Terdzo-CI-011

From Rinchen Terdzö
Revision as of 02:28, 7 November 2018 by Jeremi (talk | contribs) (Text replacement - "2007-2016" to "2007-2018")
(diff) ← Older revision | Latest revision (diff) | Newer revision → (diff)

རྡོ་རྗེ་ཕག་མོའི་ཟབ་ཁྲིད་ཡང་གསང་ཀུན་གྱི་སྙིང་པོ་ལས། ཟབ་རྒྱའི་དབང་ཆོག་བདེ་ཆེན་པདྨའི་མྱུ་གུ་

rdo rje phag mo'i zab khrid yang gsang kun gyi snying po las/_zab rgya'i dbang chog bde chen pad+ma'i myu gu

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་, པདྨ་ཚེ་དབང་རྒྱལ་པོ་ (Rigdzin GödemPema Tsewang Gyalpo)
in cycle  རྡོ་རྗེ་ཕག་མོའི་ཟབ་ཁྲིད་ཡང་གསང་ཀུན་གྱི་སྙིང་པོ་ (Rdo rje phag mo'i zab khrid yang gsang kun gyi snying po)
Volume 35 (ཅི) / Pages 443-460 / Folios 1a1 to 9b2

[edit]

༄༅། །རྡོ་རྗེ་ཕག་མོའི་ཟབ་ཁྲིད་ཡང་གསང་ཀུན་གྱི་སྙིང་པོ་ལས། ཟབ་རྒྱའི་དབང་ཆོག་བདེ་ཆེན་པདྨའི་མྱུ་གུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཡོ་གི་ནཱི་ཡེ། ཟག་མེད་བདེ་ཆེན་གསང་ལམ་ནས། །ཟུང་འཇུག་རྒྱལ་སར་ཚེ་གཅིག་ལ། །སྦྱོར་མཛད་ཁྱབ་བདག་ཧེ་རུ་ཀ །དཔལ་ལྡན་བླ་མས་བདག་བྱིན་རློབས། །མྱུར་ལམ་ཀུན་ལས་ཟབ་ཅིང་འཕགས། །དུས་མཐར་གྲུབ་པའི་རྟགས་འབྱིན་པ། །ཟབ་རྒྱའི་དབང་གི་མཚམས་སྦྱོར་ཡང་། །བྱིས་བློ་འདྲིད་པའི་དཔྱིད་དུ་དགོད། །འདི་ལ་དོན་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ནི། གནས་དབེན་པར་སྟེགས་འཇམ་པོ་ལ་སིནྡྷུ་ར་དང་ཆང་གིས་ཆག་ཆག་གདབ། དཀྱིལ་འཁོར་སྒོ་རྫོགས་སྤྱི་མཐུན་ལ་ལྟེ་བར་ཟླ་གམ་ཁ་སྦྱོར། དེ་རྒྱབ་པདྨ་འདབ་བཞི་འདབ་བརྒྱད་གཉིས་རིམ་གྱི་ཕྱི་རོལ་འོད་ལྔས་བསྐོར་བ་དབང་གཞུང་དུ་གསུངས་པ་ལྟར་རམ། ཡང་ན་ལས་བྱང་ལྟར་བྲིས་ཀྱང་རུང་བས་གང་བདེ་བཀོད་པའི་དབུས་སུ་ཁྲིའུ་ལ་ཐོད་པ་མཚན་ལྡན་ཆང་དང་ཨ་མྲྀཏ་བྱང་སེམས་དཀར་དམར་སྦྱར་བས་བཀང་བའི་ཁར། རིན་པོ་ཆེའི་སྣོད་དུ་ཁྲག་ཆང་གིས་སྦྲུས་པའི་ཟན་ལ་དཔལ་གཏོར་བརྗིད་ལྡན་རྟ་ཞལ་དང་ཕག་ཞལ་གྱིས་མཚན་པ་དར་དམར་པོའི་གུར་ཕུབ་པ་བཀོད། རིག་ཙཀ །ཐོད་ཕྲེང་། ཕྱི་མཆོད་བསྐོར་བཤམ། སྨན་གཏོར་རཀྟ། ལས་བུམ་རྣམས་སྤྱི་དང་མཐུན་པར་བཀོད། ཕྲིན་ལས་ལ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ། ཐོག་མར་དབང་དོན་སྒྲུབ་མཆོད་ནི། སྔོན་དུས་བྱོན་པ་རྣམས་ཀྱིས་དགོངས་པ་ཟང་ཐལ་གྱི་ཕག་མོའི་ལས་བྱང་དང་། ཕྱིས་བྱོན་རྣམས་ཀྱིས་རིག་འཛིན་སྲོག་སྒྲུབ་ཀྱི་ཕག་མོའི་ལས་བྱང་གཏང་བའི་ཕྱག་སྲོལ་སྣང་མོད། བྱང་གཏེར་ཆོས་སྡེའི་ཆ་ལག་ཏུ་སོང་བའི་དབང་གིས་སྔ་མ་ཉིད་འབྲེལ་ཆགས་པས་ཕྲིན་ལས་གསར་བསྒྲིགས་པདྨའི་སྡོང་པོ་ལྟར་གཏང་། ལྷ་བསྐྱེད་ནས་བཟླས་པའི་བར་བདག་བསྐྱེད་ཚར་གཅིག་དང་མདུན་བསྐྱེད་ཚར་གཅིག་གྲུབ་ན་གཞུང་གི་དགོངས་པ་ཡིན་པས་ལེགས་ལ། ཚིག་རིས་གཅིག་གིས་བདག་དང་མདུན་གྱི་གཏོར་མ་གཉིས་ཆབས་ཅིག་ཏུ་གསལ་བཏབ་ཀྱང་ཆོག །གང་ལྟར་གཙོ་བོ་ཡབ་ཡུམ་བསྐྱེད་པའི་མཚམས་སུ་ལུས་དཀྱིལ་གསལ་གདབ་པ་ནི། ཡབ་ཡུམ་གཉིས་ཀྱི་སྐུ་ཡི་ནང་ཁོང་དུ། །རྩ་གསུམ་འཁོར་ལོ་ལྔ་ལྡན་གསལ་བ་ཡི། །སྤྱི་བོར་ས་བོན་ཧ་དང་ར་ཡིག་ལས། །རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་དཀར། །མགྲིན་པར་ས་བོན་རི་དང་ཙ་ཡིག་ལས། །རིན་ཆེན་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་སེར། །སྙིང་གར་ས་བོན་མ་དང་ཧྲཱིཿཡིག་ལས། །སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་མཐིང་། །ལྟེ་བར་ས་བོན་ནི་དང་ཧྲི་ཡིག་ལས། །པདྨ་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་དམར། །གསང་བར་ས་བོན་ས་དང་ཡ་ཡིག་ལས། །ལས་ཀྱི་མཁའ་འགྲོ་ཡབ་ཡུམ་སྐུ་མདོག་ལྗང་། །ལྔ་ཀ་ཕྱག་གཡས་རང་རྟགས་གྲི་གུག་ཕྱར། །ཐོད་ཁྲག་གཡོན་འཁྲིལ་དུར་ཁྲོད་ཆས་རྣམས་རྫོགས། །རྩ་ཁམས་དཔའ་བོ་ཌཱ་ཀིས་ཡོངས་སུ་གཏམས། །སྤྱི་བོར་གུ་རུ་པདྨ་ཡབ་ཡུམ་ནི། །རྡོ་རྗེ་འཆང་གི་རྣམ་པར་འོད་ཀློང་བཞུགས། །ཧཱུྃ༔ ཡབ་ཡུམ་གཉིས་མེད་ཐུགས་ལས་སྤྲུལ་པའི་སོགས་ནས། མཆོད་བསྟོད་བར་ཚང་བར་བཏང་། བཟླས་པའི་ཐོག་མར་གཏེར་གཞུང་རྟ་ཕག་ཡབ་ཡུམ་གྱི་སྒྲུབ་ཐབས་ལྟར་བྱིན་རླབས་བསྐུལ་བའི་དམིགས་པ་གསོལ་འདེབས་བཛྲ་གུ་རུའི་བཟླས་པ་བཅས་གྲུབ་ན་གནད་གལ་ཆེ། མ་བྱས་ཀྱང་ཆད་སྐྱོན་མེད། བདག་བསྐྱེད་ཐུགས་ཀའི་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་གྱི་ཐུགས་ཀར་ཧྲཱིཿདང་མའི་མཐར་སྙིང་པོས་བསྐོར་ཅིང་ཡིག་འབྲུ་འཁོར་བ་ལ་དམིགས་པ་གཏད་དེ་བཟླས་པ་བྱ། དེ་ནས། བདག་གི་གནས་གསུམ་ལས་སྔགས་ཕྲེང་གི་འོད་ཟེར་འཕྲོས༔ དལ་གྱི་ལྷ་ཚོགས་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་ལྷ་དང་བྷནྡྷའི་བདུད་རྩི་ལ་ཐིམ་པར་བསམ༔ དེ་ནས་དབང་ཆེན་ཡབ་ཡུམ་སྦྱོར་བ་མཛད་པས༔ འཁོར་ལོ་ལྔའི་མཁའ་འགྲོ་ཡབ་ཡུམ་རྣམས་ཀྱང་སྦྱོར་བ་བྱས་ཏེ༔ དེ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་བྱང་སེམས་དཀར་དམར་དུ་བབས་པས་བྷནྡྷར་ཆིལ་གྱིས་འཁྱིལ་བར་གྱུར༔ ཅེས་པའི་དམིགས་གནད་དང་ལྡན་པས་བཟླས་པ་བརྒྱ་སྟོང་ཅི་འགྲུབ་མཐར་མཆོད་བསྟོད་ཀྱང་འབུལ། ལས་བུམ་དུ་བདུད་རྩི་འཁྱིལ་བའི་བསྐྱེད་བཟླས་བྱ་ཞིང་། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་བཏང་། རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །དབང་དངོས་བསྐུར་བའི་དང་པོ་སློབ་མ་རྣམས་སྒོའི་དྲུང་དུ་ལས་བུམ་གྱིས་ཁྲུས་ནས་དབྱུང་། ལས་བྱང་ལྟར་བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་མཚམས་བཅད། གདོང་གཡོགས་སྦྱིན་ལ་ནང་ནས་བླ་མས། ཁྱེད་ཅག་རྣམས་སྔོན་ཆད་གཉིས་འཛིན་གྱི་སྒྲིབ་པས་དག་པའི་མིག་ལྡོང་སྟེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བ་དང་། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་དང་ཕྱག་བྱས་ནས་ཤར་སྒོའི་དྲུང་དུ་འཁོད་པས་གསོལ་བ་འདེབས་པར་མོས་པས་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀྱེ༔ བླ་མ་གསང་སྔགས་ཀུན་གྱི་གཙོ༔ དབང་གི་བདག་ཉིད་ཆེ་བའི་མཆོག༔ བདག་ཅག་དབང་གི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། བླ་མས། ཁྱེད་ཅག་སུ་ཡིན་བླ་མེད་དཀྱིལ་འཁོར་དུ༔ འཇུག་འདོད་དམ་ཚིག་གཙང་མ་ཚུལ་བཞིན་དུ༔ བླ་མ་ལྷ་མཆེད་ལྷ་ཚོགས་ཐམས་ཅད་ལ༔ སྲུང་ན་ཚུར་ཤོག་མི་སྲུང་ཕྱིར་དེངས་ཤིག༔ ཅེས་བསྒོས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་ལུས་དང་སྲོག་ལ་སོགས༔ བྱ་དཀའ་ཆེན་པོར་གྱུར་ན་ཡང༔ དམ་ཚིག་ཚུལ་ལས་མི་འདའ་ཞིང༔ བཀའ་བཞིན་སྒྲུབ་པར་བདག་སྤྲོ་འོ༔ ལན་གསུམ་ཞུ། བླ་མས། དེ་ལྟར་ཡིན་ན་ཁྱེད་རྣམས་ཀྱང༔ སྐལ་བར་ལྡན་པ་ཡིན་ངེས་པས༔ དབང་ཆེན་ཡབ་ཡུམ་དཀྱིལ་འཁོར་དུ༔ སྤྲོ་དགའ་བཅས་ཏེ་གྲལ་ལ་འདུག༔ ཅེས་བསྒོས་ཏེ་རང་གྲལ་ལ་བཞག །སེམས་བསྐྱེད་གསལ་གདབ། དབང་བཤད་ཇི་ལྟར་འོས་པ་དང་ཁྱད་པར། དེ་ལ་འདིར་འཆད་བྱའི་གསང་བ་ཟབ་མོའི་དང་པོ་ལོ་རྒྱུས་ཅུང་ཟད་སྨྲོས་ན། གསང་ཆེན་སྔགས་ཀྱི་སྟོན་པ་ཀུན་བཟང་ཧེ་རུ་ཀ་དཔལ་པདྨ་འབྱུང་གནས་དེ་ཉིད་གངས་ཅན་གདུལ་བྱའི་མགོན་དུ་སྐུ་དངོས་ཀྱིས་བྱོན། རྡོ་རྗེ་ཐེག་པ་བླ་མེད་ཡོ་ག་གསུམ་གྱི་ཆོས་འཁོར་ཟབ་ཅིང་རྒྱ་ཆེ་བར་བསྐོར་ཏེ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལས་ཀྱང་ཆེས་འཕགས་པའི་ཆོ་འཕྲུལ་ངོ་མཚར་རྨད་དུ་བྱུང་བས་བོད་ཡུལ་མུན་པའི་གླིང་འདིར་འཕགས་ཡུལ་ལས་ཀྱང་ལྷག་པའི་ཟབ་ཆོས་ཀྱི་ཉིན་བྱེད་དགུང་དུ་འཆར་བའི་སྐབས་ཤིག །དཔལ་བསམ་ཡས་མཆིམས་ཕུ་བྲེ་གུའི་བྲག་ཕུག་ཏུ་གུ་རུ་རིན་པོ་ཆེ་དགོངས་པ་ལ་བཞུགས་པའི་ཚེ་མཁའ་འགྲོ་མཚོ་རྒྱལ་གྱིས། བདག་ལ་ཡེ་ཤེས་མཁའ་འགྲོའི་ཆོས་སྐོར་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་སྨིན་བྱེད་དབང་དང་། གྲོལ་བྱེད་ཀྱི་གདམས་པ་ཟབ་མོ་ཉམས་སུ་ལེན་ཚུལ། རྡོ་རྗེ་ཕག་མོའི་ཟབ་རྒྱའི་གདམས་པ་ཡང་དག་པ་ཞིག་གནང་བར་གསོལ་བ་ནན་དུ་བཏབ་པ་ལ་ཐུགས་བརྩེ་བས་དགོངས་ཏེ། སློབ་དཔོན་ཆེན་པོ་ཉིད་ལ་རྡོ་རྗེ་ཕག་མོས་གནང་བའི་ཟབ་ཆོས། ཕྱི་རྩིས་ཀྱི་སྐོར། ནང་རྩ་གནས་ལ་བརྩི་བ། གསང་བ་རྩ་ཐིག་རླུང་གསུམ་གྱི་རྣམ་གཞག །ཐུན་མོང་དུ་དབང་གི་རྣམ་གཞག་གིས་སྨིན་པར་བྱེད་པ། བསྐྱེད་རིམ་རྟ་ཕག་ཡབ་ཡུམ་གསང་སྒྲུབ་ཀྱིས་ལུས་ལྷ་སྐུར་གསལ་བ། ངག་འབྱུང་འཇུག་རླུང་གི་ཉམས་ལེན་གྱིས་རྩ་ཁམས་དྭངས་མའི་ཌཱ་ཀི་ཡབ་ཡུམ་རྩལ་སྦྱང་བ། བདག་གཞན་རྟ་མགྲིན་ཡབ་ཡུམ་དུ་གསལ་བཏབ་སྟེ་དབབ་ཟློག་དགའ་བཞིའི་ཉམས་ལེན་གྱིས་དྭངས་མ་བདེ་སྟོང་ཡེ་ཤེས་སུ་ལམ་དུ་ཁྱེར་བས་རིག་པ་ཡེ་ཤེས་སུ་འཆར་བ། ལྷན་སྐྱེས་ཡེ་ཤེས་ཀྱི་ངོ་སྤྲོད་ཀྱིས་ཅིར་སྣང་ཆོས་སྐུར་རྟོགས་པ། ལྟ་བས་ཐག་བཅད་ནས་ལྷུན་གྲུབ་འོད་གསལ་གྱི་ཉམས་ལེན་གྱིས་ཟག་བཅས་ཟག་མེད་དུ་བསྒྲུབས་ནས་ཀུན་བཟང་ནང་དབྱིངས་སུ་འཇུག་པའི་གདམས་པ་ཟབ་མོ་འདི་ཉིད་གསུངས་པ་མཚོ་རྒྱལ་གྱིས་ཤོག་སེར་ལ་བཀོད། ཕྱི་རབས་གདུལ་བྱ་རྣམས་ལ་བརྩེ་བས་བྱང་ཟང་ཟང་ལྷ་བྲག