Terdzo-RI-013

From Rinchen Terdzö
Revision as of 21:58, 29 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")

གཏེར་ཁ་གཉིས་འདུས་རྩ་རླུང་ཐིག་ལེའི་ཁྲིད་ཟིན་མདོར་བསྡུས་ཟབ་དོན་ཀུན་འདུས་

gter kha gnyis 'dus rtsa rlung thig le'i khrid zin mdor bsdus zab don kun 'dus

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  བདུད་འདུལ་རྡོ་རྗེ་, ཀློང་གསལ་སྙིང་པོ་ (Dudul DorjeLongsel Nyingpo)
in cycle  གཏེར་ཁ་ཟུང་འདུས་གཏུམ་མོ (Gter kha zung 'dus gtum mo)
Volume 55 (རི) / Pages 359-387 / Folios 1a1 to 15a5

[edit]

༄༅། །གཏེར་ཁ་གཉིས་འདུས་རྩ་རླུང་ཐིག་ལེའི་ཁྲིད་ཟིན་མདོར་བསྡུས་ཟབ་དོན་ཀུན་འདུས་ཞེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་མཱཾ་གུ་ར་བེ། རང་བྱུང་ཡེ་ཤེས་གཏུམ་མོ་རྣལ་འབྱོར་མས། །གཞོམ་མེད་དཔྱིད་ཀྱི་དཔའ་བོ་བསྐུལ་པ་ལས། །བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུར་བཞེངས་པ། །དབང་ཆེན་ཡབ་ཡུམ་དགྱེས་པའི་གར་གྱིས་སྐྱོངས། །རྣལ་འབྱོར་གསང་མཐའི་ལམ་གྱི་སྲོག །སྲོག་རྩོལ་དྷཱུ་ཏིར་བཅིངས་པ་ལས། །འཕོ་བ་བཀག་པའི་ཐབས་ཀྱི་མཆོག །ཟབ་ལམ་ཁྲིད་ཚུལ་མདོར་བསྡུས་དགོད། །འདིར་ས་བཅུའི་དབང་ཕྱུག་བདུད་འདུལ་ནུས་ལྡན་རྡོ་རྗེའི་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་དང་། རིག་འཛིན་ཆེན་པོ་མདོ་སྔགས་གླིང་པའི་ཀློང་གསལ་རྡོ་རྗེ་སྙིང་པོ་སྟེ་སྤྲུལ་པའི་གཏེར་ཆེན་ཟུང་གི་ཟབ་གཏེར་བཀའ་གསང་ཆུ་བོ་གཅིག་འདྲེས་ཀྱི་གསང་དབང་ཉམས་ལེན་ཆགས་མེད་རླུང་ལ་བསླབ་པ་དང་། ཤེར་དབང་ཉམས་ལེན་ཆགས་བཅས་ཐིག་ལེ་ལ་བསླབ་པའི་ཁྲིད་མདོར་བསྡུས་འཆད་པ་ལ། འདི་ཉིད་སྒོམ་པའི་གང་ཟག་ཐུན་མོང་བློ་སྦྱོང་གིས་རང་རྒྱུད་འདུལ་བ་དང་། ཆོས་བདུན་གྱིས་ལམ་གྱི་གཞི་ཚུགས་པར་བྱས་ཏེ། བུམ་དབང་གི་ལམ་བསྐྱེད་རིམ་ལ་གསལ་དག་བརྟན་པ་ཚགས་སུ་ཚུད་ནས་གཞི་དོན་ཁྲེགས་ཆོད་ཀྱི་གནས་ལུགས་ཕྱོགས་ཙམ་རྟོགས་པ་ཞིག་གིས་ལམ་གྱི་ཆ་རྐྱེན་དུ་སྦྱོར་བ་ཡིན་ལ། སྒོམ་པའི་གནས་གངས་ཁྲོད་དང་རི་རྩེ་ཆུ་ངོགས་མཐོ་ལ་བསིལ་བ་གནམ་ས་ཆོས་འབྱུང་གི་དབྱིབས་སུ་གྲུབ་པ་ཉིད་དམིགས་སུ་བསྔགས། ཇི་ལྟར་སྒོམ་པའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་བཞི། ལུས་གནད། སྲུང་འཁོར། དུག་དབྱུང་། སྣོད་བྱིན་གྱིས་བརླབ་པའོ། །དང་པོ་ནི། ལུས་འཕྲུལ་འཁོར་གྱི་གནད་ཐམས་ཅད་ཀྱི་གཞི་མ་ནང་ཚངས་ཅན་གྱི་གདན་ལ་རྣམ་སྣང་ཆོས་བདུན་བཅའ་སྟེ། རྐང་པ་གཡོན་ནང་གཡས་ཕྱི་ནས་བསྡམས་པའི་སྐྱིལ་ཀྲུང་། མཐེ་བོང་གིས་སྲིན་ལག་འཕར་རྩ་མནན་པའི་ཁུ་ཚུར་ཐེར་ཁུག་གྱེན་བསྟན། དཔུང་མགོ་གྱེན་འཐེན་གྲུ་ཚིགས་ཕྱིར་གཅུས་པར་བརྒྱང་། སྒལ་ཚིགས་བསྲང་། ལྕེ་རྐན་ལ་སྦྱར། མགྲིན་པ་ཅུང་བཀུག །མིག་སྣ་རྩེར་ཕབ། དེ་ལྟར་ལུས་གནད་མ་འཆུགས་པ་ཚུལ་བཞིན་བཅས་པས་རླུང་རྣམས་དབུ་མར་ཚུད། སོ་སོའི་བྱེད་ལས་འགྲུབ། ཚུལ་མིན་དུ་སོང་ན་རླུང་ལོག་པས་གེགས་སུ་འགྱུར་བས་ལུས་གནད་ཤིན་ཏུ་གལ་ཆེ་ཞིང་། དེའང་ལུས་ཀྱི་ཕྱི་གྲིམ། ནང་ལྷོད་པས་སྟེང་འོག་གི་རླུང་ཐམས་ཅད་ཆུན། ཟག་མེད་ཀྱི་དྲོད་བསྐྱེད། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་མཁའ་འགྲོ་དབང་དུ་འདུས་པ་འབྱུང་ངོ་། །སྤྲུལ་སྐུ་སྙིང་ཐིག་རྩ་རླུང་ལས། གཡས་ཡོ་ནོར་གནོད་གཡོན་ཡོ་ཚེ་ལ་གནོད༔ དགྱེ་ན་ཁམས་གནོད་རྣམ་རྟོག་མང་དུ་འཕྲོ༔ སྒུར་ན་བྱིང་རྨུགས་འཐིབ་གསུམ་རྣམ་གཡེང་རྒྱུ༔ ཤིན་ཏུ་གལ་ཆེ་དེ་རྣམས་སྤང་བར་བྱ༔ ཞེས་གསུངས་སོ། །གཉིས་པ་སྲུང་འཁོར་ནི། རང་ཉིད་སྐད་ཅིག་གིས་པད་ཉི་རོ་གདན་ལ་གུ་རུ་དྲག་པོའམ། རྟ་མགྲིན་སྐུ་མདོག་དམར་ནག་ཁྲོ་ཆགས་བརྗིད་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་རྣོ་དཀར་མཆེ་བཞི་གཙིགས་ཤིང་། སྨ་ར་དང་སྨིན་མ་དམར་སེར་འབར་བ། རལ་པ་དམར་སེར་དུ་བརྫེས་པའི་དབུས་སུ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བས་སྲིད་གསུམ་གཡོ་འགུལ་ནུས་པ། ཐོད་སྐམ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། རིན་པོ་ཆེའི་སྙན་རྒྱན། ཕྱག་ཞབས་ཀྱི་གདུ་བུ་སྦྲུལ་ལས་བྱས་པ། མི་གླང་སྟག་གི་གཡང་གཞི་གསོལ་བ། ཕྱག་གཡས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་དང་། གཡོན་སྡིགས་མཛུབ་ཐུར་དུ་གཏད་པ། ཞབས་འདོར་ཐབས་སུ་བསྒྲད་པ། སྣང་ལ་རང་བཞིན་མ་གྲུབ་པར་ཕྱི་གསལ་ནང་གསལ་ཤེལ་བུམ་ལྟ་བུའི་སྤྱི་བོར་རྩ་བའི་བླ་མ་སྣང་མཐའི་རྣམ་པས་བརྒྱན་པ། ལུས་ཕྱི་ནང་ཐམས་ཅད་མེ་དང་ཁྲོ་ཆུང་སྡིག་མཚོན་གྱིས་གང་བར་བསྒོམ། རླུང་ཕྱིར་འབུད་ཚེ། དེ་དག་ཕྱི་རོལ་ཁམས་ཀུན་ཏུ་ཉི་རྡུལ་འཁྲིགས་པ་བཞིན་འཕྲོས་པས་བགེགས་རྣམས་བསྡིགས་བསྐྲད་གཟིར་ནས་མིང་ཡང་མེད་པར་བསམ། སླར་རྔུབ་ཚེ་ནང་དུ་འདུས་ནས་ཕྱི་ནང་ཀུན་ནས་ཞལ་ཕྱིར་གཟིགས་ཏེ་དྲྭ་མིག་བཞིན་གཏམས་པར་བསམ། རྗེས་སུ་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་མི་དམིགས་པར་བཞག་གོ །གསུམ་པ་དུག་དབྱུང་བ་ནི། བཅུད་བླུག་པའི་ཐོག་མར་སྣོད་བཀྲུ་བཤལ་བྱེད་པ་བཞིན། རྩའི་ལམ་བསལ་རླུང་གི་དུག་དབྱུང་ཕྱིར་རླུང་རོ་དགུ་ཕྲུགས་སུ་འབུད་པ་ནི། བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅས་ལུས་དྲང་པོར་བསྲངས་པས་རྩ་དྲང་། དེས་ཁམས། དེས་རླུང་སྟེ་དྲང་པོ་བཞིའི་གནད་ཀྱིས་རླུང་སྐྱིལ་ཡུན་བསྲིང་མཐར་ལུས་ཚུགས་མ་ཤོར་བར་རྡོ་རྗེའི་ཁུ་ཚུར་བརླ་ནས་པུས་མོའི་བར་གྱེན་བསྟན་དང་། དེ་ནས་སྒང་བསྟན་གྱིས་ལུས་བྱིངས་བརྒྱུད་དེ་སྣ་གཡས་པའི་ཐད་ནས་རླུང་འབུད་པ་དང་བཅས་འཕེན། པད་ཀོར་གྱིས་འཕེན་སྟངས་ཅན་ལན་གསུམ་བྱེད། དམིགས་པ་ཚེ་རབས་སུ་བསགས་པའི་སྡིག་སྒྲིབ་དང་ཕོ་གདོན་གྱི་གནོད་པ་སྟོང་ཕྲག་བརྒྱད་ཅུའི་གདོན་སོགས་སྦུར་མ་རླུང་གིས་དེད་པ་བཞིན་ནག་ཉིལ་ཕྱིར་ཐོན་ཏེ། མདུན་དུ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ནང་དུ་གཞོབ་ཐུལ་གྱིས་བསྲེགས་པར་བསམ། དེ་བཞིན་གཡོན་འཕེན་སྡུད་གསུམ་གྱིས་ཐོག་མེད་ནས་བསགས་པའི་ཉེས་བྱས་བཞི་བརྒྱ་རྩ་བཞིའི་ནད་མོ་གདོན་གྱི་གནོད་པ་ཐམས་ཅད་བསྲེགས་པར་དམིགས། དེ་ནས་ཆོས་བདུན་བཅས་ལག་གཉིས་ཀས་སྔ་མ་ལྟར་འཕེན་སྡུད་ཀྱིས་སྣ་བུག་གཉིས་མཉམ་པོར་ལན་གསུམ་དབྱུང་བས། གཟུང་འཛིན་གྱིས་བསྡུས་པའི་བག་ཆགས་ལས་དང་ཉོན་མོངས་ཐམས་ཅད་སྡིག་པ་ནག་པོ་རྭ་ཅན་གྱི་རྣམ་པར་ཐོན་ནས་ཡེ་ཤེས་ཀྱི་མེས་ཚིག །ལུས་ཤིན་ཏུ་དག་པ་ཤེལ་དྲི་མ་མེད་པ་ལྟར་བསམ། བཞི་པ་སྣོད་བྱིན་རླབས་ནི། ལུས་རྩའི་རང་བཞིན་སྐུ་རྡོ་རྗེ། རྩ་ཡི་གེའི་རང་བཞིན་གསུང་རྡོ་རྗེ། ཁམས་བདུད་རྩིའི་རང་བཞིན་ཐུགས་རྡོ་རྗེའི་ངོ་བོར་ལྷུན་གྲུབ་ཏུ་བཞུགས་པའི་སྙིང་པོ་རྩ་གསུམ་དུ་འབྲུ་གསུམ་གྱི་རྣམ་པར་བཞུགས་པས། དག་པ་སྐུ་གསུམ་དང་མ་དག་དུག་གསུམ་གྱི་རྟེན་བྱེད་པས་དེ་ཉིད་ཐབས་ཀྱིས་ཟིན་ན་རྡོ་རྗེའི་བཟླས་པ་སྟེ། ལུས་གནད་ཆོས་བདུན་གྱིས་རྔུབ་པའི་ཚེ། རང་མདུན་བདེར་གཤེགས་ཡོངས་ཀྱི་སྐུ་ཡི་ས་བོན་ཡི་གེ་ཨོཾ་དཀར་པོ་ཟླ་བ་ལྟ་བུ་དེ་སྣ་བུག་གཡོན་ནས་བརྒྱུད་དེ་སྟོང་མིད་དང་སྦྲགས་ལྟེ་འོག་ཏུ་གསུང་གི་ས་བོན་ཨཱཿདམར་པོར་བསམ་ལ་བསྐྱིལ། འབྱིན་པ་ན་ཧཱུྃ་སྔོན་པོ་གྲངས་མེད་པ་འཕྲོས་སྣ་བུག་གཡས་ནས་ཐོན་ཏེ་སེམས་ཅན་གྱི་དོན་བྱེད་པར་བསམ། སྐབས་སུ་བ་སྤུའི་ཁུང་ནས་རླུང་ཐམས་ཅད་སྔོ་རྒྱང་རྒྱང་གཞིལ་བར་བསམ་མོ། །ཡང་རླུང་དེ་ཉིད་སྲུང་བའི་སྐབས་བཞིན་དུ་ཡང་བསྒོམ། རླུང་ཐམས་ཅད་སྤྱི་བོ་ནས་ཧཱུྃ་སྔོན་པོའི་རྣམ་པར་སོང་བར་བསམ་པ་ནི་རླུང་ལས་བྱུང་བའི་འཕོ་བའོ། །གང་ཡང་རླུང་འབྱིན་དུས་ལྟེ་འོག་ཏུ་རིག་པ་གཏད་མིག་ཟིམ་བུར་བལྟ་བ་ནི་རྣལ་འབྱོར་ཚེ་འཛིན་གྱི་དགོས་པ་ཡོད་པས་གལ་ཆེ་བར་གསུངས། སྤྲུལ་སྐུ་སྙིང་ཐིག་ལྟར་ན། རླུང་ཁ་དོག་ལྔ་ལྡན་ཚོན་སྐུད་བསྒྲིལ་པ་ལྟ་བུ་སྣ་ནས་སོར་བཅུ་དྲུག་གི་མཚམས་ནས་སྣ་བུག་གཡོན་བརྒྱུད་ལྟེ་འོག་འཇོག་པར་བསམ། གང་ལྟར་ཡང་མཐར་བཅའ་བཤིག་བྱ། གཞན་ཡང་སྤྱོད་ལམ་ཐམས་ཅད་དུ་དབུགས་འབྱིན་འཇུག་གནས་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པར་ལམ་དུ་ཁྱེར་བས། ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བས་དེ་སྙེད་ཀྱི་བཟླས་པ་འགྲུབ་པ་སོགས་ཕན་ཡོན་མཐའ་ཡས་པ་གསུངས་སོ།། །།གཉིས་པ་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེད་པ་ལ་གཉིས། གསང་དབང་གི་ལམ་གཏུམ་མོ་དང་། ཤེར་དབང་གི་ལམ་ཐིག་ལེའི་རྣལ་འབྱོར་རོ། །དང་པོ་ལ་བཞི། སྟོང་ར་བསྒོམ་པ། རླུང་སྦྱང་བ། གཏུམ་མོ་སྦར་བ། འཕྲུལ་འཁོར་གྱིས་གེགས་བསལ་ཞིང་བོགས་འདོན་པའོ། །དང་པོ་ལ། ཕྱི་ལུས་ཀྱི་སྟོང་ར་ནི་ལུས་གནད་གོང་ལྟར་ལ། ཡིད་ཀྱི་གནད་རབ་ཆོས་ཉིད་ཀྱི་དག་པའམ། སྔགས་ཀྱིས་དག་པ་སྭ་བྷཱ་ཝ་སོགས་ཀྱིས་གསལ་གདབ། ནམ་མཁའ་ས་གཞི་ཆོས་འབྱུང་གི་དབུས་སུ་པདྨ་དམར་པོ་འདབ་སྟོང་ལྡན་པ་ཟླ་བ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བམ་རོ་སེར་པོ་མགོ་གཡས་སུ་བསྟན་པ་སྒུར་ཐབས་སུ་གནས་པའི་སྟེང་དུ་རྣམ་ཤེས་ཀྱི་ངོ་བོ་ཨཿདམར་པོ་ཚེག་དྲག་དང་བཅས་གསལ་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ། སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་དམར་གསལ། ནུ་མ་ཟུང་རྒྱས་ཤིང་ཁྲོ་ཆགས་ཀྱི་ཉམས་ཅན་དབུ་གཙུག་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པ། དར་དང་རིན་པོ་ཆེའི་རྒྱན་གཟིག་ཤམ་མགོ་ཕྲེང་གིས་བརྒྱན་པ། གཡས་གྲི་གུག་ནམ་མཁར་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་གཏད་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་ཅིང་། གཡོན་བརྐྱང་པ་མི་རོའི་སྙིང་གར་བརྫིས་པ། རང་འོད་མེ་དཔུང་འབར་བའི་ཀློང་ན་བགེགས་དཔུང་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བསམ། དེའང་ཕྱི་གསལ་ནང་གསལ་དར་དམར་གྱི་གུར་ཕུབ་པ་ལྟ་བུ་སྣང་སྟོང་ཆུ་ཟླ་འཇའ་ཚོན་དང་འདྲ་བར་གསལ་ཐེབས་ངེས་སུ་སྦྱང་། རླུང་ཁུག་གཅིག་བྱ། ནང་རྩའི་སྟོང་ར་ནི། དེ་ལྟར་བསྒོམས་པའི་ལུས་ཀྱི་དབུས་དྲང་པོ་ནས་རྩ་དབུ་མ་ཡར་སྣེ་སྤྱི་གཙུག་དང་མར་སྣེ་ལྟེ་འོག་ཏུ་ཟུག་པ། ཁ་དོག་སྔོ་སྐྱ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། པདྨའི་འདབ་མ་ལྟར་སྲབ་པ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། རྒྱ་ཚོས་ཀྱི་ཁུ་བ་ལྟར་སྣུམ་པ་སྟེ་མཚན་ཉིད་བཞི་ལྡན། ཤིན་ཏུ་ཕྲ་བ་གཡག་རྔའི་ཉག་མ་གཅིག་ཙམ་དུ་བསྒོམ། ཇེ་ཆེར་སོང་བས་མདའ་སྙུག་ཙམ། སྦ་ལྕག་འབྲིང་པོ་ཙམ། ཤུ་གུ་ཙམ། ལུས་ཧྲིལ་པོ། མཐར་ནམ་མཁས་གར་ཁྱབ་དབུ་མས་ཁྱབ་པར་བསམ། སླར་ཇེ་ཕྲར་སོང་ནས་སྦ་ལྕག་ཙམ་དུ་བསྒོམ། དེའི་གཡས་སུ་རོ་མ་དམར་པོ། གཡོན་དུ་རྐྱང་མ་དཀར་མོ་ཡར་སྣེ་སྣ་བུག་དང་མར་སྣེ་ཡི་གེ་ཆའི་དབྱིབས་ཅན་གྱིས་དབུ་མའི་ནང་དུ་སོང་བ། རྩ་གསུམ་པོ་དེ་བསྐྱེད་པའི་ལྷ་རང་ལུས་ཙམ་ལ་དབུ་མ་མདའ་སྙུག་ཙམ། རོ་རྐྱང་གཉིས་གྲོ་སོག་ཙམ་གསུངས་ཤིང་དེའི་རིགས་འགྲེས། དེ་གསུམ་ལས་གྱེས་པའི་རྩ་འདབ་ཀྱང་། སྤྱི་བོར་རྩེ་མོ་རྣམ་བཀོད་ཀྱི་འཁོར་ལོ་ན་རྩ་འདབ་སུམ་བརྒྱ་དྲུག་ཅུ་ཆུའི་རང་བཞིན་ཁ་དོག་དཀར་པོ། །མགྲིན་པ་རོ་འདུས་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག་མེའི་རང་བཞིན་དམར་པོ། སྙིང་ཁ་དྲན་པ་རྣམ་བཀོད་ཀྱི་འཁོར་ལོ་ན་སུམ་ཅུ་སོ་གཉིས་ནམ་མཁའི་ཁམས་མཐིང་ག །ལྟེ་བ་སྤྲུལ་པའི་འཁོར་ལོ་ན་དྲུག་ཅུ་རྩ་བཞི་སའི་རང་བཞིན་སེར་པོ། གསང་གནས་བདེ་སྐྱོང་འཁོར་ལོ་ན་ཉི་ཤུ་རྩ་བརྒྱད་རླུང་གི་རང་བཞིན་ལྗང་གུ། ཐམས་ཅད་གདུགས་ཀྱི་རྩིབས་མ་བརྒྱངས་པ་ལྟར་བསྒོམ། གཉིས་པ་རླུང་སྦྱོང་བ་ནི། སྤྱིར་འབྱུང་བ་ཆེན་པོའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས། དྲུག་བརྒྱ་དང་བདུན་ཅུ་དོན་ལྔ་དབུ་མའི་ཕྱིར་རྒྱུ་ཞིང་ལས་ཀྱི་རླུང་དང་འདྲེས་པས་རྣམ་རྟོག་གི་རྟེན་བྱེད། ཉི་ཁྲི་དང་དགུ་བརྒྱ་ཉེར་ལྔ་ནང་དུ་རྒྱུ་བས་ཨ་ཐུང་མེའི་རྒྱུ་བ་བསྐྱེད་ཅིང་ཡེ་ཤེས་ཀྱི་རྟེན་བྱེད་དོ། ཁ་སྣའི་ལམ་གྱི་རླུང་བཅིངས་ན་མི་རྟ་བྲལ་བའི་དཔེས་སྐྱེ་མེད་ཀྱི་གནས་ལུགས་རྟོགས་ཤིང་ལས་རླུང་གི་རྒྱུན་འགགས་ཡེ་ཤེས་ཀྱི་རླུང་དབུ་མར་ཚུད་པའི་ཕྱིར་སྦྱོར་བ་བཞི་ལྡན་གྱི་བུམ་པ་ཅན་ལ་བསླབ་དགོས་ཏེ། ལུས་དྲང་བར་བསྲང་། རླུང་རོ་དགུ་ཕྲུགས་བསལ། སྣ་ནས་སོར་བཅུ་དྲུག་གི་ཐད་དུ་ཡེ་ཤེས་ཀྱི་རླུང་ཕྱིར་རྒྱུ་བ་དེ་ཁ་དོག་ལྔ་ལྡན་ཚོན་སྐུད་སྒྲིལ་པ་ལྟར་གནས་པ་དེ་དལ་བུས་རྔུབ། ངན་གུམ་སེལ་ཕྱིར་རྔུབ་ཆུང་བྱ། གྱེན་རྒྱུ་དང་སྲོག་འཛིན་སོགས་སྟེང་རླུང་རིགས་གནད་དུ་ཚུད་ཕྱིར་སྟོང་མིད་དང་སྦྲགས་ཏེ་འཛིན། མེ་མཉམ་ཁྱབ་བྱེད་དང་བར་རླུང་རིགས་གནད་དུ་ཚུད་ཕྱིར་ལྟེ་འོག་ཏུ་བསྐྱིལ་ལ་དགང་། ཐུར་སེལ་དང་འོག་རླུང་རིགས་གནད་དུ་ཚུད་ཕྱིར་སྲིན་ཞལ་བསྡམ། སྐྱོན་ཡོན་ཏན་དུ་རིམ་གྱིས་བསྒྱུར་ཕྱིར་གང་ཐུབ་གཟུང་། མི་ཐུབ་པ་དང་བ་སྤུའི་ཁུང་བུ་རྣམས་ནས་སྔོ་སང་སང་སོང་བར་བསམ་ལ་གཞིལ། དེ་ནས་གཡས་སུ་ཕོ་རླུང་ལན་གཅིག །གཡོན་དུ་མོ་རླུང་ལན་གཅིག །དབུས་སུ་ལན་གཅིག་བཅག །སྐྱིལ་ཀྲུང་བཅའ་བཤིག་བྱས་ལ་ལྷག་མ་མེད་པར་སིང་སྒྲ་བཅས་འཕང་ངོ་། །སྦྱོར་བ་བཞི་ལྡན་གྱི་རླུང་གཟུང་དུས་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུའི་ཤེས་པ་འཇུར་ལ་གཅུན་པ་ལས་སེམས་ཡེངས་ན་སྲོག་རླུང་སོགས་ཀྱི་གེགས་ཆེའོ། །བུམ་ཅན་ཟིན་པའི་ཚད་ནི། ལག་པས་པུས་མོ་གཡས་གཡོན་དཔྲལ་བ་གསུམ་ལ་རེག་ཙམ་རེ་བྱས་སེ་གོལ་གཏོགས་པའི་བྱ་རྫོགས་ཀྱི་སྐད་ཅིག་མ་སུམ་ཅུ་སོ་དྲུག་ཐ་མ། དེའི་ཉིས་འགྱུར་བདུན་ཅུ་རྩ་གཉིས་འབྲིང་པོ། སུམ་འགྱུར་བརྒྱ་དང་བརྒྱད་ཆེན་པོ་རུ་བཞེད་དོ། །བུམ་ཆེན་གཅིག་གིས་ཞག་བདུན་གྱི་འཆི་བ་འཇོམས་པར་བཤད་དོ། །གསུམ་པ་གཏུམ་མོ་སྦར་བ་ནི། རྩ་གསུམ་གྱི་འདུས་མདོར་ཉི་མའི་དཀྱིལ་འཁོར་འཕང་ལོ་ཙམ་གྱི་སྟེང་དུ་མ་ལས་ཐོབ་པའི་དམར་ཆ་དྲོད་ཀྱི་རང་བཞིན་ཅན་གྱི་གཏུམ་མོ་ཨ་ཤད་ད་ལོག་གི་མཇུག་མ་གྱེན་བསྟན་གྱི་དབྱིབས་ཅན་ཁ་དོག་དམར་པོ། རེག་བྱ་ཚ་བ་ཉུག་ཉུག་འབར་བ། ངོ་བོ་བདེ་བའི་ཡེ་ཤེས་ལ་རྣམ་པ་མེའི་རང་བཞིན་ཅན་ཏེ་མཚན་ཉིད་བཞི་ལྡན། གསལ་ལ་འཛིན་མེད་ཀྱི་རྩེ་མོར་ཕག་མོ་དམར་མོ་ཚོན་གང་བ་རྒྱན་མེད་གཅེར་བུ་བདེ་བ་རྒྱས་པའི་ཉམས་ཀྱི་གར་ཅན་ཕྱག་གཉིས་ཌཱ་དྲིལ་འཁྲོལ་བ། དེའི་སྤྱི་བོར་རྩ་བའི་བླ་མ། དེའི་སྤྱི་བོ་ནས་ཐོ་བརྩེགས་སུ་སྤྲུལ་སྐུ་སྙིང་ཐིག་དང་། ཀློང་གསལ་རྡོར་སྙིང་གཙོ་བོ་གང་བྱེད་ཀྱི་བརྒྱུད་པའི་བླ་མ་རིམ་བརྩེགས་ལ། ཀློང་གསལ་སྙིང་པོ་བདུད་འདུལ་རྡོ་རྗེ་གཉིས་སྔགས་འཆང་། པདྨ་འབྱུང་གནས་དང་མཚོ་རྒྱལ་འཁྲིལ་སྦྱོར། རྟ་ཕག་ཡབ་ཡུམ། སྣང་མཐའ་ཡབ་ཡུམ། ཀུན་བཟང་ཡབ་ཡུམ་རྣམས་སྤྱི་ལྟར། བརྒྱུད་རིམ་དེ་རྣམས་འཇའ་གུར་མེ་འོད་འཕྲོ་བ། གཅིག་གིས་གཅིག་ལ་མ་རེག་ཙམ་དུ་དབུ་མའི་ནང་ནས་ཡར་བཞུགས་པར་སྒོམ་ལ་གསོལ་བ་ཕུར་ཚུགས་སུ་གདབ། ཐུན་མཐར་རིམ་གྱིས་འོད་དུ་ཞུ་ནས་རྩ་བའི་བླ་མ་དང་། བླ་མ་རྡོ་རྗེ་རྣལ་འབྱོར་མ་ལ། དེ་ཡང་ཨ་ཐུང་ལ་ཐིམ་པས་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་པར་མོས། རྗེས་ཐོབ་སྐབས་མེ་དེ་སྤུ་རྩེ་སུམ་འཁྱོག་ཙམ་ལ་མི་གཡེང་བར་བྱས་པས་རྣམ་པར་མི་རྟོག་པའི་བདེ་དྲོད་བསྐྱེད་དོ། །དམ་ཚིག་ཏུ་མེ་ཉི་མི་འདེ། པགས་གོས་མི་གོན། དྲོད་བཅུད་ཀྱི་ཟས་མི་བརྟེན། གཏུམ་མོ་སྒོམ་པ་ལ་བསླབ་བོ། །བཞི་པ་འཕྲུལ་འཁོར་གྱིས་གེགས་བསལ་ཞིང་བོགས་འདོན་པ་ནི་གཏུམ་མོ་ལས་ལ་སྦྱར་བ་སྟེ། དེ་ལ་གཉིས། རྩ་ལ་མཉེན་ཕབ་ཅིང་རླུང་གི་ལམ་བསལ་ཕྱིར་གེགས་སེལ་དང་། རྡོ་རྗེ་ལུས་ཀྱི་འཕྲུལ་འཁོར་ཡན་ལག་ལྔ་སྦྱོང་བྱ་བའོ། །དང་པོ་ལ་གསུམ་ལས་གཅིག་པ་ཕོ་སྐོར་ནི། བུམ་ཅན་གཟུང་། རྡོ་རྗེ་ཁུ་ཚུར་པུས་སྟེང་བཞག་ལ་ཕོ་བ་གཡས་སུ་གསུམ། གཡོན་དུ་གསུམ། མདུན་རྒྱབ་བཅག་རེ་བྱས། བཅའ་བཤིག་དང་སོར་བཞིའི་ཚད་ཀྱིས་འབེབ་ཆུང་གསུམ་བརྒྱབ་ལ་རླུང་རོ་དོར། དམིགས་པ་ཨ་ཐུང་གི་མེ་ཕོ་སྐོར་གྱི་འགྲོས་བཞིན་འབར་བས་ལྟེ་བའི་རྩ་འཁོར་གང་བར་བསམ། དེས་ནི་རྩའི་ལམ་བསལ་བ་དང་། ཁྱད་པར་མ་ཞུ་བ་ལ་ཕན་ནོ། །གེགས་སེལ་ལས། ཕོ་སྐོར་རྡེབ་དང་བུག་པ་ཧ་རེར་སྒོམ༔ ན་བའི་ས་དེར་བླ་མ་བསྒོམ་པར་བྱ༔ ཞེས་སོ། །འདིས་སྤྲུལ་འཁོར་གྱི་རྩ་འདུད་གྲོལ་ཞིང་སྦས་པའི་རྩ་རྣམས་ཀྱི་མདུད་པ་གྲོལ་བར་འགྱུར་རོ། །གཉིས་པ་རྐེད་སྐོར་ནི། ཁུ་ཚུར་པུས་སྟེང་བཞག་ལ་ལུས་ཚུགས་མ་ཤོར་བར། རྐེད་པ་གཡས་སུ་གསུམ། གཡོན་དུ་གསུམ། གཡས་བཞག །གཡོན་བཞག །མདུན་བཞག །རྒྱབ་བཞག །དམིགས་པ་སྔར་དང་འདྲ། དེས་ནི་རྩ་འཆུགས་འགྲམས་གས་པ་སོར་ཆུད། རླུང་དང་གྲང་ནད་ལ་ཕན་ནོ། །གསུམ་པ་མགོ་སྒྲིལ་ནི། ཆོས་བདུན་གྱི་ངང་ནས་མགོ་གཡས་གཡོན་གསུམ་གསུམ་བསྐོར། མདུན་རྒྱབ་ཏུ་དགྱེ་འགུག་གསུམ། གཡས་གཡོན་བཞག་རེ། བཅའ་བཤིག་འབེབ་ཆུང་གསུམ་བརྒྱབ། མེ་ལྕེས་སྤྱི་བོ་དང་མགྲིན་པའི་རྩ་འཁོར་གང་བར་བསམ།་་་དམིགས་པ་འདི་མང་དུ་མི་རུང་གསུང་། དེས་རྩ་འཁོར་དེ་གཉིས་ཀྱི་ངན་གུམ་སེལ། རྩ་མདུད་གྲོལ། དག་པའི་ཞིང་མཐོང་། སྐད་སྙན། མགོ་མཇིང་པ་ལྟག་ཚིགས་མིག་རྣ་བའི་ནད་སེལ་ལོ། །གཉིས་པ་རྡོ་རྗེ་ལུས་ཀྱི་འཕྲུལ་འཁོར་ཡན་ལག་ལྔ་སྦྱོང་ལ། རྡོ་རྗེ་ལུས་སྦྱོང་ཡན་ལག་ལྔ་ལས། དང་པོ་ནུ་རྡེག་རྐེད་བཤལ་ནི། ལུས་ཚུགས་དང་ལྡན་པས། ལག་གཡས་མདུན། གཡོན་པ་རྒྱབ་བྱས་ནས་རྡོ་རྗེ་ཁུ་ཚུར་གྱེན་བསྟན་གྱིས་པད་ཀོར་མཆན་རྡེབ་བཅས་དང་། གཡོན་ནས་རྒྱབ་ཤད་བཅས་གསུམ། ཡང་གཡས་རྒྱབ་ཤད། གཡོན་པད་ཀོར་བཅས་གསུམ། ལག་གཡས་སྦུབ་གཡོན་བཀན་ཏེ་རྐེད་པ་གཡས་གཡོན་དུ་མཐེབ་ཀྱིས་རེག་པས་འབྲོས་འདེད་ཚུལ་དུ་བཤལ་གསུམ། བཅའ་བཤིག །འབེབ་ཆུང་གསུམ་བརྒྱབ་རང་ངོར་བལྟ། མེས་སྙིང་གའི་རྩ་འཁོར་གང་བར་བསྒོམས་པས། རྩ་འཁོར་དེའི་གེགས་སེལ། སྙིང་རླུང་བརྒྱལ་ནད་བད་ཀན་སྐྲན་སྲིན་སོགས་ལ་ཕན། ཡེ་ཤེས་ཀྱི་མཁྱེན་ཆ་རྒྱས་པར་འགྱུར་རོ། །གཉིས་པ་ཐོད་བྱུག་ངོ་འཕུར་ནི། ལུས་ཚུགས་དང་ལྡན་པས་ལག་གཉིས་མདུན་དྲང་པོར་ཤད་ཀྱིས་བརྐྱང་། པད་ཀོར། ཐལ་རྡེབ། མཐིལ་འཕུར་གསུམ། སྐྲ་མཚམས་ནས་ལག་གཡས་མདུན་སྦུབ། གཡོན་རྒྱབ་བཀན། གུང་མཛུབ་ཀྱིས་རེག་གཞན་གདེང་གཡོན་ངོས་གསུམ་བྱུག །གོ་བརྗེས་ནས་གཡས་ངོས་གསུམ་བྱུག །ལག་གཉིས་ཀྱིས་སྒྲ་དང་བཅས་ངོ་ལན་གསུམ་བྱུག །ལུས་ཀྱི་སྟོད་ཐམས་ཅད་མེས་གང་བར་བསྒོམ། བཅའ་བཤིག་འབེབ་ཆུང་གསུམ་རང་ངོར་བལྟ། དེས་ནི་སྟོད་ཀྱི་ནད་དང་སྲིན་དང་བད་རླུང་སེལ། རྩ་ལས་སུ་རུང་བར་འགྱུར་རོ། །མང་པོ་མི་རུང་། གསུམ་པ་དཔུང་རྡེག་ལག་བྱུག་ནི། ཕྱེད་སྐྱིལ་གྱིས་ལག་གཉིས་མཆན་རྡེབ་བཅས་བརྐྱང་། དཔུང་མགོར་ལན་གསུམ་རྡེག །གཡོན་པས་དཔུང་མགོ་ནས་སོར་རྩེ་མཆན་འོག་བར་ལ་བྱུག་པ་གསུམ་སྒྲ་བཅས། གཡོན་པ་གོ་ལྡོག །དམིགས་པ་ཡན་ལག་ཐམས་ཅད་མེས་ཁྱབ་པར་བསམ། འབེབ་ཆུང་གསུམ་དང་རང་ངོར་བལྟ། དེས་ལག་པའི་རྩའི་ངན་གུམ་སེལ། རླུང་བདེ་བར་རྒྱུ་བ་དང་ནད་སོགས་མི་འཇུག་གོ །གེགས་སེལ་ལས། མིག་དང་པུས་མོའི་ཚིགས་ན་ན༔ མཐིལ་འཕུར་ལག་དྲོད་སྦྱིན་པར་བྱ༔ ཞེས་གསུངས་སོ། །བཞི་པ་རྐང་བྱུག་ནི། ཕྱེད་སྐྱིལ་གྱིས་རླུང་བཟུང་ལ། པུས་མོ་གཡས་བསླང་སྟེ་ལག་གཡས་གོང་གཡོན་འོག་བྱས་པས་འཁྱུད་དེ། འཕགས་ཆུང་གིས་ཕྱེད་འབེབ་དང་། རྐང་གཡས་མདུན་དུ་བརྐྱང་ལ། ལག་གཡས་སྔོན་དང་གཡོན་རྗེས་སུ་བྱས་ཏེ། བརླ་ནས་མཐེ་མོའི་རྩེར་ཡར་བསྐོར་ཚུལ་གྱིས་གཡོན་པ་ཁུ་ཚུར་པུས་སྟེང་བཞག །གཡས་པ་སྤྱིའི་ཐད་སོར་གདན་ལ་རྡེག་པ་དང་བཅས་ལན་གསུམ་བྱ། གཡས་ཀྱི་ཁུ་ཚུར་གཡས་ཀྱི་པུས་སྟེང་བཞག་སྟེ་བརྒྱང་། ལག་གཡོན་མཐེ་བོང་དང་གུང་མོས་རྐང་པའི་སྲིན་མཛུབ་ནས་འཇུས་ཏེ་གཡོན་པའི་བརླ་སྟེང་འཐེན་ལ་གཅུ། ཁོག་སྟོད་གཡས་སུ་གཅུས་ཏེ་རླུང་དེ་ཕྱོགས་འབུད། ཡང་གཡོན་པ་དེ་གོ་ལྡོག །སླར་རྔུབ་ཆུང་གིས་བཟུང་ལ་འབེབ་ཆུང་གསུམ་བྱ། རང་ངོར་བཞག །དམིགས་པ་ཡེ་ཤེས་ཀྱི་མེས་ལུས་ཀུན་གང་བར་བསམ། ལུས་སྟོད་སྨད་ཀུན་གྱི་གེགས་སེལ་ལུས་སྦྱོང་ཐམས་ཅད་ཀྱི་སྙིང་པོའོ། །ལྔ་པ་ཡན་ལག་སྤྱིའི་འཕྲུལ་འཁོར་ནི། ཕྱེད་སྐྱིལ་ཁུ་ཚུར་པུས་སྟེང་བཞག་རླུང་བཟུང་སྟེ་འཕགས་ཆུང་གིས་ཤད་ཀྱིས་ལངས། གོང་གི་ཁུ་ཚུར་མདུན་རྐྱང་། པད་ཀོར། ཐལ་རྡེབ། མཐིལ་འཕུར། ཐོད་བྱུག །ངོ་འཕུར། ཕྲག་རྒྱབ་བྱུག་པ་བཅས་གསུམ་གསུམ་སོང་མཐར། ལངས་འབེབ་གཅིག །མཛུབ་གང་ཚད་ཀྱི་བར་འབེབ་གསུམ། ཁུ་ཚུར་ནུ་མདོར་བསྣུན་པ་དང་མཉམ་ཧ་སྤྲུག་གསུམ་བྱ་གཏད་མེད་དུ་གཞག །དེ་དག་རླུང་ཁུག་གཅིག་དང་རེ་རེ་ནས་སྦྱང་བ་ཕྱག་སྲོལ་ཡིན། དམིགས་པ་ལུས་ཕྱི་ནང་ཐམས་ཅད་མེས་ཁྱབ། ཡེ་ཤེས་ཀྱི་རྟེན་ལས་མ་དག་པའི་རྩ་འཁོར་རིགས་བསྲེག །བ་སྤུའི་ཁུང་ནས་འཕྲོས་པས་ཕྱི་རོལ་ཐམས་ཅད་མེ་ཕྲ་མོ་རི་དྭགས་ཀྱི་སྤུའི་རྩེ་མོ་ལྟ་བུར་འབར་བར་བསམ། ཐུན་བསྡུ་བའི་ཚེ་མེ་ཐམས་ཅད་ཨ་ཤད་ལ་ཐིམ་པར་བསམ། རྗེས་ཐོབ་སྒྱུ་མ་ལྟ་བུའི་ཉམས་དང་མ་བྲལ་བར་བྱ། དེ་རྣམས་ཀྱིས་བྱང་ཁོག་སྟོད་སྨད་ཀྱི་རྩ་ངན་འཁུམ་ཞྭ་རེངས་ཡོ་འཁྱོགས་སྦུབས་སུ་འཐུམས་པ་སོགས་སོར་ཆུད། དེ་ལྟར་ཡང་ཡང་སྦྱངས་པས་ལུས་ལ་གོས་མི་དགོས་པ་སོགས་ཕྱིའི་དྲོད་དང་། བདེ་གསལ་མི་རྟོག་ནང་གི་དྲོད། བདེ་བ་ཆེན་པོའི་ཡེ་ཤེས་གསང་བའི་དྲོད་ཐོབ་པར་འགྱུར་རོ།། །།གཞུང་དོན་གཉིས་པ་ཤེར་དབང་གི་ལམ་ཁམས་ཐིག་ལེ་བྱང་ཆུབ་སེམས་བདེ་བ་ཆེན་པོ་ལམ་དུ་བྱེད་པ་ལ་གསུམ། སྔོན་འགྲོ་གཏུམ་མོའི་མེ་ལས་ལ་སྦྱར་བ། དངོས་གཞི་དབབ་བསྐྱིལ་ལྡོག་དགྲམ་གྱིས་དགའ་བཞིའི་ཡེ་ཤེས་ངོས་གཟུང་བ་འཕྲུལ་འཁོར་དང་བཅས་པ། རྗེས་ཡོན་ཏན་བསྟན་པ་ལ་སོགས་པའོ། །དང་པོ་ནི། དམིགས་པ་རང་ཉིད་སྔར་བཞིན་རྡོ་རྗེ་རྣལ་འབྱོར་མ། རྩ་གསུམ་འཁོར་ལོ་ལྔ་ཉི་གདན་དང་ཨ་ཤད་གསལ། རླུང་རྔུབ་པས་རོ་རྐྱང་ལམ་ནས་རླུང་གིས་བསྣུན་པས་མེ་ལ་སྦུད་པ་བརྒྱབ་པ་ལྟར་འབར་ནས། རིམ་པས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་བར་སླེབ། ལུས་ཐམས་ཅད་བདེ་སྟོང་ཆིལ་གྱིས་སོང་བར་བསམ་ལ། ཧཱུྃ་ཧྲཱི༔ གཉིས་མེད་དོན་གྱི་དབུ་མའི་དཀར་ཆ་ཐབས༔ རིག་མདངས་དམར་ཆ་ཤེས་རབ་བདེ་བ་ཆེ༔ ཐབས་ཤེས་རོ་རྐྱང་རྒྱུ་བས་ཆེར་བསྐྱེད་ཅིང༔ ནུས་པས་ལམ་མཆོག་རྟེན་དང་དབྱེར་མེད་བསྲེ༔ ཞེས་པའི་ཚིག་གིས་གསལ་གདབ་ལ་བདེ་དྲོད་མ་སྐྱེས་བར་སྦྱང་ངོ་། །གཉིས་པ་དངོས་གཞི་ལ་བདུན། དབབ་པ། བསྐྱིལ་བ། ལྡོག་པ། དེ་དག་གི་རྩལ་འདོན། ངོ་སྤྲོད། དགྲམ་པ་འཕྲུལ་འཁོར་བཅས། གེགས་སེལ་ལོ། །དང་པོ་འབེབ་པ་ལ་མཁས་པ་ལུགས་མཁན་མཁས་པས་ཞུན་བཞུ་བ་ལྟ་བུ་ནི། བསྐྱེད་པ་གོང་དང་འདྲ་ལ། ཨ་ཤད་ཀྱི་རྩེར་མོར་ཕག་མོ་དམར་མོ་ཚོན་གང་བ་གཅེར་བུ་བདེ་བ་རབ་ཏུ་རྒྱས་པས་གར་སྟབས་ལིང་ལིང་འཁྱུག་པའི་མཁའ་གསང་ནས། བདེ་བའི་རྒྱུན་གྱི་ཐིག་ལེ་མར་བབ་པ་མེ་ལ་རེག་ལ་ཁད་ཀྱིས་ཡར་སོང་བས་འཐེན་ནས་མེ་གྱེན་དུ་འབར། རོ་རྐྱང་གི་རླུང་གིས་བསྣུན་པས་སྤྱི་བོར་སོན། སྤྱི་བོར་ངོ་བོ་བདེ་བ་ཆེན་པོའི་ཡེ་ཤེས་ལ་རྣམ་པ་ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཟླ་བ་ཧྃ་ཡིག་མགོ་ཐུར་བསྟན་གྱི་རྣམ་པར་གནས་པ། ལམ་རྒྱུ་དང་གཞི་འཛིན་གྱི་ཐིག་ལེ་བརྒྱད་དངུལ་ཆུའི་ཐིགས་པ་ལྟར་ཟག་ལ་ཁད་པ་དེ་ཞུ་ནས་སྤྱི་བོའི་རྩ་འཁོར་ཁེངས། དེར་གཞི་འཛིན་ཐིག་ལེ་བཞི་སྡོད་ཅིང་། ལམ་རྒྱུ་བཞི་མགྲིན་པར་བབས་རྩ་འཁོར་གང་། མེ་ལྕེ་ཡང་འབྲོས་འདེད་ཀྱིས་དེར་འཁྱིལ་བས་ལུས་སེམས་ལ་དགའ་བདེ་ལྷང་གིས་བྱུང་། དགའ་བའི་ཡེ་ཤེས་སྐྱེས། བུམ་དབང་ཐོབ། ལྟ་བ་གསལ་སྟོང་ཟུང་འཇུག་རྟོགས། གཟུང་རྟོག་རགས་པ་དང་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། ས་ནི་ཉན་རང་གྲུབ་མཐའ་སྙེགས། འབྲས་བུ་སྤྲུལ་སྐུ་ཐོབ། དེར་ཐིག་ལེ་གཅིག་གཞི་འཛིན་སྡོད། གསུམ་མར་བབས་སྙིང་གའི་རྩ་འཁོར་གང་། མེ་འབྲོས་འདེད་ཡིན་པར་རིགས་འགྲེས། བདེ་ཉམས་གོང་ལས་སུམ་འགྱུར་འཕེལ། མཆོག་ཏུ་དགའ་བ་སྐྱེས། གསང་དབང་ཐོབ། ལྟ་བ་བདེ་སྟོང་ཟུང་འཇུག་རྟོགས། གཞན་སྣང་གི་རྟོག་པ་དང་ཞེ་སྡང་གི་རྟོག་པ་སོ་གསུམ་འགགས། ཤེས་པའི་རང་གདངས་གསལ་བའི་སྣང་ཉམས་སྐྱེ། བྱང་སེམས་གྲུབ་མཐའ་སྙེགས། ལོངས་སྐུ་ཐོབ། དེར་གཅིག་སྡོད། གཉིས་བབས་ལྟེ་བའི་རྩ་འཁོར་གང་། གོང་ལས་ཆེར་བདེ་བས་ཁྱབ། ལྷན་སྐྱེས་དགའ་བ་སྐྱེས། ཤེར་དབང་ཐོབ། ལྟ་བ་གཟུང་འཛིན་རྣམ་དག་རྟོགས། འཛིན་པའི་ཤེས་པ་དང་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས། བདེ་བ་ཆེན་པོ་གོང་འཕེལ་གྱིས་མཆེད་པའི་ཡེ་ཤེས་སྐྱེ། གསང་སྔགས་གྲུབ་མཐའ་སྙེགས། ཆོས་སྐུ་ཐོབ། དེར་གཅིག་སྡོད། གཅིག་བབས་གསང་གནས་ཀྱི་རྩ་འཁོར་གང་། བདེ་བ་བརྗོད་འདས་སུ་འཆར། དགའ་བྲལ་གྱི་དགའ་བ། ཚིག་དབང་ཐོབ། བདེ་སྟོང་ལྷན་སྐྱེས་ཀྱི་ལྟ་བ་རྟོགས། ཡིད་བྱེད་མཚན་འཛིན་གྱི་རྟོག་པ་དང་རང་བཞིན་བརྒྱད་ཅུའི་རྟོག་པ་ཡུད་ཙམ་འགགས། སྤྲོས་བྲལ་བདེ་བ་ཆེན་པོ་འཆར་བ་ནི་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །རིག་འཛིན་གྱི་གྲུབ་མཐའ་སྙེགས། ངོ་བོ་ཉིད་སྐུ་ཐོབ། དེ་ནི་ཡས་བབ་ཀྱི་དགའ་བཞི་སྟེ་འོག་སྒོ་ཐབས་ལྡན་གྱི་ཉམས་ལེན་ནོ། །གཉིས་པ་བསྐྱིལ་བ་ལ་མཁས་པ་རྫིང་གི་ཐེམ་བུ་བཀག་པ་ལྟ་བུ་ལ། དམིགས་བཅས་དམིགས་མེད་གཉིས་ཀྱི་དང་པོ། ནོར་བུའི་རྩེ་མོར་ཕཊཿལྗང་སེར་མགོ་གྱེན་བསྟན་དང་། རྩ་བར་ཧཱུྃ་མཐིང་ནག་གཉིས་ཀྱིས་ཐིག་ལེ་ཟག་མེད་དུ་རྒྱས་བཏབ། བ་སྤུའི་རྩེ་མོ་ཚུན་ཆད་ཟིལ་པ་ཕྲོམ་མེར་བསྒོམ། གཉིས་པ་དམིགས་མེད་ནི། བདེ་བ་སྐྱེས་པ་དེའི་རྗེས་སུ་མི་ཤོར་བར་རིག་པའི་རང་ངོ་ལ་ལྷན་གྱིས་བཞག་གོ །དེ་ལྟར་རྩལ་འབྱོངས་ན་ལུས་སྟོབས་རྒྱས། མཚོན་གྱིས་མི་ཆོད། སྲིན་བུ་སོགས་ཀྱིས་སོས་བཏབ་ཀྱང་བདེ་བའི་རྣམ་པར་འཆར། རྐྱེན་གང་གིས་ཀྱང་གནོད་མི་ནུས་སོ། །གསུམ་པ་ལྡོག་པ་ལ་མཁས་པ་ཁྲོན་ཆུ་གྱེན་ལ་དྲངས་པ་ལྟ་བུ་ནི། ཕཊཿལས་འོད་ཟེར་འཕྲོས་ཧཱུྃ་མཐིང་གཉིས་ལ་ཕོག །ལྕགས་བསྲེགས་ལ་ཆུ་ཕོག་པ་བཞིན་ཚག་སྒྲ་དྲག་པོ་དང་བཅས་འོག་རླུང་གིས་ཡར་ཕུལ་ཏེ་ཐིག་ལེ་རྣམས་གསང་གནས་ནས་ལྟེ་བར་ལྡོག །རྩ་འཁོར་གང་། ཡང་ཁྲོན་ཆུ་གྱེན་དུ་དྲང་བ་ལྟར་སྙིང་གར། མགྲིན་པར། སྤྱི་བོར་སོན་པས་ལྟ་གྲུབ་རྣམས་ནི་གོང་བཞིན་ནོ། །འདི་ནས་གཟུང་ཉེར་བསྡུའི་ཚེ་ཐིག་ལེ་རྣམས་ཧྃ་ལ། ཧྃ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་དར་གྱུར་ནས་མི་དམིགས་པར་བཞག །དེ་ལྟར་ཀུན་རྫོབ་ཀྱི་ཐིག་ལེ་ལས་སུ་རུང་བས་དོན་དམ་ཐིག་ལེ་བདེ་ཆེན་ཡེ་ཤེས་གཏན་ལ་ཕེབས་པར་འགྱུར་རོ། །མས་བརྟེན་གྱི་དགའ་བཞི་སྟེང་སྒོ་རྣམ་གྲོལ་ཐབས་ཀྱི་ལམ་ཞེས་བྱའོ། །བཞི་པ་དེ་དག་གི་རྩལ་འདོན་འཕྲུལ་འཁོར་ལ་ལྔ་ལས། ༡དང་པོ་འབེབ་པའི་འཕྲུལ་འཁོར་རྐྱང་འབེབ་ནི། ཕྱེད་སྐྱིལ་གྱིས་ཁུ་ཚུར་པུས་སྟེང་བཞག་ནས་རླུང་འཛིན། འཕགས་ཆུང་གིས་རྐང་པ་ཤད་ཀྱིས་བརྐྱང་། ལག་གཡས་སྔོན་གཡོན་རྗེས་བྱས་ནས་བརླ་ནས་སོར་རྩེ་དང་། སླར་ལག་གཉིས་སོ་སོར་བརླ་བར་ཡར་བྱུགས་ཏེ་དཔྱིའི་ཐད་དུ་གདན་ལ་རྡེག་པ་ལན་གསུམ། ཕྱིར་འབེབ་གཅིག །འབེབ་ཆུང་གཉིས། རྐྱང་འབེབ་གཅིག །ཁུ་ཚུར་པུས་སྟེང་བཞག་ལ་རླུང་དོར། ༢ཁྱད་པར་གླང་ཆེན་ཨུ་ནུ་ནི། ཁུ་ཚུར་པུས་སྟེང་བཞག་པས་རླུང་འཛིན། བཅའ་བཤིག་གིས། གྲུ་པུས་བཞི་དང་དཔྲལ་བ་སར་ཕབ། སོར་རྩེ་ལྟག་པར་བསྣོལ། མཛུབ་མོ་གཤིབ་སྟེ་ཨུ་རིང་བ་རེ་དང་སྟོང་འདྲེན་བཅས་ལན་གསུམ་མཐར། བར་འབེབ་གསུམ། ཁུ་ཚུར་པུས་སྟེང་བཞག་ལ་རླུང་དོར། ༣དེ་ནས་ལྡོག་པའི་འཕྲུལ་འཁོར་སྟག་སྐྱུག་ནི། རླུང་གོང་བཞིན་འཛིན་ལ་འཕགས་ཆུང་གིས་ཤད་ཀྱིས་ལངས། ལག་གཉིས་གདེང་ཚུལ་བཅས་གུང་མོས་རྐང་པའི་སྲིན་ལག་ནས་འཇུས་ལ་ཧཱ་ཧག་ཅེས་ཁོང་འདྲེན་གསུམ། བར་འབེབ་གསུམ། ཁུ་ཚུར་པུས་སྟེང་གཏད་ལ། ལུས་གཡོན་དུ་གཅུས་ནས་རླུང་དེ་ཕྱོགས་འབུད། ལྡོག་པའི་འཕྲུལ་འཁོར་གྱི་ཁོང་འདྲེན་སྐབས་སྦྱོར་བ་ཡན་ལག་དྲུག་ནི། སྒལ་ཚིགས་མདའ་ལྟར་བསྲང་། མགྲིན་པ་ལྕགས་ཀྱུ་ལྟར་བཀུག །ཉི་ཟླ་གྱེན་དུ་བཟློག །དར་དམར་དགུང་དུ་ཕྱར། སྦྲུལ་ཚང་བྲག་ལ་གཅར། གླིང་བཞི་མཐའ་ནས་སྡུད་པར་བྱའོ། ༤།ལྡོག་དགྲམ་ཟུང་གི་འཕྲུལ་འཁོར་ཝ་མོའི་སྣོམ་ཚུལ་ནི། རྐང་གཡོན་འོག་ཏུ་བྱས་པའི་ཕྱེད་སྐྱིལ་བཅས་རླུང་འཛིན། འཕགས་ཆུང་བཅས། ལུས་ཁ་སྦུབ་ལ། ལག་གཉིས་ཀྱི་གུང་མོ་སྦྲེལ་བ་ལྟག་པར་འཁྱུད། གྲུ་མོ་གཉིས་དང་པུས་མོ་གཉིས་སར་ཕབ། དཔྲལ་བ་གྱེན་དུ་བསྟན། རླུང་སྣ་ནས་བསུས་པ་དང་མཉམ་ཕྱིར་འཛིན་རིང་བ་གསུམ་བྱ། བར་འབེབ་གསུམ་བརྒྱབ་བོ། ༥།སྐྱིལ་དགྲམ་ཟུང་གི་འཕྲུལ་འཁོར་གཡང་མོ་ལུས་སྤྲུག་ནི། འཕགས་ཆུང་བཅས་ཤད་ཀྱིས་ལང་། ཡན་ལག་བཞི་སར་བཙུག་སྟེ། མགོ་གཡས་སུ་གསུམ། གཡོན་དུ་གསུམ་སྒྲིལ། མདུན་རྒྱབ་གསུམ་གསུམ་བཀུག །རྐང་རྟིང་གཡས་པས་འཕོངས་ལན་གསུམ་བརྡུང་། གཡོན་པས་གསུམ་བརྡུང་། ལག་གཡས་ཕྲག་མགོར་ལན་གསུམ་རྡེག །གཡོན་གསུམ་རྡེག །ལུས་ལན་གསུམ་སྤྲུག །བར་འབེབ་གསུམ་བརྒྱབ་ལ་རླུང་དོར་རོ། །ལྔ་པ་ངོ་སྤྲོད་པ་ནི། རྩ་འཁོར་ལྔ་ཡི་དབུས་སུ་ཐུར་སེལ་སོགས་རླུང་ལྔ་དང་གཞི་འཛིན་ཐིག་ལེ་ལྔ་པོ་དྲག་པོ་རིགས་ལྔ་དང་ཡུམ་ལྔར་སྨིན་སྟེ་སྤྱི་བོར་སོན་པ་དང་། ཁྱབ་བྱེད་ཀྱི་རླུང་ངོ་བོ་ཉིད་སྐུར་སྨིན་ནས་རྣམ་ཀུན་མཆོག་ལྡན་དོན་གྱི་ཧེ་རུ་ཀ་ཡི་དམ་ཡབ་ཡུམ་གྱི་གོ་འཕང་མངོན་དུ་བྱེད་པའོ། །དྲུག་པ་དགྲམ་པ་ལ་མཁས་པ་སྦྱིན་ཤུགས་ཅན་ཡོ་ལང་འགྱེད་པ་ལྟ་བུ་ནི། དབབ་བསྐྱིལ་ལྡོག་གསུམ་གྱིས་བདེ་བ་ཆེན་པོའི་རྣལ་འབྱོར་བསྒྲུབས་སུ་ཟིན་ཀྱང་། ལུས་ལ་མ་བཀྲམ་ན་ནད་དུ་འགྱུར་ཏེ། ཇི་ལྟར་དགྲམ་ཚུལ་ལ། དམིགས་པ་དང་འཕྲུལ་འཁོར་གཉིས་ལས། དང་པོ་ནི། རིག་པ་བཟོ་བཅོས་དགག་སྒྲུབ་གང་ཡང་མི་བྱེད་པར་གཏད་མེད་ཟང་ཐལ་ལེར་འཇོག །མཐར་བུམ་པ་ཅན་གྱི་རྣལ་འབྱོར་དུ་བྱ་བ་སྟེ། འོག་སྒོ་བདེ་བ་ཆེན་པོའི་ཁྲིད་ལས། དམིགས་པ་མ་ཡེངས་སྒོམ་རྒྱུ་ཅི་ཡང་མེད༔ སྒོམ་མེད་ངང་ལ་འདུན་པ་སྤྱི་བོར་གཏད༔ དེ་མ་ཐག་ཏུ་བྱང་སེམས་གྱེན་ལ་ལོག༔ བསྐྱིལ་ལྡོག་ཁྲེམས་པ་དུས་གཅིག་འབྱུང་བ་ཡིན༔ དེ་རྗེས་བུམ་པ་ཅན་གྱི་རླུང་བཟུང་ནས༔ རིག་པ་ཀ་དག་ངང་ལ་ཡུན་རིང་བཞག༔ དེས་ནི་གེགས་མི་འབྱུང་ཞིང་ལུས་ལ་ཁྱབ༔ ཅེས་གསུངས་སོ། །གཉིས་པ་འཕྲུལ་འཁོར་ལ་འདྲེན་དགྲམ་ཟུང་གི་འཕྲུལ་འཁོར་དྲུག་དང་། འདྲེན་དགྲམ་བསྐྱིལ་ལྡོག་གི་ཡན་ལག་གཅིག་ལས། ༡དགྲམ་པའི་འཕྲུལ་འཁོར་མིག་བཀབ་ཆོས་འཁོར་ནི། རྡོར་སྐྱིལ་ཁུ་ཚུར་པུས་སྟེང་གི་བུམ་ཆེན་ལྡིར་ལ། ལག་གཉིས་མཐེ་བོང་གིས་རྣ་བའི་བུ་ག་གཉིས། གུང་མཛུབ་གཉིས་མིག་ལ་སྦྱར། སྲིན་ལག་གིས་སྣ། མཐེའུ་ཆུང་ཁ་ཞབས་ནས་བསྡམས་ལ། མགོ་གཡས་སུ་གསུམ། གཡོན་དུ་གསུམ་སྒྲིལ། དགྱེ་འགུག་གསུམ། བར་འབེབ་གསུམ། ཁུ་ཚུར་པུས་སྟེང་བཞག་ལ་རླུང་དོར་རོ། ༢།འདྲེན་དགྲམ་ཟུང་གི་འཕྲུལ་འཁོར་ལ་གཉིས་ཀྱི་དང་པོ་སེང་གེ་ཁྱི་ཚུགས་ནི། འཕགས་ཆུང་གིས་ལངས་ལ་རྐང་སོར་ཕྱིར་བསྒྲད། རྟིང་པ་སྤྲད། པུས་མོ་གུག་པ་ཕྱིར་བསྒྲད་པའི་ཁུ་ཚུར་པུས་མོའི་ནང་ལོགས་སུ་བརྒྱང་། སྣ་ནས་རླུང་ཕྱིར་འཛིན་རིང་བ་གཡས་གསུམ་གཡོན་གསུམ་དབུས་གསུམ། ལུས་སྤྲུག་དང་། ལུས་གསུམ་ཁུག་འོང་བའི་དྲག་འབེབ་གསུམ་བརྒྱབ། དགྲམ་པའི་འཕྲུལ་འཁོར་སྐབས་དམིགས་པ་ཐིག་ལེ་སྤྱི་བོར་ལྡོག་པ་དེ། ལུས་ཀྱི་བ་སྤུའི་ཁུང་བུ་ཚུན་ཆད་མ་ཁྱབ་པ་མེད་པར་ཁོད་སྙོམས་པར་བསམ་སྟེ། དེ་ཡང་རང་བཞིན་མ་གྲུབ་པར་སྟོང་པའི་རང་གཟུགས་རྨི་ལམ་ལྟར་བལྟ་འོ། ༣།གཉིས་པ་རྐང་བརྐྱང་འཕྲུལ་འཁོར་ནི། རྡོ་རྗེའི་ཁུ་ཚུར་དཔྱིའི་ཐད་གདན་ལ་ཕབ། རྐང་པ་གཡས་གསུམ་གཡོན་གསུམ་བརྐྱང་། པུས་གཏད་ཀྱི་རླུང་དོར། ༤དེ་ནས་དགྲམ་པའི་འཕྲུལ་འཁོར་ཁྱད་པར་བ་གཉིས་ཀྱི་དང་པོ། གྱི་ལིང་སིལ་སྤྲུག་གམ་སྒལ་འབེབ་ནི། ཁུ་ཚུར་པུས་གཏད་ཀྱིས་རླུང་བཟུང་ལ། འཕགས་ཆུང་གིས་སྒལ་པ་སར་ཕབ་ཡན་ལག་བསྐུམ་སྟེ། ཤད་ཀྱིས་འཕང་ལ་སྒལ་འབེབ་སྒྲ་བཅས་གསུམ། བར་འབེབ་གསུམ་བརྒྱབ། ༥གཉིས་པ་གྱི་ལིང་གན་འགྲིལ་གོང་བཞིན་སྒལ་པ་ཕབ་སྟེ། ཡན་ལག་བཞི་བརྐྱང་ཧག་ཞེས་གཡས་སུ་ལོག །གཡོན་དུ་ལོག །གཡས་སུ་ལོག །བར་འབེབ་གསུམ་བྱ། ༦དེ་ནས་དགྲམ་པའི་འཕྲུལ་འཁོར་གོང་མ་རྣམས་ལས་ཀྱང་ཁྱད་པར་བ་སེང་གེ་རྣམ་རོལ་ནི། སྔར་ཁྱི་ཚུགས་སྐབས་བཞིན་ལས། ལག་གཉིས་རྡོ་རྗེ་འཆང་གི་ཕྱག་རྒྱ་ནུ་ཐད་བཅའ། རླུང་ཕྱིར་འཛིན་གསུམ་རེ། ལུས་སྤྲུག་བཅས་གོང་བཞིན་བྱ་ལ། ཐོག་འབེབ་གཅིག་བརྒྱབ་བོ།་་་སྙིང་ཐིག་ལྟར་དྲག་འབེབ། ༡དེ་རྣམས་ཀྱི་ཡན་ལག་གི་འཕྲུལ་འཁོར་ནི། ཆོས་བདུན་གྱིས་མགོ་སྒྲིལ་གཡས་གཡོན་བཞག་བཅས་དང་། ཁུ་ཚུར་ནུ་སྟེང་གསུམ་བརྡབ་རླུང་དོར། ལག་པད་ཀོར་གྱིས་པུས་མོར་གཏད་ལ་རྐེད་སྐོར་གོང་བཞིན།་་་ཡན་ལག་ལྔ་སྦྱང་རྐེད་སྐོར་སྐབས་ལྟར། བར་འབེབ་གསུམ། ལངས་ཏེ་རྟིང་པས་འཕོངས་ལན་གསུམ་བརྡུང་། འདུག་ནས་ཁུ་ཚུར་ནུ་སྟེང་ལན་གསུམ་བརྡབ། འབེབ་ཆེན་ནམ་ལངས་འབེབ་གཅིག །བར་འབེབ་གཉིས། སྟོང་འདྲེན་གསུམ། ཧ་སྤྲུག་གསུམ་བྱའོ། །བདུན་པ་གེགས་སེལ་ནི། འཕྲུལ་འཁོར་དེ་རྣམས་ཀྱིས་ལུས་ཀྱི་འབྱུང་བ་དང་ཐིག་ལེ་གནད་དུ་ཚུད་ཀྱང་བདེ་སྟོང་རྒྱ་ཆུང་རང་རྒྱུད་པར་གྱུར་ནས་སེམས་ཟིང་ཟིང་པོར་གྱུར་ན། གེགས་སེལ་ལ། ལ་ཟླ་བ་ལ་མཁས་པ་ནམ་མཁའ་གཡའ་དག་པ་ལྟ་བུ་ཡིན་ཏེ། རྩོལ་མེད་ཀྱི་ངང་དུ་བར་རླུང་བསྐྱིལ་བས། ཡེ་ཤེས་ཀྱི་རླུང་གིས་ཐམས་ཅད་རང་དབང་ཤུགས་ཀྱིས་བསྒྱུར་བར་འགྱུར་བས་ན་མ་བཅོས་རང་ག་མར་གཞག་པ་ལ་འབད་དོ། །ཟབ་བསྡུས་སྙིང་པོ་ལས། བདེ་བ་དེ་ཀའི་ངོ་ལ་གཅེར་བལྟས་པས༔ བདེ་བ་ཅིར་ཡང་མ་གྲུབ་རང་བཞིན་སྟོང༔ སྟོང་པ་ཕྱང་ཆད་མ་སོང་སྟོང་པའི་གདངས༔ རྣམ་པ་བདེ་བའི་ངོ་བོ་ལྷན་ནེ་བ༔ རང་རྩལ་འགག་པ་མེད་པ་སལ་ལེ་བ༔ རྣམ་རྟོག་ཅི་ཡང་མི་མངའ་ལྷན་ནེ་བ༔ བདེ་གསལ་མི་རྟོག་གསུམ་ཀའི་ཉམས་མྱོང་འཆར༔ དེ་ཀའི་ངང་ལ་རྒྱུན་དུ་ཁྱེར་ཞིང་སྒོམ༔ ཞེས་དང་། དེ་ཡི་དུས་ཀྱི་ཤེས་པ་གཟོ་མེད་པ༔ བདེ་བ་ཆེན་པོའི་ཡེ་ཤེས་དེ་ཀ་ཡིན༔ བླ་མེད་སྔགས་ཀྱི་རྫོགས་རིམ་དེ་ཀ་ཡིན༔ དུས་གསུམ་རྒྱལ་བའི་དགོངས་པ་དེ་ཀ་ཡིན༔ ཞེས་གསུངས་སོ། །གསུམ་པ་རྗེས་ཡོན་ཏན་བསྟན་པ་ལ་གསུམ། བསྒོམས་པའི་ཡོན་ཏན། སྤང་བླང་གི་དམ་ཚིག །མེ་ལས་ལ་སྦྱར་བའོ། །དང་པོ་ནི། རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་གོམས་འདྲིས་བརྟན་པ་ཐོབ་པར་བྱས་པའི་ཡོན་ཏན་གནས་སྐབས་སུ་ལུས་ལ་བདེ་བ་འཕེལ། སྐྲ་དཀར་གཉེར་མ་མི་འབྱུང་། ངག་བདེན་ཚིག་འགྲུབ། ཆོས་ཚིག་ཀློང་རྡོལ། ཡིད་ལ་ཏིང་འཛིན་དང་རྟོགས་པའི་ཡོན་ཏན་འཕེལ། སྤྱན་ལྔ་དང་མངོན་ཤེས་དྲུག་ཐོབ། མཐར་ཐུག་གདིང་བཞིའི་དྲོད་ཚད་བརྙེས་ཏེ་ནང་གསལ་བུམ་པའི་སྐུར་སངས་རྒྱས་ནས་འཁོར་བ་ཇི་སྲིད་བར་ཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ། །འཕྲུལ་འཁོར་རྣམས་ཀྱང་རྩེད་མོའི་སྟངས་སྟབས་ལྟ་བུ་མ་ཡིན་ཏེ་སྒོ་གསུམ་གནད་དུ་གཅུན་པའི་ཐབས་དུ་མ་ལ་འབད་པས་གནས་སྐབས་སུ་གྲུབ་པ་བརྒྱད། མཐར་ཐུག་རིག་འཛིན་བཞི་ཐོབ། རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱང་ཆུབ་པ་ལ་ཐེ་ཚོམ་མེད་དོ། །དེའང་ཤེས་རབ་ཀྱི་རྩ་རྣམས་རླུང་གི་སྦུབས་སུ་འཐུམས་པས་རྨུགས་པ་དང་ལུང་མ་བསྟན་དང་། གསལ་ཆ་མེད་པར་འགྱུར་ལ། ཤེས་རབ་ཀྱི་རྩ་རུ་རླུང་རྒྱུ་བས། སྔོན་ཆད་མེད་པའི་ཆོས་དང་སྔོན་གནས་རྗེས་སུ་དྲན་པར་འགྱུར་རོ། །རླུང་བཅུ་དབུ་མར་ཟིན་རྟགས་སུ། རྒྱུད་ལས། དུ་བ་སྨྲིག་རྒྱུ་སྲིན་བུའི་མེ། །མར་མེ་མཁའ་གསལ་ཉི་ཟླ་དང་། །སྒྲ་གཅན་མུན་ནག་དུས་མེ་བཅུ། །ས་རླུང་ལ་སོགས་བཅུ་ཟིན་རྟགས། །ཞེས་གསུངས་ཤིང་། གཞན་ཡང་ཞིང་ཁམས་དང་སྟོང་གཟུགས་དུ་མ་འཆར་རོ། །སྲོག་རླུང་རོ་རྐྱང་དུ་བཅིངས་པས་ཕྱི་རོལ་ཉི་ཟླ་སྒྲ་གཅན་ལས་སྐྱོབ་པ་སོགས་ལམ་རྟགས་ཀྱི་ཡོན་ཏན་དུ་མ་འབྱུང་ངོ་། །གཉིས་པ་སྤང་བླང་གི་དམ་ཚིག་ནི། དུས་མི་རུང་བ། གུང་གཉིས་འགྲང་ལྟོག་དྲག་ཤུལ་རྔུབ་སྡུག་སྤང༔ ཐོག་བབས་གློ་བུགས་ཐུབ་ཆེས་མེ་འཕོ་བ༔ ཞེས་གཞུང་ལས་གསུངས་པ་ལྟར་ལ། མེ་འཕོ་བ་ནི་ཕོ་བའི་མེ་དྲོད་ཉམས་པའི་དུས་དང་། རླུང་སྣ་བུག་གཡས་ནས་རྒྱུ་བ་སོགས་སྤང་། གནས་མི་རུང་བ། སྐྱུར་དུད་པ་བད་ཧམ་རུལ་དྲི་ངན་མིན༔ ཞེས་པ་རྣམས་སུ་རླུང་བཟུང་ན་ཚེ་ལ་གཟན་པས་སྤང་། རྟེན་མི་རུང་བ། བླ་སྦྲུམ་ཤ་རེ་མ་ནིང་དིག་ལྐུགས་སྤང༔ ཞེས་སོ། །སྤང་བྱའི་དམ་ཚིག་ཤ་ཆང་སོགས་དྲོད་བཅུད་མི་བརྟེན། མེ་དང་ཉི་མ་མི་འདེ། པགས་གོས་ཀྱི་རིགས་མི་གྱོན། དད་བླང་གི་དམ་ཚིག་ཏུ། དཀར་ཆས་དང་། རས་རྐྱང་བགོ །གངས་ཁྲོད་དང་རི་རྩེ་ཆུ་ངོགས་སུ་བོགས་འདོན། རྩི་སྨན་སོགས་ཀྱི་བཅུད་ལེན་བརྟེན། ལས་འབྲས་ལ་ཡིད་རྟོན་པ་ལས་སྨྱོ་སྤྱོད་སྤང་། སྣང་མུན་གྱི་རྣལ་འབྱོར་ལ་ཡང་བརྩོན་ཏེ། ལྟ་བས་ཐག་བཅད། སྒོམ་པས་གཉུག་བསྲིང་། སྤྱོད་པས་ལ་དོར་བར་བྱའོ། །གསུམ་པ་མེ་ལས་ལ་སྦྱར་བ་ལ་གྲང་ཐུབ། ཚ་ཐུབ་གཉིས་དང་། དེའི་ཡན་ལག་གོ །དང་པོ་ནི་སྟན་གྱི་སྟེང་དུ་ཐབ་མགལ་དྲུག་པའོ། །མེ་ཐབ་དྲུག་ཆིངས་ནི་ཨོཾ་ཚུགས་གི་རྐང་པ་གཡོན་ནང་གཡས་རྒྱབ། ལག་པ་གཡས་རྒྱབ་གཡོན་ནང་བྱས་པའི་པུས་མོར་གཏད་པའི་རྡོ་རྗེ་འཆང་གི་ཕྱག་རྒྱ་པུས་འཁྱུད་ཀྱིས་བསྡམ། བདུད་རྩི་ལྔས་བཀྲུས་ཏེ། རས་དཀར་དྲི་མ་མེད་པ་ཆུ་ལ་བཅུག་ཏེ་གྱོན། དམིགས་པ་ནི་སྟོང་རའི་སྐབས་བཞིན་རྡོ་རྗེ་ཕག་མོ་རྩ་འཁོར་བཅས་གསལ་བའི་ལྟེ་བར་ཨ་ཐུང་ནང་གཡས་གཡོན་རཾཿགཉིས་གསལ། དེའི་རྩེར་རྡོ་རྗེ་ཕག་མོ་ཚོན་གང་བ་གསལ་བ་ལས་མེ་ཤེལ་ལས་བྱུང་བ་བཞིན་རྩ་འཁོར་བཞི་བཅས་མེས་ཁེངས། ལུས་ཀྱི་ནང་ཐམས་ཅད་དམར་འུར་གྱིས་གང་། མེ་སྟག་ལྕགས་ཀྱུའི་རྣམ་པ་གྲངས་མེད་པ་བཤང་ལམ་ནས་ཕྱིར་ཐོན། ཕྱི་རོལ་ཐམས་ཅད་མེ་རིའི་གུར་ཁང་དམར་ནག་ཏུ་འཁྲིགས་ཏེ་འུར་ཏི་རི་རི་འབར་བར་བསམ་ལ་དྲག་རླུང་ལ་འབད། ཐུན་འཇོག་ཁར་ཕྱི་ནང་གི་མེ་རི་ཐམས་ཅད་ཕག་མོ་ལ་ཐིམ། ཕག་མོ་རཾཿབཅས་ཨ་ཤད་ལ་ཐིམ། དེ་ཉིད་མི་དམིགས་པའི་རྒྱས་གདབ། གཉིས་པ་ཚ་ཐུབ་ནི། དབྱར་ཚད་པ་ཆེ་དུས་དང་ཚད་པའི་ནད་ལ་ཆུ་རླུང་འཛིན་ལ་ལས་ལ་སྦྱར་རོ། །གསུམ་པ་དེའི་ཡན་ལག་ནི། མ་ཞུ་དུག་ཐབས་སོགས་ལ་ཆུ་བཏུང་ཞིང་། ཆུ་རླུང་མང་བས་སྐྱུགས་གཏང་བ་དང་། ཕོ་སྐོར་གྱིས་འདྲེན་གཏང་བ་སོགས་བྱའོ། །རྗེས་ཀྱི་དམ་ཚིག་ཏུ་ལུས་ལ་བཀུ་མཉེ་བྱའོ།། །།རྩ་བའི་གསུམ་པ་རྗེས་ཀྱི་བྱ་བ་ལའང་གསུམ། དམིགས་རིམ། འཕྲུལ་འཁོར། བསྔོ་སྨོན་ནོ། །དང་པོ་ནི། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་བ་གསུམ། ཕྱི་ནང་གི་གནས་ཡུལ་ཞིང་སྐྱེས་ཀྱི་དཔའ་བོ་མཁའ་འགྲོ། དཀར་ཕྱོགས་ཀྱི་ལྷ་ཀླུ་དགེ་བསྙེན་སོགས་ཀྱིས་འཕྲལ་ཡུན་ཀུན་ཏུ་ཤིས་པའི་བདེན་ཚིག་དང་། མེ་ཏོག་མནྡཱ་ར་བའི་ཆར་འབེབས། ལུས་ཀྱི་རྣམ་འགྱུར་སྣ་ཚོགས་པས་གར་བྱེད་པར་མོས། གཉིས་པ་འཕྲུལ་འཁོར་ནི། བཀྲ་ཤིས་པའི་ཚིག་སྣ་ཚོགས་བརྗོད། མེ་ཏོག་འཐོར་ལ། རླུང་བུམ་ཅན་འཛིན་ཏེ། འབེབ་ཆེན་གསུམ། བར་འབེབ་གསུམ། འབེབ་ཆུང་གསུམ། འདི་མཚམས་གདན་སྐོར་བྱེད་པའི་ཕྱག་ལེན་ཡང་ཡོད། ཡང་འབེབ་ཆུང་གསུམ། བར་འབེབ་གསུམ། འབེབ་ཆེན་གསུམ་བྱའོ། །གསུམ་པ་བསྔོ་སྨོན་ནི། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་རྣམས་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་དང་། བཟང་པོ་བཞི་དང་ལྡན་པའི་སྨོན་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པས་གསང་མཆོག་རྡོ་རྗེ་རྩེ་མོའི་ལམ་མཆོག་མཐར་ཕྱིན་པར་སྤེལ་བར་བྱའོ། །སྐྱེ་ཀུན་གསང་ཆེན་ཆོས་དང་དེ་སྟོན་པའི། །བཤེས་དང་མི་འབྲལ་ནང་གི་ས་ལམ་བགྲོད། །སྒོ་གསུམ་རྡོ་རྗེ་གསུམ་དུ་སྒྲུབ་པ་ཡི། །བརྟུལ་ཞུགས་སྤྱོད་པས་ཕྱོགས་ལས་རྣམ་རྒྱལ་ཤོག །ཟབ་མོའི་ཁྲིད་ཚུལ་ཁྱད་པར་འཕགས་པ་འདི་ཉིད་རིན་པོ་ཆེ་གཏེར་གྱི་མཛོད་དུ་རྒྱུད་སྲོལ་སྤེལ་བའི་དད་བློས་བཞུགས་སུ་གསོལ་བའི་སྐབས་སུ། བརྒྱུད་པ་གོང་མའི་གསུང་རྒྱུན་སྙིང་པོར་བསྡུས་པའི་ཟིན་ཐུན་གྱི་ཚུལ་དུ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).