Terdzo-YA-026

From Rinchen Terdzö

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས་པདྨ་གར་དབང་ཚེ་དཔག་ཏུ་མེད་པ་ཕྱི་ལྟར་སྒྲུབ་པ་ཚེ་དབང་དང་བཅས་པ་བདུད་རྩིའི་ཆར་འབེབ་

zab lam bde gshegs kun 'dus las pad+ma gar dbang tshe dpag tu med pa phyi ltar sgrub pa tshe dbang dang bcas pa bdud rtsi'i char 'beb

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ (Thugs rje chen po bde gshegs kun 'dus)
Volume 24 (ཡ) / Pages 517-537 / Folios 1a1 to 11b2

[edit]

༄༅། །ཟབ་ལམ་བདེ་གཤེགས་ཀུན་འདུས་ལས་པདྨ་གར་དབང་ཚེ་དཔག་ཏུ་མེད་པ་ཕྱི་ལྟར་སྒྲུབ་པ་ཚེ་དབང་དང་བཅས་པ་བདུད་རྩིའི་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཚེ་དང་ཡེ་ཤེས་དཔག་ཡས་པའི། །དངོས་གྲུབ་མཆོག་སྩོལ་ལྷག་པའི་ལྷ། །གར་དབང་མགོན་ལ་ཕྱག་བྱས་ནས། །སྒྲུབ་ཐབས་དབང་གི་ཆོ་ག་བཤད། །འདིར་པདྨ་གར་དབང་ཚེ་དཔག་ཏུ་མེད་པ་སྒྲུབ་པའི་ཐབས་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་སྒྲུབ་པའི་ཐབས། བྱིན་རླབས་དབང་གི་ཆོ་གའོ། །དང་པོ་སྦྱོར་བ་ཡོ་བྱད་བཤམ་པ་ནི། དགེ་ཞིང་ཤིས་པའི་གནས་སུ་ཟླ་བ་ཡར་གྱི་ངོའི་གཟའ་སྐར་འཕྲོད་སྦྱོར་བཟང་པོ་ལ་བཀྲ་ཤིས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། གཞི་བགེགས་ལ་གཏོར་མ་བྱིན་ནས་བར་ཆད་བསྲུང་བའི་ཕྲིན་ལས་འཆོལ་ཞིང་མཚམས་བཅད། དེར་ཁྱད་པར་གྱི་རྫས་དང་ས་ལས་སྟེགས་བུ་གྲུ་བཞི་ཁྲུ་གང་བ་བརྩིགས་པའམ། དེ་དང་མཉམ་པའི་ས་གཞི་ཁོད་སྙོམས་པ་ལ་བདུད་རྩི་ལྔ་དང་མཚལ་དང་ལི་ཁྲི་སྦྱར་བ་བྱུག །བྱིན་གྱིས་བརླབས་པའི་ཚོན་གྱིས་ཆོས་འབྱུང་དམར་པོ་བརྩེགས་མའི་དབུས་སུ་ཟླ་གམ་སྒོ་གཅིག་ནུབ་ཏུ་བསྟན་པའི་ལྟེ་བར་པདྨ་འདབ་མ་བཞི་པ་དང་། ཕྱི་རོལ་དུ་རྡོ་རྗེའི་ར་བ་འོད་ཟེར་དམར་པོའི་ཕྲེང་བས་བསྐོར་བ་བྲི། ལྷ་གནས་སུ་སོ་སོའི་ཕྱག་མཚན་ནམ་ཚོམ་བུ་དགོད། དབུས་སུ་མཉྫི་ལ་བུམ་པ་ཆས་ལྡན་རྫས་ཉེར་ལྔ་རྒྱུན་འབབ་ཀྱི་ཆུས་བྲན་པས་བཀང་བའི་ཁར། ཐོད་པ་དུམ་བུ་གཅིག་པར་བཅུད་ལེན་གྱི་སྨན་ཕབས་བུར་ཆང་དང་སྦྱར་བ་བླུགས་ལ་དར་དམར་པོས་ཁ་བཀབ། སྟེང་དུ་མེ་ལོང་དང་གཟུངས་རྡོར་བཞག །དཀྱིལ་འཁོར་གྱི་ཤར་དུ་མཆོད་གཏོར་དང་སྨན་རཀ །ལྷོར་བཅུད་ལེན་གྱི་ཚེའི་རིལ་བུ། ནུབ་ཏུ་མདའ་དར་དམར་པོ་མེ་ལོང་དང་གསེར་གཡུས་བརྒྱན་པ། བྱང་དུ་ཚེ་ཆང་། མཐའ་སྐོར་དུ་མཆོད་པ་རྣམས་དང་གཏེར་སྲུང་གི་གཏོར་མ་རྣམས་ཀྱང་ཚུལ་བཞིན་དུ་བཤམ། སྟན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་ཆོས་འཁོར་དུ་བྲི། རང་ཉིད་ཆས་གོས་དམར་པོ་དང་ལྡན་པས་ཁ་ནུབ་ཏུ་ཕྱོགས་པར་འདུག་སྟེ། རྡོར་དྲིལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱང་ཚོགས་པར་བྱའོ། །གཉིས་པ་སྒྲུབ་པའི་ཐབས་ལ། ཐོག་མར་བགེགས་གཏོར་བཤམས་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། ཕེཾ་ཞེས་གཏོར་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་བསྔོས་ལ། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ དངོས་གྲུབ་སྒྲུབ་ལ་བར་གཅོད་པའི༔ ལོག་འདྲེན་བགེགས་དང་འབྱུང་པོའི་ཚོགས༔ མཆོད་སྦྱིན་བཟང་པོས་ཚིམས་བྱོས་ལ༔ མྱུར་བ་ཉིད་དུ་ཕྱིར་དེངས་ཤིག༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ བདག་ཉིད་ཐུགས་ལས་ཁྲོ་བོ་དང༔ རྡོ་རྗེ་མཚོན་ཆའི་ཚོགས་སྤྲོས་ཏེ༔ ཁྱོད་ཀྱི་ལུས་ངག་རྡུལ་ཕྲན་བཞིན༔ འཇིག་པར་འགྱུར་བ་གདོན་མི་ཟ༔ ཞེས་དྲག་སྔགས་བཟླ་ཞིང་རོལ་མོའི་མཚམ་རྔམ་དང་བཅས་པས་བགེགས་བསྐྲད། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བཞུགས་པར་བསམ། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ བླ་མ་སངས་རྒྱས་དམ་པའི་ཆོས༔ ཚོགས་མཆོག་བདེ་གཤེགས་དཀྱིལ་འཁོར་ལྷ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ །བརྒལ་བཀའ་སྲིད་པའི་རྒྱ་མཚོ་ལས༔ མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ བླ་མེད་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ གུས་པས་བཏུད་དེ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཚེ་རབས་ཐོག་མེད་ནས་བྱས་པའི༔ སྡིག་པའི་ལས་རྣམས་མཐོལ་ཞིང་བཤགས༔ སེམས་ཅན་ཀུན་ལ་ཕན་མཛད་པའི༔ དགེ་བ་ཀུན་ལ་ཡི་རང་ངོ༔ སངས་རྒྱས་མྱ་ངན་འདའ་བཞེད་གང༔ བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ བསོད་ནམས་གང་ཞིག་བགྱིས་པ་རྣམས༔ ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ལན་གསུམ་གྱིས་ཚོགས་གསག །དེ་ནས་མཆོད་རྫས་རྣམས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨོཾ་སྭ་བྷཱ་ཝ་སོགས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་སོགས་ནས། ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཞེས་པ་རྣམས་ལན་གསུམ་གསུམ་བརྗོད་པས་མཆོད་རྫས་རྣམས་བྱིན་གྱིས་བརླབ་བོ། །དེ་ནས། ཨོཾ་སྭ་བྷཱ་ཝ་སོགས། ཞེས་བརྗོད་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ཞེས་བརྗོད་པས་ཆོས་ཉིད་ཀྱི་སྒྲ་གདངས་ནམ་མཁའ་གང་བ་ལས་རྡོ་རྗེའི་གུར་ཁང་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོས་ཕྱོགས་ཀུན་ཁྱབ་པར་གྱུར། བྷྲཱུྃ་ཛྙཱ་ན་མཎྜ་ལ། སྲུང་འཁོར་གྱི་དབུས་སུ་བྷྲཱུྃ་ལས་པདྨ་རཱ་གའི་གཞལ་ཡས་ཁང་ཟླ་གམ་གནམ་སྒོ་དང་ལྡན་པ་ཁ་དོག་དམར་པོའི་འོད་ཟེར་འཕྲོ་བའི་དབུས་སུ། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སཱུརྻ་མཎྜ་ལ། པདྨ་དང་ཟླ་བ་ཉི་མའི་གདན་ལ་རང་གི་རིག་པ་ཧྲཱིཿལས་རྡོ་རྗེ་དམར་པོ་ལྟེ་བ་ལ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས་བརྟན་གཡོ་སྣོད་བཅུད་ཀྱི་མི་ཤིགས་པའི་དྭངས་མ་འོད་ཀྱི་གོང་བུར་སད་པ་ཧྲཱིཿལ་འདྲེས་ཏེ་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་བདེ་གཤེགས་ཀུན་འདུས་གར་དབང་ཚེའི་བདག་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ་ཞི་ཞིང་འཛུམ་ཁྲོ་ཆགས་པའི་ཉམས་གསལ་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་བདུད་རྩིའི་བུམ་པ་འཛིན་པ། འོག་མ་གཉིས་ཀྱིས་ཨུཏྤལ་དང་པད་ཕྲེང་བསྣམས་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། དར་གྱི་ན་བཟའ་དང་རིན་པོ་ཆེ་དང་མེ་ཏོག་དམར་པོའི་རྒྱན་ཅན། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་གཅེར་བུ་སྐྲ་གྲོལ་བ་རུས་པས་བརྒྱན་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་ལྕགས་ཀྱུ་དང་བུམ་པ་འཛིན་པས་ཡབ་ལ་འཁྱུད་པ། འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག་འཛིན་པ་པདྨའི་སྐྱིལ་ཀྲུང་གིས་རོལ་པ། ཡབ་ཀྱི་སྤྱི་བོར་སྣང་བ་མཐའ་ཡས་དམར་པོ་སྤྲུལ་སྐུའི་ཆ་བྱད་ཅན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ཐུགས་ཀར་རྟ་མགྲིན་དམར་པོ་ཁྲོ་བོ་རྟ་སྐད་བཞད་པ་གཡོན་བདུད་རྩིའི་བུམ་པ་གཡས་པའི་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཀབ་སྟེ་འཛིན་པ། དེའི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་གདན་ལ་ཉི་ཟླའི་གའུ་ཁ་སྦྱོར་གྱི་གའུའི་དབུས་སུ་ཚེ་རྟེན་ཨ་དཀར་པོ་འོད་ཀྱི་རང་བཞིན་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ། གའུའི་སྟེང་དུ་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་དམར་པོ་མར་མེ་ལྟ་བུ་སྔགས་ཀྱི་ཕྲེང་བ་ཕྲ་མོས་བསྐོར་བ་གསལ་ལ་དྭངས་པ། ཕྱི་རོལ་གྱི་པདྨའི་འདབ་མ་བཞི་ལ་མཁའ་འགྲོ་སྡེ་བཞི་ཡབ་ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་རྒྱན་དང་ཆ་ལུགས་རྫོགས་པ་ཐམས་ཅད་ཀྱང་གཡས་ལྕགས་ཀྱུ་དང་གཡོན་བདུད་རྩིའི་བུམ་པ་འཛིན་པས་བསྐོར་བ། གཙོ་འཁོར་ཐམས་ཅད་ཡེ་ཤེས་ཀྱི་འོད་ཕུང་དམར་སེར་འཕྲོ་བའི་དབུས་ན་སྒེག་ཅིང་རོལ་པའོ། །གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཡིག་གིས་མཚན་པས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་དབྱེར་མི་ཕྱེད་པར་གྱུར། སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བར་བསམ་ལ། ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ། ཨཱོཾ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ གར་གྱི་དབང་ཕྱུག་ཚེ་ཡི་ལྷ༔ ཚེ་དབང་དངོས་གྲུབ་མཆོག་སྩོལ་ཕྱིར༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ འདིར་གཤེགས་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་ལོ་ཀེ་ཤྭ་ར་ཨཱ་ཡུརྫྙཱ་ན་བཛྲ་ས་མ་ཡ་ཛ༔ ཞེས་པས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་མཆོད་པ་འབུལ་བ་ནི། ཧྲཱི༔ པདྨ་རྣམ་པར་རྒྱས་པ་ཡི༔ དཀྱིལ་འཁོར་ཆེན་པོར་མཆོད་པ་འབུལ༔ མེ་ཏོག་སྤོས་དང་མར་མེ་དང༔ དྲི་ཆབ་བཤོས་གཙང་རོལ་མོ་འབུལ༔ འཆི་མེད་བདུད་རྩི་རཀྟ་དང༔ འདོད་ཡོན་ལྔ་ལྡན་གཏོར་མ་འབུལ༔ གཉིས་མེད་སྦྱོར་བའི་བྱང་སེམས་དང༔ དུག་གསུམ་བསྒྲལ་པའི་དགྱེས་མཆོད་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་རོལ༔ དགྱེས་པར་རོལ་ནས་དངོས་གྲུབ་སྩོལ༔ སརྦ་མ་ཧཱ་པཱུ་ཛ་ས་མ་ཡ་སིདྡྷི་ཨཱཿཧཱུྃ༔ ཞེས་མཆོད། ཨོཾ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་ཡི་བདག༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་རྣམ་འཕྲུལ་ལས༔ འགྲོ་བ་རྣམས་ཀྱི་སྐྱེ་ཤི་གཅོད་པ་པོ༔ འཆི་མེད་དངོས་གྲུབ་ཀུན་སྩོལ་བཅོམ་ལྡན་འདས༔ ཁྱོད་ལ་དད་པས་རྟག་ཏུ་ཕྱག་འཚལ་ལོ༔ བདག་ཅག་བགེགས་དང་འཆི་ལས་རྣམ་གྲོལ་བའི༔ འཆི་བ་མེད་པའི་ཡེ་ཤེས་རྡོ་རྗེའི་ཚེའི༔ དངོས་གྲུབ་མ་ལུས་ཐོབ་པར་མཛད་དུ་གསོལ༔ ཞེས་བསྟོད་པ་བྱའོ། །བཟླས་པའི་དམིགས་པ་ནི། ཐུགས་ཀའི་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་ལས་འོད་ཟེར་དམར་པོ་ནར་གྱིས་འཕྲོས་པ་རང་གི་ཞལ་ནས་ཐོན་སྤྱི་བོའི་རིགས་བདག་གི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཁོར་འདས་གཉིས་ཀའི་སྣོད་ཀྱི་འབྱུང་བཞིའི་མདངས་དང་བཅུད། བཅུད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་དྭངས་མ་ཐམས་ཅད་འཆི་བ་མེད་པའི་བདུད་རྩི་འོད་ཟེར་དཀར་དམར་གྱི་རྣམ་པར་བསྡུས། ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ལ་རེག་པས་དེ་ཉིད་སོར་གྱིས་ཁོལ་ཞིང་ལུད་པ་སྤྱི་བོ་ནས་ཞུགས་སྙིང་གའི་ཧྲཱིཿདང་སྔགས་ཕྲེང་ལ་རེག །དེ་རྣམས་ལས་ཀྱང་བདུད་རྩིའི་དྭངས་མ་བབས་པ་ཚེ་རྟེན་ལ་ཐིམ་བཀྲག་མདངས་གཟི་བརྗིད་འབར་ཞིང་ཆེར་འཕེལ་བས་ཉི་ཟླའི་གའུ་ཁ་ཕག་གིས་བྱེ། ཧྲཱིཿསྔགས་ཕྲེང་དང་བཅས་པ་ལས་ཨཱ་ལི་ཀཱ་ལིའི་སྐུད་པ་ལུ་གུ་རྒྱུད་དུ་བྱུང་པ་གདན་གྱི་རྡོ་རྗེ་རྒྱ་གྲམ་གྱི་རྭ་བར་ནས་མར་ཞུགས། རྭ་བར་གཞན་ནས་སླར་གྱེན་དུ་སོང་བས་བར་མེད་དུ་བཅིངས་པས་ཅིས་ཀྱང་མི་ཤིགས་པར་བྱས། དེ་ལས་ཆེར་འཕེལ་བའི་དྭངས་མའི་འོད་ཀྱིས་ལུས་ཐམས་ཅད་ཡོངས་སུ་གང་བར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཞེས་ཅི་ནུས་བཟླའོ། །དེ་ལྟར་བདག་བསྐྱེད་ཁོ་ན་ལ་བརྟེན་ནས་སྒྲུབ་པའམ། འོན་ཏེ་དབང་དང་སྒྲུབ་མཆོད་སོགས་ལ་བདག་མདུན་དབྱེར་མེད་དུ་སྒྲུབ་པ་ལ་ནི་བསྒོམ་གཞི་རྒྱ་ཆེ་ཆུང་ཙམ་ལས་བསྒོམ་དོན་ལ་དབྱེ་བ་མེད་ཅིང་། སྒྲུབ་རྫས་ལ་དམིགས་ཕྱེད་པའི་བཟླས་པ་བྱེད་ན་བདག་མདུན་གཉིས་མེ་ལོང་དུ་བྱད་གཟུགས་བཞིན་སོ་སོར་ཕྱེ་ནས། བདག་གི་ཐུགས་ཀའི་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པ་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེའི་ཐུགས་ཀའི་འོད་ཀྱིས་རིགས་བདག་གི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཁོར་འདས་སྣོད་བཅུད་ཀྱི་ཚེ་བཅུད་ཐམས་ཅད་བདུད་རྩི་དཀར་དམར་གྱི་རྣམ་པར་བསྡུས། ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ལ་རེག་པས་སོར་གྱིས་ཁོལ་ཞིང་ལུད་ཚེ་རྟེན་སྒྲུབ་རྫས་དང་བཅས་པ་ལ་ཐིམ་པར་བསམ་ཞིང་གཟུངས་ཐག་ལ་འཇུས་ནས་བཟླས་པ་ཅི་འགྲུབ་ཀྱང་བྱའོ། །གང་ལྟར་ཡང་སྔགས་བརྒྱ་སྟོང་གི་མཚམས་ཅི་རིགས་པར་སྤོས་དང་མེ་ཏོག་སོགས་ཕྱིའི་མཆོད་པ་དང་། བདུད་རྩི་སོགས་ནང་གི་དམ་རྫས་ཀྱིས་ཀྱང་མཆོད་ནས་ཚེ་འགུགས་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་ཚོགས་ཐམས་ཅད་ཀྱི་རྒྱུད་བསྐུལ། དེ་རྣམས་ལས་རང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་བཞིན་འཕྲོས་པས་འབྱུང་བ་བཞིའི་མདངས་བཅུད་དང་། ལྷ་ཀླུ་གནོད་སྦྱིན་རིག་འཛིན་གྲུབ་པ་སོགས་ཚེ་བསྐལ་པ་དང་མཉམ་པར་གནས་པ་རྣམས་ཀྱི་ཚེ་བཅུད་བཀྲག་དང་གཟི་མདངས་ཐམས་ཅད་ལྕགས་ཀྱུས་བསྡུས་ནས་ཚེའི་བུམ་པར་བསྟིམས། དེ་ཉིད་སོར་རོ་རོ་ཁོལ་བའི་དྭངས་མ་ཁ་ཞག་ལྟ་བུ་གཙོ་བོའི་ཞལ་དུ་དྲངས། སྐུའི་དབྱིབས་བརྒྱུད་ཐུགས་ཀའི་ཚེ་རྟེན་ལ་ཐིམ་པས་འཆི་བ་མེད་པ་རྡོ་རྗེ་ཚེའི་སྲོག་ཐོབ་པར་བསམ་ཞིང་སྦྱར་བའི་སྤོས་བསྲེག །ཚེ་མདས་གཡབ་ཅིང་རོལ་མོ་དང་བཅས་པས། ཧྲཱི༔ བཅོམ་ལྡན་བདེ་ཆེན་ཆོས་ཀྱི་སྐུ༔ མི་ཤིགས་རྡོ་རྗེ་ཚེ་ཡི་བདག༔ མཁའ་དང་མཉམ་པའི་ཐུགས་རྗེ་ཡིས༔ འཁོར་འདས་ཀུན་གྱི་བཅུད་སྡུས་ལ༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ འཆི་མེད་རྡོ་རྗེའི་ཚེ་དབང་སྐུར༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཧྲཱི༔ བཅོམ་ལྡན་ཐུགས་ཀྱི་རོལ་པ་ལས༔ མ་འགགས་ཅིར་ཡང་ཤར་བའི་ལྷ༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ གསང་བ་ཡེ་ཤེས་ཡུམ་དང་བཅས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ འཁོར་འདས་ཀུན་གྱི་ཚེ་བཅུད་སྡུས༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ཕྲིན་ལས་བཞི་མཛད་མཁའ་འགྲོའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ འཁོར་འདས་ཀུན་གྱི་ཚེ་བཅུད་སྡུས༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ མ་མོ་བདུད་རྒྱལ་དམུ་དང་ཀླུ༔ གཟའ་དང་གདོང་མོ་གཤིན་རྗེ་དང༔ གིང་དང་ཐེ་འགོང་ལ་སོགས་པ༔ སྡེ་བརྒྱད་ལག་ནས་ཚེ་ཕྲོགས་ཤིག༔ ཚེ་བདག་རྣམས་ཀྱིས་ཚེ་ཁུག་ཅིག༔ སྲོག་བདག་རྣམས་ཀྱིས་སྲོག་སྐྱོབས་ཤིག༔ ཚེ་དང་སྲོག་ནི་སྤེལ་དུ་གསོལ༔ དཔལ་དང་གཡང་ནི་བསྐྱེད་དུ་གསོལ༔ མཐུ་རྩལ་འབྱུང་བའི་དུས་ལ་བབ༔ དུས་ལ་བབ་པོ་ས་མ་ཡ༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཞེས་ཚེ་འགུགས། ཚེ་བསྟིམ་པ་ནི། སྒྲུབ་རྫས་ཀྱི་ཚེའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་མི་ཤིགས་པའི་ཚེའི་དྭངས་མ་འོད་ཀྱི་རྣམ་པར་བྱུང་ནས་རང་གི་སྙིང་གའི་ཚེ་རྟེན་ལ་སིབ་ཀྱིས་ཐིམ་པས་བསྐལ་པའི་བར་དུ་རྐྱེན་གང་གིས་ཀྱང་མི་ཤིགས་པ་རྡོ་རྗེ་ཚེའི་སྲོག་བརྟན་པར་བསམ་ཞིང་རྩ་བའི་སྔགས་ཀྱི་མཐར། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པའང་ཅུང་ཟད་བཟླ་ཞིང་། སྒྲུབ་པ་གྲོལ་བའི་ཐུན་ཐ་མ་ཡིན་ན་རྫས་ལས་ཀྱང་དངོས་གྲུབ་བླང་ངོ་། །ཚེ་སྦ་བ་ནི། ཧཱུྃ༔ མི་འགྱུར་ཅིས་ཀྱང་མི་ཤིགས་པའི༔ སྟོང་པའི་གོ་ཆ་བླ་ན་མེད༔ མཚན་མའི་རྟོག་པ་ཀུན་སྤངས་ནས༔ ཐམས་ཅད་ཀུན་ལས་རྒྱལ་བར་འགྱུར༔ མ་བྱུང་མི་འབྱུང་འདུས་མ་བྱས༔ ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས༔ སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར༔ ཨཱ་ཡུར་ཛྙཱ་ན་དྷརྨ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་པས་གཞལ་ཡས་ཁང་འཁོར་རྣམས་ལ་ཐིམ། འཁོར་གཙོ་བོ་ལ། ཡུམ་ཡབ་ལ། ཡབ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་འཛིན་སེམས་དཔའ་ལ། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གསལ་སྟོང་ཟུང་འཇུག་བདེ་བ་ཆེན་པོ་གཉུག་མ་རང་བཞིན་གྱི་དབྱིངས། རྩོལ་བྲལ་བློ་ལས་འདས་པའི་ངོ་བོ་ཉིད་འཆི་མེད་གཉུག་མའི་རང་བབས་ལ་མཉམ་པར་བཞག་སྟེ་རྐྱེན་སྣང་གི་རྟོག་པས་མི་བསྐྱོད་པར་བྱའོ། །དེ་ནས་སྐབས་འདིར་ཚོགས་ཀྱི་མཆོད་པ་དང་། གཏེར་སྲུང་མཆོད་པ་སོགས་བྱ་སྟེ་རྩ་བའི་ལས་བྱང་སོགས་ལས་ཤེས་པར་བྱ་ཞིང་མདུན་བསྐྱེད་ཀྱི་གཏང་རག་མཆོད་པ་སོགས་དཀྱིལ་འཁོར་གྱི་རྗེས་ཆོག་ཀྱང་གཞན་དང་འདྲའོ། །དེ་ལྟར་ཐུན་བཞིའི་རིམ་པས་འབུམ་ཕྲག་གསུམ་གྱི་གྲངས་རྫོགས་པར་བཟླ་བ་ནི་གྲངས་བསྙེན་གྱི་དབང་དུ་བྱས་ཤིང་། དུས་དང་མཚན་མའི་བསྙེན་པ་ནི་གཞན་དང་འདྲའོ། །གསུམ་པ་དབང་གི་ཆོ་ག་ནི། སྒྲུབ་མཆོད་སྔར་བཤད་པ་ལྟར་ཚོགས་མཆོད་ཀྱི་མཐར་ཐུག་པ་བྱས་ནས། དཀྱིལ་འཁོར་གྱི་ལྷ་ལ་རིག་པའི་མེ་ཏོག་ཕུལ་ཏེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཚེའི་ལྷ་ཚོགས་རྣམས་ཀྱིས་སློབ་མ་རྣམས་ལ་འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ༔ ཚེ་དང་བསོད་ནམས་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་སྟེ་གནང་བ་ཞུའོ། །དེ་ནས་སློབ་མའི་བྱ་བ་ཁྲུས་བྱས། བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་མ་ཐོབ་ཀྱི་བར་དུ་ཡང་ཕྱི་ནང་གི་བར་ཆད་རྣམས་ཞི་ཞིང་བསམ་པའི་དོན་ཐམས་ཅད་གེགས་མེད་དུ་འགྲུབ་པ་དང་། ཁྱད་པར་དུ་ཡང་ཚེའི་འགལ་རྐྱེན་ཐམས་ཅད་ཞི་བ་དང་། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བྱ། དེའི་ཕྱིར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་མོས་པ་དང་ལྡན་པའི་སྒོ་ནས་གསན་འཚལ། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ནི