Terdzo-CA-031

From Rinchen Terdzö
Revision as of 10:47, 15 January 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

རྩ་གསུམ་ཚེ་ཡི་ཟབ་པ་ལས། རྩ་བའི་དབང་བསྐུར་གྱི་ཆོག་ཁྲིགས་རིན་ཆེན་མྱུ་གུ་

rtsa gsum tshe yi zab pa las/_rtsa ba'i dbang bskur gyi chog khrigs rin chen myu gu

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ (Zab bdun rtsa gsum tshe'i zab pa)
parent cycle  ཐུགས་དམ་ཟབ་པ་སྐོར་བདུན་ (Thugs dam zab pa skor bdun)
Volume 5 (ཅ) / Pages 551-570 / Folios 1a1 to 10b5

[edit]

༄༅། །རྩ་གསུམ་ཚེ་ཡི་ཟབ་པ་ལས། རྩ་བའི་དབང་བསྐུར་གྱི་ཆོག་ཁྲིགས་རིན་ཆེན་མྱུ་གུ་ཞེས་བྱ་བ་བཞུགས་སོ། ། རྟག་པའི་རྡོ་རྗེ་བུམ་པ་སྐུ། །རྩ་གསུམ་ཕྱག་རྒྱར་སྣང་བ་ཡང་། །དངོས་གཅིག་ཁྱབ་བདག་བླ་མའི་གཤིས། །རིག་སྟོང་རང་ཞལ་མཇལ་བས་འདུད། །རྩ་གསུམ་ཚེ་ཡི་ཟབ་པ་ཡི། །སྨིན་བྱེད་རབ་གསལ་ཆོ་གའི་ཁྲིགས། །གཏེར་འབྱིན་ཤིང་རྟའི་ཞལ་ལུང་བཞིན། །དང་པོའི་ལས་ཅན་དོན་དུ་འགོད། །བཀའ་རྣམས་འདུས་པ་ཟབ་པ་སྐོར་བདུན་གྱི་ནང་ཚན། རྩ་གསུམ་ཚེ་ཡི་ཟབ་པའི་སྨིན་བྱེད་ཀྱིས་སྐལ་ལྡན་རྗེས་སུ་བཟུང་བ་ལ་དོན་བཞི། སྒྲུབ་རྫས་ཆས་འཇུག །སྒྲུབ་ཐབས་གསལ་འདེབས། བསྒྲུབ་བྱ་སྨིན་བྱེད། སྒྲུབ་པའི་མཐའ་རྒྱས་སོ། །དང་པོ་ནི། བསྐྱེད་རྫོགས་ལས་སུ་རུང་བའི་རྣལ་འབྱོར་པས། ཚེས་བཅུ་ལ་སོགས་པའི་དུས་བཟང་པོར་སྟེགས་བུ་ཁེབས་ལྡན་དབུས་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བཞི་ཕྱོགས་མདོག་ལྟེ་བ་མཐིང་ག །དེ་རྒྱབ་རིན་ཆེན་ཟུར་བརྒྱད་རྡོར་ར་མེ་འོད་སྣ་ལྔས་བསྐོར་བའི་ཕོ་བྲང་། གནམ་བབ་མའི་ཚུལ་དུ་བཞེངས་པའམ། མི་ནུས་ན་མེ་ཏོག་དམར་པོའི་ཚོམ་བུ་ལྔ་བཀོད་པའི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཅན་གྱི་ཁར། ཀ་པཱ་ལ་མཚན་ལྡན་ཆང་དང་མངར་གསུམ་སྦྱར་བས་བཀང་བ་ལ་བདུད་རྩི་ཆོས་སྨན་གྱི་ཕབ་བཏབ་པའི་ཁར། མེ་ལོང་སིནྡྷུ་རར་ཆོས་འབྱུང་ལ་ཡུམ་སྔགས་བྲིས་པས་བཅད་པའི་སྟེང་དུ་ཤེལ་རྡོ་དང་གུ་རུའི་སྐུ་འབག་བྱིན་རླབས་ལྡན་པ་བཞུགས་སུ་གསོལ། རྒྱབ་ཕྱོགས་ཀྱི་དབུས་སུ་བླ་མའི་གཏོར་མ་རིན་ཆེན་འབར་བ། དེའི་གཡས་སུ་སྒེར་སྲུང་གི་སྤུངས་གཏོར་དང་སྨན་ཐོད། གཡོན་དུ་གཏེར་སྲུང་དྲེགས་པ་སྡེ་ལྔའི་རྒྱུན་འབུལ་ཟླུམ་གཏོར་དཀར་པོ་ཐེབ་རིལ་ཅན་ལྔ་ཚར་དང་རཀྟའི་སྣོད། དཀྱིལ་འཁོར་གྱི་མདུན་དུ་ཚེ་འབྲང་བུམ་གཟུགས་དང་། དེའི་མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། ལས་བུམ། དཀར་བགེགས་ཆད་བརྟན་སོགས་གཏོར་མ་དང་། ཚོགས་ཀྱི་ཡོ་བྱད། ཌཱ་དྲིལ་སྤོས་གུལ་ཡུངས་ཐུན་མེ་ཏོག་སོགས་ཉེར་མཁོའི་རིགས་ཀྱང་གྲབས་སུ་ཚུད་པར་བྱའོ། །གཉིས་པ་ནི། ཆོས་སྐུ་ཀུན་བཟང་དང་དུས་གསུམ་སངས་རྒྱས་ཏེ་གཏེར་གཞུང་གཉིས་དང་། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྒྲུབ་ཁོག་ལྟར་སྔོན་འགྲོ་དཀར་གཏོར། ཐུགས་རྗེ་ཆེན་པོ་ལས་བྱུང་བའི་སྐྱབས་སེམས་ཚོགས་གསག་ཁ་བསྒྱུར་ཅན་ལན་གསུམ་གསུམ། བགེགས་གཏོར་བྱིན་རླབས་འགུག་བསྔོ་དང་། ཕྲིན་ལས་སྔོན་འགྲོའི་སྤྱི་ཆིངས་ལྟར་བགེགས་བསྐྲད་པ་ནས་མཐར་ཆགས་སུ་བཏང་བའི་མཆོད་པ་བྱིན་རླབས་གྲུབ་མཚམས། སྒྲུབ་གཞི་བདེ་གཤེགས་སྙིང་པོ་རང་བཞིན་རྣམ་དག་ཉིད་རྣམ་པ་ཐམས་ཅད་པར་ཤར་བས་མཁའ་ཁྱབ་ཀྱི་སྣོད་དང་བཅུད་དུ་སྣང་ཞིང་ཞེན་པ་ཐམས་ཅད་མཚན་མའི་སྒྲུབ་རྫས་ཀྱིས་མཚོན་ཏེ་ཆོ་ག་གསུམ་གྱིས་དམ་ཚིག་གི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་གསལ་བཏབ་པ་ལ། གཞི་གནས་ལྷུན་གྲུབ་ཀྱི་ཡེ་ཤེས་པ་བཅུག་སྟེ་རང་བྱུང་རང་ཤར་གྱི་མཆོད་བསྟོད་ཐུགས་དམ་སྐུལ་བའི་བཟླས་པ་བཅས་བྱ་བའི་སླད་དུ། རྩ་གསུམ་སྒྲུབ་ཐབས་ཀྱི་ཏིང་ངེ་འཛིན་རྣམ་གསུམ་ནས་བརྩམ་མཐར་ཆགས་སུ་བཏང་བ་ལས། རྩ་གསུམ་བཟླས་པ་ཆ་སྙོམས་ཏེ་ཅི་འགྲུབ་མཐར་ལས་བཞིའི་ཤམ་ཅན་ཅུང་ཟད་བཟླ། མདའ་དར་གཡབ་ལ་ཚེ་འགུགས་ཚེ་རྒྱས་གདབ་བཅས་གྲུབ་པ་དང་། གཟུངས་ཐག་སྦྲེལ་ཏེ། བུམ་པ་དང་པདྨ་བྷཉྫ་རང་བྱུང་གི་གཞལ་ཡས་ཁང་དུ་བཅུད་རྩ་གསུམ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་བདུད་རྩིའི་རྒྱ་མཚོར་འཁྱིལ་པར་གྱུར། ཅེས་མོས་ལ་རྩ་གསུམ་སྙིང་པོའི་ཚུལ་བཟླ། ལས་བུམ་སྒྲུབ་པ་ཟབ་བདུན་སྤྱི་ལྟར་བྱ། དམ་ཅན་སྤྱི་གཏོར། དྲེགས་པ་སྡེ་ལྔ། གཏེར་གཞི་བཅས་གྲུབ་མཚམས། ཕྲིན་ལས་མཇུག་གི་སྤྱི་ཆིངས་ལྟར་ཚོགས་བྱིན་རླབས་ནས་ཞལ་བསྟབ་ཡན་སོང་བ་དང་། རིག་པའི་མེ་ཏོག་དོར་བ་ཙམ་མམ། རང་ཉིད་དཔལ་གྱི་སྐུ་གཉིས་པར་ལོགས་སུ་ཕྱེ་བས་ཐུགས་རྗེ་ཆེན་པོ་ལྟར་ཏིང་འཛིན་གྱི་བདག་འཇུག་བླངས་ལ་བདག་ཉིད་ནུས་ལྡན་དུ་བྱའོ། །གསུམ་པ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་། དབང་བསྐུར་བ་དངོས་སོ། །དང་པོ་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོ། ཧཱུྃ༔ རྣལ་འབྱོར་ཆེན་པོའི་སོགས་སྤྱི་ཆིངས་ལྟར་དང་། གུ་གུལ་ཡུངས་ཐུན་རོལ་མོ་བཅས་པས་བགེགས་བསྐྲད། ཧཱུྃ༔ ང་ནི་ལས་ཀྱི་ཧེ་རུ་ཀ༔ སོགས་ཀྱིས་མཚམས་བཅད། མེ་ཏོག་བཀྱེ་བསྡུ་བྱར་གཞུག་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྩ་བ་གསུམ་གྱི་བྱིན་རླབས་དབང་བསྐུར་གྱི་རིམ་པ་གསན་ལ་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་ལ་གསན་པར་ཞུ། དེའང་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། གདུལ་བྱའི་བསམ་པ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་། བསྡུ་ན་ཐེག་པ་དགུའམ། དེ་ཡང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་སྟེ། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པ་འོ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པས་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་ལས། འདིར་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུ་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་འབྲས་བུ་ལམ་བྱེད་ཀྱི་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལྟར་ཡང་སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས། དེ་ཡང་གངས་ཅན་གྱི་ལྗོངས་འདིར་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པའི་གསར་མ་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲི་ཡོག་སྡེ་གསུམ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་བསྐྱེད་རྫོགས་རྣམ་པ་གསུམ་སྟེ་དྲུག་ཏུ་དབྱེ་བའི་རང་སྐད་ཐུན་མོང་མ་ཡིན་པ་ལས་ནང་རྒྱུད། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་སྡེའི་སྡེ་ཚན་དུ་གཏོགས་ཤིང་། རྒྱུད་ལུང་མན་ངག་གསུམ་ཀའི་སྙིང་པོ་གཅིག་ཏུ་བསྒྲིལ་བ་ལྟ་བུ། ཟབ་པ་ལས་ཀྱང་ཆེས་ཟབ་པའི་གདམས་པ་ཡིན། དེ་ཡང་སྤྱིར་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལས། འདིར་བཀའ་མ་ལས། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ། ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོར་བརྒྱུད་ཐག་ཉེ་ཞིང། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམ་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནུབ་པ་མེད་པས་ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ཡང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་མངོན་རྫོགས་སྟོན་པ་འོད་དཔག་ཏུ་མེད་པའི་ངོ་བོ་ལས་མ་གཡོས་བཞིན་དུ་ཐུགས་རྗེའི་རང་རྩལ་མ་འགག་པའི་ཆོ་འཕྲུལ་ནང་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་དཔལ་ཆེན་རྟ་མགྲིན་དབྱེར་མེད་པའི་བདག་ཉིད། ཕྱི་ལྟར་ན་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝའི་རྣམ་རོལ་དུ་བསྟན་ནས་གདུལ་བྱ་མཐའ་ཡས་པའི་དོན་མཛད་པ་ལས། བྱེ་བྲག་འཛམ་བུའི་གླིང་འདིར་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་དྷ་ན་ཀོ་ཤའི་རྒྱ་མཚོར་པད་སྡོང་ལས་སྐུ་འཁྲུངས་པའི་ཚུལ་བསྟན་ཏེ། རྒྱ་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར་ཅིང་། ཁྱད་པར་བོད་ཀྱི་གདུལ་བྱ་ལ་ཐུགས་བརྩེ་བས་ཤིན་ཏུ་ཟབ་པའི་གདམས་ངག་མཐའ་ཡས་པ་ཞིག་སྐལ་ལྡན་རྗེ་འབངས་རྣམས་ལ་བསྟན་ཅིང་། དེ་རྣམས་བོད་ཡུལ་སྟོད་སྨད་ཀུན་ཏུ་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པར་སྦས་ཏེ། ཇི་སྲིད་རྒྱལ་བ་བྱམས་པའི་བསྟན་པ་མ་བྱུང་གི་བར་དེ་སྲིད་དུ་གཏེར་ཆོས་དང་གཏེར་འབྱིན་རྒྱུན་མི་ཆད་པར་འབྱུང་བར་ལུང་གིས་བསྟན་པ་བཞིན་བསྟན་ཞབས་གཏེར་གྱིས་སྐྱོང་བ་མངོན་སུམ་དུ་གྲུབ་པ་ལས། འདིར་སྐབས་སུ་བབ་པ་ནི། བོད་དུ་མདོ་སྔགས་ཀྱི་བཤད་གྲྭ་སྒོམ་གྲྭ་ལེགས་པར་ཚུགས་པའི་རྗེས་ཐོག་ཏུ་ཨོ་རྒྱན་རིན་པོ་ཆེ་ལས་ཅན་དག་པའི་འཁོར་དང་བཅས་ཏེ་ཁམས་ཀྱི་སྟོད་སྨད་མཐའ་དག་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རློབ་པའི་སྐབས་སུ། ཁམས་ཕྱོགས་གནས་ཆེན་ཉེར་ལྔའི་ཡ་གྱལ་གསུང་གི་ཡོན་ཏན་གྱི་གནས་མཆོག་ནམ་མཁའ་མཛོད་དུ་གསང་སྔགས་ཕྱི་ནང་ཐམས་ཅད་ཀྱི་ཡང་ཟབ་སྙིང་པོ་བཅུད་དུ་དྲིལ་བའི་གདམས་པ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ་སྨིན་གྲོལ་ལས་རབ་འབྱམས་དང་བཅས་པའི་གདམས་པ་དཔག་ཏུ་མེད་པ་གནང་། འཁོར་བཅས་ལོ་བདུན་དུ་སྒྲུབ་པ་མཛད་ཅིང་སོ་སོས་གྲུབ་པའི་རྟགས་ཁྱད་པར་ཅན་རེ་བསྟན་པའི་མཐར་ཕྱག་དཔེ་ཐམས་ཅད་ཤོག་བུ་རིགས་ལྔ་ལ་འཕྲུལ་གྱི་ཡི་གེར་བཏབ་སྟེ་གཏེར་གནས་བདུན་དུ་རྒྱས་བཏབ། རྩོད་དུས་སྙིགས་མ་སུམ་ཅུ་ཁ་རལ་གྱི་དུས་སུ་སྐྱེས་བུ་སོ་སོས་འདོན་པར་བཀའ་གཏད་སྨོན་ལམ་གྱིས་མཚམས་སྦྱར་བ་དུས་སུ་སོན་ཏེ། ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙད་པོའི་རྣམ་པར་འཕྲུལ་པ་སྤྲུལ་པའི་གཏེར་སྟོན་ཆེན་པོ་མཆོག་གྱུར་བདེ་ཆེན་གླིང་པས། སྐུའི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རྒྱབ་ངོས་དམ་ཅན་བྲག་གི་གཡས་ཟུར་ནས་སྐལ་ལྡན་བདུན་གྱིས་མཐོང་ལམ་དུ་གནམ་ལྕགས་ཀྱི་ཕུར་སྒྲོམ་ཁྲུ་གང་བ་ངོ་མཚར་བའི་ལྟས་དང་བཅས་སྤྱན་དྲངས་པ་ལས་བྱུང་བ་རྩ་བ་དང་། སྤྲུལ་པའི་གནས་མཆོག་ནམ་མཁའ་མཛོད་ནས་གུ་རུའི་སྐུ་ཚབ། དམ་རྫས་རོལ་པ་ཆེན་པོ་སོགས་དང་ལྷན་ཅིག་སྤྱན་དྲངས་པའི་ཡན་ལག་མཐའ་རྒྱས་ཀྱི་སྐོར་བཅས་གུང་བསྡེབས་པས་སྔོན་ཆད་ས་སྟེང་དུ་མ་བྱུང་བའི་དམ་ཆོས་ཟབ་པ་སྐོར་བདུན་དུ་གྲགས་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྡེ་ཆེན་པོ་ལས། རྩ་གསུམ་ཚེའི་ཟབ་པའི་རྩ་བའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་རིམ་པ་ཟབ་མོ་སྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་ཟིན་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བྱིན་རླབས་དབང་བཞིའི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་དང་ཡེ་ཤེས་སུ༔ བདག་ཉིད་སྨིན་པར་མཛད་དུ་གསོལ༔ ལན་གསུམ། ཐེག་པ་ཆེན་པོའི་ལམ་གྱི་གཞི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་མཐའ་སྐོར་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་བསམས་ལ། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔ བླ་མ་ཨོ་རྒྱན་པདྨ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ལན་གསུམ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་རྩ་བ་གསུམ་གྱི་དཀྱིལ་འཁོར་དུ་ཞུགས་ནས་ཉམས་སུ་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་དགྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་བྱ༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་ཚོགས་ཞིང་དེ་དག་གི་སྤྱན་སྔར། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་དང་མཆོད་པའི་སྤྲིན་སྤྲོ་བ། སྔར་བྱས་སྡིག་ལྟུང་རྣམས་ལ་གནོང་འགྱོད་དྲག་པོས་བཤགས་ཤིང་སྡོམ་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་བ་དེ་དག་དམིགས་མེད་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་བྱང་ཆུབ་མཆོག་ཏུ་བསྔོ་བ་རྣམས་བགྱིད་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ་༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ རྩ་གསུམ་བླ་མའི་གོ་འཕང་མྱུར་ཐོབ་ཤོག༔ དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྦྱོར་བ་དམ་ལ་བཞག་པ་འདི་ལ་སྙན་གཏོད་འཚལ། རྡོ་རྗེ་མགོར་བཞག །དམ་ཆུ་ཁར་བྱིན་ལ། ཧཱུྃ༔ འདི་ནི་རྡོ་རྗེའི་གསང་བ་གསུམ༔ བླ་མེད་ཡང་གསང་དཀྱིལ་འཁོར་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་སྨྲ་མི་རུང༔ ཉམས་ན་ཆུ་འདིས་སྲེག་པར་བྱེད༔ མ་ཉམས་དངོས་གྲུབ་ཐམས་ཅད་ཐོབ༔ ཨོཾ་བཛྲ་ས་མ་ཡ་རཀྵ༔ དམ་ཚིག་གི་གནས་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད༔ ཨི་དན་ན་ར་ཀན༔ དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་ལུས་ཀྱི་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། ངག་རླུང་ཁ་སྦྱོར་དུ་ཆིངས། སེམས་གནད་དམིགས་པ་མ་ཡེངས་པས་འདི་བཞིན་དུ་མཛད་པར་ཞུ། བསང་སྦྱང་། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་སློབ་མ་རྣམས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ་སྤྱི་བོ་ནས་རྟ་སྐད་འཚེར་ཞིང་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་པ་ཞབས་གཉིས་གར་སྟབས་སུ་བཞུགས་པའི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿཡིག་མར་མེ་ལྟ་བུ་གསལ་ཞིང་། སློབ་དཔོན་ལ་དད་པ་དུང་སེམས་བསྐྱེད་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷོ་ནུབ་སྲིན་པོའི་ཡུལ་ཟངས་མདོག་དཔལ་རིའི་རྩེ་མོ་པདྨ་འོད་ཀྱི་གཞལ་ཡས་ནས་ཨོ་རྒྱན་གྱི་རིག་འཛིན་པདྨ་འབྱུང་གནས་རྩ་བ་གསུམ་གྱི་དཀྱིལ་འཁོར་རྒྱ་མཚོ་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་ཏེ་རྒྱ་མཚོ་ཆེན་པོ་ལས་སྤྲིན་ཆེན་ལངས་པ་ལྟར་ལྷོ་ནུབ་ཀྱི་ནམ་མཁའ་ལ་བྱིན་ཐིབས་སེ་བྱོན་ཏེ་སློབ་བུའི་སྤྱི་བོའི་ནམ་མཁའ་ལ་བཞུགས་པར་བསམ་ཞིང་། ཐོད་པ་ལྟག་སྤྲོད་འཁྲོལ། སྤོས་དྲི་ཞིམ་པོ་བཏུལ་ལ་དབྱངས་སྙན་པོས། ཧཱུྃ༔ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུའི་བླ་མ་གཤེགས་སུ་གསོལ༔ ཆོས་སྐུ་ཀུན་བཟང་གི་ངོ་བོར་བཞེངས༔ རྡོ་རྗེ་འཆང་གི་རྣམ་པར་བྱོན༔ དཔལ་གསང་བ་འདུས་པ་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས། བླ་མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཡེ་ཤེས་ཉམས་རྟོགས་སྤེལ༔ དུས་ད་ལྟ་ཉིད་དུ་དབང་ཆེན་སྐུར༔ གནས་བདེ་བ་ཅན་དང་པོ་ཏ་ལ༔ ལོངས་སྐུའི་བླ་མ་གཤེགས་སུ་གསོལ༔ འོད་དཔག་མེད་ཀྱི་ངོ་བོར་བཞེངས༔ སྤྱན་རས་གཟིགས་ཀྱི་རྣམ་པར་བྱོན༔ དཔལ་ཚེ་དཔག་མེད་པ་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས༔ བླ་མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཚེ་སྲོག་བརྟན་པ་དང༔ དུས་ད་ལྟ་ཉིད་དུ་ཚེ་དབང་སྐུར༔ གནས་པདྨ་འོད་ཀྱི་གཞལ་ཡས་ནས༔ སྤྲུལ་སྐུའི་བླ་མ་གཤེགས་སུ་གསོལ༔ པདྨ་ཐོད་ཕྲེང་གི་ངོ་བོར་བཞེངས༔ རྩ་བའི་བླ་མའི་རྣམ་པར་བྱོན༔ རེ་ལྟོས་ཅན་རྣམས་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས། བླ་མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཡེ་ཤེས་ཉམས་རྟོགས་སྤེལ༔ དུས་ད་ལྟ་ཉིད་དུ་དབང་ཆེན་སྐུར༔ གནས་པདྨ་དབང་གི་དུར་ཁྲོད་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ དཔལ་ཞི་ཁྲོའི་ལྷ་ཚོགས་ངོ་བོར་བཞེངས༔ རྩ་བའི་ཡི་དམ་གྱི་རྣམ་པར་བྱོན༔ ལྷ་དབང་ཆེན་རྟ་མགྲིན་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས༔ ལྷ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཚེ་སྲོག་བརྟན་པ་དང༔ དུས་ད་ལྟ་ཉིད་དུ་དངོས་གྲུབ་སྩོལ༔ གནས་དག་པ་མཁའ་སྤྱོད་ཀྱི་གཞལ་ཡས་ནས༔ མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ༔ ཡུམ་ཀུན་ཏུ་བཟང་མོའི་ངོ་བོར་བཞེངས༔ ཡེ་ཤེས་མཚོ་རྒྱལ་གྱི་རྣམ་པར་བྱོན༔ ཡུམ་རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས༔ མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཚེ་སྲོག་བརྟན་པ་དང༔ དུས་ད་ལྟ་ཉིད་ནས་བར་ཆད་སོལ༔ ཞེས་བརྗོད་ཅིང་རྩ་བ་གསུམ་གྱི་རྩ་སྔགས་རྣམས་བཟླ། ཡེ་ཤེས་པ་རྣམས་ཁྱེད་རང་ལ་སིབ་སིབ་ཐིམ་པས་བྱིན་གྱིས་བརླབས་པའི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ༔ ཅེས་རྡོ་རྗེ་སྤྱི་བོར་བཞག །དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པས་སྔོན་འོག་མིན་དུ་མཐར་ལམ་ལ་ཞུགས་པ་དང་སྐལ་བ་མཉམ་པ་ཡིན་ཏེ། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པས། །འཁོར་ལོ་མངོན་དུ་སྣང་བ་ཡི། །བསོད་ནམས་རྟག་པ་གང་ཡིན་པ། །ཕྱིས་བྱས་པ་འང་དེ་བཞིན་ནོ། །ཞེས་གསུངས་སོ། །གཉིས་པ་དབང་ལ་དངོས་དང་མཐའ་རྟེན་ཚེའི་བྱིན་རླབས་སྦྱིན་པའོ། །དང་པོ་ནི། ཞུགས་ནས་དངོས་གཞི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། བུམ་པ་ཐོགས་ལ། དེ་ཡང་རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། རྡུལ་ཚོན་མེ་ལོང་བུམ་པ་དང་། །གཏོར་མ་ལ་སོགས་རྫས་དག་ལ། །བརྟེན་ནས་མཚན་ཉིད་ཀུན་ལྡན་པའི། །བླ་མས་བྱིན་རླབས་དབང་བསྐུར་ན། །དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག །བཞི་པའི་དེ་ཉིད་དབང་བཞི་ཐོབ། །ཅེས་གསུངས་པ་ལྟར། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དབང་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་དེ་ཉིད་སྒྲུབ་པར་བྱེད་པ་ལ། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲོད་རྣམས་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་ལ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མ་མཆིས་པས་འདི་ལྟར་དབང་རྣམས་རིམ་པ་བཞིན་བསྐུར་བ་ལས་སྤང་བྱའི་དྲི་མ་རྣམས་དག་ཅིང་ཐོབ་བྱའི་ཡོན་ཏན་ཐམས་ཅད་ཐོབ་པར་གྱུར་ཏོ་སྙམ་པའི་མོས་པ་མཛོད། ཧཱུྃ༔ སྙིང་པོ་བྱང་ཆུབ་སེམས་ཀྱི་བུམ་པ་རུ༔ ཐབས་དང་ཤེས་རབ་གཉིས་ཀྱི་བདུད་རྩིས་བཀང༔ ལུས་ངག་ཡིད་གསུམ་བག་ཆགས་དྲི་མ་སྦྱངས༔ སྐུ་གསུང་ཐུགས་དང་ཡེ་ཤེས་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལན་གསུམ་བརྗོད་ལ། དང་པོས་སྤྱི་བོར་བཞག་ནས་ཁྲུས་བྱས་པ་བུམ་དབང་། གཉིས་པས་མགྲིན་པར་གཏད་ནས་བུམ་ཆུ་བླུད་པ་གསང་དབང་། གསུམ་པས་སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་ལུས་ལྷར་སྨིན་པར་བྱེད་པ་སྐུ་བུམ་པ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །ཐོད་པ་ཐོགས་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ བདེ་སྟོང་ཡེ་ཤེས་བདུད་རྩིའི་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱུད་ལ་རྫོགས་པ་ཡི༔ སྐུ་གསུང་ཐུགས་དང་ཡེ་ཤེས་དབང་རྫོགས་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ལན་གསུམ། དང་པོས་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། གཉིས་པས་མགྲིན་པར་གཏད་ནས་བདུད་རྩི་བླུད་པ་གསང་དབང་། གསུམ་པས་སྙིང་ཁར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་ངག་སྔགས་སུ་སྨིན་པར་བྱེད་པ་གསུང་གསང་བ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །མེ་ལོང་ཐོགས་ལ། ཧཱུྃ༔ མེ་ལོང་སྟོང་ཉིད་ཡུམ་གྱི་ངོ་བོ་ལ༔ བདེ་ཆེན་རབ་ཏུ་རྒྱས་པའི་སིནྡྷུ་ར༔ བདེ་ཆེན་ཡེ་ཤེས་སྐད་ཅིག་ཉིད་ལ་རྟོགས༔ དབང་བཞི་དུས་གཅིག་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྞ་ནཱི་ཡཻ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱཿ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ལན་གསུམ། མེ་ལོང་སྤྱི་བོར་བཞག་སྟེ་དཔྲལ་བར་ཐིག་ལེ་བཀོད་པ་བུམ་དབང་། མགྲིན་པར་བཞག་ཅིང་ཐིག་ལེ་བྱས་པ་གསང་དབང་། སྙིང་ཁར་བཞག་ཅིང་ཐིག་ལེ་བྱས་ཏེ་རིག་པ་གསལ་ལ་མ་འགག་པར་ངོ་སྤྲོད་པ་ཤེས་རབ་ཡེ་ཤེས། དེས་སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་ཡིད་ཐུགས་སུ་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །ཤེལ་རྡོ་ཐོགས་ལ། དཔེ་ལས་སྐྱེས་པའི་ཡེ་ཤེས་དེ་ཉིད་ཚིག་གིས་ངོ་སྤྲད་པས་ཀ་དག་གི་དགོངས་པ་རྒྱུད་ལ་ལྷག་གིས་འཆར་ཞིང་ལྷུན་གྲུབ་ཀྱི་སྣང་བ་རྩོལ་མེད་དུ་མཐོང་བར་མོས་མཛོད། ཧཱུྃ༔ རང་བཞིན་བྱ་རྩོལ་བྲལ་བའི་རྫོགས་པ་ཆེ༔ ལྷུན་གྲུབ་ཅིར་ཡང་སྣང་བའི་མདངས་རྩལ་ཅན༔ ཅི་ཡང་མ་ཡིན་ཅིར་ཡང་སྣང་བ་ཅན༔ བློ་བྲལ་ངང་ལ་བཞག་པས་དོན་དབང་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གཏོར་མ་ཐོགས་ལ། ཧཱུྃ༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་ཕྱིར༔ དམ་རྫས་གཏོར་མ་རྩ་གསུམ་ཕོ་བྲང་ཆེ༔ དུས་གསུམ་རྒྱལ་བའི་དབང་བསྐུར་བླ་ན་མེད༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ རྩ་གསུམ་གྱི་སྔགས་ཚན་བཞིའི་མཐར། ཀཱ་ཡ་སོགས་སྦྲེལ་བ་ལན་གསུམ། གཏོར་མ་སྤྱི་བོར་བཞག་པ་ནི་བུམ་དབང་། མགྲིན་པར་བཏད་ནས་གཏོར་ཟན་མྱང་བ་གསང་དབང་། སྙིང་ཁར་གཏད་དེ་ཚིག་དོན་ངོ་སྤྲོད་པ་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་སྤངས་རྟོགས་ཡོངས་རྫོགས་སུ་བྱེད་པ་ཡོན་ཏན་གཏོར་མ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །སྐུ་འབག་ཐོགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་སྐལ་ལྡན་བུ་ལ་གཏད༔ ཐུགས་དམ་བཞིན་དུ་བྱིན་གྱིས་བརླབ་ཏུ་གསོལ༔ སྔགས་ཚན་བཞི་ཤམ་བཅས་ལན་གསུམ། སྐུ་འབག་གུ་རུ་དངོས་སུ་གསལ་བ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲོད་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། འགྲོ་འདུལ་གྱི་ལས་རབ་འབྱམས་འགྲུབ་པར་བྱེད་པ་ཕྲིན་ལས་སྐུ་འབག་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །དེ་ལྟར་རྩ་བའི་དབང་རྣམ་པ་ལྔ་ལ་བཞི་བཞིར་ཕྱེ་བས་ན་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་གྱུར་པ་ཡིན་ནོ། །གཉིས་པ་ནི། མཐའ་རྟེན་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧྲཱི༔ འགྲོ་བའི་མགོན་པོ་པདྨ་ཚེ་དཔག་མེད༔ འཆི་མེད་དངོས་གྲུབ་རྡོ་རྗེ་ཚེ་མངའ་བ༔ བདག་ཅག་སྐྱེ་འཆི་བགྲེས་རྒུད་མེད་པ་ཡི༔ ཚེ་དང་ཡེ་ཤེས་མྱུར་བར་བསྩལ་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་དབང་ཆེན་རྟ་མགྲིན་དུ་གསལ་བའི་ཐུགས་ཀར་ཚེ་དཔག་མེད་དམར་པོ་ལོངས་སྐུའི་ཆས་ཅན་མཉམ་གཞག་ཚེ་བུམ་བསྣམས་ཤིང་རང་འདྲའི་ཡུམ་དང་འཁྲིལ་བའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཚེ་སྲོག་མི་འགྱུར་བའི་ཡི་གེ་ཨ་ནྲྀ་ཧཱུྃ་གསུམ་བཀྲག་དང་ལྡན་པ་གསལ་ཐོབ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དང་སྤྲུལ་པའི་མགྱོགས་མ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱི་མཐུ་ནུས། སྣོད་ཀྱི་འབྱུང་བ་ཆེན་པོ་བཞིའི་བཅུད་དང་མདངས། བཅུད་ཀྱི་ལྷ་དང་རིག་པ་འཛིན་པ་རྣམས་ཀྱི་ཚེ། ལྷའི་དབང་པོ་དང་འཁོར་ལོས་སྒྱུར་རྒྱལ་ལ་སོགས་པ་རྣམས་ཀྱི་བསོད་ནམས། མདོར་ན་རིགས་དྲུག་གིས་བསྡུས་པའི་འགྲོ་བ་མཐའ་དག་གི་ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་ཏེ་འཁོར་འདས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད། ཁྱེད་རང་རྣམས་ཀྱི་བླ་ཚེ་སྲོག་དབུགས་བརྐུས་པ་ཡར་བ་ཕྲོགས་པ་ལ་སོགས་པ་བདུད་རྩིའི་དྭངས་མར་འུབ་ཀྱིས་བསྡུས། སྙིང་གའི་ཚེ་རྟེན་འབྲུ་གསུམ་དང་། མདུན་གྱི་ཚེ་རྫས་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །མདའ་དར་གཡབ་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཅེས་སོགས་སྒྲུབ་ཐབས་ལས་འབྱུང་བའི་ཚེ་འགུགས། དབུགས་ཀྱི་ཁམས་ཀྱི་ཚེ་འཕེལ་མཛོད༔ བར་བརྗོད། ཚེ་གཏོར་ཐོགས་ལ། ཚེ་འབྲང་ཚེ་དཔག་མེད་དངོས་སུ་གསལ་བ་སྤྱི་བོར་བཞག་པས་ཕྱག་གི་བུམ་པ་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་ཆུ་བོའི་རྒྱུན་བཞིན་དུ་བྱུང་བ་ཚངས་བུག་ནས་ཞུགས་ནད་གདོན་སྡིག་སྒྲིབ་སྤྱི་དང་ཁྱད་པར་ཚེའི་བར་ཆད་མི་མཐུན་པའི་འགལ་རྐྱེན་ཐམས་ཅད་སྦྱངས། ལུས་ཐམས་ཅད་བདུད་རྩིའི་དྭངས་མས་ཡོངས་སུ་གང་བར་མོས་མཛོད། ཧཱུྃ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ སྙིང་པོ་མི་ཟད་ཚེ་ཡི་བུམ་པ་ནས༔ སྐལ་ལྡན་འདི་ལ་ཚེ་ཡི་བདུད་རྩི་སྩོལ༔ མི་ཤིགས་རྡོ་རྗེའི་སྲོག་ལྡན་མཛད་དུ་གསོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨཱ་ཡུཿཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་བུམ་སྤྱི་བོར་བཞག །སྔགས་བརྗོད་ལ་ཚེ་རིལ་ཚེ་ཆང་སྦྱིན། དེ་ལྟར་ཚེ་དབང་བསྐུར་བས་ལུས་འཆི་མེད་ཀྱི་བདུད་རྩིས་གང་བའི་དྭངས་བཅུད་སྙིང་པོ་ཐམས་ཅད་སྙིང་ཁའི་ཚེ་རྟེན་འབྲུ་གསུམ་ལ་འུབ་འུབ་ཐིམ་པས་བཀྲག་མདངས་འོད་དུ་འབར། འཆི་མེད་ཚེ་ཡི་རིག་འཛིན་ཐོབ། ཉི་ཟླའི་གའུ་ཁ་བསྒྲིགས་འོག་གི་རྡོ་རྗེའི་རྭ་བཞི་བསྣོལ་བས་འགྱུར་མེད་དུ་བཅིངས། གཞན་ཡང་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་ཚེ་འགྱུར་བ་མེད་པར་རྒྱས་གདབ་པར་མོས་མཛོད། སྤྱི་བོར་མདའ་དར་རྒྱ་གྲམ་དུ་བཀོད་ལ། འབྱུང་བ་ལྔ་དང་ཡེ་ཤེས་ལྔ༔ ཞེས་སོགས་སྒྲུབ་ཐབས་ལྟར་བརྗོད་པའི་རྗེས་སུ་མེ་ཏོག་འཐོར་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་པར་བྱའོ། །དེ་ལྟར་བྱིན་རླབས་དབང་བསྐུར་གྱི་རིམ་པ་ལེགས་པར་གྲུབ་པས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། ཁྱད་པར་ཡབ་ཀྱི་དབང་རྟགས་སུ་སྐུ་འབག་དང་རྡོ་རྗེ་བཟུང་ཞིང་བཅང་། ཡུམ་གྱི་དབང་རྟགས་སུ་མེ་ལོང་དང་ཀ་པཱ་ལ་དུམ་བུ་བཞི་པ་བཅང་། ཡབ་ཡུམ་གཉིས་སུ་མེད་པའི་དབང་རྟགས་སུ་ཚེས་བཅུའི་མཆོད་པ་མ་ཆག་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ། དགེ་བ་བསྔོས་ལ་སློབ་མ་རྣམས་གྱེས་སོ། །བཞི་པ་ནི། ཚོགས་ལ་རོལ་པ་མན་ཆད་ཕྲིན་ལས་སྤྱི་ཆིངས་ལྟར་ཚང་བར་གཏང་བ་ལས། བསྡུ་རིམ་གྱི་སྐབས་སུ། དཀྱིལ་འཁོར་པ་རྣམས་སྤྱི་བོའི་བླ་མ་ལ་བསྡུས་ནས༔ གཞོམ་གཞིག་དང་བྲལ་བར་གྱུར༔ ཅེས་རྩ་གསུམ་སྒྲུབ་ཐབས་ལས་འབྱུང་བའི་སྒེར་ཆོས་སྦྱར་ཏེ་དཀྱིལ་འཁོར་བསྡུས་ལ་ཟུང་འཇུག་གི་སྐུར་ལྡང་བ་དང་བསྔོ་སྨོན་བཀྲ་ཤིས་མཐའ་རྒྱས་སུ་བྱའོ། །དབྱར་སྐྱེས་སྤྲིན་གྱི་མྱུ་གུ་ཡིས། །བདེ་སྐྱིད་སྨན་ལྗོངས་བརྡལ་བར་བྱེད། །བྱིན་རླབས་བདུད་རྩིའི་ཟིལ་ཐིགས་ཀྱིས། །རིང་འཚོའི་འདུ་བྱེད་མི་ཤིགས་བྱེད། །བསྟན་འགྲོར་ཕན་པའི་མཐུ་མངའ་བ། །གཙོར་གྱུར་འདིར་འབྲེལ་སྐལ་ལྡན་ཀུན། །རབ་བརྟན་ཡོངས་གྲུབ་རྡོ་རྗེའི་སྲོག །རྩ་གསུམ་ཕྱག་རྒྱས་ལེགས་བསྡམ་ཤོག །ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་ཉིད་དང་། ལུང་ཟིན་ཆོས་བདག་ལང་གྲོ་ལོ་ཙཱའི་རྣམ་པར་རོལ་བ་རྗེ་དབོན་མཆོག་སྤྲུལ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ཀྱིས་གསུང་བསྐུལ་རྗེས་སུ་སྒྲུབ་སླད། པདྨའི་རྗེས་འཇུག་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་མགུལ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ས་ག་ཟླ་བའི་དཀར་ཚེས་བཅུ་བཞི་ལ་ལེགས་པར་སྦྱར་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).