Terdzo-YA-027

From Rinchen Terdzö
Revision as of 16:07, 27 July 2015 by Jeremi (talk | contribs) (XML import Fill pdflink fields in text pages)
This page is under construction. Check back later for updated content.

འཆི་བ་བསླུ་བའི་ཆོ་ག་འཆི་བདག་དཔུང་འཇོམས་

'chi ba bslu ba'i cho ga 'chi bdag dpung 'joms

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ (Thugs rje chen po bde gshegs kun 'dus)
Volume 24 (ཡ) / Pages 539-553 / Folios 1a1 to 8a3

[edit]

༄༅། །འཆི་བ་བསླུ་བའི་ཆོ་ག་འཆི་བདག་དཔུང་འཇོམས་ཞེས་བྱ་བ་བཞུགས་སོ། ། ཨ་མཱ་ར་སིདྡྷི་རསྟུ། སྟོབས་བཅུའི་སྟོབས་ཀྱིས་འཆི་བདག་དཔུང་བཅོམ་ནས། །འཆི་མེད་ཡེ་ཤེས་བདུད་རྩིས་ཚེ་ཡི་སྲོག །རྡོ་རྗེའི་ཁམས་སུ་རྒྱས་འདེབས་གར་དབང་ལྷར། །བཏུད་ནས་འཆི་བདག་ཟློག་བྱེད་ཆོ་ག་བཤད། །འདིར་གར་དབང་ཚེ་དཔག་ཏུ་མེད་པའི་ཆོ་ག་དང་འབྲེལ་བར་འཆི་བ་བསླུ་བའི་ཆོ་ག་སྒྲུབ་པ་ལ། དགོས་དོན་གང་གི་ཆེད་དུ་བྱ་བ་དང་། ཇི་ལྟར་བྱ་བའི་ཆོ་ག་བཤད་པའོ། །དང་པོ་ནི། འཆི་བ་བརྟག་པ་སྟེ་དངོས་དང་རྨི་ལམ་ལ་བརྟག་པའོ། །དངོས་ལ་བརྟག་པ་ནི་གློ་བུར་དུ་ལུས་ཀྱི་བྱད་དང་མཐུ་ཉམས་ཤིང་མདངས་ཤོར་བ་དང་སྐྱོན་ཡོན་གྱི་སྤྱོད་ལམ་སྔར་ལས་འགྱུར་བ་དང་། ཚེ་གཟུགས་ཉམས་ཤིང་མི་གསལ་བ་དང་། རླུང་གི་རྒྱུ་བ་དྲག་དལ་མི་སྙོམས་ཤིང་རྔམས་པ་རྒོད་པ། སྣའི་རླུང་ཕལ་ཆེར་གཡས་ནས་རྒྱུ་བའམ་མཉམ་པར་རྒྱུ་བ་དང་། དོན་མེད་དུ་ཡིད་མི་བདེ་ཞིང་ཆགས་སྡང་གི་ཡུལ་ལ་སྔར་ལས་སྣང་བ་འགྱུར་བ་དང་། ཤེས་རྒྱུད་འཇམ་རྩུབ་གོ་ལྡོག་པ་སོགས་སོ། །རྨི་ལམ་ལ་བརྟག་པ་ནི། ཉི་ཟླ་ནུབ་ཅིང་མུན་སྲོད་པ་དང་། ཡིད་མི་བདེ་བས་གཅིག་པུར་ལྷོ་ཕྱོགས་སུ་འགྲོ་ཞིང་བོང་བུ་དང་རྔ་མོང་མ་ཧེ་ལ་ཞོན་པ་དང་། གནས་འཚོལ་ཞིང་གཤིན་པོ་དང་ཕྲད་ནས་བཟའ་བཏུང་བྱེད་པ་དང་། གོས་དང་ཕྲེང་བ་དམར་པོས་བརྒྱན་པ་སོགས་ཤས་ཆེར་རྨིས་ན་འཆི་བའི་ལྟས་སོ། །དེ་ཡང་མེ་ཏོག་ལས་འབྲས་བུ་དང་དུ་བ་ལས་མེ་དང་སྤྲིན་ལས་ཆར་པ་འབྱུང་བ་བཞིན་འཆི་བའི་སྔ་རོལ་དུ་འཆི་ལྟས་འབྱུང་བས་སོ། །གཉིས་པ་ཇི་ལྟར་བསླུ་བའི་ཆོ་ག་བཤད་པ་ལ་སྤྱིར་བསླུ་བ་དང་ཁྱད་པར་དུ་བསླུ་བ་གཉིས་ལས། དང་པོ་སྤྱིར་བསླུ་བ་ནི། རང་གི་འབྱོར་པ་ཅི་ཡོད་ཀྱིས་དཀོན་མཆོག་ལ་མཆོད་པ་དང་། ཚོགས་འཁོར། སྐོང་བཤགས། སྦྱིན་གཏོང་། སཱཙྪ་གདབ་པ་ཉེའུ་འདོན་སྲོག་བསླུ་ཚེ་སྒྲུབ་འབྱུང་བའི་རྟེན་འབྲེལ་སོགས་སྤྱི་དང་