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། སློབ་སྤྲིང་དུ། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་པ། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བརྟུན་ཏེ་བསྒྲུབ། །ཅེས་གསུངས་པ་དང་། དེ་ལྟར་ཐོབ་པས་མི་ཆོག་སྤྱིར་འཛམ་བུ་གླིང་པ་རྣམས་ཀྱི་ཚེ་ལ་ངེས་པ་མེད་ཅིང་། ཁྱད་པར་དུ་སྙིགས་མ་ལྔ་བདོ་ཚེའི་སྙིགས་མའི་མཐར་ཐུག་པས་དུས་མིན་དུ་འཆི་བའི་རྐྱེན་དང་བར་ཆད་མང་པོ་དང་ལྡན་པ་ཡིན་ཏེ། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཞེས་གསུངས་པ་ལྟར། སྤྱིར་བར་ཆད་ཀྱི་རྐྱེན་མང་ཞིང་ཁྱད་པར་དུས་མ་ཡིན་པར་འཆི་བའི་རྐྱེན་ནི། ཚེ་དང་ལས་དང་བསོད་ནམས་ཟད་པ་སྟེ་རྐྱང་ཟད་གསུམ་དང་། དེ་དག་གཉིས་གཉིས་ཟད་པ་དང་གསུམ་ལས། ཚེ་ཟད་པ་ལ་ཚེ་སྒྲུབ་ཀྱི་ཆོ་ག་དང་། ལས་ཟད་པ་ལ་སྲོག་བསླུ་ཉེའུ་འདོན་སོགས་དང་། བསོད་ནམས་ཟད་པ་ལ་མཆོད་སྦྱིན་ལ་སོགས་པས་གསོ་བ་དང་། དེ་དག་གཉིས་མཉམ་དུ་ཟད་པ་ནི། གཉེན་པོ་དེ་དང་དེས་གསོ་བར་གསུངས་པ་ལས། གསོ་བྱའི་ཚེ་ཉིད་ཉམས་པའི་རྐྱེན། ཉམས་པའི་རྟགས། གསོ་བྱེད་ཀྱི་སློབ་དཔོན། གསོ་ཚུལ་དང་བཞིར་རྒྱུད་ལས་གསུངས་པ་སྟེ། དང་པོ་ཉམས་པའི་རྐྱེན་ནི། དམ་ཉམས་སེམས་དཀྲུགས་ཡི་ཆད་དངངས་པ་དང་། །ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་ཕབས་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་དང་། གཉིས་པ་ཉམས་པའི་རྟགས་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་རྣམས། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་དང་། གསུམ་པ་གསོ་བྱེད་སློབ་དཔོན་ནི། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཞེས་དང་། བཞི་པ་གསོ་བའི་ཚུལ་ནི། ཇི་ལྟར་གསོ་བའི་ཐབས་ཀྱི་ཆོ་ག་སྟེ་ཟབ་རྒྱས་ཀྱི་གདམས་པ་རྣམ་གྲངས་ཇི་སྙེད་ཅིག་མཆིས་པ་ལས། འདིར་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝའི་ཐུགས་བཅུད་ལས་ཅན་གྱི་རྗེ་འབངས་བདུན་ལ་མནོག་ཆོས་སུ་བསྩལ་པ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་ལས་བྱུང་བ། གར་དབང་ཚེ་དཔག་ཏུ་མེད་པ་སྒྲུབ་པའི་གདམས་པ་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པ་དེ་ཉིད་ཀྱི་ལུགས་བཞིན་སྒྲུབ་པ་སྟེ། དེ་ཡང་སློབ་དཔོན་ཆེན་པོས། སྤྱིར་ན་འཛམ་གླིང་ཚེ་ལ་ངེས་མེད་ཅིང༔ ཁྱད་པར་ལྔ་བདོ་ཚེ་ཡི་སྙིགས་མའི་དུས༔ ཚེ་ཡི་ཡུན་ཐུང་གློ་བུར་རྐྱེན་གྱུར་མང༔ ཕལ་ཆེར་དུས་མིན་འཆི་བདག་བདུད་ཀྱིས་འཛིན༔ དེ་ཡི་གཉན་པོར་གནས་སྐབས་མཐར་ཐུག་གི༔ འཆི་མེད་སྒྲུབ་ན་ཚེ་སྒྲུབ་འདི་ཉིད་གཅེས༔ དེ་ལ་ཕྱི་ནང་གསང་བའི་ཚེ་སྒྲུབ་དང༔ འཆི་མེད་བྱིན་རླབས་ཚེ་དབང་སྐུར་ཐབས་དང༔ བོགས་འདོན་མན་ངག་བཅུད་ལེན་རྣམ་གསུམ་དང༔ འགལ་རྐྱེན་ཞི་བྱེད་འཆི་བསླུའི་ཆོ་ག་སོགས༔ ཁ་ཚང་དོན་འདྲིལ་མན་ངག་སྙིང་པོའི་བཅུད༔ ཟབ་ལམ་ཚེ་སྒྲུབ་ཀུན་གྱི་མཐར་ཐུག་ཡིན༔ ཞེས་གསུངས་པ་དེ་ཉིད་ཀྱི་སྒོ་ནས་འཆི་མེད་ཚེའི་དབང་བསྐུར་བའི་རིམ་པ་སྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་ཕུལ་མཛོད། དེས་ཀྱང་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ པདྨ་རྣམ་པར་རྒྱས་པ་ཡི༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ ཐུགས་ཀྱི་གསང་ཆེན་དམ་པ་འདིར༔ བདག་ནི་མགོན་པོས་རྗེས་བཟུང་སྟེ༔ གེགས་མེད་པ་དང་འཆི་མེད་པའི༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་འདེབས། སློབ་དཔོན་ཚེ་དཔག་མེད་དུ་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་། མཐའ་སྐོར་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པ་ལ། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ སོགས་གསུམ་གྱིས་སྐྱབས་སུ་འགྲོ །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་ཚེ་དཔག་ཏུ་མེད་པ་བསྒྲུབ་པར་བགྱིའོ་སྙམ་པས། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔ སོགས་གསུམ་གྱིས་སེམས་བསྐྱེད། སྔར་སྨོས་པའི་ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་ཡན་ལག་བདུན་དང་ལྡན་པའི་སྒོ་ནས་ཚོགས་གསག་པར་བགྱིའོ་སྙམ་པས། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ སོགས་གསུམ་གྱིས་ཚོགས་གསག །དེ་ནས་སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་ཁྲོ་བོའི་རྡུལ་ཕྲན་མེ་ཡི་ཚྭ་ཚྭ་འཕྲོ་བ་གློག་ལྟར་འཁྱུགས་པ་མང་པོ་སྤྲོས། སློབ་མ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་བསྲེགས་ཤིང་བཅོམ། མེ་དང་ཁྲོ་བོ་རྣམས་སླར་སློབ་མ་དང་ཞུ་ལུགས་སུ་འདྲེས་པའི་དྭངས་མ་འོད་དམར་པོ་ལས་གར་དབང་ཚེ་ཡི་བདག་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་སོགས་ནས། སྔགས་ཀྱི་ཕྲེང་བ་ཕྲ་མོས་བསྐོར་བ་གསལ་ལ་དྭངས་པ། ཞེས་པའི་བར་གྱིས་གསལ་བཏབ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་ཚོགས་ཐམས་ཅད་ཀྱི་རྒྱུད་བསྐུལ་སོགས་སྔར་ཚེ་འགུགས་པའི་དམིགས་པ་སྤོད་ལ། ཧྲཱི༔ བཅོམ་ལྡན་བདེ་ཆེན་ཆོས་ཀྱི་སྐུ༔ ཞེས་སོགས་ཀྱིས་བསྐུལ་ཞིང་ཚེ་འགུགས། དབང་བསྐུར་བ་དངོས་ནི། བུམ་པ་སྤྱི་བོར་བཞག་པའི་ཚེ་ནམ་མཁའ་གང་བའི་སངས་རྒྱས་ཚད་མེད་པས་དབང་བསྐུར་བས་ལུས་ཀྱི་སྤྱི་བོ་ནས་རྐང་སེན་གྱི་བར་འཆི་བ་མེད་པའི་བདུད་རྩིས་མེར་ཁྲིག་གེ་གང་བར་སྒོམས་ཤིག་བྱས་ལ་བུམ་པ་སྤྱི་བོར་བཞག་སྟེ། ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ལས་བྱུང་བ་ཡི༔ འཆི་མེད་བདུད་རྩིའི་ཆུ་རྒྱུན་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་བུམ་ཆུ་བླུད། དེ་ལྟར་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བོས་དབང་སྐུར་པས་ལུས་ཐམས་ཅད་གང་། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་ཐོབ་ནས་འཆི་བ་མེད་པ་རྡོ་རྗེའི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ཐོབ་པའི་མོས་པ་མཛོད། ཅེས་བརྗོད། དེ་ནས་ཐོད་པའི་བདུད་རྩི་ལ་བསྒོམས་པའི་ལྷ་ཚོགས་རྣམས་ཀྱི་མངོན་རྟོགས་ཕོག་ལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཁོར་འདས་སྣོད་བཅུད་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་པར་བསམ་ལ། ཚེ་འགུགས་པའི་ཕོ་ཉ་བསྐུལ། ཐོད་པ་སྙིང་གར་བཞག་སྟེ། ལྷ་རྣམས་སྙིང་གའི་ཚེ་རྟེན་ལ་སིབ་ཀྱིས་ཐིམ་པས་འཆི་མེད་རྡོ་རྗེའི་ཚེའི་དབང་ཐོབ་པར་བསམ་ཞིང། ཧྲཱི༔ རྣམ་དག་རྡོ་རྗེ་ཀ་པཱ་ལར༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཚེའི༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་བདུད་རྩི་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་བདུད་རྩི་བླུད། ལྷ་ཚོགས་རྣམས་ཞུ་བའི་བདུད་རྩི་ལྕེ་ལ་བཞག་པས། རླུང་རྔུབ་པའི་སྦྱོར་བས་མྱང་བས་འཆི་མེད་ཀྱི་བདུད་རྩིའི་དྭངས་མ་ཚེ་རྟེན་ལ་ཐིམ་པར་བསམ་མོ། །བཅུད་ལེན་གྱི་ཚེ་རིལ་བྱིན་ལ། ཧྲཱི༔ ལྷ་དང་རིག་འཛིན་ཐམས་ཅད་ཀྱི༔ འཆི་མེད་གྲུབ་པའི་དམ་ཚིག་རྫས༔ བདུད་རྩིའི་བཅུད་མཆོག་དམ་པ་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པས་བྱིན། རླུང་རྔུབ་པའི་སྦྱོང་བས་རོལ། སྤྲོས་པ་ལ་དགའ་ན་ཚིགས་བཅད་དེས་ཚེ་ཆང་ཡང་སྦྱིན་ནོ། །དེ་ནས་ཚེ་སྦ་བ་ནི། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད་ལ། བ་སྤུའི་སྒོ་ཐམས་ཅད་རྟ་མགྲིན་ཕྱག་གཉིས་པའི་གོ་ཆས་བར་མེད་དུ་གཏམས་པར་བསམ་ལ། ཧཱུྃ༔ མི་འགྱུར་ཅིས་ཀྱང་མི་ཤིགས་པའི༔ སོགས་བརྗོད་ཅིང་རྒྱས་བཏབ་པས། སློབ་མ་ལྷའི་གསལ་སྣང་དུ་གནས་པ་དེ་ཉིད་མེ་ལོང་ལ་ཧས་བཏབ་པ་ལྟར་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་གི་བར་དུ་བསྡུས། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གསལ་སྟོང་ཟུང་འཇུག་གཉུག་མ་རང་བཞིན་གྱི་དབྱིངས་རྩོལ་བྲལ་བློ་འདས་ཀྱི་ངང་ལ་ཅི་གནས་སུ་མཉམ་པར་འཇོག་ཏུ་བཅུག །དེ་ལྟར་ཚེའི་དབང་བསྐུར་པས་ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཏེ། འཆི་བ་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་པར་གྱུར་ཅིག །ཅེས་བརྗོད། རྗེས་ཤིས་བརྗོད་དང་དམ་ཚིག་ཁས་བླང་བ་གཏང་རག་གི་མཎྜལ་རྣམས་དང་དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་ཀྱང་སྤྱི་དང་འདྲའོ། །སྤྱིར་གདམས་པ་འདི་ལ་རྫོགས་རིམ་དང་འབྲེལ་བའི་ནང་གསང་གི་སྒྲུབ་པ་དང་། བཅུད་ལེན་རིམ་པ་གསུམ་དང་། འཆི་བསླུ་རིམ་པ་གསུམ་ལ་སོགས་པ་ཟབ་ཅིང་འདྲིལ་བའི་མན་ངག་འགའ་ཞིག་མཆིས་པ་རྣམས་ནི་གཏེར་བྱོན་རྩ་བའི་ཡི་གེ་རྣམས་དང་བླ་མ་དམ་པའི་ཞལ་གྱི་བདུད་རྩི་ལས་ནོད་པར་བྱའོ། །དེ་ཡང་ནང་སྒྲུབ་ཀྱི་སྐབས་སུ་འཁོར་འདས་སྣོད་བཅུད་ཀྱི་ཆོས་བཅུ་བཞི། ཞེས་གསུངས་པ་རིགས་མཐུན་གྱི་གདམས་པ་གཞན་དུ་འབྱུང་བ་ནི། རྒུད་པ་མེད་པའི་ལང་ཚོ། མངོན་པར་འདུ་མ་བྱས་པའི་གཟི་འོད། རྩོལ་མེད་ཀྱི་སྟོབས། ཤུགས་འབྱུང་གི་རྩལ། མ་ཟག་པའི་དངོས་གྲུབ། མ་ཉམས་པའི་བསོད་ནམས། རྣམ་པར་རྒྱལ་བའི་དཔལ། མ་གཡོས་པའི་དབང་ཐང་། མ་གྲུག་པའི་བླ། འཆི་བ་མེད་པའི་སྲོག །འགྱུར་བ་མེད་པའི་ཚེ། མ་འགགས་པའི་བློ། རྣམ་པར་འགྱུར་བའི་སྤོབས་པ། ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་མཚན་དང་བཅུ་བཞི་སྟེ། འདི་དག་སྣོད་བཅུད་ཀྱི་ཡོན་ཏན་གྱི་དྭངས་མ་སྟོབས་སུ་གྱུར་པའི་མཐུ་དཔལ་ལས་བྱུང་བའི་ཕྱིར་རོ། །ཐུགས་རྗེའི་གཏེར་ཆེན་གར་དབང་མགོན། །རྣམ་འགྱུར་འཆི་མེད་མཆོག་སྩོལ་ལྷའི། །སྒྲུབ་ཐབས་མཚོ་སྐྱེས་རྡོ་རྗེ་ཡི། །ཞལ་ལུང་ཉུང་གསལ་སྙིང་པོར་སྤེལ། །འདི་ལས་དགེ་བ་གང་ཐོབ་དེས། །གནས་སྐབས་འདི་དང་མཐར་ཐུག་གི །འཆི་མེད་དངོས་གྲུབ་ཐམས་ཅད་པའི། །འདོད་རྒུའི་འབྱུང་གནས་ཉིད་གྱུར་ཅིག །ཟབ་ལམ་བདེ་གཤེགས་ཀུན་འདུས་ལས་པདྨ་གར་དབང་ཚེ་དཔག་ཏུ་མེད་པ་ཕྱི་ལྟར་སྒྲུབ་པ་ཚེ་དབང་དང་བཅས་པ་བདུད་རྩིའི་ཆར་འབེབ་ཅེས་བྱ་བ་འདི་ནི། འཇམ་མགོན་ས་སྐྱ་པ་བདག་ཆེན་ངག་གི་དབང་ཕྱུག་ཀུན་དགའ་བཀྲ་ཤིས་ཀྱི་བཀས་བསྐུལ་བ་དང་གསང་བའི་བདག་པོ་རྒྱལ་ཚབ་དྲུག་པའི་བཀས་རིང་མོ་ནས་བསྐུལ་བའི་དགོངས་པ་རྗེས་སུ་བསྒྲུབ་པའི་ཆེད་དུ། ཉེ་ཆར་གང་གི་ཕྲིན་ལས་པ་བློ་གྲོས་དབྱངས་ཅན་བཟང་པོའི་གསུང་གིས་བསྐུལ་བ་ལས་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་ཡི་གེར་སྤེལ་བའོ། །སརྦ་མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).