗོད་པའོ།། །།

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).