Terdzo-YA-022

From Rinchen Terdzö
Revision as of 18:38, 29 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")
(diff) ← Older revision | Latest revision (diff) | Newer revision → (diff)

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་རིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལས་སྤྱིའི་སྔོན་འགྲོའི་ཁྲིད་ཡིག་

zab lam bde gshegs kun 'dus kyi khrid yig zin ris su byas pa sgom don gsal ba'i me long las spyi'i sngon 'gro'i khrid yig

by  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ (Thugs rje chen po bde gshegs kun 'dus)
Volume 24 (ཡ) / Pages 395-436 / Folios 1a1 to 21b4

[edit]

༄༅། །ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་ཡིག་ཟིན་རིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལས་སྤྱིའི་སྔོན་འགྲོའི་ཁྲིད་ཡིག་བཞུགས་སོ།། ན་མོ྅་ཀྵ་ར་བཛྲཱ་ཡ་ཤ་ར་ཎཾ་གཙྪཱ་མི། གང་གི་མཚན་ཙམ་ཐོས་པས་ཀྱང་། །སྲིད་ཞིའི་འཆིང་བ་གཅོད་མཛད་པ། །འགྱུར་མེད་བདེ་ཆེན་གར་གྱི་བདག །རྗེ་བཙུན་བླ་མ་ལ་བཏུད་ནས། །བླ་ན་མེད་པའི་རྒྱུད་ཀུན་གྱི། །བསྐྱེད་རྫོགས་རིམ་པ་མཐར་ཐུག་པ། །ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི། ཁྲིད་དམིགས་ཟིན་ཐུན་དྲན་ཐོ་རུ། །སྤེལ་འདི་གོ་རྟོགས་ཉམས་མྱོང་དང་། །ལྡན་པ་མིན་ཀྱང་ལམ་མཆོག་འདིར། །མོས་པ་ཁོ་ནས་འབྲི་འདོད་ན། །བླ་མ་མཁའ་འགྲོས་གནང་བ་སྩོལ། །འདིར་སྐལ་པ་དང་ལྡན་པའི་གང་ཟག་ཚེ་འདི་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པས། ལམ་འདི་ལ་ཞུགས་ནས་རྣམ་གཡེང་སྤངས་ཏེ་བརྩོན་པས་ཉམས་སུ་བླང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་བསྟན་པ་ཐམས་ཅད་ཀྱི་འབྲས་བུའི་ཐུག་ས་དང་། འཕྲོ་བའི་གཞིའམ་བཅུད་འདུས་པའི་སྙིང་པོར་གྱུར་པས་ན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་མཐར་ཐུག་ཏུ་གྲུབ་པའི་ཕྱིར་རོ། །ཇི་སྐད་དུ། རྩ་བའི་མན་ངག་རྡོ་རྗེའི་ཚིག་རྐང་ལས། །སྐལ་ལྡན་ཚེ་གཅིག་བྱང་ཆུབ་ཀྱི༔ གོ་འཕང་མཆོག་ལ་གནས་འདོད་ན༔ ཐབས་འདི་དེ་ཉིད་རྟོགས་པས་སྟོན༔ རྒྱལ་བ་རྣམས་ཀྱིས་བློ་རིམ་བཞིན༔ བསམ་ཡས་ཐེག་པའི་ཆོས་ཀྱི་སྒོ༔ ཇི་སྙེད་བསྟན་པ་ཐམས་ཅད་ཀྱང༔ འདིར་འཇུག་ལམ་སྟེ་འདི་ཉིད་ཀྱིས༔ གྲུབ་པའི་མཐའ་ཀུན་གཏན་ལ་འབེབ༔ དེ་ཕྱིར་འདི་ནི་ཆོས་ཀུན་གྱི༔ བླ་མ་ཉིད་དུ་ངེས་པ་འོ༔ ཞེས་དང་། རྒྱལ་བ་ཀུན་གྱི་དགོངས་ཉམས་བཅུད༔ རྣལ་འབྱོར་མཐར་ཐུག་ཟབ་མོའི་དོན༔ བསྐྱེད་རྫོགས་ཀུན་གྱི་བཅུད་དུ་དྲིལ༔ འདི་ནི་རྩ་བའི་མན་ངག་སྟེ༔ རྡོ་རྗེའི་ཚིག་གིས་ཡང་དག་བཤད༔ ཅེས་གསུངས་པ་ཡིན་ནོ། །འདི་ལྟ་བུའི་ཐབས་ཀྱིས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་ཁྲིད་པ་ལ། རྩ་བར། དེ་ལ་རྣམ་པ་གསུམ་ཡིན་ཏེ༔ ཞེས་པས། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ལ། ཐུན་ལ་འཇུག་པའི་སྔོན་འགྲོ་དང་། རྣལ་འབྱོར་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་གཉིས། དང་པོ་ནི། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པར་སྟན་བདེ་བ་ལ་ལུས་གནད་དྲང་པོར་བསྲང་ཞིང་སེམས་རྣལ་དུ་ཕབ་སྟེ། ཐོག་མར་རླུང་རོ་ལན་གསུམ་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་བསམ། དེ་ནི་བཅུད་བླུགས་པའི་སྔ་ལོགས་སུ་སྣོད་ལ་བཀྲུ་བཤལ་བྱེད་པ་དང་འདྲ་གསུང་། དེ་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་སྙམ་དུ་སེམས་བསྐྱེད། སྤྱི་བོར་བླ་མ་བསྒོམས་ལ་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་འདོད་པའི་དོན་ལ་ཞེ་ཐག་པ་ནས་གསོལ་བ་གདབ། དེ་རྣམས་ཐུན་སྒོམ་རེས་བཞིན་འགོ་འཛིན་གྱི་ཚུལ་དུ་ཐོག་མར་གཏོང་བ་ཕྱག་ལེན་ནོ། །གཉིས་པ་རྣལ་འབྱོར་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་ལ། སྤྱིའི་སྔོན་འགྲོ་དང་། བསྐྱེད་རྫོགས་ལ་འཇུག་པའི་ཉེར་བསྡོགས་ཁྱད་པར་ཅན་གྱི་སྔོན་འགྲོའོ། །དང་པོ་ལའང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། རྩ་བར། དང་པོ་དལ་འབྱོར་རྙེད་དཀའ་དང༔ མི་རྟག་འཆི་བ་ནན་ཏན་བསྒོམ༔ དཀར་ནག་ལས་ཀྱི་འབྲས་བུ་དང༔ འཁོར་བའི་ཉེས་དམིགས་དག་ལ་བསམ༔ ལོག་པའི་ལམ་ལས་ལྡོག་བྱའི་ཕྱིར༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ མཁའ་མཉམ་འགྲོ་ལ་ཚད་མེད་པའི༔ སྙིང་རྗེས་བྱང་ཆུབ་སེམས་བསྐྱེད་བྱ༔ ཞེས་པའི་དོན་སྒོམ་པ་ལ་དམིགས་སྐོར་དྲུག་སྟེ། དལ་འབྱོར་རྙེད་དཀའ་བསམ་པ། ཚེ་མི་རྟག་པ་བསམ་པ། ལས་འབྲས་སྨིན་ཚུལ་ལ་བསམ་པ། འཁོར་བའི་ཉེས་དམིགས་ལ་བསམ་པ། ཐེག་པ་སྤྱིའི་རྨང་རྡོ་སྐྱབས་སུ་འགྲོ་བ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད་རྣམས་སོ། །དང་པོ་ནི། སྔོན་འགྲོ་གནད་ཐེམས་ལས། དང་པོ་དལ་འབྱོར་རྙེད་དཀའི་ཚུལ༔ ལེགས་པར་བསམས་ནས་ངེས་ཤེས་བསྐྱེད༔ ཅེས་གསུངས་པས་འདི་ལྟར་བསམ་སྟེ། བདག་གིས་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་གྲུ་ཆེན་རྙེད་པའི་དུས་འདིར་འཇིགས་རུང་འཁོར་བའི་རྒྱ་མཚོ་ལས་ཐར་བ་ཞིག་བྱ་དགོས། དེའི་རྒྱུ་མཚན་། ད་རེས་མི་ལུས་རིན་པོ་ཆེ་ཐོབ། དབང་པོ་སྒོ་ལྔ་ཚང་། དགེ་བའི་བཤེས་གཉེན་གྱིས་ཟིན། རྒྱལ་བའི་བསྟན་པ་དང་མཇལ། ཆོས་བྱེད་དབང་ཡོད། བྱེད་ཐབས་ཤེས་པའི་དུས་འདིར་འཁོར་བ་ལས་ཐར་ངེས་པའི་ཆོས་གཤའ་མ་ཞིག་མ་བྱས་ན། ཕྱིས་འདི་ལྟ་བུའི་རྟེན་རྙེད་པར་དཀའ་ཞིང་། ཆོས་དང་འཕྲད་པ་ཡང་ཤིན་ཏུ་དཀོན་པ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས། ཅིའི་ཕྱིར་དལ་འབྱོར་ཞེས་བྱ་ཞེ་ན། མི་ཁོམ་པའི་གནས་རྣམས་སུ་སྐྱེས་ན་རང་རང་གི་ལས་ངན་གྱིས་བྲེལ་ནས་ཆོས་བྱེད་མི་ཁོམ་སྟེ། དམྱལ་བ། ཡི་དྭགས། དུད་འགྲོ་གསུམ་རྟག་ཏུ་སྡུག་བསྔལ་གྱིས་མནར་བས་བྲེལ། ལྷ་ཚེ་རིང་པོ་ནི། ཆོས་བྱེད་པའི་འདུ་ཤེས་མེད་པས་ཐོས་བསམ་གྱི་རྟེན་འགགས་པ་སྟེ་ཕྱིའི་མི་ཁོམ་པ་བཞི། གལ་ཏེ་མིར་སྐྱེས་ཀྱང་བསྟན་པ་ལ་འཇུག་པའི་བློ་མེད་པ་ཀླ་ཀློ་དང་། ལས་འབྲས་ལ་ཡིད་མི་ཆེས་པས་སྒྲོ་སྐུར་གྱི་མཐར་ལྷུངས་པའི་ལོག་ལྟ་ཅན་དང། ཚིག་དོན་གྱི་བརྡ་འཕྲོད་པའི་ནུས་པ་མེད་པ་ལྐུགས་པ་དང་། སངས་རྒྱས་ཀྱིས་སྟོངས་པ་ཞེས་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་ཐོས་པ་མུན་པའི་བསྐལ་པ་ལ་སྐྱེས་པ་བཞི་ནི་ནང་གི་མི་ཁོམ་པ་སྟེ། བདག་དེ་བརྒྱད་པོ་གང་དུའང་མ་སྐྱེས་པ་འདི་རེ་འཚེངས་སྙམ་དུ་དལ་བ་བརྒྱད་ཐོབ་པ་ལ་སྤྲོ་དགའ་དང་བཅས་པས་ཆོས་ལ་བརྩོན་པར་བྱའོ། །དེར་མ་ཟད་ཆོས་ལ་སྤྱོད་པའི་འབྱོར་པ་བཅུ་ཡང་ལེགས་པར་ཚང་སྟེ། བདག་ལྷ་ཆོས་ཀྱི་རྟེན་མི་ལུས་ནི་ཐོབ། ཐོས་བསམ་གྱི་རྟེན་དབང་པོ་སྒོ་ལྔ་ཚང་། བསྟན་པ་གནས་པའི་ཡུལ་དབུས་སུ་སྐྱེས། འཇུག་པའི་སྒོ་དད་པའི་གནས་སུ་འོས་པ་ལ་དད་པས་མུ་སྟེགས་སོགས་ཕྱིན་ཅི་ལོག་གི་རྗེས་སུ་མ་ཞུགས། ལས་མཐའ་མ་ལོག་པས་ལམ་གྱི་མཐུན་རྐྱེན་ཐམས་ཅད་ཚང་བ་སྟེ་རང་འབྱོར་ལྔ་དང་། འཇིག་རྟེན་དུ་སངས་རྒྱས་འབྱོན་པ་ཨུ་དུམྦཱ་རའི་མེ་ཏོག་ལས་ཀྱང་དཀོན་ན་ད་རེས་སངས་རྒྱས་འཇིག་རྟེན་དུ་བྱོན་ཅིང། དེས་ལམ་ཐར་པ་དམ་པའི་ཆོས་གསུངས། དེའི་བསྟན་པ་མ་ནུབ་ཙམ་དུ་གནས་པས། དེའི་རྗེས་སུ་སྒྲུབ་པའི་གང་ཟག་ཀྱང་ཡོད། དེས་ཀྱང་སྙིང་རྗེས་གཞན་རྗེས་སུ་འཛིན་ནུས་པར་འདུག་པ་གཞན་འབྱོར་ལྔ་སྟེ། དེ་ལྟ་བུའི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་རྟེན་གཙང་མ་འདི་ནི། སློབ་དཔོན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ༔ རྙེད་པ་དོན་ཅན་ཡིད་བཞིན་ནོར་བུ་འདྲ༔ ཞེས་གསུངས་པ་ལྟར་ད་ལན་ཙམ་མ་གཏོགས་ཤིན་ཏུ་རྙེད་པར་དཀའ་ཞིང་། རྙེད་ན་འདི་ལས་ལྷག་པའི་ཆོས་སྒྲུབ་པའི་རྟེན་གཞན་མེད་པས་དོན་ཆེན་པོ་དང་ལྡན་པ་སྟེ། ཙནྡྲ་གོ་མཱིས། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་པ། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པས་ན་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་བདག་གིས་མི་ལུས་རིན་པོ་ཆེ་ཐོབ་ཅིང་། བླ་མ་དམ་པ་ལ་བརྟེན་ནས་ཟབ་མོའི་གདམས་པ་ཉམས་སུ་བླང་དུ་ཡོད་པ་འདི་རེ་དགའ་སྙམ་དུ་བསམ་ལ། ཚེ་འདིའི་སྣང་བ་འཁོར་འདབས་གཉེན་འདུན་ལོངས་སྤྱོད་སོགས་ལ་མ་ཆགས་པར། ད་རེས་ཐར་པའི་ལམ་སྣ་ཟིན་པའི་ཐབས་ཁོ་ན་ལ་འབད་དགོས། གལ་ཏེ་མ་འབད་ན་དེད་དཔོན་རྒྱ་མཚོ་ནས་སྟོང་ལོག་བྱེད་པ་ལས་ཀྱང་བླུན་ཏེ། སྲོག་མ་ཆད་ཀྱང་རོ། །འདྲེས་མ་ཁྱེར་ཡང་སྨྱོན་པ། དབུགས་དང་མ་བྲལ་ཡང་བེམ་པོ་ཡིན། དེས་ན་སློབ་དཔོན་ཆེན་པོས། ད་རེས་ཕུན་ཚོགས་རྐྱེན་ཀུན་འབྱོར་སྐབས་འདིར༔ བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད༔ ཅེས་པས་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་དང་། དཔའ་བོའི་དཔུང་ཚོགས་དུས་དགྲ་འདུལ་བ་དང་། ཆུ་ལུད་དྲོད་གཤེར་འཛོམ་དུས་ས་བོན་ཅི་ཐེབས་བྱེད་དགོས་པ་བཞིན་དུ་ཆོས་བྱེད་པའི་མཐུན་རྐྱེན་ཐམས་ཅད་ཚང་བའི་དུས་འདིར་བྱ་བ་ཐམས་ཅད་མདོ་མེད་དུ་མ་སོང་བར་སྐྱེ་བ་གཏན་གྱི་སོ་ནམ། རང་མགོ་འདོན་པའི་འདུན་གྲོས་སུ་དམ་པའི་ཆོས་གཤའ་མ་གཅིག་རང་མི་ཕྱེད་རེ་ཤི་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །གཉིས་པ་ཚེ་མི་རྟག་པ་བསམ་པའི་ཁྲིད་ནི། གནད་ཐེམས་ལས། ཚེ་འདི་དོན་གཉེར་ལྡོག་བྱའི་ཕྱིར༔ མི་རྟག་འཆི་བ་ཡང་དག་བསམ༔ ཞེས་པས་འདི་ལྟར་བསམ་སྟེ། དལ་འབྱོར་ལ་སྙིང་པོ་ལེན་པ་དེ་ཡང་། སྡར་མའི་པང་དུ་སྦྲུལ་ཞུགས་པའམ། སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར་སང་བྱེད་གནངས་བྱེད་ཀྱི་ཕྱི་བཤོལ་དུ་མ་སོང་བར་འཕྲལ་རང་དུ་བླང་དགོས། དེའི་རྒྱུ་མཚན། རང་རེ་རྣམས་ཀྱིས་ད་རེས་རྙེད་དཀའི་རྟེན་འདི་ཐོབ་ཏུ་ཟིན་ཀྱང་ཡུན་རིང་པོར་མི་སྡོད་པར་འཆི་ངེས་པ་ཅན་ཏེ། སྐྱེས་ཕན་ཆད་མ་ཤི་བར་ཚེ་ཐར་དུ་ལུས་པའི་སེམས་ཅན་གཅིག་རང་ཡང་མ་མཐོང་ཞིང་མ་ཐོས་ལ། ཡོད་དམ་མེད་དམ་སྙམ་དུ་ཐེ་ཚོམ་གྱི་བློ་འཇུག་པ་ཙམ་ཡང་མི་སྲིད་པ་ཡིན་ཏེ། རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་གང་ཞིག་མ་ཤི་བ། །གལ་ཏེ་ཁྱོད་ཀྱིས་མཐོང་བ་འམ། ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་པས་ངེས་པར་འཆི་དགོས་པ་ཡིན། དེ་ཡང་མི་རྟག་པའི་གཏམ་ལས། ལྟག་ཆུ་བཅད་པའི་རྫིང་བཞིན་དུ། །བསྣོན་མེད་འབྲིད་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་རྟོན། །ཞེས་པས་ཚེ་ལ་གུད་ནས་བསྣོན་པ་མེད་ཅིང་འབྲིད་པ་ཡོད་པས་མྱུར་དུ་རང་འཆི་སྟེ། ལྟག་ཆུ་བཅད་པའི་རྫིང་བུ་མཐིལ་བརྡོལ་ལྟར་ཚེ་འཛད། ཉི་མ་ནུབ་པའི་གྲིབ་སོ་ལྟར་ཚེ་འགྲིབ། འབྲུའི་བང་མཛོད་བཅུས་པ་ལྟར་ཚེ་འཛད། །གསོད་སར་ཁྲིད་པའི་སེམས་ཅན་གྱིས་གོམ་པ་སྤོས་པ་ལྟར་ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཙམ་གྱིས་ཀྱང་འཆི་བ་ལ་ཐག་ཇེ་ཉེ་རུ་སོང་བ་འདི་མ་ཚོར་བ་མཚང་རེ་ཆེ། དེར་མ་ཟད་དོ་ནུབ་རང་ཡང་མི་འཆི་སྙམ་པའི་བློ་གདེངས་ཐུབ་པ་མ་ཡིན་ཏེ། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་པས་རྟ་འདྲོགས་པའམ་ཕྱེ་ལེབ་མར་མེ་དང་འཕྲད་པ་ལྟར། ད་ལྟ་རང་གཟའ་གདོང་ཐུག་ལྟ་བུས་འཆི་བ་ཐོག་རྒྱགས་སུ་མི་ཡོང་བའི་གདེངས་ཅུང་ཟད་ཀྱང་མེད་དོ། །མདོར་ན་ཚེ་སྟོན་ཀའི་ན་བུན་ལས་ཀྱང་ཡུན་ཐུང་། མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་ལས་ཀྱང་གྱེས་སླ། འདོད་ཡོན་ལོངས་སྤྱོད་སྒྱུ་མ་བས་རྟག་མི་ཐུབ། འཆི་བདག་ཁོ་དགོང་ཀའི་གྲིབ་སོ་བས་ཀྱང་མགྱོགས་པར་འོང་བས་ཞེ་རེ་འཇིགས་ཏེ། སློབ་དཔོན་ཆེན་པོས། ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ༔ མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་འདྲ༔ འཆི་བདག་བདུད་ནི་དགོང་ཀའི་གྲིབ་སོ་འདྲ༔ འཇིག་རྟེན་ཕྱི་མ་སོས་ཀའི་ཉ་བརྡོས་འདྲ༔ ཚེ་འདིའི་སྣང་བ་མདང་གི་རྨི་ལམ་འདྲ༔ འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་འདྲ༔ དོན་མེད་བྱ་བ་ཆུ་ཡི་གཉེར་མ་འདྲ༔ ཞེས་དང་། མདོར་ན་སྐྱེས་པའི་ཐ་མ་འཆི་བ་སྟེ༔ འདུས་པའི་ཐ་མ་དེ་བཞིན་འབྲལ་བ་ཡིན༔ བསགས་པ་འཛད་ཅིང་འབྱོར་པ་གུད་པའི་རྒྱུ༔ ཞེས་གསུངས་པས་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། མཐོན་པོའི་མཐའ་ལྷུང་བ་བཞི་ལས་མ་འདས་པས་སྔར་ཕན་ཆད་མ་བསམ་པས་ལེན། ད་བསམ་ན་རང་གི་ལུས་ཆུའི་ལྦུ་བ་ལྟ་བུ་འདི་ངེས་པར་འཇིག་ལ། དེའི་ཚེ་འཇམ་དཔལ་རྣམ་པར་རོལ་པ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །རང་ཉིད་གཅིག་པུར་ཕྱི་མར་འགྲོ །ཞེས་པས་རང་གི་བརྩིགས་པའི་མཁར། བསགས་པའི་ནོར། འགྲོགས་པའི་ཉེ་འབྲེལ་སོགས། ཐམས་ཅད་ཆམས་ཀྱིས་བསྐྱུར་ནས་རང་ཉིད་གཅིག་པུ་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་འཇིག་རྟེན་ཕ་རོལ་དུ་ནམ་འགྲོ་ཆ་མི་འདུག་པས་ཚེ་མཇུག་སྤྲིན་བར་གྱི་ཉི་ཤར་ཙམ་འདི་ལ་བློ་སྣ་བསྟུངས་ཏེ། སྐྱེ་བ་གཏན་གྱི་འདུན་མ་ཚགས་སུ་ཚུད་པའི་ཆོས་ཤིག་མི་བྱེད་རེ་ཤི་སྙམ་དུ་དྲག་ཏུ་བསམ་པར་རིགས་ཏེ། ཁྱོད་ཀྱི་བྱ་བ་ཟིན་ནམ་ཞེས། །འཆི་བདག་སྡོད་པར་མི་འགྱུར་གྱིས། །གང་ཞིག་སྒྲུབ་དགོས་དམ་པའི་ཆོས། །དེ་རིང་ཉིད་དུ་བརྟུན་ལ་གྱིས། །ཞེས་དང་། སློབ་དཔོན་ཆེན་པོས། ཡུན་ཐུང་ཚེ་ཡི་ཕྱེད་ཙམ་གཏི་མུག་གཉིད༔ ཕྱེད་ཀྱང་སུམ་གཉིས་རྣམ་གཡེང་འདུ་འཛི་སྟེ༔ སུམ་ཆ་གཅིག་ལའང་བར་ཆད་རྐྱེན་དབང་མང༔ དེ་ཕྱིར་འདུ་བྱེད་སྟོན་ཀའི་སྤྲིན་བཞིན་གཡོ༔ ཚེ་སྲོག་ནམ་མཁའི་གློག་ལྟར་མི་བརྟན་ཅིང༔ ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༔ ལང་ཚོ་ལྡན་པའི་ལུས་ཀྱང་མྱུར་དུ་འཇིག༔ དེ་ཚེ་ཕན་པའི་ཐབས་ལ་བརྩོན་པ་གཅེས༔ ཞེས་པས་འཆི་བ་མི་རྟག་པ་སྙིང་ཁོང་རུས་པའི་གཏིང་ནས་ཚུགས་ཐབས་མེད་པའི་བྲེད་ཤ་འཐོན་འཐོན་བསྒོམ་པར་བྱའོ། །གསུམ་པ་ལས་འབྲས་སྨིན་ཚུལ་ལ་བསམ་པའི་ཁྲིད་ནི། གནད་ཐེམས་ལས། ལས་འབྲས་བསླུ་མེད་ངེས་བྱས་ནས༔ ཞེས་པས་འདི་ལྟར་བསམ་སྟེ། འཆི་བ་བདེན་མོད། འོན་ཀྱང་། མེ་ཤི་ཐལ་བ་རླུང་ཁྱེར་འདྲ། །སླར་སྐྱེ་བ་དག་ག་ལ་ཡོད། །ཅེས་པ་ལྟར་ཡིན་པས་ཆོས་རང་བྱ་མི་དགོས་སོ་སྙམ་ན། དེ་ལྟར་ཤི་ནས་སེམས་ཅང་མེད་དུ་འགྲོ་བ་བདེན་ན་འཚེར་རྒྱུ་མེད་ཀྱང་། ཅང་མེད་དུ་མི་འགྲོ་སྟེ། མདོ་ལས། ལུས་ཅན་རྣམས་ཀྱི་ལས་དག་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པས་ས་བོན་མངར་ཁ་ལས་འབྲས་བུ་སོ་སོར་སྨིན་པ་ལྟར། བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ནི་ལས་དགེ་བ་དང་མི་དགེ་བ་གཉིས་ཡིན་པས་ཐར་འདོད་རྣམས་ཀྱིས་བླང་དོར་མ་ནོར་བར་བྱ་དགོས་ཏེ། སློབ་དཔོན་ཆེན་པོས། ཚེ་རབས་མང་པོར་སྡུག་བསྔལ་རྒྱུར་འགྱུར་བའི༔ སྡིག་པས་ཚེ་འདིར་བདེ་བས་ཅི་ཞིག་བྱ༔ ཚེ་འདི་ཡུན་ཐུང་ལོ་ཟླ་འགའ་ཞིག་ཡིན༔ འཇིག་རྟེན་ཕྱི་མར་ཚད་བཟུང་མེད་པའི་ཕྱིར༔ སྐྱེ་བ་གཞན་དུ་སྡུག་བསྔལ་མི་འབྱུང་ཞིང༔ བདེ་བའི་ཐབས་སུ་དགེ་སྡིག་བླང་དོར་བྱ༔ ཞེས་གསུངས་པ་བཞིན་ནོ། །དེ་ལ་བཞི་སྟེ། དགེ་མི་དགེའི་དབྱེ་བ། ས་མཚམས། ལྕི་ཡང་། འབྲས་བུའོ། །དང་པོ་དབྱེ་བ་ལ། དགེ་བ་ནི། བསྒྲུབ་བྱ་སྒྲུབ་ཚུལ་ལ་ལྟོས་ནས་བཅུ་སྟེ། སེམས་ཅན་གྱི་སྲོག་སྐྱོབ་པ། མ་ཆགས་པར་སྦྱིན་པ་གཏོང་བ། ཚངས་སྤྱོད་ལ་གནས་པ་སྟེ་ལུས་ཀྱི་ལས་གསུམ། བདེན་པར་སྨྲ་བ། ཞི་ཞིང་དེས་པར་སྨྲ་བ། མི་མཐུན་པ་བསྡུམ་པ། གཞན་གྱི་ཡོན་ཏན་བརྗོད་པ་སྟེ་ངག་གི་བཞི། ཆོག་ཤེས་པ། གཞན་ལ་བྱམས་པ། ལས་འབྲས་ལ་ཡིད་ཆེས་པ་སྟེ་ཡིད་ཀྱི་ལས་གསུམ་མོ། །ཡང་བསླབ་བྱ་སློབ་ཚུལ་ལ་ལྟོས་ནས་ཀྱང་བཅུ་སྟེ། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་སོ། །ཐུན་མོང་རྒྱུད་ལ་བསྐུར་ཚུལ་ལ་ལྟོས་ནས་སྦྱིན་སོགས་ཕར་ཕྱིན་བཅུའོ། །དེ་ལྟ་བུའི་དགེ་བ་དེ་དག་ཕྲ་ཞིང་ཕྲ་བའང་ཁྱད་དུ་མི་གསོད་པར་དང་དུ་བླང་བར་བྱ་སྟེ་ཆུང་ངུ་བསགས་པས་ཀྱང་ནམ་ཞིག་ཆེན་པོར་འགྱུར་བའི་ཕྱིར་ཏེ། ཆུའི་ཐིགས་པས་བུམ་པ་རིམ་གྱིས་འགེང་བ་བཞིན་ནོ། །དེ་ཡང་སྡུད་པ་ལས། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་རྒྱུ་ཡིན་ཏེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་སོ། །དེ་བཞིན་དུ་དགེ་བའི་མི་མཐུན་ཕྱོགས་སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་མི་དགེ་བ་ནི། བྱེད་པ་པོ་ལ་ལྟོས་ནས་ལུས་ངག་ཡིད་གསུམ་གྱི་དབྱེ་གཞི་ལས་བཅུ་སྟེ། བསམ་བཞིན་དུ་མ་ནོར་པར་སེམས་ཅན་གསོད་པ། གཞན་གྱི་ནོར་རྐུ་འཕྲོག་གི་སྒོ་ནས་མ་བྱིན་པར་ལེན་པ། ཡུལ་མ་ཡིན་པ་ལ་འཁྲིག་པ་སྤྱོད་པ་འདོད་ལོག་སྟེ་ལུས་ཀྱི་ལས་གསུམ། བདེན་པའི་འདུ་ཤེས་བསྒྱུར་ནས་རྫུན་སྨྲ་བ། གཞན་གྱི་ཞེར་འདེབས་པའི་ཚིག་རྩུབ། གཞན་མཛའ་བ་འབྱེད་པའི་ཕྲ་མ། དེ་གསུམ་མ་ཡིན་པའི་ཉོན་མོངས་པ་ཅན་གྱི་ཚིག་སྨྲ་བ་ཐམས་ཅད་ངག་འཁྱལ་ཏེ་ངག་གི་ལས་བཞི། གཞན་གྱི་ནོར་ཁོ་ལ་མེད་ཀྱང་རུང་ང་ལ་ཡོད་ན་སྙམ་པའི་བརྣབ་སེམས། གཞན་ལ་ཞེ་སྡང་བའི་གནོད་སེམས། དགེ་མི་དགེའི་ལས་ཀུན་རྫོབ་ཏུའང་མེད་པར་ལྟ་བ་སོགས་ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་མོ། །ཡང་ཡུལ་ལ་ལྟོས་ནས་མཚམས་མེད་ལྔ་དང་ཉེ་བ་ལྔ་སྟེ། ཕ་མ་དགྲ་བཅོམ་གསུམ་གསོད་པ། དགེ་འདུན་གྱི་དབྱེན། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ། མཚམས་མེད་ལྔ་དང་། མཆོད་རྟེན་འཇིག་པ། བྱང་སེམས་གསོད་པ། དགྲ་བཅོམ་མ་སུན་དབྱུང་བ། སློབ་པ་གསོད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ་སྟེ་ཉེ་བ་ལྔའོ། ཡང་ཡུལ་དང་བྱ་བ་གཉིས་ཀ་ལ་ལྟོས་ནས་ལྕི་བཞི་ལོག་པ་དང་བཅས་པའི་ཁ་ན་མ་ཐོ་བ་བཅུ་གཉིས་ཏེ། དེ་ལ་ལྕི་བ་བཞི་ནི། མཁས་པའི་གྲལ་གོང་། དགེ་སློང་གི་ཕྱག །སྒྲུབ་པ་པོའི་ཟས། སྔགས་པའི་ནོར་རྣམས་ཏེ་ལོག་པའི་ལྕི་བ་བཞི་ཞེས་བྱ་ལ། དེའི་སྟེང་དུ་ཉམས་པ་དང་སྨད་པ་དང་སྐུར་བའི་ལྕི་བ་བཞི་བཞི་སྟེ་བཅུ་གཉིས་བསྣན་པས་ལས་བཅུ་དྲུག་ཏུའང་འགྱུར་རོ། །ལོག་པ་བརྒྱད་ནི། དཀར་ནག་ཕྱོགས་ལ་སྨད་དང་བསྟོད། །དགེ་བ་ཅན་གྱི་ཐུགས་དཀྲུགས་དང་། དད་པ་ཅན་གྱི་ཚོགས་བཅག་དང་། །བླ་མ་ལྷ་དང་མཆེད་ལྕམ་སྤང་། །དཀྱིལ་འཁོར་གཉན་པོ་དྲལ་དང་བརྒྱད། །འདི་དག་ལོག་པ་བརྒྱད་དུ་གསུངས། ཞེས་སོ། །དེ་ལྟ་བུའི་མི་དགེ་བའི་ལས་དེ་དག་ཕྲ་ཞིང་ཕྲ་བ་ཡང་དུག་བཞིན་དུ་སྤང་དགོས་ཏེ། འགྱུར་སྟོབས་རབ་ཏུ་ཆེ་བས་མི་དགེ་བ་ཆུང་ངུས་ཀྱང་སྡུག་བསྔལ་ཆེན་པོ་བསྐྱེད་པའི་ཕྱིར་རོ། །དེའང་མདོ་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །འཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། ཁོང་པར་སོང་བའི་དུག་བཞིན་ནོ། །ཞེས་དང། སློབ་དཔོན་ཆེན་པོས། ལས་ནི་ཆུང་ཡང་འབྲས་བུ་རྒྱ་ཆེ་སྟེ༔ དགེ་སྡིག་ཆེན་པོ་བསགས་ལ་སྨོས་ཅི་དགོས༔ ཞེས་སོ། །གཉིས་པ་ས་མཚམས་ནི། སྤྱིར་ཉོན་མོངས་པ་གསུམ་གྱིས་ཀུན་ནས་བསླང་ཞིང་གཞན་ལ་གནོད་པ་གཞི་དང་བཅས་པའི་སྒོ་གསུམ་གྱི་བྱ་བ་ནི་མི་དགེ་བའི་ལས་ཡིན་ལ། ཉོན་མོངས་པ་གསུམ་མེད་པའི་སེམས་ཀྱིས་ཀུན་ནས་བསླང་ཞིང་གཞན་ལ་ཕན་པ་འབྲས་བུ་དང་བཅས་པའི་སྒོ་གསུམ་གྱི་བྱ་བ་ནི་དགེ་བའི་ལས་སོ། །བྱེ་བྲག་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་པའི་དགེ་བ་ཐམས་ཅད་ཟག་མེད་ཀྱི་དགེ་བ་སྟེ་ཐར་པ་ཆ་མཐུན་དང་། དེས་མ་ཟིན་པ་ནི་ཟག་བཅས་ཀྱི་དགེ་བ་སྟེ་བསོད་ནམས་ཆ་མཐུན་ཞེས་བྱའོ། །གསུམ་པ་ལྕི་ཡང་ནི། ཡུལ་དང་ཀུན་སློང་དྲག་ཞན་ལ་སོགས་པའི་ཁྱད་པར་གྱིས། མི་དགེ་བ་ལྕི་ཡང་བར་མ་གསུམ་དང་དགེ་བའི་ལས་ཀྱང་ཆེ་འབྲིང་ཆུང་གསུམ་མོ། །བཞི་པ་འབྲས་བུ་ནི། ཟག་པ་དང་བཅས་པའི་མི་དགེ་བ་ལྕི་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཡང་བས་དུད་འགྲོ་སྟེ་རྣམ་སྨིན་གྱི་འབྲས་བུའོ། །སྲོག་གཅོད་པ་ལ་དགའ་བ་ལ་སོགས་པ་མི་དགེ་བ་གང་བྱེད་དེར་སྐྱེ་བ་ནི་བྱེད་པ་རྒྱུ་མཐུན་དང་། སྲོག་བཅད་པས་ཚེ་ཐུང་ཞིང་ནང་མང་བ་སོགས་མྱོང་བ་རྒྱུ་མཐུན་གྱི་འབྲས་བུའོ། །དབང་གི་འབྲས་བུ་ཡུལ་ལ་སྨིན་ཏེ་ཡུལ་ཚེར་མ་ཅན་དང་ལོ་འབྲས་མི་སྨིན་པ་སོགས་བཀྲ་མི་ཤིས་པའི་ཡུལ་དུ་སྐྱེ་བའོ། །ཟག་པ་དང་བཅས་པའི་དགེ་བ་ཆེན་པོས་ཁམས་གོང་མའི་ལྷ། འབྲིང་གིས་འདོད་ལྷ། ཆུང་ངུས་མིར་སྐྱེ་བ་སྟེ་རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་དང་དབང་གི་འབྲས་བུ་སོགས་ཀྱང་སྔར་ལས་ལྡོག་སྟེ་ཤེས་པར་བྱའོ། །ཟག་མེད་ཀྱི་དགེ་བའི་འབྲས་བུ་ནི་ཐར་པ་མྱ་ངན་ལས་འདས་པའི་ལམ་དང་འབྲས་བུའི་བདེ་བ་ཐམས་ཅད་སྟེར་བར་བྱེད་པ་ཡིན་ནོ། །དེ་ཡང་སྦྱོར་དངོས་རྗེས་གསུམ་ཐམས་ཅད་དུ་དགེ་སེམས་དང་བཅས་ན་མཐའ་གཅིག་ཏུ་དགེ་བའི་ལས་ཁོ་ན་ཡིན་པས་རྣམ་སྨིན་ཡང་བདེ་བ་ཁོ་ན་སྟེར་མོད། གཞན་དུ་སྙན་གྲགས་འདོད་ནས་སྦྱིན་པ་གཏོང་བ་སོགས་བསམ་པ་གནག་ལ་སྦྱོར་བ་དཀར་བ་དང་། ཕན་འདོད་ཀྱིས་བརྡེག་བརྡུང་དང་མི་སྙན་པར་སྨྲ་བ་སོགས་བསམ་པ་དཀར་ལ་སྦྱོར་བ་གནག་པ་སྟེ། དེ་དག་གིས་ཀྱང་བདེ་སྡུག་སྤེལ་མར་སྐྱེད་པར་བཤད་པས་མཐའ་གཅིག་ཏུ་དཀར་བའི་ལས་ཁོ་ན་སྒྲུབ་པ་ལ་སྐྱོ་དུབ་མེད་པ་ཁྱིམ་བདག་སོ་ནམ་བྱེད་པ་ལྟ་བུ་དང་། རླབས་པོ་ཆེའི་དགེ་བ་ལ་དཔའ་མི་ཞུམ་པ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུ་དང་། བར་མཚམས་མེད་པ་འགལ་མེའི་འཁོར་ལོ་བསྐོར་བ་ལྟར་བསླབ་པར་བྱའོ། །བཞི་པ་འཁོར་བའི་ཉེས་དམིགས་བསམ་པའི་ཁྲིད་ནི། གནད་ཐེམས་ལས། འཁོར་བའི་སྡུག་བསྔལ་རང་རྒྱུད་འགེལ༔ ཞེས་པས་འདི་ལྟར་བསམ་སྟེ། མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་དུ་སྐྱེས་ཀྱང་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན། བློ་རྒོད་དེ་འདྲ་བ་ད་ལྟ་མ་བསམ་པས་ཡིན། བསམས་ན་སྡུག་བསྔལ་ཉམས་སུ་མྱོང་བ་ལྟ་ཅི་སྨོས། སྡུག་བསྔལ་ཐོས་སམ། གཟུགས་བརྙན་རི་མོར་བྲིས་པ་མཐོང་ནའང་སྙིང་རླུང་ལྡང་བ་ཙམ་དུ་བཟོད་པའི་ཐབས་མེད། དེའི་རྒྱུ་མཚན། དམྱལ་བར་སྐྱེས་ན་ཚ་དམྱལ་རྣམས་ནི་སྡུག་བསྔལ་གྱི་ཁྱད་པར་ལྕགས་བསྲེགས་ཀྱི་ས་གཞི་དང་། མེ་འོབས་མེ་ལྕེ་རབ་ཏུ་འབར་བའི་གནས་དེ་ལྟ་བུར་ཡང་། ཡང་སོས་ཀྱི་སེམས་ཅན་རྣམས་ནི་ཕན་ཚུན་དགྲ་མི་ཤ་བོ་ལྟ་བུར་མཐོང་སྟེ་མཚོན་བསྣུན་རེས་ཀྱིས་ཡང་ཤི་ཡང་སོས་དང་། ཐིག་ནག་ནི་ལུས་ལ་ཐིག་བཏབ་སྟེ་ལྕགས་ཀྱི་སོག་ལེ་མེ་འབར་བས་ཀླད་ཁྲག་འཐོར་བཞིན་དུ་གཤོག་ཅིང་འབྱར་ལ་ཡང་གཤོག་པ་དང་། བསྡུས་འཇོམས་ནི་ལྕགས་བསྲེགས་ཀྱི་རི་ར་ལུག་གི་གདོང་པ་འདྲ་བའི་བར་དུ་ཏིལ་མར་ལྟར་དམར་འདག་འདག་འཚིར་ཞིང་གྱེས་པ་ན། སོས་ཏེ་ཡང་འཚིར་བ་དང་། ངུ་འབོད་ནི་ཉམས་ཐག་ནས་ཡིབ་པའི་གནས་འཚོལ་བ་ན་ལྕགས་ཁང་མེ་འབར་བའི་ནང་དུ་ཚུད་དེ་སྒོ་ཟུམ་ནས་སྲེག་པ་དང་། ངུ་འབོད་ཆེན་པོ་ནི་ལྕགས་ཁང་སྒོ་མེད་ཉིས་རིམ་མེ་འབར་བར་སྲེག་ཅིང་སྒོ་ནང་མ་ནས་བརྒྱ་ལ་ཐར་ཡང་ཕྱི་མ་ནས་ཡུན་རིང་མི་ཐར་བ་དང་། ཚ་བ་ནི་ལྕགས་ཀྱི་ཕྲུ་བ་མེ་འབར་བའི་ནང་དུ་སྲེག་ཅིང་མདུང་རྩེ་གསུམ་པས་བསྣུན་པ་དང་འདག་མེ་འབར་བའི་ས་གཞི་ལ་པགས་པ་བཤུས་ཏེ་ཕུར་བུས་རྒྱོང་བ་དང་། རབ་ཏུ་ཚ་བ་ནི་ལྕགས་ཟངས་ཁོལ་མར་སྲེག་པ་ན་ཁར་ལོང་གིས་འོང་བ་ན་ཤ་སྐྱེ་ཞིང་གཏིང་དུ་སོང་བ་ན་རུས་པར་འགྲོ་བ་དང་། གློ་སྙིང་ལ་སོགས་པ་ཕྱི་ནང་ཐམས་ཅད་མེས་སྲེག་ཅིང་ཟངས་ཞུན་སྐོལ་མ་བླུད་པས་ལུས་བུན་གྱིས་སྲེག་པ་དང་། མནར་མེད་ནི་ས་གཞི་ཆེན་པོ་མེ་འབར་བར་སོང་ནས་ལུས་མར་མེའི་སྡོང་བུ་ལྟར་བསྲེགས་པས་སྡུག་སྐད་ཐོས་པ་ཙམ་ལས་མེ་དང་སེམས་ཅན་སོ་སོར་མི་མཐོང་བ་དང་ཕྱེ་མར་འཐག་པ་ལ་སོགས་པའི་སྡུག་བསྔལ་བཟོད་ཐབས་མེད་པ་ཡིན་ནོ། །གལ་ཏེ་དེ་དག་ལས་ཐོན་ཏེ་བྲོས་པ་ན་ཕྱོགས་བཞིར་འདག་མེ་འབར་བའི་འོབས་པུས་ནུབ་ཙམ་ལ་ཚུད་དེ་རྐང་པ་བཞག་ན་གཞོབ་འཐུལ་ཏེ་ཚིག་ཅིང་བཏེག་ན་སོས་པ་དང་། དེ་ལས་ཐར་ནས་རོ་མྱགས་འཕྱི་སའི་འདམ་ལ་ཚུད་དེ་སྲིན་བུ་ལྕགས་ཟངས་ཀྱི་མཆུ་ཁབ་འདྲ་བས་འབིགས་པ་དང་། དེ་ལས་ཐར་ཡང་མཚོན་ཆའི་ཐང་ལ་རྐང་པ་བཞག་དུས་འབིགས་ཤིང་བཏེག་ན་འཚོ་བ་དང་། ཤིང་ལོ་བབས་པ་རལ་གྲིར་གྱུར་ནས་གཅོད་པ་དང་། ཤལ་མ་ལི་ལྕགས་ཀྱི་ཐུར་མ་གྱེན་ཐུར་དུ་བལྟ་བ་ལ་འབབ་འཛེག་བྱས་པས་ཉམ་ཐག་ཅིང་བྱ་ཁྱིས་ཟ་བ་དང་། དེ་ལས་ཐར་ནས་བསྐོམས་པས་ཆུ་ཀླུང་གི་འགྲམ་དུ་བརྒྱུགས་པ་ན་ཐལ་ཚན་གྱི་ཆུ་བོ་རབ་མེད་ཀྱི་ནང་དུ་ལྷུངས་ཏེ་ཤ་རུས་ཚིག་པས་མནར་བར་འགྱུར་རོ། །ཆེ་ཚད་ཡང་སོས་ནས་ཚ་བའི་བར་དྲུག་ནི་རྒྱལ་ཆེན་རིས་བཞི་སོགས་འདོད་ལྷ་དྲུག་གི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ནས་ཁྲི་དྲུག་སྟོང་གི་བར་ཉིས་འགྱུར་དང་། རབ་ཏུ་ཚ་བས་བར་བསྐལ་ཕྱེད་དང་། མནར་མེད་ཀྱིས་བར་བསྐལ་གཅིག་ཐུབ་པ་ཡིན་ནོ། །མདོར་ན་བསྐལ་པ་འཇིག་པའི་མེ་ལས་ཡང་སོས་ཀྱི་མེ་ཚ་ཞིང་། དེ་ལས་ཀྱང་འོག་མ་འོག་མ་བཞི་འགྱུར་གྱིས་ཚ་བས་བཟོད་བླགས་མེད་དོ། །གྲང་དམྱལ་རྣམས་ནི། གནས་ཀྱི་ཁྱད་པར་སྣང་བ་མེད་པའི་མུན་ཁྲོད། གངས་བར་དང་། ཁ་བའི་བུ་ཡུག་དང་། འཁྱག་སྦུབས་དང་། འཁྱག་པའི་འོབས་དང་། འཁྱག་པའི་གཅོང་རོང་ཆེན་པོའི་ཁྲོད་དུ་གྲང་བས་ཉེན་ནས། འདར་བའི་སྐད་ངན་ཨ་ཆུ་ཆུ་ཟེར་བ་དང་། ཀྱི་ཧུད་ཅེས་སྡུག་སྐད་འདོན་པ་དང་། སོ་ཐམ་ཐམ་པ་ལས་སྐད་མི་ཐོན་པ་དང་། གྲང་བའི་རེག་བྱས་ལུས་ལ་ཆུ་བུར་མཐེབ་རྡོག་ཙམ་པས་གང་བ་དང་། དེ་བས་ཀྱང་གྲང་བས་ཆུ་བུར་རྡོལ་ནས་རྨར་སོང་བ་དང་། ཧ་ཅང་གྲང་དྲགས་པས་པདྨ་ལྟར་ལུས་ཚལ་པ་བཞིར་གས་པ་དང་། གས་པའི་རྨ་ཕྱི་ནང་ལོག་ནས་ཆུ་རྒྱུས་ཕྲ་མོས་འབྲེལ་བ་ཨུཏྤལ་ལྟར་གས་པ་དང་། ཚལ་པ་བརྒྱ་སྟོང་ལ་སོགས་པར་གས་ཤིང་དུམ་བུར་འཐོར་བ་པདྨ་ཆེན་པོ་ལྟར་གས་པ་སྟེ་སྡུག་བསྔལ་བཟོད་ཐབས་མེད་དོ། །ཚེ་ཚད་ནི་མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིག །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་པ་ལྟར་ཏེ་ཆུ་བུར་ཅན་སྔོན་ལ་འདྲེན་པའི་ལུགས་སོ། །ངན་སོང་གི་གནས་གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་ཡང་བསམ་གྱིས་མི་ཁྱབ་སྟེ། ཕྱིའི་སྒྲིབ་པ་ཅན་རྣམས་ནི། བཀྲེས་སྐོམ་གྱིས་ཉེན་པས་ཕྱོགས་ཀུན་ཏུ་རྒྱུག་ཀྱང་བཟའ་བཏུང་གང་ཡང་མི་རྙེད་ཅིང་མི་མཐོང་ལ། མཐོང་ཡང་གཤིན་རྗེའི་སྐྱེས་བུས་བསྲུངས་ཏེ་སྤྱད་དབང་མེད་པ་དང་། བལྟས་པ་ཙམ་གྱིས་ཆུ་ཀླུང་ཆེན་པོ་ཡང་བསྐམས་ཏེ་གྲམ་པར་སྐྱ་ཁྲོལ་གྱིས་འགྲོ་བ་དང་། སྨན་ཤིང་ནགས་ཚལ་སོགས་ཀྱང་སོལ་བའི་ཕུང་པོ་དང་འགལ་དུམ་རད་རོད་ཅན་དུ་འགྱུར་བ་དང་། ཡུལ་ཡིད་དུ་འོང་བའང་མི་འོང་བར་འགྱུར་བ་དང་། དུས་ཚིགས་ཕྱིན་ཅི་ལོག་ཏུ་གྱུར་པས་སོས་དུས་ཟླ་བས་ཀྱང་སྲེག་ཅིང་དགུན་ཉི་མའང་བསིལ་བས་གྲང་རེག་མི་བཟོད་པ་སོགས་སྡུག་བསྔལ་བཟོད་བླགས་མེད་དོ། །ནང་གི་སྒྲིབ་པ་ཅན་རྣམས་ནི། བཟའ་བཏུང་ཅུང་ཟད་རྙེད་པ་ཟོས་པ་ན་ཁོང་དུ་སླེབས་མ་ཐག་མེར་གྱུར་ནས་ནང་ཁྲོལ་ཀུན་གཞོབ་ཐུལ་གྱིས་སྲེག་ཅིང་། ཁ་སྣ་གསུས་པ་སོགས་ནས་མེ་ལྕེ་དུད་པར་བཅས་པ་འཐུལ་བ་དང་། སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི། ཟས་སྐོམ་མ་མྱོང་བས་ཁ་ལུས་ཐམས་ཅད་བསྐམས་ཤིང་། རྒྱུ་མ་རྒལ་ཚིགས་ལ་འབྱར་བ། སྐྲ་ཟིང་ཟིང་པོར་འཛིངས་པ། མགྲིན་པ་གཞུ་རྒྱུད་ལྟ་བུ་དང་། རྐང་ལག་འཇག་མ་ལྟར་གྱུར་པ། ཚ་གྲང་གིས་གདུངས་པས་ཁ་དོག་ནི་སྔོ་ལ་ཧམ་པ། བཟའ་བཏུང་ཅུང་ཟད་རྙེད་ཀྱང་ཁ་ཁབ་མིག་ཙམ་དང་མིད་པ་རྟ་རྔ་ལྟར་ཕྲ་བས་དང་པོར་མི་འདྲོངས་ཤིང་ཁོང་དུ་སླེབ་པ་ན་ཁོག་པ་ཡུལ་ལྗོངས་ལྟར་ཆེ་བས་མི་ཁེངས། ཁ་ཅིག་ཁ་བྱིལ་བྱིལ་པོས་བཟའ་བཏུང་ཁོག་པར་འགྲོ་ས་མེད་པ་དང་། ཁའི་དུག་གིས་ཆུ་ཀླུང་ཡང་སྐེམ་པར་བྱེད། རྟག་ཏུ་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་ཐབས་མེད་པ་ཡིན་ཏེ། སློབ་སྤྲིང་ལས། ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཇིགས་པའི། །ལྟོ་ཆེན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་། །མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་པ། ཁ་ཡི་དུག་གིས་ཆུ་ཡི་རླན་ཡང་བསྐམས་པར་འགྱུར། །ཞེས་གསུངས་ཤིང་། ཚེ་ཚད་ནི་མི་ལོ་ཁྲི་དང་ལྔ་སྟོང་གི་བར་ཐུབ་བོ། །ངན་སོང་གི་གནས་གསུམ་པ་དུད་འགྲོའི་སྡུག་བསྔལ་ཡང་བྱིངས་ན་གནས་པ་ནི། ཆེ་བས་ཆུང་བ་ཟ་བ། ཆུང་བས་ཆེ་བ་འབིགས་པ། གཅིག་ལ་མང་པོ་རུབ་ནས་ཟ་ཞིང་། མང་པོ་གཅིག་ཁོ་ནས་ཟ་བ། ཀླུ་རྣམས་ལ་ཉིན་རེ་ཞིང་བྱེ་ཚན་གྱིས་སྲེག་ཅིང་མཁའ་ལྡིང་གི་འཇིགས་པ་དང་། ཁ་འཐོར་བ་ས་གཞི་རི་ཀླུང་ཀུན་ན་ཡོད་པའི་བྱ་དང་རི་དྭགས་ཕྱུགས་ལུག་ལ་སོགས་པ་འདི་དག་ཀྱང་གཅིག་གིས་གཅིག་ཟ་བ་དང་། འཚེ་བ་དང་། ཤ་ལྤགས་རུས་པའི་ཆེད་དུ་མི་རྣམས་ཀྱིས་རང་དབང་མེད་པར་གསོད་པ་དང་། གཞན་ཡང་ཁལ་མི་ཐེག་བཞིན་དུ་འགེལ་བ། རྨོས་རྨོ་བ། ཞོ་བཞོ་བ། བལ་འཐོག་པ། སྤུ་འབྲེག་པ། འདེད་པ། བརྡུང་བ་སོགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་། ཐུན་མོང་དུ་གླེན་ལྐུགས་ཀྱི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ། ཚེ་ནི་རིང་ཐུང་མཐའ་གཅིག་ཏུ་མ་ངེས་ཤིང་། རིང་ཤོས་ཁ་ཅིག་བསྐལ་པའི་བར་དུ་སྡུག་བསྔལ་མྱོང་བའང་ཡོད་དོ། །དེ་ཡང་རང་ཅག་རྣམས་སྔར་ཡང་ངན་སོང་གི་གནས་གསུམ་པོ་འདིར་ལན་གྲངས་དུ་མ་སྐྱེས་ཏེ་སྡུག་བསྔལ་འདི་མ་མྱོང་བྱ་བ་གཅིག་མེད་དེ་མྱོང་། ད་ལན་ཡང་སྔར་གྱི་ལས་ངན་རྒྱུད་ལ་ཡོད་པའི་སྟེང་དུ་ཚེ་འདི་བློས་མ་ཐོངས་པས་འདིའི་ཆེད་དུ་མི་བྱ་བ་མེད་པ་གཅིག་བྱས་པས་ཕྱིས་ཀྱང་འགྲོ་ས་ཐུར་ལས་མེད། མྱོང་རྒྱུ་སྡུག་བསྔལ་ལས་མེད་པས། ད་ལྟ་ཉིན་གཅིག་གི་ཚ་གྲང་བཀྲེས་སྐོམ་ཅུང་ཟད་རེ་ཡང་མི་བཟོད་ན། དམྱལ་བའི་ཚ་གྲང་དང་། ཡི་དྭགས་ཀྱི་བཀྲེས་སྐོམ། དུད་འགྲོའི་བཀོལ་སྤྱོད་ལ་སོགས་པ་ངན་འགྲོའི་སྡུག་བསྔལ་ཡུན་རིང་ལ་བཟོད་བླགས་མེད་པ་དེ་དག་བཟོད་པར་འདུག་གམ་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །ཡང་དགེ་བའི་ལས་ཀྱིས་བདེ་འགྲོར་སྐྱེ་ན་མཐོ་རིས་ཀྱི་བདེ་བ་ལ་ལོངས་སྤྱོད་དུ་ཡོད་པའི་ཕྱིར་དེ་ཙམ་གྱིས་ཆོག་གམ་སྙམས་ན། མེ་ཆེ་ཆུང་གང་གིས་ཀྱང་སྲེག་པ་ལས་མ་འདས་པ་བཞིན་དུ་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པས། ངན་སོང་གསུམ་ན་སྡུག་བསྔལ་གྱི་སྡུག་བསྔལ་མེའི་འོབས་ལྟར་བཟོད་དཀའ་བར་མ་ཟད་མཐོ་རིས་ན་ཡང་བདེ་བ་མེད་དེ། འདི་ལྟར་མིའི་གནས་ནའང་། ཆེ་ཆུང་ཐམས་ཅད་ལ་རང་རང་གི་བོངས་དང་སྦྱར་བའི་སྡུག་བསྔལ་རེ་སོ་སོར་ཡོད་ཅིང་ཁྱད་པར་སྤྱི་མཐུན་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། དབུལ་ཕོངས་འབྱོར་གུད། འདུ་འབྲལ། བརྡེག་བརྡུང་། གསོད་གཅོད་སོགས་བསམ་གྱིས་མི་ཁྱབ། ལྷ་མ་ཡིན་རྣམས་ལའང། གཞན་གྱི་དཔལ་ལ་ཕྲག་དོག་པས་རྟག་ཏུ་ཕན་ཚུན་རྩོད་པ་དང་། འཁྲུག་པ་དང་། ལུས་རྨས་པ་དང་། ཡན་ལག་ཆད་པ་དང་། གསོད་པ་དང་། གཡུལ་ཉེས་པ་སོགས་འཐབ་རྩོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་དོ། །འདོད་པའི་ལྷ་ལའང་འདོད་པས་མྱོས་ཤིང་བག་མེད་པས་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུའི་ལྷའི་ཞག་བདུན་མྱོང་དགོས་པ་དང་། འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་ཡང་ཡོད་དོ། ཁམས་གོང་མ་གཉིས་ན་རེ་ཞིག་སྡུག་བསྔལ་དྲག་པོས་གཟིར་བ་མེད་ཀྱང་འགྱུར་བའི་སྡུག་བསྔལ་བྱ་ནམ་མཁའ་ལ་འཕུར་བ་ཅིས་ཀྱང་ས་ལ་འབབ་པ་བཞིན་དུ་ཟག་བཅས་ཀྱི་དགེ་བའི་འཕེན་ཤུགས་ཟད་ནས་སླར་ངན་འགྲོར་ལྷུང་ནས་སྡུག་བསྔལ་དྲག་པོ་མྱོང་དགོས་ཏེ། བཤེས་སྤྲིང་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བརྟེན་འཚལ་ལོ། །ཞེས་སོ། །གཞན་ཡང་སྤྱིར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱད་ཀྱི་སྒྱུ་རྩལ་ལམ་དུག་ཅན་གྱི་ཟས་ལ་སྤྱོད་པ་ལྟ་བུ་འདུ་བྱེད་ཐམས་ཅད་རྐྱེན་ཁར་ལས་པས་རྟག་ཏུ་རང་དབང་དང་བྲལ་བའི་མཚན་ཉིད་ཅན་གྱི་སྡུག་བསྔལ་ཏེ། བཞི་བརྒྱ་པ་ལས། ལས་ནི་འབད་པས་བྱེད་འགྱུར་ཞིང་། །བྱས་ཟིན་འབད་པ་མེད་པར་འཇིག །ཅེས་གསུངས་སོ། །དེས་ན་ཁམས་གསུམ་འཁོར་བའི་གནས་འདི་ན་མཐོ་དམན་གང་དུ་སྐྱེས་ཀྱང་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མི་འདུག་པས། ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར། ད་རེས་འདི་ནས་ངེས་པར་ཐར་པ་ཞིག་བྱ་སྙམ་དུ་འཁོར་བ་ལ་ཞེ་ཐག་པ་ནས་སྐྱོ་བ་བསྐྱེད་དགོས་ཏེ། སློབ་དཔོན་ཆེན་པོས། འཇིག་རྟེན་བྱ་བར་བརྩོན་ཡང་ཟིན་པ་མེད༔ ཆོས་ལ་འབད་ན་ལས་ཐབས་མྱུར་དུ་ཟིན༔ འཁོར་བའི་བྱ་བ་ལེགས་ཀྱང་ཐ་མར་འཕུང༔ དམ་ཆོས་སྤྱད་པའི་འབྲས་བུ་ཉམས་མི་སྲིད༔ ལས་ཉོན་བག་ཆགས་ཐོག་མ་མེད་དུས་ནས༔ གོམས་ཤིང་རྒྱུད་ལ་བར་མེད་གསོག་པ་སྟེ༔ དེ་ཡི་དབང་གིས་འཁྲུལ་སྣང་འཁོར་བར་འཁྱམས༔ འདི་ཙམ་དུས་ན་ཐར་ཞེས་ཚད་བཟུང་མེད༔ འཆི་བའི་ཚེ་ན་དྲན་ཡང་རབ་ཏུ་ཕྱིས༔ མགོ་བོ་ཆད་ལ་སྨན་གྱིས་ཕན་མེད་བཞིན༔ དེ་ཕྱིར་འཁོར་བའི་སྡུག་བསྔལ་ཡོངས་ཤེས་ནས༔ ཞི་བའི་ལམ་ལ་ཡང་དག་འཛེག་པའི་ཕྱིར༔ བྱམས་དང་སྙིང་རྗེས་འགྲོ་ཀུན་རྗེས་སྐྱོང་ཞིང༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྒོམ་པར་མཛོད༔ ཅེས་དང་། གྲུབ་ཆེན་མེ་ལོང་གི་ཞལ་ནས། འཁོར་བའི་སྡུག་བསྔལ་སོམས་མཛོད་ལ། །འབུངས་གསུམ་དམ་པའི་ཆོས་ལ་ཐོན། །མི་ལུས་དོན་ཅན་འོང་སྟེ་མཆི། །ཞེས་གསུངས་པ་རྣམས་ལ་ངེས་ཤེས་བསྐྱེད་ནས་བྱ་བ་བཏང་སྟེ་དམ་པའི་ཆོས་ལ་ཉམས་ལེན་བྱའོ། །ལྔ་པ་ཐེག་པ་སྤྱིའི་རྨང་རྡོ་སྐྱབས་འགྲོའི་ཁྲིད་ནི། གནད་ཐེམས་ལས། སྡུག་བསྔལ་དེ་ལས་མཁའ་མཉམ་འགྲོ༔ ཐར་ཕྱིར་ལོག་པའི་ལམ་སྤངས་ནས༔ དཀོན་མཆོག་གསུམ་པོ་སྐྱབས་སུ་བསྟེན༔ དབེན་པར་བདེ་བའི་སྟན་ལ་འདུག༔ རང་སེམས་རྣལ་ཕབ་འདི་ལྟར་བསམ༔ མདུན་གྱི་ནམ་མཁར་དཔག་བསམ་ཤིང༔ རབ་ཏུ་རྒྱས་པའི་སྙིང་པོ་ལ༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར༔ མདུན་དུ་ཡི་དམ་དཀྱིལ་འཁོར་ལྷ༔ གཡས་སུ་སངས་རྒྱས་དཀོན་མཆོག་སྟེ༔ རྒྱབ་ཏུ་དམ་ཆོས་དགེ་འདུན་གཡོན༔ མཐའ་སྐོར་མཁའ་འགྲོ་ཆོས་སྐྱོང་སོགས༔ སྤྲིན་ཕུང་གཏིབས་པ་ལྟ་བུར་བསམ༔ མ་གྱུར་འགྲོ་དང་ལྷན་ཅིག་ཏུ༔ གུས་པའི་ཡིད་ཀྱིས་སྐྱབས་འགྲོ་བྱ༔ ཞེས་གསུངས་ཏེ། དེ་ཡང་རང་ལ་འཇིགས་སྐྲག་གང་ཡང་མེད་ཅིང་རང་དབང་ཐོབ་པར་ཡོད་ན་གང་ལའང་སྐྱབས་འཚོལ་མི་དགོས་ནའང་། རང་ཅག་རྣམས་དེ་ལྟར་མ་ཡིན་ཏེ། ཐོག་མ་མེད་པ་ནས་མ་རིག་པའི་མུན་པ་འཐིབ་པོས་ནོན་ཏེ་འཇིགས་རུང་འཁོར་བའི་བཙོན་དོང་དུ་ལྷུངས། སྒོ་གསུམ་འདོད་པའི་ཞགས་པས་ནི་བཅིངས། བདག་ཏུ་འཛིན་པའི་ལྕགས་སྒྲོག་གིས་བསྡམས། ལས་ཉོན་གྱི་མཚོན་ཆས་ནི་བསྣུན། རྒ་ན་དང་འབྱོར་གུད་ཀྱི་ཆད་པས་ནི་གཅོད། མཐར་འཆི་བདག་གི་ཁྲིམས་རར་དབང་མེད་དུ་ཁྲིད་ནས་ངན་སོང་གི་གཤེད་མ་ལ་གཏོད་པར་འདུག་པས། འདི་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མེད་པས་བསླུ་བ་མེད་པའི་སྐྱབས་ནི་དཀོན་མཆོག་གསུམ་དུ་ངེས་ཏེ། སློབ་དཔོན་ཆེན་པོས། འཁོར་བའི་དཔོན་འདི་ཇི་ལྟར་བཟང་ཡང་བསླུ༔ སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད༔ ཅེས་དང་། གྲུབ་ཆེན་མེ་ལོང་གིས། འགྲན་ཟླ་མེད་པའི་དཀོན་མཆོག་ལ། །བློ་སྙིང་བྲང་གསུམ་རྒྱུན་དུ་འཁོལ། །བསླུ་མེད་ཅི་བསམ་འགྲུབ་ནས་མཆི། །ཞེས་གསུངས་པའི་ཕྱིར་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁོ་ན་ལ་སྐྱབས་དང་ར་མདའ་ཞུ་སྙམ་དུ་ཞེ་ཐག་པ་ནས་བསམས་ལ་སྐྱབས་སུ་འགྲོ་སྟེ། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་བདེ་ལུགས་སུ་བསྲང་། སེམས་རྣལ་དུ་ཕབ་སྟེ། རང་གང་ན་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ་ལག་མཐིལ་ལྟར་མཉམ་ཞིང་འཇམ་ལ་ཡིད་དུ་འོང་བའི་ཞིང་ཁམས་རྣམ་པར་དག་པ། ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་དབུས་སུ། དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་རབ་ཏུ་རྒྱས་པ་རང་གི་མདུན་གྱི་ནམ་མཁའ་ཁྱབ་པ། དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་ཀྱི་སྙིང་པོ་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་མཐོ་ཞིང་ཡངས་པའི་དབུས་སུ། རྩ་བའི་བླ་མ་མཚན་རྫོགས་རྡོ་རྗེ་འཆང་དམར་པོའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསམ། ཕྱོགས་བཞིར་གྱེས་པའི་ཡལ་ག་བཞི་ལ་སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་གདན་མཐོ་ཞིང་རྒྱ་ཆེ་བ་རེ་རེ་གསལ་བཏབ་སྟེ། བླ་མའི་མདུན་ཕྱོགས་ཀྱི་གདན་སྟེངས་སུ་ཁྱད་པར་གྱི་སངས་རྒྱས་དཀོན་མཆོག་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། གཡས་ཀྱི་གདན་ལ་སྤྱི་ཁྱབ་ཀྱི་སངས་རྒྱས་དཀོན་མཆོག་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུ་རྣམས་དང་། རྒྱབ་ཀྱི་གདན་ལ་ཆོས་དཀོན་མཆོག་རྣམས་རྣམ་པ་གླེགས་བམ་བརྩེགས་པའི་ཚུལ་ཅན། གཡོན་གྱི་གདན་ལ་སྤྱི་ཁྱབ་ཀྱི་དགེ་འདུན་དཀོན་མཆོག་བྱང་ཆུབ་སེམས་དཔའ་དང་ཉན་རང་འཕགས་པ་རྣམས་དང་། དེ་ཐམས་ཅད་ཀྱི་མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་མངའ་བའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བདག་ལ་སྐྱོབ་པའི་ཚུལ་དུ་བཞུགས་པར་བསམ། དེ་ནས་རང་གི་གཡས་སུ་ཕ། གཡོན་དུ་མ་སོགས་ས་གཞི་ཐམས་ཅད་དགྲ་གཉེན་ཕྱོགས་རིས་མེད་པའི་རིགས་དྲུག་གི་སེམས་ཅན་ས་ཆེན་པོའི་དྲེག་པ་ལྟར་གང་བར་བསམས་ནས། རང་གིས་བྱང་དྲངས་ཏེ། ཐམས་ཅད་ཀྱང་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་སྐྱབས་འགྲོའི་ཚིག་འུར་དིང་དིང་འདོན། ཡིད་གུས་པས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དེ་སྲིད་དུ་རེ་ས་ལྟོས་ས་སྐྱབས་གནས་དམ་པ་ཁྱེད་རྣམས་མ་གཏོགས་གཞན་མེད་སྙམ་དུ་བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་ལིང་གིས་བཀལ་ཏེ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་སྐྱབས་འགྲོ་བྱེད་པར་བསམ་ཞིང་། ཁྱད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་འདི་རྣམས་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ཏུ་གསོལ་སྙམ་པས་ངག་ཏུ། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ བླ་མ་སངས་རྒྱས་དམ་པའི་ཆོས༔ ཚོགས་མཆོག་བདེ་གཤེགས་དཀྱིལ་འཁོར་ལྷ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ཞེས་བརྒྱ་སྟོང་ལ་སོགས་པ་བློ་དང་འདྲེ་ངེས་སུ་འབད་ནས། ཐུན་བསྡུ་བ་ན་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བ་རེག་པ་ཙམ་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ། སེམས་ཅན་ཐམས་ཅད་འུར་དིང་གིས་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམ་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་ཇི་ལྟར་རིགས་པས་དགེ་བ་བསྔོའོ། །ཉལ་བའི་ཚེ་ན་དམིགས་པའི་རྟེན་མ་བཤིག་པར་དེ་ཉིད་ལ་མགོ་ཕྱོགས་པས་ཉལ་བར་མོས་ཏེ། མོས་གུས་བསྒོམ་བཞིན་པས་གཉིད་དུ་འགྲོ་བར་བྱའོ། །སྐྱབས་འགྲོའི་གོ་དོན་དང་སོང་བའི་ཕན་ཡོན་བསླབ་བྱ་དང་བཅས་པ་རྣམས་ཀྱང་སྤྲོ་ན་ཇི་ལྟར་རིགས་པ་བཤད་དོ། །དྲུག་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད་ནི། གནད་ཐེམས་ལས། སྐྱབས་སོང་དམན་པའི་ལམ་ཉིད་ལས༔ ལྡོག་ཕྱིར་བྱང་ཆུབ་སེམས་བསྐྱེད་བྱ༔ ཞེས་གསུངས་ཏེ། དེ་ཡང་ཕྱོགས་བཅུ་གང་ནས་གཞལ་ཀྱང་ནམ་མཁའ་ལ་མཐའ་མེད་པ་ལྟར་འཇིག་རྟེན་གྱི་ཁམས་ལའང་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་རྣམས་ཐམས་ཅད་ཀྱིས་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད་དེ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ནས་ཕན་ཚད་མེད་པ་བཏགས་ཤིང་། གནོད་པ་ཚད་མེད་པ་ལས་སྐྱོབ་པའི་དྲིན་ཅན་ཤ་སྟག་ཡིན། དེ་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ཐབས་མི་མཁས་པས་སྒྲུབ་པ་སྡུག་བསྔལ་ཁོ་ན་སྒྲུབ་སྟེ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་རྐང་དང་སྙིང་གས་གས་སུ་སྡོད་མི་ཟུག་པ་ཙམ་དུ་སྙིང་རྗེ་བསྐྱེད་ནས། ད་འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ནས་ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་བྱ། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་བླང་སྙམ་པའི་འདུན་པ་བརྐམ་བརྐམ་པ་བསྐྱེད་ནས་ངག་ཏུ། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔ མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ བླ་མེད་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་བརྒྱ་སྟོང་ལ་སོགས་པ་སྙིང་ཐག་པ་ནས་བརྗོད་ཅིང་། དབུགས་འབྱུང་འཇུག་དང་སྦྱར་ནས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་དགེ་བ་དང་བདེ་བ་ཐམས་ཅད་སེམས་ཅན་རྣམས་ལ་སྨིན་པར་གྱུར་ཅིག །ཅེས་སྨོན་ལམ་རྒྱ་ཆེར་གདབ་སྟེ་སྙིང་རྗེའི་རྩལ་འདོན་ནོ། །དེ་ལྟར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དར་དྲགས་ལ་ཡུན་རིང་བ་བསྒོམས་ནས་མཐར་མི་དམིགས་པའི་ངང་ལ་དར་གཅིག་གློད་ལ་དགེ་བ་བསྔོའོ། །འདིར་ཡང་སྤྲོ་ན་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གོ་དོན་དང་ཕན་ཡོན་བསླབ་བྱ་རྣམས་ལུང་དང་སྦྱར་ནས་རྒྱ་ཆེར་བཤད་དོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། རྩ་བར། སྒྲིབ་སྦྱོང་རྡོར་སེམས་བསྙེན་པ་དང༔ ཚོགས་གསག་བླ་མའི་རྣལ་འབྱོར་བསྒོམ༔ དབང་བླང་རྒྱུད་སྦྱངས་ཟབ་མོའི་གནད༔ ཅེས་པའི་དོན་ལ་དམིགས་སྐོར་གསུམ་སྟེ། སྡིག་སྒྲིབ་སྦྱོང་བ་རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད། ཚོགས་གསག་པ་མཎྜལ་གྱི་ཁྲིད། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་རྣམས་སོ། །དང་པོ་ནི། གནད་ཐེམས་ལས། སྡིག་སྦྱོང་ཕྱིར་དུ་ལྷག་པའི་ལྷ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའ་ཆེ༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཐུགས་ཀར་ཟླ་སྟེང་རྡོ་རྗེ་ལ༔ ཧཱུྃ་མཚན་ཡིག་བརྒྱའི་ཕྲེང་བས་བསྐོར༔ དེ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ བབས་པས་སྡིག་སྒྲིབ་ཉེས་ལྟུང་ཀུན༔ དག་པར་བསམས་ནས་བཟླས་པ་བྱ༔ ཞེས་གསུངས་ཏེ། རང་གི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འཚེར་བ། དེ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་ཤིང་འཚེར་བ། ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པར་འཁྱུད་པ། ཞབས་སེམས་སྐྱིལ་ཅན། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་བདེ་སྟོང་ཟུང་འཇུག་གི་ངོ་བོར་བཞུགས་པར་བསམ། དེ་ནས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་དཀར་ཞིང་གསལ་བ་འགྲེང་སྟབས་སུ་བསླང་པའི་ལྟེ་བར་ཧཱུྃ་ཡིག་དཀར་པོ་རྟག་ཏུ་འཆར་བ། དེའི་མཐའ་སྐོར་དུ་མདུན་ནས་བརྩམ་སྟེ་ཡི་གེ་བརྒྱ་པའི་ཡིག་འབྲུ་རྣམས་དངུལ་ཆུའི་མདོག་ལྟ་བུ་སྐྱ་ཁྲོམ་ཁྲོམ་གཡས་བསྐོར་དུ་འཁོད་པར་བསམ་ལ། ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ལ་གནོང་ཞིང་འགྱོད། ཕྱིན་ཆད་འཆི་བ་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་འགྱོད་སྡོམ་གྱི་བསམ་པ་དྲག་པོ་དང་ལྡན་པའི་སྒོ་ནས་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བལྟས་ལ། མོས་གུས་ཚད་མེད་པ་མཆི་མ་འབྲུལ་པ་ཙམ་བསྐྱེད་ནས། ཐུགས་ཀའི་སྔགས་ཕྲེང་ལ་ཀློག་པའི་ཚུལ་གྱིས་དམིགས་པ་གཏད་དེ། གཙོ་བོར་བླ་མ་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པས་གསོལ་འདེབས་ཀྱི་ཚུལ་དུ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ༔ སུ་ཏོ་ཥྱོ་མེ་བྷ་བ་ ཨ་ནུ་རཀྟོ་མེ་བྷ་བ་ སུ་པོ་ཥྱོ་མེ་བྷ་བ་ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ ཙིཏྟཾ་ཤྲཱི་ཡ་ཀུ་རུ་ཧཱུྃ་ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་བཟླས་པས། ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་དངུལ་ཆུའི་ཁ་དོག་ལྟ་བུ་སྐྱ་ཆི་ལི་ལི་བབས་ཏེ། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་པས་ཕུ་ཆུ་དྲག་པོས་ཐལ་བ་བདས་པ་ལྟར་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་དང་སྲོག་ཆགས་ཕྲ་མོ་ལ་སོགས་པའི་རྣམ་པར་བཤང་ལམ་དང་ཆུ་ལམ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཉིལ་ཉིལ་ཐོན་པར་བསམ་ལ། བརྒྱ་སྟོང་ལ་སོགས་པ་ཅི་ནུས་བཟླས་པའི་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རང་ལུས་དྲི་མ་མེད་པ་ཤེལ་སྒོང་ལྟར་གྱུར་པའི་ཆ་ཐམས་ཅད་བདུད་རྩིའི་རྒྱུན་དེས་སྐྱ་མེར་གྱིས་ཁེངས། སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །རྡོ་རྗེ་སེམས་དཔའ་ཐུགས་དགྱེས་པས་ཞལ་འཛུམ་པ་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གསུང་ཞིང་རྡོར་སེམས་ཡབ་ཡུམ་འོད་དུ་ཞུ་བ་རང་ལ་བསྟིམ་སྟེ། འཁོར་གསུམ་ཡོངས་དག་བརྗོད་བྲལ་བདེ་བ་ཆེན་པོའི་ངང་ལ་ལྷོད་ཀྱིས་གློད་ནས་བཞག་ཅིང་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །ཞེས་སོགས་ཀྱིས་དགེ་བ་བསྔོ། འདི་ཉིད་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་གི་བར་སེམས་ཤིན་ཏུ་འཇུར་པས་བཟླ་དགོས་ཏེ། སློབ་དཔོན་ཆེན་པོས། གཞན་དུ་ཡེངས་པར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་གསུངས་པས་དམིགས་པ་གཅུན་ལ་མ་ཡེངས་པ་གལ་ཆེའོ། །རྟགས་ནི་དངོས་སུ་རིག་པ་དྭངས་པ། ལུས་ཡང་བ་དང་། དད་པ་དང་ངེས་འབྱུང་རྩོལ་མེད་དུ་སྐྱེ་བ་ལ་སོགས་པ་དང་། ཉམས་སམ་རྨི་ལམ་ཅི་རིགས་པར་འཁྲུ་སྐྱུགས་དང་། ཁྲུས་བྱས་པ་དང་། གོས་དཀར་གྱོན་པ་དང། ཆུ་ཆེན་བརྒལ་བ་དང་། མཁའ་ལ་འཕུར་བ་དང་། ཉི་ཟླ་ཤར་བ་སོགས་སྡིག་པ་འདག་པའི་རྟགས་དང་། ལུས་ལས་རྔུལ་དང་རྣག་ཁྲག་ཆུ་སེར་འཐོན་པ་སོགས་ནད་དོན་པའི་རྟགས་དང་། གྲོག་སྦུར་སོགས་སྲོག་ཆགས་ཕྲ་མོ་འཐོན་པ་བྱུང་ན་གདོན་དོན་པའི་རྟགས་སོ། །སྐབས་འདི་དག་ཏུའང་སྤྲོ་ན་སྡིག་པའི་ཉེས་དམིགས་དང་སྟོབས་བཞིའི་གོ་དོན་སོགས་ཀྱང་བཤད་པར་བྱའོ། །གཉིས་པ་ཚོགས་གསག་པ་མཎྜལ་གྱི་ཁྲིད་ནི། གནད་ཐེམས་ལས། ཚོགས་ཞིང་སྐྱབས་ཡུལ་བཞིན་དུ་བསྒོམ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་པའི༔ ཕྱི་ནང་གསང་བའི་མཎྜལ་རྣམས༔ གུས་པའི་བློ་ཡིས་དབུལ་བར་བྱ༔ ཞེས་གསུངས་ཏེ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་ཆོས་དང་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་རྣམས་སྐྱབས་ཡུལ་གྱི་སྐབས་ལྟར་གསལ་བཏབ་ནས། དངོས་སུ་རིན་པོ་ཆེ་ལ་སོགས་པའི་མཎྜལ་ལེགས་པར་ཕྱིས་ལ་དྲི་བཟང་དང་བ་བྱུང་གི་ཆུས་བྱུག །མེ་ཏོག་གི་ཚོམ་བུ་སོ་བདུན་ནམ་བདུན་ལག་ལེན་ལྟར་བཀོད་བཞིན་པར། ཡིད་ཀྱིས་དབང་ཆེན་གྱི་ས་གཞི་ལ་བརྟེན་པའི་ལྷུན་པོ་གླིང་བཞི་རི་མཚོ་ཁོར་ཡུག་དང་བཅས་པ། གླིང་རྣམས་ཀྱི་སྟེང་དུ་ཉི་ཟླ་གཟའ་སྐར་སོགས་སྲིད་རྩེ་མན་ཆད་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་འདི་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་གང་བར་དམིགས་ཏེ་འབུལ་བ་ཕྱིའི་མཎྜལ། རང་གིས་ཡོངས་སུ་བཟུང་བའི་བུ་དང་ཆུང་མ་འཁོར་གཡོག་ལོངས་སྤྱོད་སོགས་གཅེས་དགུ་མ་ལུས་པ་གཅིག་ཏུ་བསྡུས་ནས་ལྟོས་མེད་དུ་འབུལ་བ་ནི་ནང་གི་མཎྜལ། རང་གི་ལུས་འདི་རིན་པོ་ཆེ་སྣ་ཚོགས་ཀྱི་འབྱུང་གནས་སུ་དམིགས་ཏེ་ཞེན་པ་མེད་པར་འབུལ་བ་གསང་བའི་མཎྜལ་ཏེ་ཐམས་ཅད་ཀྱང་འཁོར་གསུམ་ཡོངས་དག་བདེ་བ་ཆེན་པོའི་ངང་ལས་མི་འདའ་བའི་ཤེས་རབ་ཀྱིས་ཟིན་པར་བྱས་ལ་ངག་ཏུ། ཆོས་དབྱིངས་རང་བྱུང་རོལ་པའི་རྩལ༔ ཕྱི་ནང་སྣོད་བཅུད་སྣང་སྲིད་ཆོས༔ ཁྱབ་བརྡལ་ཞིང་ཁམས་མཆོད་སྤྲིན་བཅས༔ འཁོར་གསུམ་ཡོངས་དག་ཉིད་དུ་འབུལ༔ སརྦ་པཱུ་ཛ་རཏྣ་མ་དྷ་ལ་ཧཱུྃ༔ ཞེས་བརྒྱ་སྟོང་ལ་སོགས་པ་ཅི་ནུས་སྙིང་ཐག་པ་ནས་ཕུལ་ལ་མྱུར་དུ་སངས་རྒྱས་ཐོབ་པ་དང་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་གསོལ་བ་གདབ་མཐར། ཚོགས་ཞིང་མཆོད་རྫས་དང་བཅས་པ་འོད་དུ་ཞུ་ནས་རང་ལ་བསྟིམ་སྟེ་དགེ་བ་བསྔོའོ། །རྟགས་སེང་ཁྲི་ལ་འདུག་པ་དང་། ཅོད་པན་བཅིངས་པ། སྐྱེ་བོ་མང་པོས་ཕྱག་འབུལ་བ་སོགས་ཉམས་སམ་རྨི་ལམ་དུ་ཅི་རིགས་མ་བྱུང་གི་བར་དུ་འབད་ཅིང་ཐུན་མཚམས་སུ་ཕྱག་དང་མཆོད་པ་སོགས་སྒོ་དུ་མ་ནས་བསོད་ནམས་ཀྱི་ཚོགས་གསག །སྤྲོ་ན་སྣོད་བཅུད་ཀྱི་བཀོད་པ་དང་མཎྜལ་གྱི་ཕན་ཡོན་སོགས་བཤད་པར་བྱའོ། །གསུམ་པ་བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། གནད་ཐེམས་ལས། སྐྱབས་ཀུན་སྙིང་པོ་བླ་མ་ཡི༔ རྣལ་འབྱོར་ལམ་ལ་འཇུག་པར་བྱ༔ དག་གསལ་ཡེ་ཤེས་འོད་ལྔའི་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ མཚན་དཔེའི་གཟི་བྱིན་རབ་ཏུ་འབར༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ དགྱེས་འཛུམ་འོད་ཟེར་སྤྲོ་བའི་སྐུ༔ རྡོ་རྗེ་སྐྱིལ་ཀྲུང་ལྷམ་མེར་བཞུགས༔ མཐའ་སྐོར་བརྒྱུད་པའི་བླ་མ་དང༔ ཡི་དམ་སངས་རྒྱས་བྱང་ཆུབ་སེམས༔ འཕགས་པ་ཉན་རང་ཆོས་སྲུང་ཚོགས༔ མངོན་སུམ་ལྟ་བུར་བཞུགས་པར་བསམ༔ ཤིན་ཏུ་དད་ཅིང་གུས་པ་ཡིས༔ ཡན་ལག་བདུན་པོ་རྣམ་དག་བྱ༔ ཞེས་གསུངས་ཏེ། རང་གནས་ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་རྣམ་དག་ཏུ་གྱུར་པའི་མདུན་གྱི་ནམ་མཁའི་གནས་སུ། དྲི་མ་མེད་པས་དག་ཅིང་མི་སྒྲིབ་པར་གསལ་བའི་ཡེ་ཤེས་ལྔའི་རང་མདངས་འོད་ལྔ་འཁྲུགས་པའི་ཀློང་ན་སེང་ཁྲི་པདྨ་ཉི་ཟླའི་གདན་ལ། དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་སྙོམས་པར་འཇུག་པ། རང་ལ་དགྱེས་པའི་ཞལ་འཛུམ་མདངས་དང་ལྡན་པ། ཤིན་ཏུ་དྭངས་པའི་སྐུ་ལས་དྲི་མ་མེད་པའི་འོད་ཟེར་མཐའ་ཡས་པ་སྤྲོ་བ། སྒྱུ་མ་ལྟ་བུའི་སྐུ་ཅན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་ལྷམ་མེར་བཞུགས་པ། དེའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་མངོན་སུམ་པ་ལྟ་བུར་བཀྲ་ལམ་གྱིས་བཞུགས་པར་བསམ་མོ། །དེ་ནས་སློབ་དཔོན་ཆེན་པོས། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ ཞེས་གསུངས་པ་ལྟར་བླ་མ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀུན་འདུས་ཀྱི་རང་བཞིན་ཅན་ཡིན་པར་མ་ཟད། བདག་ལ་སངས་རྒྱས་རྣམས་ཀྱི་ཞལ་མཇལ་བ་དང་གསུང་དངོས་སུ་ཐོས་པའི་སྐལ་པ་མེད་པའི་དུས་འདིར། དེ་རྣམས་ཀྱིས་མཛད་རྒྱུ་བླ་མ་དམ་པས་མཛད་དེ་རང་རྒྱུད་ལ་སངས་རྒྱས་ཀྱི་བྱིན་རླབས་སྟེར་བར་མཛད་པ་པོ་ཡིན་པའི་ཕྱིར། རང་རེའི་སྣང་ངོར་སངས་རྒྱས་ཀུན་ལས་ཀྱང་ལྷག་ཅིང་བཀའ་དྲིན་ཆེ་སྙམ་དུ་བློ་སྣ་མོས་གུས་སུ་ཧྲིལ་གྱིས་དྲིལ་ཏེ། ལུས་ཞིང་གི་རྡུལ་སྙེད་ལྟར་སྤྲུལ་ནས་སེམས་ཅན་རྣམས་དང་ལྷན་ཅིག་པས་ཕྱག་འཚལ་བ་དང་། མཆོད་སྤྲིན་མཐའ་ཡས་པ་སྤྲོས་ཏེ་འབུལ་བ། ཉེས་བྱས་ལ་དུག་འཐུངས་པ་ལྟ་བུའི་འགྱོད་སྡོམ་གྱིས་མཐོལ་བཤགས། རྨད་དུ་བྱུང་བའི་མཛད་པ་ལ་ཡི་རང་བ། གཟུགས་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། ཆོས་འཁོར་བསྐོར་བར་བསྐུལ་བ། འདིས་མཚོན་པའི་བདག་གཞན་གྱི་དགེ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ། དོན་བསམ་བཞིན་པར་ངག་ཏུ། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ གུས་པས་བཏུད་དེ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཚེ་རབས་ཐོག་མེད་ནས་བྱས་པའི༔ སྡིག་པའི་ལས་རྣམས་མཐོལ་ཞིང་བཤགས༔ སེམས་ཅན་ཀུན་ལ་ཕན་མཛད་པའི༔ དགེ་བ་ཀུན་ལ་ཡི་རང་ངོ༔ སངས་རྒྱས་མྱ་ངན་འདའ་བཞེད་གང༔ བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ བསོད་ནམས་གང་ཞིག་བགྱིས་པ་རྣམས༔ ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ཅི་ནུས་བརྗོད། དེ་ནས་ལྕེ་བཙུན་ཆེན་པོའི་མགུར་ལས། བླ་མ་ལ་གདུང་བ་སྐྱེས་ཙ་ན། །ཉམས་དང་བྱིན་རླབས་སྐྱེ་བར་ངེས། །ཞེས་གསུངས་པ་ལྟར་བླ་མ་སངས་རྒྱས་སུ་ཤེས་པའི་ཡོན་ཏན་དང་བཀའ་དྲིན་དྲན་པས་བློ་སྣ་མོས་གུས་ཀྱིས་ཕྲོགས་པའི་གདུང་ཤུགས་སྙིང་གི་དཀྱིལ་རྐང་གི་ཁོང་། རུས་པའི་གཏིང་ནས་རྐམ་རྐམ་པ་བསྐྱེད་དེ། ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ལ། རང་གིས་བྱང་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་གསོལ་བ་ཆིག་དྲིལ་དུ་འདེབས་པར་མོས་པའི་སེམས་བསྐྱེད་རྣམ་པར་དག་པ་དང་ལྡན་པས་ངག་ཏུ། སྐྱེ་མེད་སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་དུ༔ རང་བཞིན་རྣམ་དག་གདོད་མའི་མགོན་པོ་མཆོག༔ ཀུན་བཟང་ཆོས་སྐུ་སྣང་བ་མཐའ་ཡས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གསལ་མདངས་འགག་མེད་རྡོ་རྗེ་དབྱིངས་ཀྱི་ཞིང༔ ལྷུན་གྲུབ་འོད་གསལ་བདེ་ཆེན་སྒྱུ་མའི་སྐུ༔ ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེ་ཆེན་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གང་འདུལ་དེར་སྣང་ཐུགས་རྗེའི་ཕོ་བྲང་དུ༔ མ་འགགས་རང་ཤར་འགྲོ་འདུལ་སྤྲུལ་པའི་སྐུ༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཐུགས་རྗེས་འགྲོ་བ་འདུལ་བའི་ཕོ་བྲང་དུ༔ ཇི་ལྟ་ཇི་སྙེད་ཆོས་ཀུན་མཁྱེན་ཅིང་གཟིགས༔ སྒྲ་བསྒྱུར་ལོ་ཆེན་བཻ་རོ་ཙ་ན་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཟག་མེད་བདེ་ཆེན་རྡོ་རྗེའི་ཕོ་བྲང་དུ༔ མཆོག་གི་ས་བརྙེས་མཁར་ཆེན་མཚོ་རྒྱལ་དང༔ མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གསང་ཆེན་སྨིན་གྲོལ་ཆོས་ཀྱི་ཕོ་བྲང་དུ༔ ཟབ་མོའི་ལམ་ལ་སྐལ་ལྡན་འདྲེན་མཛད་པ༔ རིག་འཛིན་བླ་མ་འགྱུར་མེད་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དེང་ནས་བདག་སོགས་མཁའ་མཉམ་འགྲོ་བ་ཀུན༔ སེམས་དང་སེམས་ཉིད་བདེ་ཆེན་ཆོས་སྐུའི་ཀློང༔ གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་ནས༔ མཐའ་ཡས་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས༔ ཞེས་ཅི་ཙམ་ནུས་ནུས་བསྐྱར་གྱིན་གསོལ་བ་དྲག་ཏུ་བཏབ་ལ། མཐར་དབང་བླང་བ་ནི། ཞེས་པས་གསོལ་བཏབ་བླ་མ་ཡི༔ གནས་གསུམ་འབྲུ་གསུམ་གནས་པ་ལས༔ དཀར་དམར་སྔོ་བའི་འོད་ཟེར་འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ དབང་བཞི་ཐོབ་ནས་སྒྲིབ་བཞི་སྦྱངས༔ སྐུ་བཞི་མངོན་དུ་གྱུར་པར་བསམ༔ ཞེས་པས་བླ་མའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བཞུགས། ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ་པས། ལུས་སྒྲིབ་སྦྱངས། བུམ་དབང་ཐོབ། སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་གོ་འཕང་མངོན་དུ་བྱས། ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས། ངག་སྒྲིབ་སྦྱངས། གསང་དབང་ཐོབ། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་མངོན་དུ་བྱས། ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས། ཡིད་སྒྲིབ་སྦྱངས། ཤེར་དབང་ཐོབ། ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས། སླར་ཡང་གནས་གསུམ་གྱི་ཡི་གེ་ལས་རང་མདོག་གི་འོད་ཟེར་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས། སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་པ་ཐོབ། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ་མོ། །སླར་ཡང་མོས་གུས་གདུང་ཤུགས་དྲག་པོའི་ཡིད་ཀྱིས་གསོལ་བ་བཏབ་པས། བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་སོགས་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་རྩ་བའི་བླ་མ་ཉིད་ཀྱི་སྐུར་ཐིམ། དེ་ཉིད་ཤིན་ཏུ་དགྱེས་པའི་ཉམས་ཀྱིས་རང་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ། རང་སེམས་བླ་མ་དང་དབྱེར་མེད་པའི་ངང་ལ་དར་གཅིག་མཉམ་པར་གཞག་རྗེས། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱི་བསྔོ་བ་དང་ཤིས་བརྗོད་ཀྱང་བྱའོ། །འདི་ནི་བྱིན་རླབས་དངོས་སུ་འབེབ་པ་དང་རྟོགས་པ་ཤུགས་ལ་འཆར་ཞིང་། ལམ་གྱི་བར་ཆད་སེལ་བ་གེགས་དང་གོལ་ས་ཆོད་པ་སོགས་བྱིན་རླབས་དངོས་གྲུབ་ཀྱི་གནད་དམ་པ་ཡིན་པས་བརྩོན་པ་ཆེན་པོས་ཉམས་སུ་བླང་དགོས་ཏེ། རྡོ་རྗེ་ཐེག་པའི་ལམ་གྱི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བླ་མ་དམ་པའི་བྱིན་རླབས་ཁོ་ན་ལ་རག་ལུས་པའི་ཕྱིར་རོ། །དེས་ན་འདིར་ཡང་བླ་མའི་མོས་གུས་ལམ་དུ་ཁྱེར་ཚུལ་དང་། མོས་གུས་ཀྱི་ཕན་ཡོན། བླ་མ་ཇི་ལྟར་བསྟེན་ཚུལ་སོགས་ཀྱང་ཟབ་མོའི་ལུང་དང་སྦྱར་ཏེ་ཞིབ་ཏུ་བཤད་པས་ངེས་ཤེས་བསྐྱེད་པར་བྱའོ། །དེ་དག་ནི་སྤྱིའི་སྔོན་འགྲོའོ། །བདེ་གཤེགས་ཀུན་འདུས་ཟབ་ལམ་གྱི། །སྒོ་འབྱེད་སྔོན་འགྲོའི་ཟིན་ཐུན་འདི། །དྷརྨ་ཤྲཱིས་སྤེལ་བའི་དགེས། །འགྲོ་ཀུན་ལམ་འདིའི་སྣོད་རུང་ཤོག། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).