་གི་ནུབ་ཟངས་མཛོད་དམར་པོར་གཏེར་དུ་སྦས་པ་སྤྲུལ་སྐུ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་ཏེ། སླར་ཡང་མང་ཡུལ་རི་བོ་དཔལ་འབར་དུ་ཡང་གཏེར་ལ་སྦས་པ། ཕྱིས་ལྷ་ལྕམ་ནུས་འབྱིན་ས་ལེའི་རྣམ་འཕྲུལ་གཏེར་སྟོན་བསྟན་གཉིས་གླིང་པའམ་པདྨ་ཚེ་དབང་རྒྱལ་པོས་སྤྱན་དྲངས། མངའ་བདག་གུང་ཐང་རྒྱལ་པོའི་བཀས་བསྐུལ་ནས་ཤོག་སེར་ལས་བསྒྱུར་ཏེ་སྐལ་ལྡན་རྣམས་ལ་བསྩལ་པར་མཛད་པའི་ཟབ་ཆོས་འདི་ལ་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་ཁྲིད་གཉིས་སུ་བཞུགས་པ་ལས་འདིར་དབང་བསྐུར་བགྱི་བའི་སྐབས་ཡིན། དེ་ལའང་འཇུག་པ་དང་དངོས་གཞི་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། ཅེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་ཡིད་རྩེ་གཅིག་པས་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ སོགས་ལས་བྱང་ལྟར་ལན་གསུམ། ཐོག་མ་མེད་ནས་བསགས་པའི་སྡིག་སྒྲིབ་བཤགས་པ་སྔོན་དུ་འགྲོ་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སྨོན་པ་དང་། དེའི་ཆེད་དུ་གསང་སྔགས་ཀྱི་སྤྱོད་པ་ལ་འཇུག་པ་དང་། དེ་ཐམས་ཅད་ཀྱང་འཁོར་གསུམ་རྣམ་པར་མི་རྟོག་པའི་རྒྱས་འདེབས་པ་སྟེ་སེམས་བསྐྱེད་རྣམ་པ་གསུམ་གསལ་ཐོབས་ལ་འདིའི་རྗེས་ཟློས། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ སོགས་ལན་གསུམ། ཡེ་ཤེས་པ་དབབ་པའི་སྔོན་འགྲོ་དམ་བཞག་བཞི་པོ་རིམ་པར་བགྱི་བ་ལགས་པས་སོ་སོའི་དོན་ཐུགས་ལ་ངེས་པར་འཚལ། རྡོ་རྗེ་སྤྱི་བོར་བཞག་སྟེ། ཧཱུྃ༔ མི་འགྱུར་གསང་བ་མཆོག་གི་ནི༔ རྡོ་རྗེའི་སྐུ་ནི་ཁྱོད་ཐོབ་འགྱུར༔ འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ༔ བུ་ཁྱོད་ཚུལ་བཞིན་གནས་པར་མཛོད༔ བཛྲ་ས་མ་ཡ༔ ཨི་དན་སིདྡྷི་རཱ་གཱ་ཧཱུྃ༔ རྡོ་རྗེ་སྙིང་གར་གཏུགས་ལ། དེ་རིང་དབང་ཆེན་གསང་བའི་རྒྱལ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ འདི་ནི་གཞན་ལ་སྨྲས་པ་ན༔ ཁྱོད་ཉིད་ཉམས་ཏེ་ལྟུང་བར་འགྱུར༔ དེ་ཕྱིར་ཁྱོད་ཀྱིས་ཤིན་ཏུ་གསང༔ དེ་ལྟར་བསྒོས་པ་ལས་མི་འདའ་བར་ཐ་ཚིག་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ༔ ན་ར་ཀན༔ དུང་ཆུ་ནང་མཆོད་སྦྱར་བ་བྱིན་ཏེ། ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་དམྱལ་བར་ལྟུང༔ དམ་ཚིག་བསྲུངས་ན་དངོས་གྲུབ་མཆོག༔ གསང་བ་རྡོ་རྗེའི་ཆུ་འདིས་འགྲུབ༔ ཨོཾ་ཨ་མྲྀཏ་ཨུ་ད་ཀ་ཋ་ཧཱུྃ༔ ཡང་རྡོ་རྗེ་སྤྱི་བོར་བཞག་ལ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ ཧེ་རུ་ཀ་དཔལ་དབང་གི་སྐུ༔ ང་ཉིད་ཡིན་གྱིས་ངའི་བཀའ་ལས༔ ཁྱོད་ཀྱིས་འདའ་བར་མི་བྱ་སྟེ༔ ང་ཡིས་བསྒོ་བའི་བཀའ་ཇི་བཞིན༔ ཁྱོད་ཀྱིས་གཅོག་པར་མི་རུང་ངོ༔ ས་མ་ཡ༔ ཨི་དན་ན་ར་ཀན༔ ཞེས་བརྗོད། དེ་ནས་དབང་གི་གཞི་རྟེན་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་མ་ཡེངས་པར་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་མི་རོ་བསྒྱེལ་བའི་སྟེང་དུ་སྐད་ཅིག་གིས་རྟ་མགྲིན་དབང་ཆེན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཁྲོས་པའི་ཉམས་ཅན། དབུ་གཙུག་ན་རྟ་མགོ་ལྗང་ཞུར་འཚེར་བ། ཕྱག་གཡས་པས་གྲི་གུག་ཕྱར་ཞིང་གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་ཞབས་གཉིས་དཔའ་བོའི་འདོར་སྟབས་ཀྱིས་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་རྒྱན་ཆ་ལུགས་ཡབ་དང་མཚུངས་པ་ལས་སྤྱི་བོར་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པ། གྲི་ཐོད་བསྣམས་ཤིང་ཡབ་ལ་འཁྲིལ་བ། སྣང་ལ་རང་བཞིན་མེད་པ་ཡེ་ཤེས་ཀྱི་མེ་འོད་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་གཡུང་དྲུང་དམར་པོ། །དེའི་ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པ། དེ་ཉིད་གཡས་སྐོར་དུ་དྲག་ཏུ་འཁོར་བ་ལས་འོད་ཟེར་ནམ་མཁའི་ཁམས་གང་བ་འཕྲོས། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ཀྱང་ཡེ་ཤེས་སེམས་དཔའི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་ལུས་ངག་ཡིད་གསུམ་ལ་ཐིམ། རྒྱུད་བྱིན་གྱིས་རློབ་པར་མོས་ཤིག །འབེབ་པའི་རྫས་བདུག །དབྱངས་རོལ་གྱིས་བྱིན་བསྐྱེད་ལ། ཧཱུྃ༔ བྱིན་རླབས་ཐུགས་རྗེའི་གཞལ་ཡས་ནས༔ རྩ་བརྒྱུད་བླ་མ་སྤྱན་འདྲེན་གཤེགས༔ བྱིན་ཆེན་འབེབ་པའི་དུས་ལ་བབ༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ ཡེ་ཤེས་དབྱིངས་ཀྱི་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་སྤྱན་འདྲེན་གཤེགས༔ བྱིན་ཆེན་འབེབ་པའི་དུས་ལ་བབ༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ རྩ་ཁམས་དྭངས་མའི་གཞལ་ཡས་ནས༔ དཔའ་བོ་མཁའ་འགྲོ་སྤྱན་འདྲེན་གཤེགས༔ བྱིན་ཆེན་འབེབ་པའི་དུས་ལ་བབ༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཙིཏྟ་ཧྲཱིང་ཧྲཱིང་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ ཞེས་དྲག་ཏུ་བརྗོད། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲཿ རྡོ་རྗེ་མགོར་བཞག་ལ་བརྟན་པར་བྱ། མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱེ༔ དབང་གི་བདག་ཉིད་ཧེ་རུ་ཀ༔ བདག་ཅག་འཁོར་བ་མ་རིག་གིས༔ ལོང་བས་ཆུ་བུར་ལིང་ཐོག་མིག༔ དེ་རིང་མགོན་པོས་བསལ་དུ་གསོལ༔ ལན་གསུམ། མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་ཏུ་བསལ་བར་མོས། གསེར་ཐུར་རམ་རྡོ་རྗེས་གདོང་བསལ་ལ། ཀྱེ༔ སྔོན་གྱི་སྟོན་པ་མིག་མཁན་རྒྱལ༔ ཇི་ལྟར་མ་རིག་བསལ་པ་ལྟར༔ བདག་གིས་ཐབས་ཤེས་གསེར་ཐུར་འདིས༔ ཁྱེད་ཅག་མ་རིག་བསལ་བར་བྱ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ སྒྲིབ་བྲལ་དག་པའི་སྤྱན་ཐོབ་པས་བཅོམ་ལྡན་འདས་རྟ་མཆོག་རྒྱལ་པོ་དང་རྡོ་རྗེ་ཕག་མོ་ཡབ་ཡུམ་རིགས་བཞི་དཔའ་བོ་དཔའ་མོའི་འཁོར་ཚོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་རྣམས་མངོན་སུམ་དུ་མཇལ་བར་མོས་ལ་སྤྲོ་དགའ་སྐྱེད་མཛོད། ཁྱེད་རྣམས་ལེགས་འོང་སྐལ་བ་བཟང༔ དེ་རིང་དབང་གི་དཀྱིལ་འཁོར་དུ༔ སྨིན་ནས་དཀྱིལ་འཁོར་ཉིད་དུ་འགྲུབ༔ དགའ་སྤྲོ་བཅས་ཏེ་འདི་ལ་ལྟོས༔ ཞེས་སྤྲོ་བ་སྐྱེད༔ དེ་རྣམས་ཀྱིས་འཇུག་པའི་ཆོས་ལེགས་པར་གྲུབ། དངོས་གཞིའི་དབང་བསྐུར་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཞེས་མཎྜལ་འབུལ་གཞུག །ཙོག་བུར་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་གསང་སྔགས་ཆེ་བའི་མཆོག༔ བདག་ཅག་དབང་གི་ད་ལ་རུ༔ དབང་བཞི་ཡོངས་སུ་རྫོགས་པ་དང༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ། ཁྱེད་ཅག་དབང་ཆེན་ཧེ་རུ་ཀའི། ལྷ་དང་གཉིས་མེད་གཅིག་ཏུ་གྱུར༔ འདི་ལ་ཐེ་ཚོམ་མི་རུང་སྟེ༔ སློབ་དཔོན་ལ་ཡང་གུས་པར་གྱིས༔ ཞེས་གདམས། དཔལ་གཏོར་ཐོགས་ལ། ཁྱེད་རང་རྣམས་སྔར་སྨྲོས་མ་ཐག་པའི་མཚན་ཉིད་ཅན་གྱི་དབང་ཆེན་ཡབ་ཡུམ་དུ་གསལ་ཐོབས། དཔལ་གྱི་གཏོར་མ་འདི་ཉིད་ཕྱི་སྣོད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་ནང་དུ་གཏོར་མ་ཉིད་དབང་ཆེན་རྟ་མགྲིན་ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་སྦྱོར་བ། དེའི་དབུ་གཙུག་ཏུ་གུ་རུ་པདྨ་འབྱུང་གནས་ཡབ་ཡུམ་རྡོ་རྗེ་འཆང་གི་ཆ་ལུགས་ཅན་སྦྱོར་བ་མཛད་པས་བྱང་སེམས་དཀར་དམར་གྱི་རྒྱུན་བབས། དབང་ཆེན་ཡབ་ཡུམ་གྱི་སྦྱི་བོ་ནས་ཞུགས་ཏེ་རྩ་འཁོར་ལོ་བཞི་རིམ་པར་གང་། དབང་ཆེན་ཡབ་ཡུམ་ཡང་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་ཆུ་རྒྱུན་ལྟར་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། རྩ་འཁོར་ལོ་བཞི་རིམ་པར་གང་བར་མོས་ཤིག །ཧྲཱི༔ གསང་བའི་དཀྱིལ་འཁོར་དབང་གི་སྐུ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ ཐམས་ཅད་ཡོངས་རྫོགས་བུམ་པའི་དབང༔ སྐལ་ལྡན་བུ་ལ་བསྐུར་ཐོབ་ཤོག༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཌཱ་ཀི་ནཱི་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གཏོར་མ་གནས་བཞིར་བཞག །སྤྱི་བོའི་གུ་རུ་ཡབ་ཡུམ་དབང་ཆེན་ལ་ཐིམ། དབང་ཆེན་ཡབ་ཡུམ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་མར་བྱོན། སྙིང་གར་འོད་དུ་ཡལ་ནས་རང་དང་དབྱེར་མེད་དུ་གྱུར་པར་མོོས་ཤིག །དེ་ལྟར་དཔལ་གྱི་གཏོར་མ་ལ་བརྟེན་ནས་དབང་བསྐུར་བ་སྟེ་དོན་གྱི་ངོ་བོ་དབང་བཞི་ཡོངས་རྫོགས་སུ་ཐོབ། རྩ་ཁམས་ལུས་ཀྱི་དྲི་མ་དག །ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་པའི་སྐུ་རྒྱུད་ལ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བྷནྡྷའི་བདུད་རྩི་ཐོགས་ལ། བླ་མ་དབང་ཆེན་ཡབ་ཡུམ་དང་སྤྱི་བོར་བཞུགས་པའི་གུ་རུ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་སེམས་བདེ་བ་ཆེན་པོའི་རྒྱུན་གྱིས་རྩ་འཁོར་ལོ་བཞིའི་ལྷ་རྣམས་བསྐུལ། ཐམས་ཅད་སྙོམས་འཇུག་མཛད་པའི་བྱང་སེམས་དཀར་དམར་གྱི་རྒྱུན་སྤྱི་བོ་ནས་རིམ་པར་བབ། མཁའ་གསང་ནས་ཐོན་ཏེ་བྷནྡྷར་བསྐྱིལ་པའི་བདུད་རྩི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལྕེ་ཐོག་ཏུ་བཞག་པར་མོས། ཧཱུྃ༔ བདེ་ཆེན་གཉིས་མེད་སྦྱོར་བ་ལས༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་གསལ༔ ཁྱོད་ཀྱི་རྩ་ཁམས་བདེ་བས་གང༔ དབང་མཆོག་ཁྱོད་ཀྱིས་ཐོབ་གྱུར་ཅིག༔ ཨ་ཧོཿསུ་ཁ་སིདྡྷི་ཧོ༔ བྷནྡྷ་མགྲིན་པར་བཞག །བདུད་རྩི་ཁར་སྦྱིན། དེ་ལྟར་བྱིན་པའི་བྱང་སེམས་མགྲིན་པ་ནས་བརྒྱུད། ལུས་ཀྱི་ནང་གང་། རྩ་ཁམས་ཁྱབ་པར་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་བདེ་བས་རྒྱུད་གང་བར་བསམ། དེ་ལྟར་གསང་བའི་དབང་བསྐུར་བ་ཐོབ། སྲོག་རྩོལ་ངག་གི་དྲི་མ་དག །ལམ་རང་ལུས་ཐབས་ལྡན་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་རློབ་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྤྱོད་རྫོགས་སྐུ་རྒྱུད་ལ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རིག་ཙཀ་གཏད་ལ། མཚན་ཉིད་ཐམས་ཅད་དང་ལྡན་པའི་ཕྱག་རྒྱ་མ་ལག་ཏུ་གཏད་པར་མོས་ཤིག ། ཀྱཻ་ཧོ༔ ཡེ་ཤེས་མཁའ་འགྲོ་བདེ་བའི་གཟུགས༔ ཀུན་ཏུ་བདེ་བའི་སྐད་འབྱིན་མ༔ འདི་ཁྱེར་དཔའ་བོ་བདེ་བར་སྤྱོད༔ དབབ་གཟུང་ཟློག་པའི་ཆོས་ལ་སྦྱོངས༔ ཁྱེད་རང་རྣམས་དབང་ཆེན་རྟ་མགྲིན། ཕྱག་རྒྱ་རྡོ་རྗེ་ཕག་མོ། མཁའ་གསང་རྡོ་རྗེ་དང་པདྨར་གསལ་བས་ཐབས་འདི་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་བྱའོ་སྙམ་པའི་འདུན་པས་སྙོམས་པར་ཞུགས་པས། སྤྱི་བོ་ལ་སོགས་པ་འཁོར་ལོ་བཞིའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱང་སྦྱོར་བ་མཛད། བྱང་སེམས་སྤྱི་བོ་སོགས་ནས་གསང་གནས་ཀྱི་བར་རིམ་པར་བབས་པས་ཡས་བབས་ཀྱི་དགའ་བ་བཞི་ཉམས་སུ་མྱོང་། སླར་གྱེན་དུ་བཟློག་པས་མས་བརྟན་གྱི་དགའ་བ་བཞི་མཐར་ཕྱིན། རྩ་ཁམས་ཀྱི་ལྷ་རྣམས་བདེ་བས་ཚིམས། བྱང་སེམས་དཀར་དམར་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་ལུད་གུ་རུ་པདྨ་ཡབ་ཡུམ་རྡོ་རྗེ་འཆང་གི་རྣམ་པར་བཞུགས་པ་ལ་མཆོད་པ་ཕུལ། བདེ་བས་དགྱེས་ནས་སྦྱོར་བ་མཛད། སྦྱོར་མཚམས་ནས་བྱང་སེམས་དཀར་དམར་དཔག་ཏུ་མེད་པ་བབས་པས། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕོག །སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་སྦྱངས། སེམས་ཅན་ཐམས་ཅད་རིག་འཛིན་བླ་མའི་ས་ལ་བཀོད། སླར་ཡང་འོད་དང་འོད་ཟེར་གྱི་རྣམ་པར་ཞུ། གུ་རུའི་ཐུགས་ཀར་ཐིམ། གུ་རུ་ཡང་འོད་དང་འོད་ཟེར་གྱི་རྣམ་པར་ཞུ་ནས་རྟ་ཕག་ཡབ་ཡུམ་ལ་ཐིམ། དེའང་འཇའ་ཡལ་བ་ལྟར་ལྷུན་གྲུབ་འོད་གསལ་ཆེན་པོའི་ཀློང་དུ་ཐིམ་པར་བསམ་ཞིང་བདེ་སྟོང་ཟུང་འཇུག་གི་ཉམས་སྐྱོངས་ཤིག །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། གཉིས་རྟོག་ཡིད་ཀྱི་དྲི་མ་དག །གཞན་ལུས་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་ཀྱི་སྐུ་རྒྱུད་ལ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། ཁྱེད་རང་རྣམས་ལུས་གནད་ལྟ་སྟངས་དང་ལྡན་པས་སེམས་དུས་གསུམ་དུ་རྟོག་པའི་སྤྲོས་པ་མཐའ་དག་བཅད་ནས་ད་ལྟ་བའི་རིག་པ་ཟང་ཐལ་རྗེན་པ་བློ་འདས་བསམ་བརྗོད་དང་བྲལ་བའི་དབྱིངས་སུ་མཉམ་པར་ཞོག་ཅིག །ཀྱེ་ཧོ༔ སྐལ་ལྡན་དམ་པའི་རིགས་ཅན་རྣམས༔ སྔོན་འགྲོ་ནས་བརྩམ་བུམ་དབང་དང༔ ཡོངས་རྫོགས་དཀྱིལ་འཁོར་དབང་གི་བར༔ སྐུར་བའི་བརྗོད་ཚིག་དམ་པ་རྣམས༔ བློ་འདས་སྤྲོས་བྲལ་བརྗོད་ཚིག་བྲལ༔ ཐམས་ཅད་རིག་པའི་ཆོ་འཕྲུལ་ཆེ༔ སེམས་རིག་བསམ་བརྗོད་བྲལ་བའི་ངང༔ དེ་དོན་ཁྱོད་ཀྱིས་ངང་ལ་ཞོག༔ འདི་ནི་མཉམ་རྫོགས་ཆེན་པོའི་དབང༔ རྗེས་སུ་སྐྱོངས་ཤིག་སྐལ་ལྡན་རྣམས༔ བསྐྱང་བྱ་སྐྱོང་བྱེད་བཟོ་བཅོས་བྲལ༔ བློ་བྲལ་རིག་པའི་ཡེ་ཤེས་འདི༔ ཁྱོད་ཀྱིས་ད་ལྟ་རྟོགས་གྱུར་ཅིག༔ རང་རིག་རྗེན་པ་འདི་ལ་ལྟོས༔ བལྟ་བྱ་ལྟ་བྱེད་བྲལ་བས་ན༔ ཡེངས་མེད་རྗེན་པའི་ངང་ལ་ཞོག༔ ཅེས་དར་གཅིག་མཉམ་པར་འཇོག །དེ་ལྟར་ཚིག་དབང་རིན་པོ་ཆེ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་དོན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་རྒྱུད་ལ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་དག་གིས་རྟ་ཕག་ཡབ་ཡུམ་གྱི་དབང་བཞི་ཡོངས་སུ་རྫོགས་པ་གྲུབ་ནས་མཐའ་རྟེན་དུ་བགྲང་བ་སྔགས་ཀྱི་གནང་བ་བྱིན་པར་མོས་ཤིག །ཐོད་ཕྲེང་ལག་ཏུ་གཏད་ལ། ཧཱུྃ༔ རྟ་མགྲིན་ཡབ་ཡུམ་ཁྱོད་ཀྱི་ལྷ༔ འབྲལ་མེད་དེང་ནས་རྩེ་གཅིག་སྒོམས༔ སྙིང་པོ་སྔགས་ཀྱི་འཁོར་ལོ་སྐོར༔ འོད་ཟེར་ཕྲེང་བ་འདི་ལ་བརྒྱུད༔ ཁྱོད་ཀྱི་ངག་ལ་རྫོགས་གྱུར་ཅིག༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ དཔའ་བོ་མཁའ་འགྲོ་ཡོངས་རྫོགས་གཅིག་ཏུ་འདུས་པའི་གསང་སྔགས་འདི་ཉིད་རྒྱུན་དུ་བགྲང་བར་གྱིས་ཤིག །དེ་ནས་མེ་ཏོག་འཐོར་ནས་ཤིས་པ་བརྗོད། དེ་ལྟར་དབང་བསྐུར་ཐོབ་ནས་རྩ་བ་ཡན་ལག་གི་དམ་ཚིག་གཉན་པོ་སྤྱི་དང་། ཁྱད་པར་ཐོད་པ་མཚན་ལྡན། དམ་ཚིག་གི་བྲིས་སྐུ །དབང་གོས་དམར་པོ། ཨ་མྲྀཏ་དང་སིནྡྷུ་ར། སྦ་ལྕག་བླ་རྡོ་རྣམས་གསང་ཞིང་བཅང་བ་སོགས་ཁྱད་པར་གྱི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བའི་འདུན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བཅས་ཀྱིས་འགྲུབ། གསུམ་པ་རྗེས་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་མ་བསྔོ། གཏོར་སྐྱོང་ནས་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་མཐར་ཆགས་སུ་བྱའོ། །དབང་གིས་རྒྱུད་སྨིན་ལྷར་སྣང་བརྟན་པ་ཐོབ། །ཟག་མེད་བདེ་ཆེན་ཉམས་མྱོང་རྒྱུན་མི་འཆད། །རང་བྱུང་འོད་གསལ་དབྱིངས་སུ་ལ་ཟློས་ཏེ། །རྡོ་རྗེ་བཙུན་མོའི་ཕྱག་རྒྱ་མཆོག་འགྲུབ་ཤོག །འདིའང་གཏེར་གཞུང་གི་དབང་ལ་བདེ་ཆེན་གསང་སྒྲུབ་ཀྱི་དམིགས་པ་སྤྲོད་དགོས་པ་སོགས་ཆད་ལྷག་གི་སྐྱོན་འབྱུང་བར་ཉེ་བས་དེང་དུས་ཀྱི་དབང་བསྐུར་མཁན་པོ་རང་འདྲ་ལ་ཕན་འདོད་ཀྱི་བསམ་པས་ཚིག་ཉུང་ངུར་བསྡུས་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཤྲཱི་དེ་བཱི་ཀོ་ཊིའི་དགའ་ཚལ་དུ་སྦྱར་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).