Terdzo-TI-024

From Rinchen Terdzö
Revision as of 15:01, 8 January 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྒྲུབ་ཐབས་དང་སྲོག་གཏད་ཀྱི་ཆོ་ག་སྐལ་ལྡན་ཡིད་ཀྱི་གདུང་སེལ་

lha chen rdo rje 'bar ba rtsal gyi sgrub thabs dang srog gtad kyi cho ga skal ldan yid kyi gdung sel

by  རིན་ཆེན་རྣམ་རྒྱལ་ (Rinchen Namgyal)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle  བྱང་གཏེར་ (Byang gter)
Volume 39 (ཏི) / Pages 443-463 / Folios 1a1 to 11a5

[edit]

༄༅། །ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྒྲུབ་ཐབས་དང་སྲོག་གཏད་ཀྱི་ཆོ་ག་སྐལ་ལྡན་ཡིད་ཀྱི་གདུང་སེལ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ལ། །བཏུད་ནས་རྡོ་རྗེ་འབར་བ་ཡི། །སྒྲུབ་ཐབས་སྲོག་གཏད་ཆོ་གའི་ཁྲིགས། །བཀླགས་ཆོག་ཉིད་དུ་འདིར་གསལ་བྱ། །འདིར་དྲི་ཟའི་རྒྱལ་པོ་གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱི་སྒྲུབ་ཐབས་དང་འབྲེལ་པར་སྲོག་གཏད་ཀྱི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས། སྲོག་གཏད་ཀྱི་ཆོ་གའོ། །དང་པོ་ནི། དུས་ཁྱད་པར་ཅན་ལ་འདི་ཉིད་ཀྱི་བྲིས་སྐུ་བཀྲམ་པའི་མདུན་དུ། སྟེགས་བུ་ཁེབས་ལྡན་གྱི་ཁར་འབྲུ་སྣའི་སིལ་མ་བཀྲམ་པའི་ཁར། མཉྫི་ལ་རིན་པོ་ཆེའི་སྣོད་དུ་དབང་གཏོར་རྩ་བར་པདྨ་འདབ་བརྒྱད་གྱེན་ལངས་གྲུ་བཞིའི་ཁར་བང་རིམ་གཅིག་མའི་སྟེང་ཁང་བཟང་ཁ་བད་བཅས་པའི་ཁར་རྒྱ་ཕིབས་ཏོག་བཅས། རྒྱ་ཕིབས་ཀྱི་རྒྱན་དང་མར་འབྲུམ་མེ་ཏོག་དཀར་པོ། སྐུ་རྟེན་ཙཀླི་གཏོར་གདུགས་དཀར་པོ་ཅན་བཀོད། མདུན་དུ་འབུལ་གཏོར་དཀར་པོ་གྲུ་གསུམ་ལུག་མགོས་བརྒྱན་པ། ཕྱེ་མར། གསེར་སྐྱེམས། དཀར་སྐྱེམས། མངར་སྐྱེམས། ཉེར་སྤྱོད་སོགས་འོག་ཏུ་དགོས་པའི་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་སྒྲུབ་པའི་ཐབས་ལ། སྐྱབས་སེམས་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །རང་ལ་ཡེ་ཤེས་ཤར་བའི་སྐུ། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །དམ་ཚིག་རྣམ་པར་དག་པའི་སྐུ །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་ལན་གསུམ་བརྗོད། གོང་གནོན་གྱི་ལྷ་བསྐྱེད་པ་ནི། སྐད་ཅིག་གིས་རང་རིག་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། དབང་ཆེན་རྟ་མཆོག་སྐུ་མདོག་དམར་ནག་དབུ་ཚངས་པའི་འཇིག་རྟེན་དུ་བསླེབས་པ། ཞབས་རྒྱ་མཚོའི་གཏིང་དུ་བརྐྱངས་པ། ཉི་ཟླ་གཟའ་སྐར་རྐེད་ལ་འཁོར་བ། རི་རབ་ལ་སྟེགས་བྱས་པ། ཕྱག་གཡས་པས་གཟུགས་ཁམས་འདེགས་ཤིང་གཡོན་པས་འདོད་ཁམས་གནོན་པ། དུར་ཁྲོད་ཀྱི་ཆས་ཀྱིས་ཀུན་ནས་བརྒྱན་པ། རྟ་སྐད་གཡས་གཡོན་སྟེང་འོག་ཏུ་བསྒྲགས་པས་ཕོ་རྒྱུད་མོ་རྒྱུད་གཟའ་ཀླུ་ཐམས་ཅད་དབང་དུ་སྡུད་པ། ཧྲཱིཿཧཱུྃ་ཕཊ་གསུམ་གྱི་སྒྲ་འབྲུག་ལྟར་ལྡིར་བ། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར། ཧྲཱིཿམ་ཧཱ་ཀྲོ་ཏ་པདྨཱནྟ་ཀྲྀཏ་ཧ་ཡཾ་གྷྲཱི་ཝ་ཧཱུྃ་ཧཱུྃ་ཕཊཿ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧྲཱིཿཧཱུྃ་ཕཊཿ ཅེས་ཅི་རིགས་བཟླས་ལ་བསྟོད་པ་ནི་འཇམ་རོལ་དང་བཅས། རྟ་མགྲིན་རྒྱལ་པོ་དབང་གི་ལྷ། །དྲེགས་པ་ཀུན་འདུལ་པདྨ་འབྱུང་། །བླ་མ་རིག་འཛིན་སྤྲུལ་སྐུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །མཆོད་གཏོར་བརླབ་པ་ནི། ཧྲཱིཿམ་ཧཱ་ཀྲོ་ཏ་པདྨཱནྟ་ཀྲྀཏ་ཧ་ཡཾ་གྷྲཱི་བ་ཧཱུྃ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཕྱི་ནང་གསང་བའི་མཆོད་རྫས་རྣམས་བཟང་ཞིང་གྱ་ནོམ་པ། ལྷ་ཆེན་འཁོར་བཅས་མཉེས་པར་བྱེད་པའི་མཆོད་སྤྲིན་ནམ་མཁའ་མཛོད་ལ་མངའ་བརྙེས་པ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ལན་གསུམ་བརྗོད། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་རོ་བཅུད་ཐམས་ཅད་བསྡུས་ཏེ་གཏོར་མ་ལ་ཐིམ། ཡི་གེ་གསུམ་འོད་དུ་ཞུ་ནས་དབྱེར་མེད་གཅིག་ཏུ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཟད་མི་ཤེས་པའི་རང་བཞིན་དུ་བསམ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱི་བྱིན་གྱིས་བརླབ། རྟེན་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་ཤེལ་གྱི་ཁང་བཟང་རིན་པོ་ཆེ་སྣ་ཚོགས་ཀྱི་སྒོ་ལྕོག་འོད་འབར་བ་རྩ་བར་བདུད་རྩིའི་རྒྱ་མཚོ་འཕྱུར་བ༔ རྐེད་པར་འཇའ་འོད་ན་བུན་གྱི་གུར་ཕུབ་བ༔ རྩེ་མོར་སྤྲིན་དཀར་རིན་པོ་ཆེའི་ཟིལ་ཆར་འབེབ་པ༔ ས་གཞི་ལྗང་སྔོན་ལ་མེ་ཏོག་སྣ་ཚོགས་རྒྱས་པ༔ ཁོར་ཡུག་ཏུ་གནམ་ལྷ་བརྒྱད་ཀྱི་གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུས་བསྐོར་བ༔ དེའི་དབུས་སུ་ཉི་ཟླ་པདྨའི་གདན་ལ་སྟོབས་ལྡན་རྟ་མཆོག་ངང་དཀར་རིན་པོ་ཆེའི་སྒ་རྒྱན་དུ་མས་མཛེས་པའི་སྟེང་ན༔ ལྷ་ཆེན་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ཤེལ་གྱི་རི་བོ་ལྟར་དུ་བརྗིད་པ༔ ཞལ་འཛུམ་ཞིང་མཆེ་བ་ཅུང་ཟད་གཙིགས་པ༔ སྤྱན་གསུམ་རབ་ཏུ་བཀྲ་བ༔ དབུ་སྐྲའི་ཐོར་ཚུགས་དར་དཀར་པོས་བཅིངས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔས་མཚན་པའི་སྦ་ལྕག་ནམ་མཁའ་ལ་འཕྱར་བ༔ གཡོན་ཤེལ་དཀར་ཕྲེང་བ་འདྲེན་པ༔ ཟབ་ཆེན་དཀར་དམར་མཐིང་གསུམ་གྱི་བེར་གསོལ་བ༔ སྤྱི་བོར་ནོར་བུ་འབར་བའི་ཏོག་དང༔ རིན་པོ་ཆེའི་རྒྱན་སྣ་ཚོགས་དང་བཅས་པ༔ སྐུ་གཞོན་ཞིང་མཛེས་པ༔ རྒྱལ་པོ་རོལ་པའི་ཆ་ལུགས་སུ་བཞུགས་པ༔ དེའི་གཡོན་དུ་ཡུམ་གནམ་མཚོའི་རྒྱལ་མོ་རྡོ་རྗེ་གཡུ་སྒྲོན་མ་སྐུ་མདོག་སྔོ་བསངས་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་དང་ལྡན་པ། གཡས་རྒྱལ་མཚན་དང་གཡོན་མེ་ལོང་འཛིན་ཅིང་། དབུ་སྐྲ་ཐོར་ཚུགས་ལྷག་མའི་ཟར་བུ་ཐུར་དུ་འཕྱང་བ། སྨན་བཙུན་མཛེས་མ་ཡིད་དུ་འོང་བའི་ཆ་བྱད་ཀྱིས་གཙོ་བོ་ལ་འདུད་པའི་རྣམ་པ་ཅན་གཡུ་འབྲུག་ལ་བཅིབས་པ། ཤར་དུ་ཞི་མཛད་རྡོ་རྗེ་འབར་བ་རྩལ། ལྷོར་རྒྱས་བྱེད་རྡོ་རྗེ་འབར་བ་རྩལ། ནུབ་ཏུ་དབང་གི་ལྷ་རྡོ་རྗེ་འབར་བ་རྩལ། བྱང་དུ་ལས་ཀྱི་ཁྲོ་བོ་རྡོ་རྗེ་འབར་བ་རྩལ། ཤར་ལྷོར་ལྷ་ཆེན་སྐྱེས་བུ་བཞིན་བཟང་། ལྷོ་ནུབ་ཏུ་ལྷ་ཆེན་གྱི་ངོ་བོ་འབྲོང་གཡག་ཞོལ་དཀར། ནུབ་བྱང་དུ་དཔའ་བོ་རྡོ་རྗེ་འབར་བ་རྩལ། བྱང་ཤར་དུ་ལྷ་མཆོག་སྲིད་གསུམ་གྱི་བདག་པོ་ཚངས་པ་ཆེན་པོ། རྣམ་འགྱུར་དེ་རྣམས་ཀྱི་འཁོར་དུ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ༔ དམག་ཚོགས་བྱེ་བ་འབུམ་སྡེ༔ ཐམས་ཅད་ཀྱང་དཔུང་ཚོགས་བཞི་པའི་ཆ་ལུགས་སུ་འཇིགས་ཤིང་དཔའ་བ༔ སྟེང་དང་ཕྱོགས་མཚམས་ཀུན་ནས༔ སྤྲུལ་པའི་དུང་ཁྲ་དཀར་པོ་ལྡིང་ཞིང༔ དུང་སྤྱང་ཕོ་མོ་དང༔ འབྲོང་གཡག་ཞོལ་ཆེན་མང་པོ་ཁྲོ་ལ་ངར་བ༔ དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོ་དྲི་མ་མེད་པའི་འོད་ཟེར་དང། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀར་ཉི་དཀྱིལ་ལ་གནས་པའི་ཧྲཱིཿཡིག་དམར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རང་བཞིན་གྱི་གནས་ནས་སྐུ་ལྷ་ཆེན་པོ་སྤྲུལ་འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་པར་བསམ། ཧཱུྃ༔ ཡེ་ཤེས་གཞལ་ཡས་བསྐྱེད་ཀྱི་རྒྱ་མ་ཆུང༔ སེང་གེ་གླང་ཆེན་ཁྲི་བཤམས་འཕང་མ་དམའ༔ ཉི་ཟླ་པདྨའི་གདན་བཏིང་བཀྲག་མ་ཞན༔ ཡེ་ཤེས་ལྷ་མཆོག་བསྟེན་ཅིང་རྒྱང་མ་རིང༔ འཇིག་རྟེན་སྲུང་མ་སྒྲུབ་ཅིང་མཐུ་མ་ཆུང༔ འདིར་གཤེགས་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ རྡོ་རྗེ་འབར་བ་རྩལ་ས་མ་ཡ་ཛཿཛ༔ ཧཱུྃ༔ སྐུ་ལྷའི་ཡབ་སྨྲོས་པ༔ འོད་དེ་གུང་རྒྱལ་ལགས༔ སྐུ་ལྷའི་ཡུམ་སྨྲོས་པ༔ གཡུ་བྱ་གཤོག་གཅིག་ལགས༔ སྐུ་ལྷ་ཉིད་སྨྲོས་པ༔ ཡར་ཞུར་གཉན་གྱི་ལྷ༔ བཞུགས་ཡུལ་མཚན་གསོལ་བ༔ འདམ་ཤོད་སྣར་མོ་ལགས༔ ཁྲི་རྒོད་གཡུ་ལྗང་ལྡིམ༔ དབྱར་སྔོ་དགུན་ཡང་སྔོ༔ བཞུགས་ཡུལ་ཉམས་རེ་དགའ༔ དགྱེས་སོ་ལྷ་ཡི་ཡུལ༔ མི་ཆོས་མཚན་གསོལ་བ༔ ཐང་ལྷ་ཡར་ཞུར་ལགས༔ ལྷ་ཆོས་མཚན་གསོལ་བ༔ དྲི་ཟའི་རྒྱལ་པོ་ནི༔ ཟུར་ཕུད་ལྔ་པ་ལགས༔ གསང་བའི་མཚན་གསོལ་བ༔ རྡོ་རྗེ་འབར་བ་རྩལ༔ སྐུ་ལ་ཅི་གསོལ་ན༔ དར་དཀར་རལ་ག་གསོལ༔ ཆིབས་སུ་ཅི་འཆིབ་ན༔ ལྷ་རྟ་ངང་དཀར་འཆིབ༔ ཁམས་གསུམ་ཀུན་ཏུ་རྒྱུ༔ མདོག་དཀར་འོད་ཟེར་འབར༔ ཕྱག་གཡས་པས་སྦ་ལྕག་འཕྱར༔ མ་བདུན་ལས་ལ་འགྱེད༔ གཡོན་པས་ཤེལ་ཕྲེང་འདྲེན༔ ཐུགས་དམ་དབྱིངས་སུ་ཟློ༔ སྤྲུལ་པ་ཅི་འགྱེད་ན༔ ལྷ་དམག་འབུམ་སྡེ་འགྱེད༔ བྲན་གཡོག་འཁོར་དང་བཅས༔ འདིར་བྱོན་ཕྲིན་ལས་མཛོད༔ དམ་ཅན་ཀུན་གྱི་ལྷ༔ དམ་མེད་ཀུན་གྱི་གཤེད༔ མནའ་ཟན་ཀུན་གྱི་བདུད༔ རྣལ་འབྱོར་ཀུན་གྱི་དཔལ༔ སྒྲུབ་མཆོག་བདག་གི་གྲོགས༔ ཕྲིན་ལས་སྐལ་ཕོག་པ༔ སྨྱོ་བའི་འདྲེ་འདུལ་ཞིང༔ སྡང་བའི་དགྲ་སྲོག་གཅོད༔ མགྱོགས་སུ་རྟ་གཏོད་ཀྱི༔ རྨིག་ཐོག་ཟོར་མ་ལྕི༔ རྣོ་རུ་མཚོན་བརྡར་གྱི༔ རྩེ་མོ་དབལ་མ་ཞན༔ ཅི་དང་དོ་བསྡོ་ན༔ དོ་ཐག་ཆད་ཏ་རེ༔ མགྱོགས་དང་དཀྱུས་འགྲན་ན༔ དཀྱུས་ཐོག་ཤོར་ར་རེ༔ སྡང་དགྲས་ཁྱེར་ར་རེ༔ བྱམས་ཀྱིས་སྐྱོང་ལ་རེ༔ དུས་ལ་བབ་བོ་ས་མ་ཡ༔ དམ་ཚིག་རྗེས་སུ་དྲན་པར་མཛོད༔ ལས་ལ་བབ་བོ་བགེགས་ཀྱི་རྒྱལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དབུས་གཙང་རུ་བཞིའི་ཡུལ་ལྷ་ཁྱོད༔ ཆོས་སྐྱོང་རྒྱལ་པོ་ལྷ་ཡི་སྲས། ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཡིན༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་དམ་ཚིག་ཅན༔ ད་ལྟ་ཅི་བསྒོའི་ལས་རྣམས་ཉོན༔ ཕྱི་རབས་བསྟན་པའི་ཐ་མ་ལ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི༔ རྗེས་སུ་འཇུག་པའི་སྔགས་འཆང་དང༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི༔ ལྷ་རྒྱུད་ཆགས་པའི་གདུངས་རྒྱུད་རྣམས༔ མཐོ་མཐོ་དགུང་ལ་རེག་པ་དང༔ དམའ་དམའ་བུ་བཞིན་སྐྱོང་བར་གྱིས༔ བོད་ཁམས་རུ་བཞི་ཕྱུགས་བཞིན་སྐྱོངས༔ བསམ་ཡས་ལྷ་ཁང་དཀོར་བཞིན་སྲུངས༔ བསྐལ་པ་ཐ་མའི་སེམས་ཅན་ལ། ཁྱོད་ཀྱིས་སྲུང་སྐྱོབ་མི་བྱེད་ན༔ དང་པོ་བྱང་ལམ་བར་པ་རུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྲོག་སྙིང་གཟིར་པ་མི་དྲན་ནམ༔ བར་དུ་བསམ་ཡས་ཧས་པོ་རིར༔ དབང་ཆེན་པདྨ་ཧེ་རུ་ཀས༔ དབང་དུ་བསྡུས་པ་མི་དྲན་ནམ༔ ཐ་མར་རི་རྒྱལ་བཀྲ་བཟང་གི༔ རྩེ་མོར་ལྷ་སྲིན་ཀུན་བསགས་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ དམ་ཚིག་ཕོག་པ་མི་དྲན་ནམ༔ ང་ནི་པདྨ་འབྱུང་གནས་ཡིན༔ ཁྱོད་ནི་གཉན་ཆེན་ཐང་ལྷ་ཡིན༔ ཡུལ་ནི་དབུས་གཙང་རུ་བཞི་ཡིན༔ བྱིན་རླབས་སྤྲིན་ལྟར་ཐིབས་སེ་ཐིབ༔ ཐུགས་རྗེ་ཆར་ལྟར་ཤ་ར་ར༔ དམ་ཚིག་མདངས་ལྡན་ཡ་ལ་ལ༔ ཐང་ལྷ་གཉན་པོ་གཤེགས་སུ་གསོལ༔ སྐུ་ལྷ་གཉན་པོ་འཁོར་བཅས་ལ༔ བརྗིད་ལྡན་བཟང་རིང་བཤོས་ཀྱིས་མཆོད༔ གཡའ་ཆུ་གངས་ཆུ་གཙང་མས་མཆོད༔ དྲི་ཞིམ་སྤོས་དཀར་དུད་པས་མཆོད༔ གསེར་དངུལ་རིན་ཆེན་སྣ་ལྔས་མཆོད༔ རྔོན་ཆ་དར་དང་ཟ་འོག་མཆོད༔ གསང་ལུག་འབྲས་དཀར་གཙང་མས་མཆོད༔ ཕྱི་མཆོད་འབུལ་བ་ནི། ཨོཾ་བཛྲ་ཐང་ཀ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་བརྗོད། སྨན་གཏོར་འབུལ་བ་ནི། ཧཱུྃ། རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །རྡོ་རྗེ་འབར་རྩལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཧཱུྃ། དཀར་གསུམ་མངར་གསུམ་བཟང་སྨན་འབྲུ་དཀར་ཟན། །ལེགས་སྦྱར་ཡེ་ཤེས་བདུད་རྩིར་བྱིན་བརླབས་པ། །རོ་མཆོག་བརྒྱ་ཕྲག་ལྡན་པའི་བ་ལིནྟ། །འབུལ་གྱིས་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། །རྡོ་རྗེའི་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས། ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་བཛྲ་ཐང་ཀ་ར་ས་པ་རི་ཝཱ་ར་མ་ཧཱ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨོཾ་ཨཱཿཧཱུྃ༔ གཙོ་བོ་ལ་བདུན་ནམ་ཉེར་གཅིག །ཨོཾ་ཨ་ཀཱ་རོས་གཙོ་འཁོར་སྤྱིར་ལན་གསུམ་མམ་བདུན་གྱིས་འབུལ། ཛཔ྄་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ༔ རང་རྟ་མགྲིན་དུ་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿདམར་པོའི་མཐར་རྩ་སྔགས་ཀྱིས་བསྐོར་བ༔ དེའི་འོད་ཟེར་ལྕགས་ཀྱུ་ལྟ་བུས༔ ལྷ་ཆེན་གྱི་ནུས་པ་དང་གཟི་བྱིན་འོད་ཟེར་སྣ་ཚོགས་སུ་རང་ལ་ཐིམ་པར་བསམ་ལ༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ༔ ཞེས་མང་དུ་བཟླ། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ དཔལ་ལྡན་ལྷ་ཡི་ལྷ་མཆོག་ཁྱོད༔ ཛམ་གླིང་བྱང་ཕྱོགས་ཁ་བ་ཅན༔ ཁ་བ་ཅན་གྱི་བྱང་ལྗོངས་སུ༔ ས་གཞི་ལྗང་སྔོན་རྩི་བཅུད་རྒྱས༔ མེ་ཏོག་པདྨ་འོད་དུ་འབར༔ གངས་དཀར་ཤེལ་གྱི་ཕྲེང་བས་བསྐོར༔ ཡིད་འོང་མཚོ་ཆེན་མདངས་དང་ལྡན༔ ཤེལ་དཀར་རིན་ཆེན་སྒོ་ལྕོག་འབར༔ རྩ་བར་ཡིད་བཞིན་རྒྱ་མཚོར་ལྡན༔ རྐེད་པར་འཇའ་འོད་ན་བུན་འཐིབས༔ རྩེ་མོར་སྤྲིན་དཀར་དགོས་འདོད་ཀྱི༔ རིན་ཆེན་ཆར་འབེབ་འབྲུག་སྒྲ་སྒྲོག༔ གཞལ་ཡས་དེ་ཡི་ནང་ཤེད་ན༔ ཉི་ཟླ་པདྨ་རྟ་མཆོག་སྟེང༔ དམ་ཅན་རྡོ་རྗེ་འབར་བ་རྩལ༔ སྐུ་མདོག་དཀར་ལ་ཁྲོ་འཛུམ་འགྱིང༔ ཕྱག་གཡས་རྡོ་རྗེ་སྦ་ལྕག་འཕྱར༔ གཡོན་པས་ཟླ་བའི་ཤེལ་ཕྲེང་འདྲེན༔ དར་དཀར་ཐོད་བཅིངས་དབུ་སྐྲའི་རྩེར༔ ཡིད་བཞིན་ནོར་བུ་འབར་བས་བརྒྱན༔ སྐུ་ལ་བེར་ཆེན་ཕྲུགས་གསུམ་གསོལ༔ གཞོན་མཛེས་ཡིད་འཕྲོག་རྒྱལ་པོའི་ཆས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང༔ དམག་དཔུང་བྱེ་བ་འབུམ་སྡེས་བསྐོར༔ ཀུན་ཀྱང་ཁྲོ་གཏུམ་བརྗིད་པའི་གཟུགས༔ དར་ཚོན་རོལ་མོས་ནམ་མཁའ་གང༔ བདེ་གཤེགས་སྟོང་གི་བསྟན་པ་སྲུང༔ པདྨ་འབྱུང་གནས་བཀའ་བཞིན་སྒྲུབ༔ ཆོས་རྒྱལ་མངའ་རིས་བུ་བཞིན་སྐྱོང༔ དབུས་གཙང་རུ་བཞིའི་ཡུལ་ལྷ་མཛད༔ རྗེ་དཔོན་ཡོངས་ཀྱི་དགྲ་བླར་གྱུར༔ རྡོ་རྗེ་འབར་བ་རྩལ་ལ་བསྟོད༔ ལྷ་ཆེན་ཡོངས་ཀྱི་རྗེ་བོར་བསྟོད༔ དྲི་ཟའི་རྒྱལ་པོ་ཁྱོད་ལ་བསྟོད༔ དེང་ནས་རིག་འཛིན་མཆོག་ཐོབ་བར༔ སྙན་པ་ནམ་མཁའི་འབྲུག་ལྟར་སྒྲོགས༔ གྲགས་པ་གཟའ་སྐར་འོད་ལྟར་ཁྱེ༔ དབུ་འཕང་རི་རྒྱལ་རྩེ་ལྟར་བསྟོད༔ རིགས་རྒྱུད་ཆུ་བོའི་རྒྱུན་ལྟར་སྤེལ༔ དགོས་འདོད་དཔག་བསམ་ཤིང་ལྟར་སྩོལ༔ སྡེ་བརྒྱད་དྲེགས་པ་བྲན་ལྟར་བཀོལ༔ སྨྱོ་འདྲེ་རྒྱལ་པོ་རྡུལ་བཞིན་ཐུལ༔ དམ་མེད་མནའ་ཟན་བགེགས་བཞིན་སྒྲོལ༔ བདག་གི་ལུས་དང་གྲིབ་མ་བཞིན༔ འགྲོགས་ནས་དངོས་གྲུབ་རྣམ་གཉིས་སྩོལ༔ ཅེས་འདོད་དོན་གསོལ། མཐར་གཏོར་འབུལ་གཏང་རག་བཟོད་གསོལ་སྤྱི་དང་འདྲའོ། །གསུམ་པ་སྲོག་གཏད་ཀྱི་ཆོ་ག་ནི། བཤད་མ་ཐག་པའི་སྒྲུབ་མཆོད་སྔོན་དུ་འགྲོ་བས། སློབ་མའི་བྱ་བར་ཁྲུས་དང་བགེགས་བསྐྲད་སོང་ནས་མཚམས་སྦྱོར་ཅི་རིགས་པ་ལས། ཁྱད་པར་དུ་སློབ་དཔོན་ཆེན་པོའི་བཀའི་སྲུང་མ་རྣམས་ཀྱི་ནང་ནས་གཙོ་བོར་གྱུར་པ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འདི་ཉིད་ངོ་བོ་ས་བརྒྱད་ནོན་པའི་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཡིན་པ་ལ་རྒྱལ་བསེན་སོགས་ལྷ་སྲིན་མ་རུངས་པ་རྣམས་ཀྱི་གཉེན་པོར་དམ་ཅན་ཤེལ་གིང་དཀར་པོ། ལྷ་གནམ་ཐེའུ་དཀར་པོ། གནམ་ལྷ་བྱང་ཆུབ་སེམས་དཔའ་འམ་ཚངས་པའི་རྒྱལ་པོ་དུང་གི་ཐོར་ཚུགས་ཅན། དྲི་ཟ་ཟུར་ཕུད་ལྔ་པ། ཁྱབ་འཇུག་གནམ་མཚོའི་རྒྱལ་པོ་སྟེ་སྐུ་གཅིག་ལ་མཚན་དྲུག་ཏུ་གྲགས་པ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འདི་ཉིད་གནས་སྐབས་འཇིག་རྟེན་དྲེགས་པའི་ཚུལ་བཟུང་བའི་རྒྱུ་མཚན་ཐང་ཡིག་ལས། དེ་ནས་གཉན་ཆེན་ཐང་ལྷས་ཉམས་སད་ཕྱིར༔ མགོ་བོ་གྲུ་གུའི་ཡུལ་དུ་བསླེབས་པ་ལ༔ མཇུག་མ་ཁམས་ཀྱི་སོག་ཆུ་གཡེར་ཐང་བརྐྱངས༔ སྦྲུལ་དཀར་ཞིག་གིས་ལམ་འཕྲང་བཅད་པ་ལ༔ སློབ་དཔོན་སྦྲུལ་གྱི་རྐེད་པར་ཕྱག་མཁར་བཙུགས༔ ཀླུ་ཡི་རྒྱལ་པོ་ནེ་ལེ་ཐོད་དཀར་ཁྱོད༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས༔ ཁྱོད་རང་ཕར་སོང་ཚོགས་འཁོར་ཤོམས་དང་གསུངས༔ ཐང་ལྷས་གངས་ལ་བྲོས་པས་གངས་ཞུ་ནས༔ རྩེ་མོ་ནག་ཟང་གཡའ་སྔོན་ཉིལ་གྱིས་བྱུང༔ མ་བཟོད་ཞལ་ཟས་སྣ་ཚོགས་ཚོགས་འཁོར་དྲངས༔ བྱིས་པ་གཡུ་ཡི་ཟུར་ཕུད་ཅན་དུ་གྱུར༔ དར་དཀར་རལ་གུ་ཞིག་གྱོན་ཕྱག་བསྐོར་བྱས༔ སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་རྒྱ་གཏད༔ གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་གསོལ༔ ཞེས་པ་ལྟར་སློབ་དཔོན་ཆེན་པོ་ལ་ཐོ་འཚམས་པའི་ཚེ་བཀའ་བཏགས་ཕྱག་རྒྱ་གཉན་པོས་ཟིལ་གྱིས་མནན་ཏེ་དམ་ལ་བཏགས་ནས་སྲུང་མར་བསྐོས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱང་ལམ་བར་པ་ནས༔ བསམ་ཡས་ཧས་པོ་རིའི་མདུན་དུ་བྱོན་པའི་དུས་སུ༔ གཉན་ཆེན་ཐང་ལྷ་དེ་གཡག་དཀར་པོ་རྭ་ནམ་མཁའི་མཐོངས་ན་ཡེ་རེ་བ༔ རྨིག་བཞིས་རུ་བཞིའི་ས་མདུད་ནོན་པ་ཞིག་བྱས་ནས༔ སློབ་དཔོན་གྱི་དྲུང་ན་ཚུར་བྱུང༔ ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མཐོང་བ་དང༔ གཡག་དཀར་པོར་བརྫུས་པའི་རྫུ་འཕྲུལ་བཤིགས་ནས༔ སྐྱེས་པ་བཞིན་བཟང་དཀར་པོ་དུང་གི་མདོག་ཅན༔ གཡུ་ཡི་ཟུར་ཕུད་ལྔ་ཡིས་བརྒྱན་པ་ཞིག་ཏུ་བྱས་ཏེ༔ རྒྱལ་པོ་ལ་ཞེ་ས་དང་ཕྱག་ཕུལ་ལོ༔ དེའི་ཚེ་སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ༔ གཉན་ཆེན་པོ་ཐང་ལྷ་ཁྱོད་ལྷ་སྲིན་ཡལ་གམ་ཅན་ཞིག་འདུག་སྟེ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་འགོ་ཞིང་སྟོངས་གྲོགས་བྱེད་པ་ཅིའི་ཕྱིར་ཡིན་གསུངས་སོ༔ ཐང་ལྷས་ཞུས་པ༔ བདག་གཉིས་ལ་འབྲེལ་པ་བཞི་མཆིས་སོ༔ བདག་དབུས་གཙང་རུ་བཞིའི་ཡུལ་ལྷ་ལགས་པས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བོད་ཀྱི་རྒྱལ་པོ་ལགས་ཏེ་ཆེ་མཉམ་དཔུང་གིས་འབྲེལ་ལོ༔ བདག་དམ་ཚིག་ཅན་གྱི་སྲུང་མ་ལགས་པས་རྒྱལ་པོ་དམ་ཚིག་གཙང་སྟེ་དམ་ཚིག་གིས་འབྲེལ་ལོ༔ བདག་སྐྱེ་བོ་ངོ་ཚ་ཅན་གྱི་ཕོ་ལྷ་ལགས་པས༔ རྒྱལ་པོ་གསང་ཁྲིམས་ཆེ་བས་ལས་དང་སྤྱོད་པས་འབྲེལ་ལོ༔ བདག་སྡེ་པ་བསོད་ནམས་ཅན་གྱི་གྲོགས་ལ་དགའ་བས༔ ཆེ་མཉམ་བསོད་ནམས་ཀྱིས་འབྲེལ་བ་ལགས་སོ༔ ཞེས་ཞུས་སོ༔ ཡང་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ ད་ནངས་གུང་གི་སྔ་དྲོ་བདག་ཁྲོ་ཞིང་གཏུམ་པའི་གཟུགས་སུ་བྱས་ཏེ་འོང་བ་ནི༔ བདག་དམ་ཚིག་ཉམས་པའི་སྲོག་བདུད༔ དམ་ཚིག་ཉམས་པའི་གཤེད་མ༔ གྲིབ་གནོན་མ་རབས་ཀྱི་གཉའ་ནོན༔ སྨྱོ་འདྲེ་རྒྱལ་འགོང་གི་གཉེན་པོ་ལགས་པས༔ དེ་རྣམས་མཐོང་བ་དང་བདག་ལ་རང་བཞིན་གྱིས་ཞེ་སྡང་སྐྱེས་ཏེ་གཏུམ་ཞིང་ཁྲོ་བ་ལགས་སོ༔ ཞེས་ཞུས་སོ༔ ཡང་སློབ་དཔོན་གྱིས་གསུངས་པ༔ འོ་ན་གཉན་ཆེན་ཐང་ལྷ་ཁྱོད་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རང་བཞིན་གྱིས་འགོ་བར་འདུག་པས༔ རྒྱལ་པོ་ཉིད་ནས་འོད་གསལ་ལྷའི་གདུང་རྒྱུད་ཐ་མ་དགུང་དུ་མ་གཤེགས་ཀྱི་བར་དུ་སྐུ་ལྷ་གྱིས་ཤིག༔ རྒྱལ་པོས་མཆོད་ཅིག༔ ཅེས་ལྷ་བྲག་གཏེར་བྱོན་གྱི་ལོ་རྒྱུས་ལས་བྱུང་བ་ལྟར་ཆོས་སྐྱོང་རྒྱལ་པོའི་སྐུ་ལྷ་ཁྱད་པར་ཅན་འཕྲལ་བྱིན་རླབས་མྱུར་ཞིང་ཕུགས་བཀྲ་ཤིས་པའི་སྲུང་མ་འདི་ཉིད། ནུབ་ཟངས་མཛོད་ཀྱི་སྲུང་མར་བཀའ་བསྒོས། ཆོས་སྐོར་རྣམས་ཟང་ཟང་ལྷ་བྲག་ཏུ་གཏེར་དུ་སྦས་པ་སྙིང་ཐིག་གནད་ཀྱི་མན་ངག་དོན་བདུན་ལས། བྱང་ཕྱོགས་ཐོ་ཡོར་ནག་པོའི་ས་ཕྱོགས་སུ༔ རི་བོ་བཀྲ་བཟང་ཞེས་པའི་ཤར་འདབས་སུ༔ ཆུ་ཁམས་གླང་ལོ་སྨེ་བའི་མཚན་རྟགས་ཅན༔ པདྨ་ང་ཡི་བྱིན་གྱིས་བརླབས་པའི་རྟགས༔ སྤྱི་བོར་རྒོད་ཀྱི་ལྡེམ་འཕྲུ་ཡང་ཡང་འབྱུང༔ ཞེས་ལུང་གིས་ཟིན་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པའི་རྗེས་གནང་དང་མན་ངག་གི་སྐོར་གཉིས་ལས། སྲོག་དབང་འདི་ཉིད་གཏེར་སྟོན་ནས་རྩ་བའི་བླ་མའི་བར་དུ་ཆད་མེད་དུ་བཞུགས་པའི་སྲོག་གཏད་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བཞུགས་པའི་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་སྐྱབས་སེམས་སྡོམ་པ་གཟུང་བའི་ཆེད་དུ། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །ཅེས་པ་ནས། རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་པའི་བར་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །སྐུའི་རྗེས་གནང་གི་དོན་དུ་སློབ་དཔོན་དཔལ་རྟ་མགྲིན་དུ་གསལ་བའི་སྤྱན་སྔར་རྗེས་ཟློས་འདི་བཞིན་དུ་མཛོད། ཅེས་བརྡ་སྤྲད། དབང་ཆེན་རྒྱལ་པོ་ཧེ་རུ་ཀ༔ རྣམ་འཕྲུལ་དཔའ་བོ་པདྨ་འབྱུང༔ བདག་ལ་རྡོ་རྗེ་འབར་བ་རྩལ༔ སྐུ་ཡི་བྱིན་རླབས་གཟི་བྱིན་ཕོབ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་དབང་ཆེན་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་སྒྲུབ་གཏོར་ལྷ་ཆེན་འབར་བ་རྩལ་དུ་གསལ་བའི་སྐུ་ལ་ཕོག །དེའི་རྐྱེན་གྱིས་ལྷ་ཆེན་གྱི་སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ཟླ་བ་ཤར་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་བྱུང་བ། སློབ་མའི་ལུས་ལ་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་གཅོད་ཐམས་ཅད་སྦྱངས་པས་ལུས་འོད་དཀར་པོའི་ཕུང་པོར་དཀར་ལམ་གྱིས་སོང་། དེའི་ངང་ལས་སློབ་མ་སྐད་ཅིག་གིས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་སློབ་མའི་རྣམ་པར་ཤེས་པ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་གཙོ་བོའི་མངོན་རྟོགས་དཀྱུས་སུ་ཡོད་པ་བརྗོད། དེར་བསྒོམ་དུ་བཅུག་པའི་སྤྱི་བོར་གཏོར་མ་བཞག་སྟེ། ཧཱུྃ༔ རྟ་མགྲིན་རྒྱལ་པོ་དབང་གི་ལྷ༔ རྣམ་འཕྲུལ་དཔའ་བོ་པདྨ་འབྱུང༔ སྐལ་ལྡན་སློབ་མའི་སྒོ་གསུམ་ལ༔ དམ་ཅན་རྡོ་རྗེ་འབར་བ་རྩལ༔ སྐུ་ཡིས་བྱིན་རླབས་གཟི་བྱིན་ཕོབ༔ ཧྲཱིཿབཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད། སྐུའི་བྱིན་རླབས་འོད་ཟེར་དཀར་པོའི་རྣམ་པ་སྤྱི་བོ་ནས་སིབ་ཀྱིས་ཐིམ་པས་ལྷ་ཆེན་གྱི་སྐུ་དང་སློབ་མའི་ལུས་ངོ་བོ་དབྱེར་མེད་དུ་བྱས། སྐུའི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསམ་ལ། མཆོད་པ་དངོས་སུ་བཤམས་པའམ་མེད་ན་ཁ་གསོས་ཏེ་ཆུ་དང་ཉེར་སྤྱོད་རོལ་མོ་བཅས་པའི་སྔགས་ཀྱིས་སློབ་མས་གཏོར་མ་ལྷར་གསལ་བ་ལ་མཆོད་པའི་ཚུལ་བྱ། གསུང་གི་རྗེས་གནང་གི་དོན་དུ་སོགས་གསོལ་འདེབས་ཚིག་རྐང་གསུམ་པོ་གོང་ལྟར་ལ། གསུང་གི་བྱིན་རླབས་གཟི་བྱིན་ཕོབ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ལྷ་ཆེན་གྱི་མགྲིན་པར་ཕོག་པའི་རྐྱེན་གྱིས། ལྷ་ཆེན་གྱི་གསུང་གི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཐོན་ཏེ་སློབ་མའི་མགྲིན་པ་དང་ལྕེ་ལ་ཐིམ་པས་ངག་གི་སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱངས་པས་ལུས་འོད་དམར་པོའི་ཕུང་པོར་དམར་ལམ་གྱིས་སོར་བར་བསམ་ལ། གཏོར་མ་མགྲིན་པར་བཞག་ལ། བསྐུར་ཚིག་གོང་བཞིན་ལ། གསུང་གི་བྱིན་རླབས་གཟི་བྱིན་ཕོབ༔ ཧྲཱིཿབཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད། དེ་ནས་ལྷ་ཆེན་གྱི་ཐུགས་ཀར་ཟླ་བའི་གདན་ལ་ཨ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་ཞིག་ཞལ་ནས་ཐོན། སློབ་མའི་ཞལ་དུ་ཞུགས། ཐུགས་ཀའི་ཨ་ཡིག་གི་མཐར་འཁོད་པར་བསམ་ལ། དཔོན་སློབ་གཉིས་ཀས་ཕྲེང་བ་ལ་འཇུས་ཏེ། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ༔ ཞེས་བརྗོད། དེ་ནས་ལྷ་ཆེན་གྱི་ཐུགས་ཀར་ཟླ་གདན་ལ་ཨ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བར་བསམ་ལ། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ༔ ཞེས་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །ཕྲེང་བ་མགྲིན་པར་བཞག །ཛཿཧཱུྃ་བཾ་ཧོཿས་བྱིན་གྱིས་བརླབ། ལྷ་ཆེན་གྱི་གསུང་དང་སློབ་མའི་ངག་ངོ་བོ་དབྱེར་མེད་དུ་བྱས། གསུང་གི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། གོང་བཞིན་མཆོད། ཐུགས་ཀྱི་རྗེས་གནང་གི་དོན་དུ་སོགས་ཚིག་རྐང་ཐ་མ། ཐུགས་ཀྱི་བྱིན་རླབས་གཟི་བྱིན་ཕོབ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷ་ཆེན་གྱི་ཐུགས་ཀར་ཕོག་པའི་རྐྱེན་གྱིས་ཐུགས་བརྩེ་བ་ཆེན་པོས་སློབ་མ་རྗེས་སུ་གཟུང་བའི་ནུས་མཐུ་ཐམས་ཅད། འོད་ཟེར་སྔོན་པོའི་རྣམ་པར་ཐོན་ཏེ་སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་སྦྱངས་པས་ལུས་འོད་སྔོན་པོའི་ཕུང་པོར་མེར་གྱིས་སོང་བར་བསམ་ལ། གཏོར་མ་སྙིང་གར་བཞག་སྟེ། སྐུར་ཚིག་བསྒྱུར་བ། ཐུགས་ཀྱི་བྱིན་རླབས་གཟི་བྱིན་ཕོབ༔ ཧྲཱིཿབཛྲ་ཐང་ཀ་ར་ཞེས་བརྗོད། ཐུགས་ཀྱི་བྱིན་རླབས་འོད་ཟེར་སྔོན་པོའི་རྣམ་པར་སྙིང་གར་སིབ་ཀྱིས་ཐིམ་པས་ལྷ་ཆེན་གྱི་ཐུགས་དང་སློབ་མའི་ཡིད་ངོ་བོ་དབྱེར་མེད་དུ་བྱས། ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསམ་ལ། སྔར་བཞིན་མཆོད། ཡོན་ཏན་དང་ཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་སོགས་གོང་ལྟར་ལ། ཡོན་ཏན་བྱིན་རླབས་གཟི་བྱིན་ཕོབ༔ ཕྲིན་ལས་བྱིན་རླབས་གཟི་བྱིན་ཕོབ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷ་ཆེན་གྱི་ཐུགས་ཀར་ཕོག་པའི་རྐྱེན་གྱིས་ལྷ་ཆེན་འཁོར་དང་བཅས་པའི་སྐུ་ལས་ནོར་བུ་དབང་གི་རྒྱལ་པོ་སོགས་ལྷ་མིའི་རིན་པོ་ཆེའི་ཆར་ཆེན་དང་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པ་སློབ་མའི་ལུས་ལ་ཐིམ་པས་སློབ་མ་ལྷར་གསལ་བའི་ལུས་ཀྱི་ནང་ལྟེམས་ཀྱིས་གང་། སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་གཅོད་ཐམས་ཅད་སྦྱངས་པས་ལུས་ཁ་དོག་ལྔ་ལྡན་དུ་སོང་བར་བསམ་ལ། གཏོར་མ་ལྟེ་བའི་ཐད་དུ་བཞག་སྟེ། སྐུར་ཚིག་དངོས་གཞི་འདྲ་བ་ལ། ཡོན་ཏན་བྱིན་རླབས་གཟི་བྱིན་ཕོབ༔ ཕྲིན་ལས་བྱིན་རླབས་གཟི་བྱིན་ཕོབ༔ ཧྲཱིཿབཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད། ཡོན་ཏན་གྱི་བྱིན་རླབས་འོད་ཟེར་སེར་པོ་དང་། ཕྲིན་ལས་ཀྱི་འོད་ཟེར་ལྗང་ཁུ་སྟེ་ལྟེ་གསང་དུ་སིབ་ཀྱིས་ཐིམ་པས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ། སྔར་ལྟར་མཆོད། དམ་བསྲེ་བ་ནི། དམ་ཆུ་ཨ་མྲྀཏ་སློབ་མར་སྦྱིན་ཅིང་གཏོར་མར་འཐོར། གཏོར་མ་སྔར་བཞིན་སྤྱི་བོར་བཞག །དཔལ་ཕྱག་ན་རྡོ་རྗེ། རྒྱལ་མཆོག་པདྨ་ཐོད་ཕྲེང་། པཎ་ཆེན་དྲི་མེད་བཤེས་གཉེན། ལོ་ཆེན་བཻ་རོ་ཙ་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་མུ་ཁྲི་བཙན་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་རིག་འཛིན་རྒོད་ལྡེམ། སྲས་མཆོག་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་དཔལ། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན། མཚན་ལྡན་ངག་དབང་གྲགས་པ། དྲིན་ཆེན་སངས་རྒྱས་དཔལ་བཟང་། ལྡོང་གི་སྔགས་འཆང་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་རྡོ་རྗེ་ཐོགས་མེད། རིག་འཛིན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་འགྱུར་མེད་རྒྱ་མཚོ་སོགས་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གཉན་པོ་དྲན་པར་མཛོད་ལ། ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདིའི་ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད་ལ། བཞི་བརྒྱ་རྩ་བཞིའི་ནད། སྟོང་ཕྲག་བརྒྱད་ཅུའི་བགེགས། ཁྱད་པར་སྟེང་འོག་བར་གསུམ་གྱི་གདོན་བགེགས་རྒྱལ་བསེན་དམ་སྲི་འབྱུང་པོ་བན་བོན་སྔགས་པའི་མཐུ་བྱད་དུག་མཚོན་གཡུལ་གཤོམས་སོགས་གཟུགས་ཅན་གྱི་དགྲ། གཟུགས་མེད་གནོད་པའི་བགེགས་རྣམས་ཀྱིས་བཏང་བའི་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་ཞིང་སྐྱོབ་པའི་ཕྲིན་ལས་མཛོད། ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་ཐོས་བསམ་སྒོམ་གསུམ་སོགས། ཆོས་དང་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་བཀའ་བསྒོ་རྒྱས་པར་བརྗོད་རྗེས་སྔགས་མཐར་ཛཿཧཱུྃ་བཾ་ཧོཿས་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་སིབ་ཀྱིས་ཐིམ་པར་བསམ། དེ་ནས་དམ་ཚིག་བསྡུས་ཏེ་ཁས་བླང་བ་ནི། རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བདག་ནི་རྩེ་གཅིག་གུས་གདུང་བས། །མ་ལུས་དམ་ཚིག་བསྒྲུབ་ལགས་ན། །བརྩེ་བས་རྗེས་གཟུང་བྱིན་གྱིས་རློབས། །ཞེས་ལན་གསུམ་གྱིས་རྗེས་ཟློས་བྱ་ཞིང་གཏང་རག་གི་མཎྜལ་འབུལ་བ་སོགས་རྗེས་རིམ་རྣམས་སྤྱི་དང་མཚུངས་པར་བྱའོ། །རྡོ་རྗེ་ཐེག་པའི་བསྟན་པ་རི༵ན་ཆེ༵ན་དབང་། །གཙུག་ཏུ་ཉེར་བསྟེན་རྡོ་རྗེ་འབར་བ་ཡི། །སྒྲུབ་ཐབས་སྲོག་གཏད་ཆོག་ཁྲིགས་བཀླགས་ཆོག་ཏུ། །རྣམ༵་དག་རྒྱ༵ལ་བའི་བསྟན་ལ་མོས་དེས་བྲིས།་་་སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གསུང་ངོ་། །ཛ་ཡནྟུ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).