། བྱེ་བྲག་གིས་བསླུ་བའི་ཐབས་གསུངས་པ་རྣམས་བསླུས་པའི་མཚན་མ་མ་མཐོང་གི་བར་དུ་འབད་པར་བྱའོ། །གཉིས་པ་ཁྱད་པར་དུ་བསླུ་བ་ལ་སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་དངོས་གཞི་ཆོ་གའི་ཁྲིགས་བཤད་པའོ། །དང་པོ་ཡོ་བྱད་བཤམ་པ་ནི། ཚེའི་དཀྱིལ་འཁོར་གང་དུ་བཅས་པ་དེའི་ལྷོ་ཕྱོགས་སུ་འདིའི་ཡོ་བྱད་རྣམས་བཤམ་མོ། །དེ་ཡང་རོ་ཐལ་བྲ་ནག་ཚིག་ནག་གི་ཕྱེ་རྣམས་ས་ནག་དང་བསྲེས་པ་དུག་སྣ་དང་ཁྲག་སྣ་སྦྱར་བའི་ཆུས་སྦྲུས་པ་ལ་འཆི་བདག་གི་གཟུགས་ཁ་དོག་ནག་པོ་དབྱུག་པ་དང་ཞགས་པ་འཛིན་པ། ཁ་གདངས་ཤིང་མཆེ་བ་གཙིགས་པ་མི་སྡུག་པའི་རྣམ་འགྱུར་ཅན་མི་ལྤགས་ཀྱི་གོས་དང་སྟག་ཤམ་སོགས་འཇིགས་པའི་ཆས་ཅན་གདོང་ཅུང་ཟད་སྨད་དེ་འདུག་པའི་རྣམ་པ་ཅན་དུ་བྱས་པའི་ལྟོ་བར་སྲིད་པའི་འཁོར་ལོ་བཅུག་པ། དུར་གཡམ་ལ་རོ་སོལ་གྱིས་ཆོས་འབྱུང་བྲིས་པའི་ཁར་བཞག་པའི་འོག་ཏུ་རེ་བ་ནག་པོའི་སྟན་འདིང་། དེའི་མདུན་དུ་དུག་གི་མེ་ཏོག །ཉའི་བསུར། ཚིལ་ཆེན་གྱི་སྒྲོན་མེ། མཁྲིས་པའི་དྲི་ཆབ། འབྲུ་ནག་དང་ཤ་ཆེན་གྱི་ཞལ་ཟས་ཏེ་ཉེར་སྤྱོད་ལྔ་བཤམ། དེའི་མདུན་དུ་ཁམ་ཕོར་བཅུའི་ནང་དུ་ཟན་ཆངས་བཅུ་བཅུ་ལ་ཉ་ཤ་དང་ཤ་རྗེན་སྲན་ཆན་ཁྲག་དང་ཁུར་བ་ཐུག་པ་དང་སྒོག་བཙོང་ཞོ་མར་བུ་རམ་ལ་སོགས་པས་བརྒྱན་པ་བཅུ་ཚར་དང་། དེ་རྣམས་ཀྱི་གསོག་སྣོད་ལྕགས་སླང་གཅིག་དང་བཅས་པ་བཞག །ལས་སྔགས་བཟླས་པའི་སྤོས་ཆུས་བསྒྲུབ་བྱའི་ལུས་ཐམས་ཅད་དམ་ཡན་ལག་ལྔ་བཀྲུས་པའི་ཁྲུས་ཁུས་འབྲུ་སྣ་སྔའི་ངར་ཕྱེ་སྦྲུས་པའི་ཟན་ལ་དེའི་གཟུགས་རྩེ་ཁྲུ་གང་པ་སྐྱེ་མཆེད་དོད་པ་ཞིག་བྱས་ལ། དེའི་ལྟོ་བར་འབྱུང་བཞིའི་འཁོར་ལོ་རབ་གནས་ཅན་བཅུག །སྤྱི་བོ་དང་ཕྱོགས་བཞིར་མར་མེ་ལྔ་བཀོད། ཕྲག་པ་གཡས་གཡོན་ལ་སྟག་པ་དང་གླང་མའི་བྱང་བུ་ལ་འཆི་བདག་ཕོ་མོའི་ཁྲམ་བྲིས་པ་བཙུག་གོས་དང་རྒྱན་བཏགས་པ་གཞི་གཙང་མའི་ཁར་ཀུ་ཤའི་སྟན་ལ་བཞག །དེའི་མཐའ་སྐོར་དུ་རིན་ཆེན་སྣ་ཚོགས་དང་འབྲུ་སྣ་ཤ་མར་བུ་རམ་སྨན་སྣ་དར་ཟབ་ཚོས་དང་ཚྭ་སོགས་རྫོངས་ཆས་ཀྱི་དཀོར་ཆ་ཇི་ལྟར་འབྱོར་པ་བཤམ། དཀྱིལ་འཁོར་དང་ཉེ་བར་སློབ་དཔོན་འཁོད་པའི་མདུན་དུ་བསྒྲུབ་བྱ་སློབ་དཔོན་ལ་ཕྱོགས་ཏེ་རེ་བ་ནག་པོའི་སྟན་ལ་བཞག་པ་ཚོན་སྐུད་སྣ་ལྔས་ལན་བཅུ་དཀྲིས་པའི་སྣེ་མོ་གཤིན་རྗེའི་གཟུགས་ཀྱི་ལག་ཏུ་གཏད། གཞན་ཡང་འོག་ཏུ་དགོས་པའི་གོས་སྟན་དཀར་པོ་དང་མེ་ཏོག་དཀར་པོ་སོགས་ཤིས་པའི་རྫས་རྣམས་ཀྱང་བཤམ་མོ། །གཉིས་པ་ཆོག་ཁྲིགས་ལ་རྩ་བའི་དཀྱིལ་འཁོར་སྒྲུབ་པ་དང་། ཁྱད་པར་གྱི་ཆོ་ག་གཉིས་ལས། དང་པོ་ནི། རྩ་བའི་དཀྱིལ་འཁོར་གྱི་སྒྲུབ་མཆོད་སྔོན་གཏོར་ནས་བརྩམ་སྟེ་ཚེ་འགུགས་བསྟིམ་གྱི་བར་ཚེ་ཆོག་བདུད་རྩིའི་ཆར་འབེབ་བཞིན་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་བསྔོ་དགོས་པ་རྣམས་དང་ཚོགས་ཀྱི་མཆོད་པ་བྱེད་ན་ཡང་སྐབས་འདིར་བྱའོ། །གཉིས་པ་ཁྱད་པར་གྱི་ཆོ་ག་ལ་དགུ་ལས། དང་པོ་རྫས་བྱིན་གྱིས་རློབ་པ་ནི། རཾ་ཡཾ་ཁཾ་གིས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་འདོད་ཡོན་ཟད་པ་མེད་པའི་ལོངས་སྤྱོད་ཀྱི་དངོས་པོ་མཁོ་དགུ་ཚང་ཞིང་བཟང་དགུས་འབྱོར་པ་དགྱེས་དགུར་སྤེལ་བའི་མཐུན་རྫས་ཀྱི་ཚོགས་དང་བཅས་པ་རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་དུས་འཁོར་བ་རྒྱུན་ཆད་མེད་པར་འབྱུང་བ། འདོད་ཡོན་གྱི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་གིས་སྤྱིར་བྱིན་གྱིས་བརླབས་ནས་ཁྱད་པར་དུ། ཐལ་མོ་ཁོང་སྟོང་སྙིང་གར་སྦྱར་བ་ཆོས་ཉིད་རྣམ་དག་གི་རྒྱས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་ལན་གསུམ་བརྗོད་པས། རྫས་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། ཐལ་མོ་ཁོང་སྟོང་སོར་རྩེ་སྤྲད་པ་ཚིགས་ཟུར་བཅགས་ནས་སྨིན་མཚམས་སུ་བཞག་པ་ནམ་མཁའ་མཛོད་ཀྱི་རྒྱས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཐལ་མོ་སྦྱར་བ་ཕྱིར་སྐྱེད་མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་འཇོག་པ་བདུད་རྩི་ཐབ་སྦྱོར་གྱི་རྒྱས། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོར་གྱུར། གཡས་རྡོ་རྗེ་ཁུ་ཚུར་བཅང་པའི་མཛུབ་མོ་སྒྲེང་། གཡོན་ས་གནོན་བྱ་བ་རྒྱ་ཆེན་ཤུགས་ལྡན་གྱི་རྒྱས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་གྱུར། གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་ཚུལ་ཡེ་ཤེས་སྐར་མདའི་རྒྱས། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་སྤྱོད་པར་གྱུར། ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་མཁྲིག་མ་སྦྱར་མཐེ་བོང་གཉིས་གཤིབས་ཏེ་བསྒྲེངས་པ་སྤྱི་བོར་འཇོག་པ་དབང་བསྒྱུར་འཁོར་ལོའི་རྒྱས། ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫྱོ་ཏི་ནཱཾ་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་རྣམས་ཐམས་ཅད་བདག་གིས་དབང་དུ་གྱུར་པར་བསམ་ཞིང་སྔགས་རྣམས་ལན་གསུམ་གསུམ་བརྗོད་ཅིང་ཕྱག་རྒྱ་འགྲོལ་བ་ན་སེ་གོལ་བྱའོ། ན་མོཿ བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འགྲུབ་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་དོ། །གཉིས་པ་མགྲོན་དགུག་པ་ནི། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཡང་བཅོས་ལྡན་འདས་པདྨ་གར་དབང་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བསྒྲུབ་བྱ་ཆེ་གེ་མོའི་ཚེ་སྲོག་ལ་བར་དུ་གཅོད་པའི་འཆི་བདག་གཤིན་རྗེའི་དཔུང་ཚོགས་འཁོར་དང་བཅས་པ་ཐམས་ཅད་གཟུགས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀརྴ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱུགས་པའི་སྒྲ་དང་ཉའི་བསུར་དུད་དང་བཅས་པས་ཡིད་ཆེས་པར་བཀུག་ནས་གཟུགས་བརྙན་གཤིན་རྗེ་དངོས་སུ་གསལ་བ་ལ་མེ་ཏོག་སོགས་ཉེར་སྤྱོད་ལྔ་སྦྱིན་ནོ། །གསུམ་པ་བདེན་པའི་སྟོབས་ཀྱིས་བཀའ་བསྒོ་བ་ནི། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས། ཨོཾ༔ གང་དག་ཆོས་རྣམས་ཐམས་ཅད་ཀྱི༔ རྒྱུ་དང་འབྲས་བུའི་མཚན་ཉིད་ནི༔ མངར་དང་ཁ་བའི་ས་བོན་ལས༔ འབྲས་བུ་སོ་སོར་སྨིན་པ་བཞིན༔ དགེ་དང་མི་དགེའི་ལས་རྣམས་ཀྱི༔ འབྲས་བུ་ཡང་ནི་དེ་བཞིན་ཏེ༔ དེ་བས་ཞེ་སྡང་གདུག་རྩུབ་སོགས༔ མི་དགེའི་ལས་རྣམས་ཀུན་སྤོངས་ལ༔ ཞི་ཞིང་བྱམས་པའི་སེམས་ཀྱིས་ནི༔ འགྲོ་བ་འདི་ལ་ཕན་མཛད་གསོལ༔ ཞེས་བརྗོད་པས་དེ་རྣམས་གདུག་རྩུབ་ཀྱི་བསམ་པ་ཞི་ནས་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཇི་ལྟར་བསྒོ་བའི་བཀའ་ནོད་ཅིང་གཏོར་མ་ལེན་པར་བསམ་མོ། །བཞི་པ་གཏོར་མ་བསྔོ་བ་ནི། གཏོར་མ་བཅུ་ཚན་ཤམ་པ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་བརླབས་ཏེ་གཏོར་མ་དང་པོ་ལ་དམིགས་ནས། རང་གི་ལག་པ་གཡས་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་རྩི་འབྱུང་བའི་ཨོཾ་དཀར་པོ་གསལ་བ་ལས་བདུད་རྩིའི་རྒྱུན་བབས་པ་གཏོར་མ་དང་འདྲེས་ནས་འཆི་བདག་འཁོར་བཅས་ཀྱིས་གསོལ་བས་མཉེས་ཤིང་ཚིམ་པར་བསམ་ལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ཞེས་ཚར་བཅུས་ཚིམས་པར་བསྔོས་པའི་མཐར་བསྒྲུབ་བྱ་ལ་བསྐོར་ཞིང་། ཨོཾ༔ འཆི་བདག་གཤིན་རྗེ་ནག་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་གཏོར་མ་དམ་པ་འདི་བཞེས་ལ་ཆེ་གེ་མོ་འཆི་བའི་ནད་གདོན་བར་ཆད་ཐམས་ཅད་མྱུར་དུ་ཞི་བར་མཛད་དུ་གསོལ༔ ཞེས་གཏོར་མ་གསོག་སྣོད་དུ་བཞག་ལ། དེ་ནས་རྩ་སྔགས་ཀྱི་མཐར། ཨོཾ་ཨ་ཀཱ་ལ་མྲྀ་ཏྱུ་ཛྭ་ར་དུཥྚཱཾ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བདུན་བཟླས་ནས་རྡོ་རྗེ་དང་བཅས་པའི་རྨ་བྱའི་སྒྲོས་བསྒྲུབ་བྱ་ལ་བྱབས་ནས་གླུད་ལ་བསྟིམ་ཚུལ་བྱས་ལ། སྔར་བཞིན་བདེན་པའི་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བསྒྲུབ་བྱ་ཆེ་གེ་མོ་འཆི་བདག་གི་ཞགས་པ་ལས་ཐར་བར་གྱུར་ཅིག༔ གཤིན་རྗེའི་ཁྲམ་ལས་ཐར་བར་གྱུར་ཅིག༔ མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཐར་བར་གྱུར་ཅིག༔ ཅེས་བརྗོད་པས་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ལུས་ལས་དུ་རླངས་ཀྱི་རྣམ་པས་ཐོན་ནས་གླུད་ལ་ཐིམ་པར་བསམ་ཞིང་ལས་ཀྱི་རྡོ་རྗེས་བསྒྲུབ་བྱ་བཅིངས་པའི་ཚོན་སྐུད་རིམ་པ་གཅིག་བཀྲོལ་ནས་གླུད་ལ་དཀྲི་ཞིང་བྱང་བུའི་ཁྲམ་རིས་གཅིག་བསྲུབ། དེ་བཞིན་དུ་གཏོར་མ་གཉིས་པ་ནས་བཅུ་པའི་བར་དུ་བསྔོ་བ་དང་ལས་འཆོལ་བ་དང་ཞགས་པ་འགྲོལ་བ་དང་། ཁྲམ་བསལ་བ་རྣམས་སྔར་ལྟར་ཤེས་པར་བྱའོ། །ལྔ་པ་གླུད་བསྔོ་བ་ནི། སླར་ཡང་ངར་གླུད་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞུ་བ་ལས་བྱུང་བའི་ངར་མི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྫོགས་པ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་དཀོར་ནོར་དང་བཅས་པར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས། ཧཱུྃ༔ འབྲུ་བཟང་ངར་གྱི་མི་བོ་ཆེ༔ ཁམས་ལྔའི་རང་བཞིན་ཉིད་ལས་གྲུབ༔ རྣམ་ཤེས་ཚོགས་བརྒྱད་ཡང་དག་ལྡན༔ གཟུགས་མཛེས་སྒེག་འགྲོས་ལམས་སེ་ལམ༔ སྨྲ་མཁས་ངག་སྙན་ཀྱུ་རུ་རུ༔ སེམས་ཀྱི་རྟོག་དཔྱོད་ཧྲིག་གེ་ཧྲིག༔ མཛེས་པའི་གོས་རྒྱན་པུ་རུ་རུ༔ བཟའ་བཏུང་ལོངས་སྤྱོད་སྤུངས་སེ་སྤུང༔ འདི་འདྲའི་གླུད་བཟང་ཡ་མཚན་ཅན༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་དང༔ ཆོས་ཉིད་རོལ་པའི་མཐུ་ལས་གྲུབ༔ མི་བས་གླུད་དགའ་བཞེས་སུ་གསོལ༔ བཞེས་ནས་བསྒྲུབ་བྱ་འདི་ཉིད་ལ༔ གདུག་རྩུབ་སེམས་ཀྱི་ཁྲོ་བ་སྤོངས༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ ཟོས་པ་སྐྱུགས་ལ་ཤི་བ་གསོས༔ ཞི་དང་བྱམས་པའི་སེམས་ཀྱིས་ནི༔ འཆི་བའི་འཇིགས་པ་ཞི་བར་མཛོད༔ ཅེས་བསྒྲུབ་བྱའི་ལོ་གྲངས་ལ་སོགས་པ་བསྔོ་ཞིང་བསྐོར་ནས་འཆི་བདག་གི་གཟུགས་ཀྱི་མདུན་དུ་བཀོད། དྲུག་པ་དཀོར་ཆའི་རྫོངས་འདེབས་པ་ནི། རྫོངས་ཆས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས་བསྔོས་ཏེ། དེ་ཡང་འདིར་མ་བཤད་ཀྱང་རིགས་མཐུན་གྱི་ཆོ་ག་གཞན་ལས་འབྱུང་བ་ལྟར་ན་རྫས་འཇལ་བྱེད་ཀྱི་བྲེ་སྲང་ཆུང་ངུ་རེ་བཅས་པའི་བྲེ་ལ། ཨོཾ་ཨསྨ་སརྦ་པརྩི་མུར་ཏི་ཐིབས་སྭཱ་ཧཱ༔ ཞེས་བྲེ་ལ་བྲིས་ཤིང་ཉེར་གཅིག་བཟླས་ནས་གདབ། དེ་བཞིན་དུ་བཅད་ཤིང་སྔགས། ཨོཾ་ཐིབས་ཏ་མཐོང་བའི་རྒྱལ་པོ་སྭཱ་ཧཱ༔ ཞེས་ཚར་ལྔ་བཟླས་ཏེ་བཏབ། སྲང་ལ། ཨོཾ་མ་ཏི་སྤཱ་མ་ནི་ཏན་ཐིབས་སྭཱ་ཧཱ༔ ཞེས་བྲིས་ཤིང་ལན་གསུམ་བཟླས་ནས་བཏབ། འབྲུ་སོགས་བྲེས་གཞལ་བར་འོས་པ་རྣམས་གཞལ་ཞིང་། ཧོ། འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ལ་འབྲུ་སྣ་ལྔ་སོགས་ལོངས་སྤྱོད་ཀྱི་དངོས་པོ་བྲེ་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་གྲངས་མེད་པའི་བར་དུ་འབུལ་ལོ། །བསྒྲུབ་བྱ་འདི་ཉིད་ཀྱི་ཚེ་དང་སྲོག་གི་གླུད་དུ་བཞེས་ལ་གནོད་པའི་བསམ་སྦྱོར་སྤངས་ནས་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་མཛད་དུ་གསོལ། ཞེས་གྲངས་ཀྱི་ཚེ་མཆོད་གཡོག་གིས་དེ་ལྟར་གཞལ་ནས་འཆི་བདག་གི་གཟུགས་ཀྱི་མདུན་དུ་སྤུངས་ནས་འཇོག །དེ་བཞིན་དུ་ཤ་མར་བུ་རམ་སོགས་སྲང་ལ་འཇལ་འོས་རྣམས་གཞལ་ནས། ཧོ། འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ལ་ཤ་མར་བུ་རམ་སོགས་ལོངས་སྤྱོད་ཀྱི་དངོས་པོ་སྲང་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་གྲངས་མེད་པའི་བར་དུ་འབུལ་ལོ། །བསྒྲུབ་བྱ་འདི་ཉིད་ཀྱི་ཚེ་དང་སྲོག་གི་གླུད་དུ་བཞེས་ལ་གནོད་པའི་བསམ་སྦྱོར་སྤངས་ནས་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་མཛད་དུ་གསོལ། ཞེས་སྔར་བཞིན་ཕུལ་ནས། སླར་ཡང་། ཧཱུྃ༔ འཆི་བདག་གཤིན་རྗེ་འཁོར་བཅས་ལ༔ མཐུན་པའི་དཀོར་ཆ་རྫོངས་སུ་འདེབས༔ འདོད་ཡོན་རིན་ཆེན་སྣ་ལྔ་དང༔ འབྲུ་དང་ཤ་མར་བུ་རམ་ཐུད༔ ཆན་དང་ཁུར་བ་མར་མེ་དང༔ སྨན་དང་སྤོས་དང་དར་ཟབ་དང༔ གོས་དང་རྒྱན་ཆ་དུ་མར་བཅས༔ འདོད་ཡོན་ལོངས་སྤྱོད་རྒྱ་ཆེན་འདི༔ དེང་གི་བསྒྲུབ་བྱ་འདི་ཉིད་ཀྱིས༔ འཆི་བདག་འཁོར་བཅས་སྤྱན་ལམ་དུ༔ མི་ཤེས་པ་དང་བག་མེད་པས༔ ཉེས་ཤིང་འགལ་བ་གང་བགྱིས་པ༔ ནོངས་ཤིང་བཤགས་པའི་སྐོང་དུ་འབུལ༔ སྲོག་གི་རིན་དང་གླུད་དུ་འབུལ༔ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་ལོ་བཞེས་ཤིང་བསྣམས་ནས་ཀྱང༔ ཐུགས་ཀྱི་བརྣགས་པ་ཞི་བ་དང༔ ཞི་དང་ཕན་པའི་བསམ་པ་ཡིས༔ འཆི་བའི་འཇིགས་པ་བསལ་དུ་གསོལ༔ ཞེས་བརྗོད་ཅིང་རྫོངས་ཆས་རྣམས་མ་ལུས་པར་གཟུགས་ཀྱི་མཐར་སྤུང་ངོ་། །བདུན་པ་ཁྲུས་བྱ་བ་ནི། དེ་ནས་སྔགས་བཟླས་པའི་སྤོས་ཆུས་བསྒྲུབ་བྱ་ལ་ཁྲུས་བྱས་པས་འཆི་བའི་འཇིགས་པ་ཐམས་ཅད་ཁྲུས་ཁུ་དང་ལྷན་ཅིག་ནག་འདུར་གྱིས་འཐོན་ནས་གླུད་ལ་ཐིམ་པས་འཆི་བའི་འཇིགས་པ་ལས་ཐར་བར་བསམ་མོ། །བརྒྱད་པ་ཡས་སྐྱེལ་བ་ནི། འཆི་བདག་གི་གཟུགས་ཁ་ལྷོ་ཕྱོགས་སུ་བསྒྱུར་བའི་མཐར་རྫོངས་ཆས་རྣམས་ཀྱང་གསར་ལ། ཡི་དམ་གྱི་ང་རྒྱལ་དྲག་པོ་དང་ལྡན་པས་འདི་སྐད་དོ། །ཧཱུྃ༔ ཉོན་ཅིག་འཆི་བདག་གཤིན་རྗེའི་རྒྱལ༔ ཁྱོད་ནི་ལས་ཀྱི་རྫུ་འཕྲུལ་ཅན༔ འགྲོ་བའི་སྲོག་བདག་ཆེན་པོ་སྟེ༔ ཤི་བ་ཀུན་གྱི་གཤིན་བུ་རྗེ༔ གསོན་པོ་སྐོས་ལ་འདེབས་པ་པོ༔ དགེ་སྡིག་ཤན་ཐང་འབྱེད་པ་པོ༔ འཁོར་དང་བཅས་པ་ཁྱེད་རྣམས་ལ༔ དེ་རིང་ཡོན་གྱི་བདག་པོ་འདིའི༔ ཚེ་དང་སྲོག་གི་གླུད་འབུལ་ལོ༔ དགྱེས་ཤིང་མགུ་བར་གྱུར་ནས་ཀྱང༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བཀའ་དང་དམ་ལས་མ་འདའ་བར༔ མཆོད་སྦྱིན་བཟང་པོ་འདི་སྣོམས་ལ༔ སོང་ཞིག་གཞན་དུ་འགྲོ་བར་གྱིས༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ སྔོན་གྱི་ལན་ཆགས་ཡོད་ན་ཡང༔ མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས༔ བདག་ཉིད་ཆེན་པོ་སངས་རྒྱས་བཀའི༔ ཚིག་ལས་འདས་ན་རྡུལ་དུ་རློག༔ དེ་བས་བགེགས་ཆེན་ཁྱོད་སོང་ལ༔ དམ་ཚིག་གཉན་ལས་མ་འདའ་ཞིག༔ ཅེས་བརྗོད་ཅིང་དྲག་སྔགས་བཟླས་གུ་གུལ་གྱིས་བདུག་ཅིང་ཐུན་བྲབ་རོལ་མོ་དང་བཅས་པའི་ཚམ་རྔམ་རྣམས་ཀྱིས་ལྷོ་ཕྱོགས་ཀྱི་གྲོང་ཟད་པའི་མཐར་བསྐྱལ་ནས་སྲུང་བའི་འཁོར་ལོས་མཚམས་བཅད་དོ། །དགུ་པ་བཀྲ་ཤིས་ཀྱིས་མངའ་གསོལ་བ་ནི། བསྒྲུབ་བྱ་སྟན་དཀར་པོའི་སྟེང་དུ་མེ་ཏོག་དཀར་པོ་བཀྲམ་པ་ལ་བཞག །ཚེ་དཔག་ཏུ་མེད་པར་བསྐྱེད་བསྟིམས་བྱས་ནས། སྙིང་ག་ནས་འཕྲོས་པའི་འོད་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་བསྒྲུབ་བྱ་ལ་ཐིམ་པར་བསམ་ཞིང་ཚེ་འགུགས་བྱ། སྔར་བསྒྲུབས་པའི་བུམ་ཆུ་བླུད་དེ། ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ལས་བྱུང་བ་ཡི༔ འཆི་མེད་བདུད་རྩིའི་ཆུ་རྒྱུན་འདིས༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། ཚེ་རིལ་དང་ཚེ་ཆང་བྱིན་ལ། ཧྲཱི༔ ལྷ་དང་རིག་འཛིན་ཐམས་ཅད་ཀྱི༔ འཆི་མེད་གྲུབ་པའི་དམ་ཚིག་རྫས༔ བདུད་རྩིའི་བཅུད་མཆོག་དམ་པ་འདིས༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད་ཅིང་རོལ་དུ་བཅུག །རྡོ་རྗེ་སྙིང་གར་གཟུང་སྟེ། ཨོཾ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ ལྷ་དང་འཇིག་རྟེན་སྐྱོང་རྣམས་ཀྱི༔ བདེན་པའི་སྟོབས་དང་གཟི་བརྗིད་ཀྱིས༔ འཆི་བདག་བདུད་ཀྱི་གཡུལ་ངོ་ལས༔ རྒྱལ་བར་གྱུར་ཅིག་དེ་རིང་ཁྱོད༔ མི་འགྱུར་ཚེ་སྲོག་བརྟན་གྱུར་ཅིག༔ ཅེས་མངའ་གསོལ་བས་བསྒྲུབ་བྱ་འདི་ཞེས་བྱ་བའི་ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཏེ་འཆི་བ་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་པར་གྱུར་ཅིག །ཅེས་དང་བཀྲ་ཤིས་ཀྱི་ཚིགས་བཅད་མེ་ཏོག་གི་ཆར་དབབ་ཅིང་རོལ་མོའི་སྒྲ་དང་བཅས་པས་མཐའ་བརྒྱན་ནོ། །ཡང་འདི་དང་འབྲེལ་བར་ཚེ་དབང་ཉིད་བསྐུར་ན་ཡང་ཤིན་ཏུ་ལེགས་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་གྱི་རྗེས་ཀྱི་ཆོ་ག་རྣམས་ནི་ལས་གཞུང་བཞིན་ཤེས་པར་བྱའོ། །གཞན་ཡང་ཆོ་ག་འདི་ཉིད་སྒྲུབ་པ་དང་དུས་མཚུངས་པར་རྒྱབ་དཔུང་བསྐྱེད་པའི་ཕྱིར། དཀོན་མཆོག་གི་རྟེན་ལ་མཆོད་འབུལ་བྱ། ཚེ་མདོ་ལ་སོགས་པའི་གཟུངས་མདོ་སྒྲོག །ཆོས་སྐྱོང་ལ་སྐོང་བཤགས་བྱ། ལན་ཆགས་སྦྱོང་བའི་ཆབ་གཏོར་གཏང་། སཱཙྪ་གདབ། ཕོངས་ཤིང་མགོན་མེད་རྣམས་ལ་སྦྱིན་གཏོང་དང་། སྲོག་བསླུ་སོགས་ཅི་འགྲུབ་ཏུ་བྱ་ཞིང་། དེ་དག་སྒྲུབ་མཁན་ཡང་ཁྲིམས་ལྡན་གཙང་སྦྲ་ལ་གནས་པ་དང་ལྷག་པའི་བསམ་པ་དགེ་བ་དག་ཇི་རྙེད་དུ་བྱའོ། །སྔར་བཤད་སྲིད་པའི་འཁོར་ལོ་ཞེས་པ་ནི། འཁོར་ལོ་མུ་ཁྱུད་གསུམ་བསྐོར་བའི་དབུས་སུ། ཕག་སྤྲུལ་བྱ་རྣམས་བརྩེགས་པ་བྲི། ཕྱི་རིམ་ལིང་ཚེ་དྲུག་ལ། ལྷ་དང་ལྷ་མ་ཡིན་དང་མི་དང་བྱོལ་སོང་ཡི་དྭགས་དམྱལ་བ་རྣམས་ཀྱི་གཟུགས་སམ་མིང་ངམ། ཨ་ཏྲི་ནྲྀ་སུ་པྲེ་དུ་ཞེས་པ་རིམ་བཞིན་བྲི། ཕྱི་རིམ་ལིང་ཚེ་བཅུ་གཉིས་ལ་མ་རིག་པ། འདུ་བྱེད། རྣམ་ཤེས། མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་རྣམས་གཟུགས་སམ་མིང་བྲིས་པའོ། །ཡང་འབྱུང་བཞིའི་འཁོར་ལོ་ནི། འཁོར་ལོ་རིམ་པ་གསུམ། ལྟེ་བ། རྩིབས་བཞི། མུ་ཁྱུད་དང་བཅས་པ་ལྔ་ལ་རེ་རེ་བཞིན་ལྟོ་བ་དང་རྩིབས་ལ། ཨེ། ཡཾ། རཾ། ཁཾ། ལཾ་རྣམས་སོ་སོར་བྲི། ཕྱིའི་མུ་ཁྱུད་ལ་དབྱངས་གསལ་བཀོད། འབྱུང་བའི་རང་མདོག་ཏུ་བྱས་པ་ས་བོན་སོ་སོ་ལས་འབྱུང་བ་ལྔའི་ལྷ་མོར་བསྐྱེད་བསྟིམས་མཆོད་ནས་སོ་སོར་རང་སྔགས་ཉེར་གཅིག་རེ་བཟླ། འོད་དུ་ཞུ་བ་ལས་འབྱུང་བ་ལྔར་གྱུར་པར་བསམས་ནས་རྟེན་འབྲེལ་སྙིང་པོའི་རབ་གནས་བྱའོ། །པདྨ་གར་དབང་ཚེའི་སྒྲུབ་པའི་ལས་ཚོགས་ཕྱི་ལྟར་འཆི་བ་བསླུ་བའི་ཆོ་ག་འདི་ནི་གཏེར་གཞུང་གི་དགོངས་པ་ཇི་ལྟ་བ་བཞིན་གནས་སྐབས་ཉེ་བར་མཁོ་བ་ལ་འཇུག་པ་བདེ་བའི་ཆེད་དུ་བཀླག་ཆོག་ཏུ་བཀོད་པ་སྟེ་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་སོ། །སརྦ་དཱ་མངྒ་ལཾ།། །།

[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).