Terdzo-'A-010

From Rinchen Terdzö
Revision as of 11:08, 30 June 2015 by Jeremi (talk | contribs) (Text replace - "</div> </onlyinclude> = Tsagli = " to "</div></onlyinclude> = Tsagli = ")
This page is under construction. Check back later for updated content.

ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་སྨིན་བྱེད་ཆེན་མོ་ཡན་ལག་བཅས་དཀྱུས་གཅིག་ཏུ་བཀོད་པ་རིན་ཆེན་གཏེར་གྱི་བུམ་པའི་རྒྱུན་འདྲེན་

thugs rje chen po gsang ba 'dus pa las smin byed chen mo yan lag bcas dkyus gcig tu bkod pa rin chen gter gyi bum pa'i rgyun 'dren

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  རཏྣ་གླིང་པ་ (Ratna Lingpa)
in cycle  ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ (Thugs rje chen po gsang ba 'dus pa)
Volume 23 (འ) / Pages 233-290 / Folios 1a1 to 29b4

[edit]

༄༅། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་སྨིན་བྱེད་ཆེན་མོ་ཡན་ལག་བཅས་དཀྱུས་གཅིག་ཏུ་བཀོད་པ་རིན་ཆེན་གཏེར་གྱི་བུམ་པའི་རྒྱུན་འདྲེན་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། དཀྱིལ་འཁོར་དབང་ཕྱུག་ཟུང་འཇུག་བདེ་ཆེན་སྐུ །སྲས་བཅས་རྒྱལ་ཀུན་གསང་བ་འདུས་པའི་དཔལ། །གང་དེའི་བྱིན་རླབས་ཉི་གཟིས་བདག་སྙིང་གི །མུན་བཅོམ་ཡེ་ཤེས་པདྨོ་བཞད་པར་མཛོད། །གཞན་ཕན་འབྱམས་ཀླས་ཐུགས་གསང་གི །སྨིན་བྱེད་ཆེན་པོ་སྟོང་དབང་དང་། །གོང་མ་གསུམ་བཅས་རྒྱུན་བཟང་ཉིད། །འཕེལ་འདོད་བསམ་པས་དཀྱུས་གཅིག་དགོད། །ཆོས་རྒྱལ་རཏྣ་གླིང་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྨིན་བྱེད་ཆེན་མོས་སློབ་མ་རྗེས་སུ་བཟུང་བ་ལ། སྤྱིར་དབང་ཆོག་རིན་ཆེན་གཏེར་བུམ་ནས་སྔོན་དུ་བླ་མ་ལ་གསོལ་བ་འདེབས་པར་གསུངས་པ་ནི་དོན་གྱིས་སོང་བས་འཐུས། བསྙེན་པ་ཁ་གསོ་དབང་བསྐུར་དཀྱུས་འགྲེ་ལ་མི་འགྲུབ་པ་དང་སྒྲུབ་གནས་རྙིང་པར་ས་ཆོག་མི་དགོས་ཤིང་སྒྲུབ་ཆེན་དང་སྦྲེལ་བ་སོགས་ནི་དཀྱུས་ལ་མི་ལྕོགས་པའི་དབང་དུ་བྱས་ཏེ། འདིར་དེང་དུས་རྙིང་ལུགས་སྤྱིའི་ཕྱག་བཞེས་ཀྱི་བབས་དང་མཐུན་པར་དབང་ཆེན་ཡོངས་རྫོགས་དཀྱུས་གཅིག་ཏུ་བསྐུར་བའི་ལག་ལེན་ཁྲིགས་སུ་འགོད་པ་ལས། སྔོན་དུ་འགྲོ་བ། སྟ་གོན་གྱི་རིམ་པ། གཤོམ་བཀོད་སྒྲུབ་མཆོད། དབང་ཆོག་དངོས། རྗེས་ཀྱི་བྱ་བ་རྣམས་སོ། །དང་པོ་ནི་བརྒྱུད་འདེབས། སྐྱབས་འགྲོ །ཡན་ལག་བདུན་པ། སེམས་བསྐྱེད་རྣམས་ལས་བྱང་ལྟར་བཏང་ལ། ཧྲཱིཿ དམིགས་མེད་སྟོང་པའི་ངང་ཉིད་ལས། །ཕོ་བྲང་ལྟེ་དབུས་འོད་ལྔའི་ཀློང་། །པདྨ་ཉི་ཟླའི་གདན་སྟེང་དུ། །རང་རིག་ཡི་གེ་ཧྲཱིཿདམར་པོ། །ཕར་འཕྲོས་རྒྱལ་བ་མཉེས་མཆོད་འབུལ། །སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས། །ཚུར་འདུས་དངོས་གྲུབ་བདག་ལ་བསྡུ། །འཁོར་བ་དོང་ནས་སྤྲུགས་པར་བསམ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །རང་ཉིད་གསང་བ་འདུས་པའི་སྐུ །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་པད་ཕྲེང་ཐུགས་ཀར་འཛིན། །ཕྱག་གཡོན་ཚེ་བུམ་པད་སྡོང་བསྣམས། །རིན་ཆེན་པད་ཕྲེང་རུས་རྒྱན་དང་། །དར་དཔྱང་རྒྱན་ཚོགས་དཔག་མེད་བརྒྱན། །ཡུམ་མཆོག་གསང་བ་ཡེ་ཤེས་མ། །ཕྱག་གཡས་ཨུཏྤལ་གཡོན་བདུད་རྩི། །ཟུང་འཇུག་ཡབ་ཀྱི་མགུལ་ནས་འཁྱུད། །གཅེར་བུ་རྒྱན་དྲུག་པད་ཕྲེང་མཛེས། །ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ། །གཉིས་མེད་ཟུང་འཇུག་དག་ཏུ་སྒོམ། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ཧྲཱིཿཡིག་དམར་པོ་འོད་ཟེར་ཅན། །ཡིག་དྲུག་མཐའ་ལ་བསྐོར་བར་བསམ། །དེ་ལས་འོད་འཕྲོས་རང་བཞིན་གྱི། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ནས། །ཡེ་ཤེས་ལྔ་ཡིས་དབང་བསྐུར་བསམ། །བདག་ཉིད་ཐུགས་སྲོག་ཧྲཱིཿཡིག་ལས། །འོད་ཟེར་ཕར་འཕྲོས་རྒྱལ་བ་མཆོད། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱང་། །ཀུན་ཀྱང་ཐུགས་རྗེ་ཆེན་པོར་གྱུར། །ཚུར་འདུས་སྐུ་གསུང་ཐུགས་ཀྱི་བཅུད། །བྱིན་རླབས་དངོས་གྲུབ་བདག་ལ་ཐིམ། །ཏིང་འཛིན་ཐུགས་སྲོག་ཧྲཱིཿཡིག་མཐར། །ཡིག་དྲུག་གཡོན་དུ་འཁོར་བར་བསྒོམ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཡིག་བདུན་ཅི་འགྲུབ་བཟླ། དཀར་གཏོར་གསེར་སྐྱེམས་བཤམས། བྱིན་རླབས་བསྔོ་བ་རྣམས་བླ་མ་དགོངས་འདུས་ནས་འབྱུང་བ་སོགས་སྤྱི་འགྲོ་བྱས་པས་ས་ཆོག་གི་དོན་ཡང་ཚང་ངོ་། །གཉིས་པ་སྟ་གོན་ལ་གསུམ། ལྷ་བུམ་པ་སློབ་མ་སྟ་གོན་ནོ། །དང་པོ་ལྷ་ནི། དཀྱིལ་འཁོར་གྱི་སྟེགས་བུ་དྲི་བཟང་གི་བདུད་རྩི་ལྔས་ཆག་ཆག་བཏབ་པའི་སྟེང་དུ་དྲི་བཟང་གི་ཐིག་ལེ་དབུས་སུ་གྲུ་བཞི། འཁོར་རྣམས་ལ་ཟླུམ་པོ་ལྷ་གྲངས་དང་མཉམ་པར་བཀོད་པའི་སྟེང་དུ་དྲི་བཟང་གི་ཆབ་ཀྱིས་བརླན་པའི་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ཕྱེད་པ་སོ་སོའི་སྔགས་མཐར། ས་མ་ཡ་སཏྭཾ༔ ཞེས་པས་བཀོད། མི་ཤེས་ན། ཨོཾ་ཨཱཿཧཱུྃ་ཞེས་པས་བཀོད། དེའང་དབུས་སུ་གཅིག །དེ་རྒྱབ་བརྒྱད། དེ་རྒྱབ་དྲུག །དེ་རྒྱབ་སངས་རྒྱས་སྟོང་རྩའི་མཚོན་བྱེད། དེ་རྒྱབ་སྒོ་བཞི་རྣམས་བཀོད་ལ་ཕྱི་མཆོད་དང་སྨན་རཀ་གཏོར་གསུམ། མཆོད་པ་བྱིན་རླབས་སྤྱི་འགྲེ་བྱ། བསྐྱེད་བསྟིམ་མཆོད་བསྟོད་རྒྱས་པ་ལས་བྱང་ལྟར་གྲུབ་ན་ལེགས། བསྡུ་ན། ཧྲཱིཿ དམིགས་མེད་སྟོང་པའི་ངང་ཉིད་ལས། །རང་བྱུང་ཡེ་ཤེས་འོད་ཀྱི་ཀློང་། །འཇའ་ཚོན་འོད་ལྔའི་མུ་ཁྱུད་འཁྲིགས། །པདྨ་ཉི་ཟླའི་གདན་སྟེངས་སུ། །གསང་འདུས་ཐུགས་རྗེ་སྤྱན་རས་གཟིགས། །ཚེ་བདག་རྟ་མགྲིན་གསང་ཡེ་ཡུམ། །ནོར་འཛིན་གསང་འཛིན་རིགས་ལྔར་བཅས། །སེམས་དཔའ་ཡབ་ཡུམ་ཐུབ་པ་དྲུག །སངས་རྒྱས་སྟོང་རྩ་སྒོ་བ་བཞི། །རིག་འཛིན་མཁའ་འགྲོ་དམ་ཅན་ཚོགས། །སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས། །མ་འདྲེས་ནམ་མཁའི་འཇའ་ལྟར་གསལ། །རྒྱན་རྫོགས་གཟི་བརྗིད་ལྡན་པ་བསམ། །ལྷ་ཚོགས་དེ་དག་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དང་སོ་སོའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། །ཧྲཱིཿ རྣམ་དག་བདེ་ཆེན་གཞལ་ཡས་ནས། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ལྷུན་གྲུབ་ལོངས་སྐུའི་ཞིང་ཁམས་ནས། །རྒྱལ་བ་རིགས་ལྔ་གཤེགས་སུ་གསོལ། །ཕྱོགས་བཅུ་དག་པའི་ཞིང་ཁམས་ནས། །སེམས་དཔའ་ཡབ་ཡུམ་གཤེགས་སུ་གསོལ། །འགྲོ་འདུལ་སྤྲུལ་པའི་ཞིང་ཁམས་ནས། །རྒྱལ་བ་ཐུབ་དྲུག་གཤེགས་སུ་གསོལ། །ཕྱོགས་བཅུ་དུས་གསུམ་ཞིང་རྣམས་ནས། །སངས་རྒྱས་སྟོང་རྩ་གཤེགས་སུ་གསོལ། །ཕྲིན་ལས་བཞི་ཡི་ད་ལ་ནས། །སྒོ་བཞིའི་ཁྲོ་རྒྱལ་གཤེགས་སུ་གསོལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ས་མ་ཡ་ཛ་ཛཿཧཱུྃ་བཾ་ཧོཿ བཛྲ་ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཨརྒྷཾ་སོགས་ཀྱིས་མཆོད་ནས་བསྟོད་པ་ནི། ཧྲཱིཿ གསང་འདུས་ཡབ་ཡུམ་སྲས་དང་བཅས། །རིགས་ལྔ་སེམས་དཔའ་ཡབ་ཡུམ་དང་། །སྤྲུལ་སྐུ་ཐུབ་དྲུག་སངས་རྒྱས་སྟོང་། །སྒོ་བཞི་སྐྱོང་མཛད་ཁྲོ་རྒྱལ་བཞི། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་བཅས། །ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པ་ཙམ་བྱའོ། །གཉིས་པ་བུམ་པ་ནི། རྣམ་བུམ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་བཅས། ལས་བུམ་དེ་མཚུངས་མགུལ་ཆིངས་ལྗང་གུ་ཅན་གཉིས་ལ་དྲག་སྔགས་བརྗོད་ཅིང་གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། འགྲུབ་ན་དབང་གཞུང་ནས་གསུངས་པའི་སྔགས་རྣམས་ཀྱང་བརྗོད་ལ་བུམ་པ་བཅའ། གཞི་སྟེགས་ཀྱི་གཡས་སུ་རྣམ་བུམ་དང་གཡོན་དུ་ལས་བུམ་བཀོད་ལ་ཕྱི་ནང་གི་མཆོད་པ་བཤམ། བྱིན་རླབས་སྤྱི་འགྲེ་བྱ། བྷྲཱུྃ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ རྒྱལ་བ་མཉེས་མཆོད་ཚུར་འདུས་པས༔ བུམ་པ་རིན་ཆེན་གཞལ་ཡས་ཁང༔ འཇའ་ཚོན་འོད་ལྔའི་མུ་ཁྱུད་འཁྲིགས། །སོགས་གོང་གི་སྟ་གོན་སྐབས་ལྟར་གཏང་། སྤྱན་འདྲེན་ཚིག་བཅད་མི་དགོས། མཆོད་བསྟོད་ཡན་གྲུབ་ནས་སྔགས་མཆོད་ཀྱི་ཚུལ་དུ་གཙོ་འཁོར་བཟླས་པ་ཉེར་གཅིག་ཙམ་རེ་བྱ། ལས་བུམ་བསང་སྦྱངས། སྟོང་པའི་ངང་ལས། ལས་ཀྱི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་ཟླ་བ་གནོད་སྦྱིན་ཕོ་མོ་བསྣོལ་བའི་སྟེང་དུ། ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་སེར་གཡས་རྡོ་རྗེ་རྒྱ་གྲམ་དང་གཡོན་སྡིགས་མཛུབ་མཛད་པ། ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་ཀྱིས་བཞེངས་པར་བསྒོམ་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གསུམ་གསལ་བ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཁྲོ་བོ་བདུད་རྩི་འཁྱིལ་པ་དངོས་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཨཱོཾ་བཛྲ་ཨ་མྲྀཏ་ཨརྒྷཾ་སོགས་ཀྱིས་མཆོད་ལ། ཧཱུྃ། སྐུ་གསུང་ཐུགས་ཀྱི་མཉམ་ཉིད་བདུད་རྩི་འཁྱིལ། །དུག་གསུམ་བདུད་རྩིར་སྒྱུར་མཛད་སྨན་པའི་མཆོག །བདུད་རྩི་ལྟ་བུས་འགྲོ་བའི་དོན་མཛད་པ། ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧཱུྃ་ལྗང་སེར་གྱི་མཐར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊཿ གཡས་སུ་འཁོར་བ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་གང་བར་གྱུར། ཅེས་དམིགས་ལ་བཟླས་པ་བརྒྱ་རྩ་ཙམ་དང་། མཆོད་བསྟོད་སྔར་ལྟར་བྱ། ལྷ་འོད་དུ་ཞུ་ནས་དག་བྱེད་ཀྱི་ཆུ་ནུས་པ་དང་ལྡན་པར་གྱུར། ཅེས་མོས། དཀྱིལ་འཁོར་གྱི་བཅས་རྣམས་ཡོལ་བས་བསྒྲིབ་བོ། གསུམ་པ་སློབ་མ་སྟ་གོན་ནི། སོ་ཤིང་། སྲུང་སྐུད་ལྔ་བསྒྲིལ། ཀུ་ཤའི་ཆུན་པོ་ཆེ་ཆུང་རྣམས་འདུ་བྱ། སློབ་མ་རྣམས་ལ་སྒོའི་ཕྱི་རོལ་དུ། ཇི་ལྟར་བལྟམས་པ་སོགས་དང་ལས་བུམ་གྱི་ཆུས་ཁྲུས་བྱ། ནང་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་དང་། དབང་གི་སྤྱི་བཤད་རྒྱས་བསྡུས་ཇི་ལྟར་འོས་པས་མཚམས་སྦྱར་ལ། སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཎྜལ་འབུལ་དུ་བཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་དགོངས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ཀྱིས་གཟུང་སླད་ཕྱིར༔ ལྷག་པར་གནས་པར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བཀའི་གནང་བ་སྦྱིན་པ་ལགས་པས་སྙན་གཏོད་འཚལ། ཀྱེ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ དབང་བསྐུར་བྱིན་གྱིས་བརླབ་པའི་ཕྱིར༔ ལྷག་པར་གནས་པ་ཚུལ་བཞིན་བྱའོ༔ ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པ་དང་། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བཤགས་ཤིང་། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སྨོན་སེམས་དང་། དེའི་ཕྱིར་དུ་རྡོ་རྗེ་ཐེག་པའི་ལམ་མཆོག་བསྟེན་པའི་འཇུག་པ་སེམས་བསྐྱེད་པ་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས། ན་མོ༔ རྩ་བ་གསུམ་དང་དཀོན་མཆོག་གསུམ༔ སྐྱབས་ཀྱི་དམ་པ་ཐམས་ཅད་ལ༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་དྭངས་བས་སྐྱབས་སུ་མཆི༔ མི་དགེ་སྡིག་སོགས་ཐམས་ཅད་བཤགས༔ འགྲོ་བ་ཀུན་གྱི་དོན་གྱི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ ཕན་བདེའི་སྤྱོད་པས་འཇུག་པར་བགྱི༔ ལན་གསུམ་བྱ། སོ་ཤིང་གི་ར་བ་རིགས་ལྔའི་སྐུ་བཅས་བཀོད། སོ་ཤིང་སྦྱིན་ལ། རིགས་དང་བསྐལ་པ་བརྟགས་པའི་སླད་དུ་སོ་ཤིང་འདི་ཉིད་ཐལ་མོ་སྦྱར་བའི་བར་དུ་ཟུངས་ལ་རིགས་གང་དང་འབྲེལ་པ་དང་སྐལ་པ་ཇི་ལྟར་ཡོད་པ་བསྟན་དུ་གསོལ་སྙམ་དུ་དམོད་བོར་བ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བ་ཞུ། བླ་མས་གནང་བའི་སོ་ཤིང་འདི༔ ཐུགས་རྗེ་ཆེ་དང་མཉམ་སྦྱོར་བས༔ དཀྱིལ་འཁོར་དབུས་སུ་འདོར་བར་བགྱི༔ ལས་དང་སྐལ་ལྡན་ས་རུ་བོབས༔ ཞེས་འདོར་དུ་གཞུག །དེ་ལྟར་དོར་བའི་སོ་ཤིང་རྩེ་མོ་ཕྱོགས་བཞི་གང་དུ་བསྟན་པ་དེའི་རིགས་དང་ཕྲིན་ལས། མཚམས་སུ་དངོས་གྲུབ་ཕྲན་ཚེགས། སྟེང་དུ་མཁའ་སྤྱོད། འོག་ཏུ་བསྟན་ན་ས་སྤྱོད་འགྲུབ་པར་གསུངས་སོ། །སྲུང་སྐུད་ལྔ་བསྒྲིལ་རྡོ་རྗེའི་མདུད་པ་གསུམ་བཏབ་པ་ལ་ཡི་དམ་གྱི་སྙིང་པོ་དང་དྲག་སྔགས་སོ་ལྔ་པ་བཏབ། རྡོ་རྗེའི་མདུད་པ་འདི་ཉིད་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་ལས་བསྲུང་བར་མོས་ཤིག །ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ སྲུང་བ་རྡོ་རྗེའི་མདུད་པར་བྱས༔ བར་ཆད་བགེགས་རྣམས་བསྲུང་བར་ཤོག༔ ཡི་དམ་སྔགས་ཤམ་དུ། བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བཅིངས་ལ་མདུད་པར་རྡོ་རྗེའི་རྒྱས་གདབ། ཀུ་ཤ་དྲི་ཆབ་ཀྱིས་བསང་ལ། བཟང་ངན་གྱི་ལྟས་རྨི་ལམ་དུ་བརྟག་པར་བྱ་བ་ལ་གསལ་ཞིང་མི་འཁྲུགས་པའི་སླད་དུ་དག་བྱེད་རྩྭ་མཆོག་ཀུ་ཤའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །ལས་འཕྲོ་སྐལ་ལྡན་རིགས་ཀྱི་བུ༔ ཀུ་ཤ་གཙང་མའི་རྩྭ་མཆོག་འདི༔ དངོས་གྲུབ་རྟགས་མཚན་གསལ་བའི་ཕྱིར༔ ཁྱོད་ཀྱི་ཉལ་བའི་སྔས་སྟན་གྱིས༔ ཞེས་ཕྱག་རྒྱ་བསྣོལ་མས་གཏད། དེས་སྔོན་འགྲོ་སྟ་གོན་གྱི་རིམ་པ་གྲུབ་པ་ལགས་པས་དགེ་རྩ་གཞན་དོན་དུ་བསྔོ་བར་ཞུ། ཞེས་བསྔོ་བ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་སྟ་གོན་ལྷ་ལ་གསོལ་བ་གདབ་པ་ནི། ཐལ་མོ་སྦྱར་ལ། ཧོ༔ དུས་གསུམ་བླ་མ་ཡི་དམ་ལྷ༔ ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས༔ མཁའ་འགྲོ་དམ་ཅན་མ་ལུས་དགོངས༔ དཀྱིལ་འཁོར་བཟང་པོ་ལེགས་བྲིས་ནས༔ བདག་ཅག་བསྙེན་སྒྲུབ་ལས་སྦྱོར་བསྲངས༔ སྟ་གོན་ལ་ནི་གནས་པར་མཛོད༔ ཅེས་དང་སེ་གོལ་ལན་གསུམ་གྱིས་བསྐུལ་བས། ལྷ་རྣམས་བར་སྣང་དུ་བཏེགས་འོད་ཀྱི་དྲྭ་བར་བཞུགས་པར་གྱུར། ཅེས་མོས་ལ་ཚོམ་བུ་སོགས་བསྡུ། བདག་བསྐྱེད་འོད་གསལ་བསྡུ་ལྡང་བྱས་ལ་དགེ་བ་བསྔོའོ། །གསུམ་པ་ལ་གཤོམ་བཀོད་ཀྱི་རིམ་པ་ནི། སྟེགས་བུའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་རྐང་གསུམ་བཀོད། དེ་སྟེང་འོག་ནས་འབྱུང་བའི་ཚིག་བཅད་བརྗོད་ལ་རྣམ་བུམ་ཁ་རྒྱན་གཟུངས་རྡོར་ལྡན་པ་བཞག །དབུ་རྒྱན། ཕྲེང་བ་སོགས་ཞི་ཆས་བདུན། རིགས་ལྔའི་ཕྱག་མཚན། དྲིལ་བུ་དང་མེ་ཏོག་ཕྲེང་བ། རིགས་ལྔ་ཡབ་ཡུམ། སྐུ་བཞི། སེམས་དཔའ་སེམས་མ་བཅུ་དྲུག །ཐུབ་པ་དྲུག །སངས་རྒྱས་སྟོང་བཅས་ལྷ་ཙཀ་ཡོངས་རྫོགས། གཞུང་པོད་ཕྲེང་བས་དྲིལ་བ། ཤེལ་རྡོ་མེ་ལོང་འབྲུ་གསུམ་མཚན་པའི་ཕྱག་རྒྱ་གསུམ་རྣམས་མདུན་སོགས་སུ་བཞག །བཟའ་བཅའ་སྣ་ཚོགས་པའི་ཚོགས་རྫས་སྣོད་གཅིག་ཏུ་བཞག་པ། རྫས་བརྒྱད། ཚེ་འབྲང་རྣམས་ཀྱང་ཅི་བདེར་བཀོད། མྱང་གྲོལ་བུམ་དབང་སྦྲེལ་ན་མདུན་དུ་སྐྱེ་བདུན་རིལ་བུས་བཀང་བའི་བུམ་པ་རིགས་ལྔས་ཁ་བརྒྱན་པ། གཡས་ཕྱོགས་སུ་གསང་དབང་དཀྱིལ་འཁོར་མཎྜལ་ལ་སིནྡྷུ་ར་བྱུགས་ཤིང་ཆོས་འབྱུང་བྲིས་པའི་དབུས་སུ་ཀཱ་པ་ལ་ཆོས་སྨན་ཆང་སྦྱར་གྱིས་བཀང་བ་དར་དམར་གྱིས་ཁ་བཀབ། སྟེང་དུ་མེ་ལོང་ལ་སིནྡྷུ་ར་ཆང་སྦྱར་བྱུགས་པ་ལ་ཆོས་འབྱུང་དབུས་སུ་ཧྲཱིཿམ། ཕྱོགས་བཞིར་ཧ་རི་ནི་ས་བྲིས་པ་བཞག །གཡོན་ཕྱོགས་སུ་དབང་བཞི་པའི་དཀྱིལ་འཁོར་འཇའ་རིས་མུ་ཁྱུད་ལྔ་ལྡན་གྱི་དབུས་སུ་བྷནྡྷ་བདུད་རྩིས་བཀང་བའི་ཁ་མེ་ལོང་གིས་བཀབ་པ་ལ་ཤེལ་རྡོ་དང་རྨ་བྱའི་སྒྲོ་ཐིག་བཞག །གཏོར་དབང་ཡང་སྦྲེལ་ན་རྒྱབ་ཕྱོགས་སུ་རིན་པོ་ཆེའི་སྣོད་དུ་ཆང་དང་འོ་མ་སྤོད་སྨན་སྦྲང་སྦྱར་གྱི་ཟན་ལ་རི་རབ་བང་རིམ་བཞི་བརྩེགས་སྟེང་ཟླུམ་སྐོར། དེ་སྟེང་པདྨ་འདབ་བརྒྱད། དེ་སྟེང་བུམ་པ་པད་སྐོར་སྟེང་རིན་པོ་ཆེས་བརྒྱན་པ། རྨངས་སུ་པདྨ་ཕྱི་ནང་སྦྲགས་མ་ཅན་དང་། ཐོད་པའི་བདུད་རྩི་མེ་ལོང་གིས་བཀབ་པའི་སྟེང་མན་ཤེལ་བཞག །མདུན་དུ་བཀའ་གཏེར་སྲུང་མའི་གཏོར་མ། སྨན་རག་གཏོར་གསུམ། ཕྱི་མཆོད་སོགས་རྒྱས་པར་བཤམ། ལས་བུམ་བྱང་ཤར་དུ་བཀོད། གཞན་ཡང་ལས་བྱང་ལ་མཁོ་བའི་གཏོར་མཆོད། ཚོགས་ཀྱི་ཡོ་བྱད་རྣམས་འདུ་བྱའོ། །གོང་སྨོས་བུམ་པ་བཞུགས་གསོལ་ནི། ཧཱུྃ༔ ཕྱི་ནང་གསང་བ་ཡོངས་རྫོགས་ལྷ་རྣམས་བཞུགས༔ བདེ་གཤེགས་རྒྱལ་བ་ཡོངས་རྫོགས་ཆེན་པོ་བཞུགས༔ མངའ་གསོལ་དགྱེས་བཞུགས་དབང་དང་དངོས་གྲུབ་སྩོལ༔ གསང་བ་མཆོག་གི་གནས་འདིར་བཞུགས་སུ་གསོལ༔ བཛྲ་ཏིཥྛ་ས་མ་ཡ་ལྷན༔ ཞེས་དང་ཤིས་བརྗོད་གང་འོས་བྱ། དབང་དོན་སྒྲུབ་མཆོད་ནི་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། ལས་བྱང་ལྟར་སྐྱབས་འགྲོ །ཡན་ལག་བདུན་པ། སེམས་བསྐྱེད་བྱ། དཀར་གཏོར་དང་བགེགས་གཏོར་གཏང་། བཀའ་བསྒོ་མཚམས་གཅོད་ནས་བཟུང་མཐར་ཆགས་སུ་གཏང་། བྱིན་འབེབ་སྐབས། བར་སྣང་འོད་ཀྱི་དྲྭ་བར་བཞུགས་པའི་སྟ་གོན་གྱི་ལྷ་རྣམས་བྱ་ཁྱུ་ཐང་ལ་བབས་པ་ལྟར་བྱོན་ནས་དཀྱིལ་འཁོར་རང་རང་གི་གདན་དང་རྟེན་ལ་བཞུགས་པར་གྱུར། བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ཅིང་དོན་བསམ། ལྷ་བསྐྱེད་སྐབས་ཆགས་མེད་ཞབས་སོགས་ལུགས་འདིའི་བརྒྱུད་འཛིན་བླ་མ་རྣམས་ཀྱིས་གྱེར་ཚིག་གཅིག་གིས་བདག་བདུན་བུམ་གསུམ་གཏོར་མ་བཅས་རྟེན་བརྟེན་པ་ཡོངས་རྫོགས་སོ་སོར་བསྐྱེད་པར་གསུངས། རྒྱས་པར་གྲུབ་ན་ཕྱག་གི་སྐབས་སུ་སངས་རྒྱས་སྟོང་གི་མཚན་འབུམ་སྦྱར། གླུ་མཆོད་རྗེས་སུ་མཆོད་འབུམ། སྨན་རཀ་གཏོར་གསུམ་ཁཱ་ཧི་བཅས། བསྟོད་པ་རྒྱས་པ་བཤགས་པ་བཅས་བཏང་། རྒྱུན་མི་ཆད་པ་རྣམ་གསུམ་གྱི་ཏིང་ངེ་འཛིན་དང་ལྡན་པས་གཙོ་བོ་ཡིག་བདུན་ཅི་འགྲུབ་དང་། འཁོར་རྣམས་དེའི་བཞི་ཆ་སོགས་རིམ་པར་ཕྲི་ལ་བཟླ། གཟུངས་ཐག་བླངས་ལ། བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པ་བུམ་པའི་ལྷ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། ཡབ་ཡུམ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཅེས་དམིགས་ལ་ཡིག་བདུན་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བཏགས་པ་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་བཟླ། མྱོང་གྲོལ་རིལ་བུམ་གྱི་དབང་བསྐུར་སྦྲེལ་ན་སྐབས་འདིར་ཟུར་གསལ་དམིགས་བཟླས་རྩ་བ་ཅི་མང་དང་། ལས་སྦྱོར་བཟླས་པའང་ཁྱུག་ཙམ་བྱ། དེ་ནས་མཆོད་བསྟོད་མདོར་བསྡུས་བྱས་ལ་དུང་ཆུ་རྣམ་བུམ་དུ་ཕུལ་ཏེ། ལྷ་རྣམས་བྱང་ཆུབ་སེམས་ཀྱི་ཐིག་ལེར་ཞུ་ནས་བདུད་རྩིས་བུམ་པ་གང་བར་གྱུར། ཅེས་དམིགས། སྲུང་མའི་གཏོར་འབུལ་ཆགས་མེད་ཀྱིས་མཛད་པའི་སྒྲུབ་ལུང་མ་ཙམ་འཚམ་པས་ལེགས། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་གྲུབ་པ་དང་ཏིང་ངེ་འཛིན་གྱི་དབང་ལེན་ནམ་རིག་པའི་མེ་ཏོག་དོར། སློབ་མ་གཞུག་པར་གནང་བ་ཞུ། དཀྱིལ་འཁོར་ལ་ཡོལ་བ་བཏང་ངོ་། བཞི་པ་དབང་བསྐུར་བ་ནི། སྟ་གོན་བྱས་པའི་སློབ་མ་རྣམས་སྒོའི་ཕྱི་རོལ་དུ་ལས་བུམ་གྱིས་ཁྲུས་བྱ་ཞིང་། ཧཱུྃ༔ དྲི་མེད་དག་པ་ཡེ་ཤེས་ཆུ་འདིས་ནི༔ ལས་དང་བར་ཆད་སྒྲིབ་སོགས་ཀུན་ཏུ་སྦྱོང༔ བུ་རྣམས་ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ དབང་བཞི་ཡོངས་རྫོགས་སྣོད་དུ་འགྱུར་བར་ཤོག༔ ཨོཾ་ཤཱུ་ཛྙཱ་ཏ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀ་ཤུདྷོ྅་ཧཾ༔ ཞེས་དང་ཡིག་བརྒྱ་བརྗོད་ལ་ནང་དུ་འཁོད། བགེགས་གཏོར་གཏང། བཀའ་བསྒོ་མཚམས་གཅོད་ལས་བྱང་ལྟར་བྱ། སེམས་བསྐྱེད་གསལ་གདབ། དབང་བཤད་རྒྱས་པར་སྤྲོ་ན་གཞན་དུ་འབྱུང་བ་གང་རིགས་སྦྱར། མདོར་བསྡུ་ན། དེའང་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་གཅིག་ཏུ་བསྡུས་པའི་བདག་ཉིད་ཆེན་པོ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དེ་ཉིད་ཀྱིས་གདུལ་བྱ་གཞན་སྣང་ཙམ་དུ། ཨོ་རྒྱན་ཡུལ་གྱི་ཤར་ཕྱོགས་རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་ཚེ་ལ་དབང་བའི་རིག་པ་འཛིན་པ་བསྒྲུབས་ནས་གྲུབ་པ་བརྙེས་པའི་སྐབས་སུ། གནས་མཆོག་རི་བོ་ཏ་ལར་འཕགས་མཆོག་ཐུགས་རྗེ་ཆེན་པོ་དངོས་ལས་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས། རྒྱལ་བ་རྒྱ་མཚོ། གསང་བ་འདུས་པ། ཡང་སྙིང་འདུས་པ། ཡིད་བཞིན་འོད་མཆོག །ཕྱག་སྟོང་སྤྱན་སྟོང་ལ་སོགས་པའི་རྒྱུད་མཆོག་བརྒྱ་དང་རྩ་བརྒྱད་བཞུགས་ཤིང་ཡོངས་སུ་རྫོགས་པའི་བཀའ་བབས་ཐོབ་པ་ལ་བརྟེན་ནས་སྒྲུབ་ཐབས་མན་ངག་གི་རིམ་པ་མཐའ་ཡས་པ་མཛད། བོད་ཡུལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཁྱད་པར་དུ་གྱུར་པ་ལ་དགོངས་ནས། སྐལ་ལྡན་རྗེ་འབངས་ཕོ་མོ་རྣམས་ལ་ཐུགས་རྗེ་ཆེན་པོའི་རྒྱུད་དང་གདམས་ངག་གི་རིམ་པ་མཐའ་ཡས་པ་བསྩལ་པ་རྣམས་ཀྱི་ནང་ནས་ཕྱོགས་དུས་རྒྱལ་བ་ཀུན་གྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པའི་གདམས་སྐོར་འདི་ཉིད། པདྨ་གསུང་གི་བཀའ་བབས་རྒྱལ་བ་མཆོག་དབྱངས་དང་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་སོགས་ལ་ཁྱད་པར་དུ་བསྩལ་ཅིང་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་དུ་སྦས་པར་གདམས་པ་ལྟར། གསང་བའི་བདག་མོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ལྷོ་བྲག་གནམ་སྐས་ཅན་དུ་དམ་ཆོས་འདུས་པ་སྐོར་བཞི་ལྷན་ཅིག་ཏུ་སྦས་པར་མཛད་པ། ཕྱིས་འདུལ་བའི་དུས་ལ་བབས་པའི་ཚེ་ལང་གྲོ་ལོ་ཙཱའི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པས་སྤྱན་དྲངས་ཏེ། བུམ་སྒྲུབ་ཆེན་མོ་སུམ་ཅུ་སོ་ལྔ་རེ་རེ་བཞིན་ངོ་མཚར་བའི་ལྟས་ཀུན་གྱིས་མཐུན་གྲུབ་དང་བཅས་པ་བཙུགས་ནས་མྱང་གྲོལ་སྦྱིན་པས་བོད་ཡུལ་མཐའ་དབུས་ཀུན་ལ་ཁྱབ་པར་མཛད། དེ་ནས་བཟུང་སྟེ་ད་ལྟའི་བར་དུ་མདོ་ཁམས་སྟོད་སྨད་ཀུན་ཏུ་ཐུགས་གསང་གི་བསྟན་པ་དབྱར་མཚོ་ལྟར་འཕེལ་རྒྱས་རྒྱུན་མ་ཆད་པར་བྱུང་བའི་ཟབ་ཆོས་འདི་ལ། དབང་བསྐུར་གྱི་རྣམ་གྲངས་འགའ་ཞིག་མཆིས་པ་ལས་ད་ལམ་སྐབས་འདིར་རྩ་བའི་སྨིན་བྱེད་ཆེན་མོ་ཡན་ལག་བཅས་མཐའ་རྒྱས་སུ་བསྒྲུབ་པ་ཡིན། དེ་ལ་བདག་ཉིད་ཀྱི་བགྱི་བར་འོས་པ་སོགས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་དང་སྔགས་སྤྱི་མཐུན་བྱས་ལ་མིག་དར་མེ་ཏོག་གཏད། སློབ་དཔོན་དང་། དཀྱིལ་འཁོར་གྱི་བདག་པོ་དབྱེར་མ་མཆིས་པ་ལ་ཐུགས་གུས་པ་ཆེན་པོས་ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ རྒྱལ་བ་ཀུན་དང་གཉིས་མེད་པས༔ བླ་མེད་སྙིང་པོ་ཐོབ་བྱའི་ཕྱིར༔ བདག་ཅག་སྒོ་འདིར་འཇུག་པར་ཞུ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྣོད་ཀྱི་སྐལ་པ་བརྟག་ཅིང་འདྲི་བ་ཡིན་ཏེ། བུ་རྣམས་སྐལ་བར་མི་ལྡན་ན༔ འཇུག་པར་དཀའ་ཞིང་ཉེས་དམིགས་ཆེ༔ དམ་ཚིག་འདས་ན་འདི་ཕྱི་བརླག༔ ལས་འཕྲོ་མེད་ན་ཕྱིར་དེངས་ཤིག༔ དེའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ འདི་ནས་བྱང་ཆུབ་མཆིས་བར་དུ༔ དབང་ཞུ་བཀའ་བསྒྲུབ་དམ་བསྲུང་ལགས༔ གསང་བའི་དཀྱིལ་འཁོར་འཇུག་པར་ཞུ༔ ཞེས་གསོལ་བས་སྣོད་དང་ལྡན་པར་རིག་ནས་གནང་བ་སྦྱིན་པ་ནི། གསང་འདུས་ཐུགས་རྗེའི་དཀྱིལ་འཁོར་འདིར༔ ལྷ་དང་སྙིང་པོ་བསྒྲུབ་པ་ཡི༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་ན༔ ལས་ཀྱི་བུ་ཡིན་བདག་གིས་བཟུང༔ དེ་ལ་ཐོག་མར་སྡོམ་པ་དམ་ཚིག་མཐའ་དག་གི་གཞི་རྟེན་སྐྱབས་སུ་འགྲོ་དགོས་པས། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་ལ་བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ། སྐྱབས་གསོལ་དང་སྡིག་པ་བཤགས་པས་རྒྱུད་སྦྱོང་བ་སྔོན་དུ་འགྲོ་བ་ཅན་གྱི་སོ་སོ་ཐར་པའི་སྡོམ་པ། སྨོན་འཇུག་བྱང་སེམས་ཀྱི་བསླབ་པ་སོགས་ཚུལ་བཞིན་དུ་བླང་ཞིང་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་ནི་རྟག་ཏུ་གནས་ཤིང་བསྲུང༔ དོན་དམ་སེམས་བསྐྱེད་སྡོམ་པ་བཟུང༔ བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱོད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། དམ་ཆུ་སྦྱིན་ལ། འདི་ནི་གསང་བ་སྲོག་གི་ཆུ༔ ཁྱོད་ཀྱི་སྙིང་གི་དཀྱིལ་དུ་དབབ༔ ཡེ་ཤེས་སེམས་དཔའ་ཚོན་གང་བར༔ འདི་འགྱུར་མཆོག་གི་ས་ཐོབ་ཤོག༔ གལ་ཏེ་ཁྱོད་ཀྱིས་དམ་འདས་ན༔ ཡཀྴ་སྡིག་པ་མགོ་དགུར་གྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་བསྲེག༔ དེ་ཕྱིར་དམ་ཚིག་སྲོག་བཞིན་བསྲུང༔ ས་མ་ཡ་རཀྵ་ཧཱུྃ༔ རྡོ་རྗེ་ཐེག་པའི་རྩ་བ་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་པའི་དམ་བཅའ་བརྟན་པོས་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་དུ་ན་ར་ཀན། ཞེས་བརྗོད་དུ་གཞུག །གཏེར་གཞུང་ལས་སློབ་བུའི་སྒྲིབ་པ་སྦྱངས་ནས་ལྷར་བསྐྱེད་ཅིང་དབང་བསྐུར་བ་ཙམ་ལས་མ་གསུངས་པ་གཏེར་རྙིང་ཕལ་ཆེར་དང་དགོངས་པ་མཐུན་ལ་དོན་ལ་དེ་ཀས་ཆོག་མོད་ཀྱང་། གསང་བ་སྤྱི་ལྟར་ཡེ་ཤེས་པ་དབབ་པའང་འགལ་བ་མེད་པར་མ་ཟད་གཏོར་དབང་སྐབས་སུ་ཆེ་ཐང་དུ་བསྔགས་པ་ལྟར་གནད་བསྡེབ་ན། དེའང་ཐ་མལ་པའི་ལུས་ཀྱི་སྣོད་ལ་དབང་གི་བཅུད་མི་ཆགས་པས་ཐོག་མར་སྒྲིབ་པ་སྦྱོང་བའི་སླད་དུ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཕྱོགས་བཞི་དབུས་ལྔར་ཉི་ཟླ་པདྨའི་གདན་གྱི་སྟེང་དུ། དབུས་སུ་ཨོཾ་དཀར་པོ། ཤར་དུ་ཧཱུྃ་མཐིང་ག །ལྷོར་ཏྲཱཾ་སེར་པོ། ནུབ་ཏུ་ཧྲཱིཿདམར་པོ། བྱང་དུ་ཨཱཿལྗང་གུ་རྣམས་གསལ་བར་བསྐྱེད་དེ། བཛྲ་སུརྻ་ཙཎྜ་ཀྲ་ཧཱུྃ་ཕཊ༔ ཅེས་བརྗོད་པས་ཡིག་འབྲུ་རྣམས་ལས་ཡེ་ཤེས་ལྔའི་འོད་ཟེར་ལྕགས་སྲེག་གི་ཚྭ་ཚྭ་ལྟར་རྣོ་ལ་མྱུར་བ་མང་པོ་འཕྲོས། སློབ་མའི་ལུས་ལ་ཐིམ་པས། རྒྱུ་ཕ་མའི་ཁུ་ཁྲག་མི་གཙང་བ་ཐམས་ཅད་དང་། ལུས་ངག་གི་དྲི་མ་དང་། སེམས་ཀྱི་རྟོག་སྒྲིབ་དང་། མ་རིག་བག་ཆགས་ཐམས་ཅད་བྱ་སྤུ་མེས་ཚིག་པ་ལྟར་བསྲེག་པར་བསམ་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་པཱ་པཾ་ད་ཧཱ་ན་བཛྲཱ་ཡ་སྭཱ་ཧཱ༔ ཞེས་བརྗོད་ཅིང་ཏིལ་ནག་གིས་བྲབས། དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ལུས་གནད་དྲང་པོར་སྲོངས། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་རྩེ་གཅིག་ཏུ་སྒོམས་མཛོད། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་གསང་བ་འདུས་པ་དངོས་སུ་གསལ་བ་དང་། ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གནས་ཁང་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྐུར་གྱུར་པ་ནི། དམིགས་མེད་སྟོང་པའི་ངང་ཉིད་ལས། །ཕོ་བྲང་ལྟེ་དབུས་འོད་ལྔའི་ཀློང་། །པདྨ་ཉི་ཟླའི་གདན་སྟེངས་སུ། །རང་རིག་ཡི་གེ་ཧྲཱིཿདམར་པོ། །ཕར་འཕྲོས་རྒྱལ་བ་མཉེས་མཆོད་འབུལ། །སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱང་། །ཚུར་འདུས་དངོས་གྲུབ་བདག་ལ་བསྡུ། །འཁོར་བ་དོང་ནས་སྤྲུགས་པར་བསམ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །རང་ཉིད་གསང་བ་འདུས་པའི་སྐུ །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་པད་ཕྲེང་ཐུགས་ཀར་འཛིན། །ཕྱག་གཡོན་ཚེ་བུམ་པད་སྡོང་བསྣམས། །རིན་ཆེན་པད་ཕྲེང་རུས་རྒྱན་དང། །དར་དཔྱང་རྒྱན་ཚོགས་དཔག་མེད་བརྒྱན། །ཡུམ་མཆོག་གསང་བ་ཡེ་ཤེས་མ། །ཕྱག་གཡས་ཨུཏྤལ་གཡོན་བདུད་རྩི། །ཟུང་འཇུག་ཡབ་ཀྱི་མགུལ་ནས་འཁྱུད། །གཅེར་བུ་རྒྱན་དྲུག་པད་ཕྲེང་མཛེས། །ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ། །གཉིས་མེད་ཟུང་འཇུག་དག་ཏུ་སྒོམས། །དེ་ལྟར་གསལ་བའི་སྙིང་གི་དབུས་སུ། གསེར་གྱི་འཁོར་ལོ་རྩིབས་དྲུག་པ་དེའི་འོག་ཏུ་གཡོ་བྱེད་རླུང་གི་ས་བོན་ཡཾ་གིས་མཚན་པ། དེའི་སྟེང་སྙིང་གི་དཀྱིལ་དུ་ཡེ་ཤེས་སེམས་དཔའ་བསྒོམས་པ་དང་འདྲ་བ་ཚོན་གང་བའི་ཐུགས་ཀར་པད་འདབ་དྲུག་ལ་ཡིག་འབྲུ་དྲུག །ལྟེ་བར་ཧྲཱིཿགསལ་བ་ལས། བླ་མས་ཧྲཱིཿཞེས་པའི་དབྱངས་དང་ཡཾ་ཞེས་རིང་བར་བརྗོད་པས། བླ་མའི་ཐུགས་ཀ་ནས་ཧྲཱིཿདང་ཡཾ་འཕྲོས་སློབ་བུའི་ཐུགས་ཀའི་ཡིག་འབྲུ་གཉིས་ལ་ཕོག་པས་ཡཾ་ལས་རླུང་རེ་རེ་གཡོས་པས། འཁོར་ལོ་རྩིབས་དྲུག་སྙིང་ཡེ་ཤེས་སེམས་དཔའ་དང་བཅས་པ་དྲག་ཏུ་འཁོར་བ་ལ་རྩེ་ཅིག་ཏུ་གཏད་ཅིང་། ཡེ་ཤེས་སེམས་དཔའ་དང་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་ཁྱབ་པས་སྤྱིར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། ཁྱད་པར་དུ་པོ་ཊ་ལ་ནས་ཡེ་ཤེས་པ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་། འོག་མིན་ནས་རྒྱལ་བ་རིགས་ལྔའི་ཚོགས་ཐམས་ཅད་ཁ་བ་བུ་ཡུག་འཚུབ་པ་ལྟར་ཐིབ་ཐིབ་ནམ་མཁར་བྱོན་ནས། སློབ་བུའི་སྤྱི་བོ་ནས་མར་ཐིམ་ཞིང་ཁྱད་པར་དུ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པར་སྒོམས་ཤིག །རྒྱས་པར་སྤྲོ་ན་སྒྲུབ་ཁོག་གི །སྟོང་གསུམ་ཕྱོགས་བཅུའམ། བསྡུ་ན། ལས་བྱང་གི་བྱིན་འབེབ་བརྗོད། རོལ་མོ་བསྒྲག །འབེབ་རྫས་བདུག །ཡིག་བདུན་ཤམ་བུར། ཧྲཱིང་ཧྲཱིང་བཛྲ་ས་མ་ཡ་ཛ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཧྲཱིང༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བཟླས་ལ་དབབ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག །མེ་ཏོག་འདོར་གཞི་ཕྱག་མཚན་ལྔའམ་ཚོམ་བུ་བཀོད་པ་གང་རིགས་བསྟར་ལ། མཎྜལ་འདིར་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་པ་གསལ་བ་ལ་ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད། རང་རིག་ལྷག་པའི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པ་དྲག་པོས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ ལས་དང་ཐུགས་རྗེ་ཟུང་འབྲེལ་བའི༔ ལྷག་པའི་ལྷ་ལ་ཕོག་པར་ཤོག༔ ཅེས་འདོར་དུ་གཞུག །གང་ལ་ཕོག་པའི་རིགས་སོ་སོ་དང་མཐུན་པའི་གསང་མཚན་ནམ། སྤྱི་ཙམ་དུ། ཁྱེད་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་དཀྱིལ་འཁོར་གྱི་བདག་པོ་གསང་བ་འདུས་པར་ཟུངས་ལ་གསང་བའི་མཚན་ཡང་རིགས་འདུས་ཐུགས་རྗེའི་དབང་ཕྱུག་ཅེས་བྱ་བ་ཡིན་ནོ། །ཞེས་ཅོད་པན་སྤྱི་བོར་བཞག །དེ་ནས་ལས་སློབ་ཀྱིས་ཕྱག་བྱས་ལ་འདི་ཞུའོ། །ཧོ༔ ལས་དང་སྐལ་བར་ལྡན་འདི་རྣམས༔ བྱང་ཆུབ་རྡོ་རྗེའི་ལམ་ལ་དྲངས། རྡོ་རྗེ་སློབ་དཔོན་མཆོག་གིས་བཟུང༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ མ་རིག་རྨོངས་པའི་ལིང་ཐོག་སོལ༔ དག་པའི་ཞིང་ཁམས་བསྟན་དུ་གསོལ༔ སློབ་དཔོན་གྱིས་གསེར་ཐུར་ཐོགས་ལ། ཁྱེད་རང་རྣམས་ཀྱི་ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ང་ནི་ཐར་པའི་ལམ་སྟོན་སྟེ༔ ཁྱེད་ཀྱི་མ་རིག་བསལ་བར་བྱ༔ གསང་བ་འདུས་པའི་དཀྱིལ་འཁོར་ལྟོས༔ ལམ་མཆོག་རྙེད་དོ་སྤྲོ་བ་སྐྱེད༔ བཛྲ་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཡོལ་བ་བསལ། དེ་ལྟར་དྲི་མེད་ཡེ་ཤེས་ཀྱི་སྤྱན་ཐོབ་པས་རང་སྣང་རྣམ་པར་དག་པའི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་མཐོང་བར་གྱུར་པ་ནི། དེའང་ཕྱི་རོལ་དུ་རྡོ་རྗེའི་ར་གུར་མེ་རི་དང་བཅས་པའི་སྲུང་འཁོར། དེའི་ནང་དུ་པདྨའི་ར་བ། དུར་ཁྲོད་གནས་བརྒྱད་དེ། གང་ཟག་དབང་པོ་ཐ་མ་པ་ལ་མི་རྟག་པ་དང་། འབྲིང་ལ་བདག་མེད་པ་དང་། རབ་ལ་འཁོར་འདས་རོ་སྙོམས་སུ་སྟོན་པའོ། །དེ་ཡི་ནང་དུ་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པའི་ལྟེ་བར། ཐར་པ་ཆེན་པོའི་གཞལ་མེད་ཁང་། གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། ཐོག་ཕྱུར་བུར་ཕུབ་པའི་ཆོས་འཁོར་རིམ་པ་བཅུ་གསུམ། རྩེ་མོ་རྡོ་རྗེ་ནོར་བུའི་ཏོག་གིས་སྤྲས་པ། འདོད་སྣམ་ལ་མཆོད་པའི་ལྷ་མོས་འདུད་པ། ཕོ་བྲང་མཉམ་ཡངས་འོད་ལྔའི་ཐིག་ལེར་འཁྱིལ་ཅིང་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་རྣམ་པར་དག་པའི་གཞལ་ཡས་ཁང་ཆེན་པོ། དེའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་དཀྱིལ་འཁོར་གཙོ་བོ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་སྐུ་མདོག་པདྨ་རཱ་གའི་འོད་དུ་འཚེར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་པདྨའི་ཕྲེང་བ་དང་། གཡོན་པད་སྡོང་གི་ལྟེ་བར་བདུད་རྩིས་བཀང་བའི་བུམ་པ་ཐུགས་ཀར་འཛིན་པ། དར་དང་རུས་པ་དང་རིན་པོ་ཆེས་བརྒྱན་པ་སྟེ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ། ཕྱག་གཉིས་པདྨ་དང་གྲི་གུག་ཚེ་བུམ་འཛིན་ཅིང་། དབུ་སྐྲ་གྲོལ་བ་ཕྱག་རྒྱ་ལྔ་དང་པད་ཕྲེང་དོ་ཤལ་གྱིས་མཛེས་པ། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཐབས་ཀྱི་སྐུ་ལ་འཁྲིལ་བ། ཡབ་ཀྱི་དབུ་གཙུག་ཏུ་རིགས་བདག་སྣང་བ་མཐའ་ཡས། ཐུགས་ཀར་རྟ་མགྲིན་དམར་པོ། གཡས་གཡོན་དུ་པད་ཟླའི་སྟེང་དུ། སྲས་ནོར་བུ་འཛིན་པ། སྲས་མོ་གསང་སྔགས་འཛིན་མ་གཉིས་དཀར་དམར་པད་ཕྲེང་བསྣམས་པ། དེ་ཡི་དབུས་མདུན་དང་ཕྱོགས་བཞིར་འདབ་བཞི་ལ་རིགས་ལྔ་ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། དེ་ཡི་ཕྱི་རིམ་འདབ་མ་བརྒྱད་ལ་རིགས་འདུས་ཀྱི་སེམས་དཔའ་ཡབ་ཡུམ་བརྒྱད་བྱང་ཆུབ་སེམས་དཔའི་ཆ་ལུགས་ཅན། དེ་ཡི་ཕྱི་རིམ་པད་འདབ་དྲུག་ལ་ཐུབ་པ་རིགས་དྲུག་སྤྲུལ་སྐུའི་ཆ་བྱད་ཅན། དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་ལ། པདྨ་སྟོང་དང་རྩ་གཉིས་ལྡན་པའི་སྟེང་དུ་འདས་དང་མ་འོངས་ད་ལྟའི་སངས་རྒྱས་ཏེ་བསྐལ་པ་བཟང་པོའི་རྣམ་པར་འདྲེན་པ་སྟོང་དང་རྩ་གཉིས་མཚན་དཔེས་སྤྲས་པ་སྤྲུལ་སྐུའི་ཆ་བྱད་ཀྱིས་གང་འདུལ་དེར་སྣང་དུ་སྟོན་པ། སྒོ་བཞིར་བདུད་བཞི་དང་པད་ཉིའི་གདན་ལ། ཤར་དུ་བཛྲ་ཧེ་རུ་ཀ་དཀར་པོ། ལྷོར་རཏྣ་ཧེ་རུ་ཀ་སེར་པོ། ནུབ་ཏུ་པདྨ་ཧེ་རུ་ཀ་དམར་པོ། བྱང་དུ་ཀརྨ་ཧེ་རུ་ཀ་ལྗང་གུ་བཞི་ཀའང་ཤིན་ཏུ་ཁྲོ་བའི་ཉམས་ཀྱིས་བདུད་བཞི་དང་ཉོན་མོངས་པའི་ཚོགས་ཐམས་ཅད་འགུགས་བཅིང་སྡོམ་དང་བསྐྲད་པའི་ལས་ཀྱིས་སྒྲོལ་བར་མཛད་པ། དེ་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་འདི་ལྟ་བུ་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་དངོས་གྲུབ་ཐམས་ཅད་དང་། མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་ཡང་མྱུར་དུ་འཐོབ་པར་འགྱུར་བས་བསྐྱེད་པའི་རིམ་པ་སྒོམ་པ་ལ་བརྩོན་པར་མཛོད་ཅིག །དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཡིན། ཞུགས་ནས་མངོན་པར་དབང་བསྐུར་བ་ལ། རྣལ་འབྱོར་བླ་ན་མེད་པའི་དབང་གི་རྣམ་གྲངས་བཞིར་འབྱུང་བ་ལས་ཐོག་མར་བུམ་པའི་དབང་བསྐུར་རྗེས་འབྲེལ་བཅས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། བུམ་པའི་དབང་ཉིད་ལའང་ཕྱི་ནང་གསང་བ་རྩལ་དབང་རྣམས་སུ་ཡོད་པ་ལས་དང་པོ་ཕྱི་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་ལྷར་གསལ་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དལ་གྱི་ལྷ་ཚོགས་རྣམས་ལ་ཕོག་པས། དཀྱིལ་འཁོར་གྱི་གཙོ་བོ་དང་། རྒྱལ་བ་རིགས་ལྔས་དབང་གི་དགོངས་པ་མཛད། རིགས་ཀྱི་ཡུམ་ལྔས་དབང་བསྐུར། སེམས་དཔའ་སེམས་མ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་བཀྲ་ཤིས་པའི་ལས་མཛད། ཐུབ་པ་རིགས་དྲུག་དང་བསྐལ་བཟང་སངས་རྒྱས་སྟོང་དང་རྩ་གཉིས་ཀྱིས་སྨོན་ལམ་ཆེན་པོའི་རྒྱས་གདབ་ཅིང་བདེན་ཚིག་གི་ཤིས་བརྗོད་བསྩལ། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་ཅིང་སྲུང་བའི་ལས་མཛད་པས། བུམ་པ་སྤྱི་བོར་བཞག་པའི་ཚེ་བུམ་ནང་གི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་བདུད་རྩི་བབས། ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་གང་། རྣམ་ཤེས་ཀྱིས་བསྡུས་པའི་སྒྲིབ་གཉིས་ཀྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བཀྲུས། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དངོས་སུ་གྱུར་པ་ཡིན་སྙམ་པའི་མོས་པ་བརྟན་པོ་མཛོད་ཅིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་སྤྲོས་བྲལ་ཆོས་ཀྱི་སྐུ༔ བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ༔ གསང་འདུས་ཐུགས་རྗེའི་ལྷ་ཚོགས་བཞུགས༔ སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུད༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་མ་ཎི་བྷུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ རིགས་ལྔའི་ཕྱག་རྒྱ་མགོ་བོའི་གནས་ལྔར་བཞག་ལ། ཧཱུྃ༔ ཕྱག་རྒྱའི་དབང་བསྐུར་ཡོངས་རྫོགས་དཔལ༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་མཆོག༔ མ་ལུས་འདུས་པ་ཆེན་པོ་ཡི༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ ཨོཾ་བྷུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ པདྨ་ཨ་བྷི་ཥིཉྩ་ཧྲཱི༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ བུམ་ཆུ་སྦྱིན་ལ། ཧཱུྃ༔ བུམ་ཆུས་དབང་བསྐུར་བྱང་ཆུབ་སེམས༔ བདུད་རྩིས་སྒྲིབ་གཉིས་ཀུན་བྱང་སྟེ༔ སྐུ་ལྔ་ལྷུན་གྲུབ་ཆེན་པོ་ལ༔ དུས་གསུམ་མངའ་བརྙེས་དབང་ཐོབ་ཤོག༔ གཏེར་གཞུང་དུ་སྔགས་མེད་ཀྱང་གསུང་རྒྱུན་ལྟར་ན། ཨོཾ་ལཱཾ་ ཧཱུྃ་མཱུཾ་ སྭཱ་ལཱཾ་ ཨཱཿཔཱཾ་ ཧཱ་ཏཱཾ་ཨ་བྷི་ཥིཉྩ་ཧཱུྃ། འདིར་བུམ་པ་ལྔ་བཞག་པ་ན་བུམ་སྒྲུབ་སྐབས་སུ་རིགས་ལྔ་སོ་སོར་བསྐྱེད་ཅིང་སྤྲོས་པ་རྒྱས་པའི་དབང་དུ་བྱས་ནས་གོང་གི་དེ་རྣམ་སྣང་ཁོ་ན་དང་། རིགས་གཞན་བཞི་པོར། ཧཱུྃ༔ བུམ་པ་སྤྲོས་བྲལ་ཆོས་ཀྱི་སྐུ༔སོགས་དང་། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སོགས་སྔགས་ཁ་བསྒྱུར་ནས་བསྐུར་བའི་ཕྱག་སྲོལ་འབྱུང་བ་ལྟར་སྤྲོ་ན་བྱ་ཆོག་གོ །སླར་ཡང་རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པའི་དབང་མཆོག་བཀྲ་ཤིས་དཔལ་དང་ལྡན༔ སྤྱི་བོར་བཞག་པས་བདེ་གཤེགས་ཡོངས་རྫོགས་སྐུ༔ དག་ཅིང་དྲི་མེད་རས་ཀྱིས་མགུལ་དཀྲིས་ཤིང༔ འབྲས་བུས་ཁ་རྒྱན་གཟུངས་ཐག་སྣ་ལྔར་ལྡན༔ ཁ་དོག་ལེགས་གྱུར་མེ་ཏོག་སྣ་ཚོགས་བརྒྱན༔ འབྲུ་ལྔ་སྤོས་ལྔ་རིན་ཆེན་སྙིང་པོ་ལྔ༔ སྨན་ལྔ་དར་ལྔ་བུམ་པས་དབང་བསྐུར་བས༔ རྟག་ཏུ་བཀྲ་ཤིས་ཉིན་མཚན་བཀྲ་ཤིས་ཤོག༔ བདུད་རྩིས་དབང་བསྐུར་ཉོན་མོངས་བདུད་འཇོམས་ཤོག༔ བུམ་ཆུས་དབང་བསྐུར་ལས་སྒྲིབ་དག་པར་ཤོག༔ འབྲུ་ལྔས་དབང་བསྐུར་ལོངས་སྤྱོད་ཕུན་ཚོགས་ཤོག༔ སྨན་གྱིས་དབང་བསྐུར་ཚེ་རིང་ནད་མེད་ཤོག༔ སྤོས་ལྔས་དབང་བསྐུར་ཚུལ་ཁྲིམས་ལྡན་པར་ཤོག༔ རཏྣས་དབང་བསྐུར་ལོངས་སྤྱོད་རབ་རྒྱས་ཤོག༔ སྙིང་པོས་དབང་བསྐུར་སྐུ་ལྔ་ལྷུན་གྲུབ་ཤོག༔ ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དབང་བསྐུར་བས༔ ཡོན་ཏན་ཕུན་ཚོགས་དགོས་འདོད་རེ་བསྐང་ཤོག༔ ཐམས་ཅད་ཡོངས་འགྲུབ་དཔལ་དང་ལྡན་པར་ཤོག༔ ཅེས་དབང་བསྐུར། བུམ་པ་ལྔ་ཡོད་སྐབས་གཞན་བཞི་དང་། མེད་ན་རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ བུམ་པ་ཆོས་སྐུ་སྤྲོས་དང་བྲལ༔ འབྲུ་ལྔ་སྨན་ལྔ་དྲི་ལྔ་དང༔ སྙིང་པོ་དར་སྣ་ཁ་རྒྱན་ཆིངས༔ ཡོངས་སུ་རྫོགས་པའི་དབང་མཆོག་བསྐུར༔ དེང་གི་སྐལ་ལྡན་བུ་རྣམས་ལ༔ སྐུ་གསུམ་ཡོངས་རྫོགས་ཕྲིན་ལས་དང༔ འགྲོ་འདུལ་བཀྲ་ཤིས་བདེ་ལེགས་ཤོག༔ ནད་གདོན་སྡུག་བསྔལ་ཀུན་ཞི་ཞིང༔ ཕར་ཕྱིན་དྲུག་ལྡན་ས་ལམ་རྫོགས༔ དག་བྱའི་ཚོགས་རྣམས་ཡོངས་རྫོགས་ནས༔ སྐུ་གསུང་ཐུགས་ཡོན་དབང་རྫོགས་ཤོག༔ དེ་ནས་ཤིས་བརྗོད་གང་རུང་བྱས་ལ་མེ་ཏོག་འཐོར། རིགས་ལྔའི་དབུ་རྒྱན་བཀོན་ལ། རིགས་ལྔའི་ཕྱག་མཚན་སྙིང་པོས་མཚན་པའི་པྲོག་ཞུ་དབུ་ལ་གསོལ་བས་ཕུང་པོ་ལྔ་སྐུ་དང་ཡེ་ཤེས་ལྔར་གནས་གྱུར་པར་མོས་ཤིག ཧཱུྃ༔ སངས་རྒྱས་སྐུ་ལྔ་ཡོངས་རྫོགས་དཔལ༔ རྡོ་རྗེ་འཁོར་ལོ་རིན་ཆེན་དང༔ པདྨ་རྒྱ་གྲམ་དམ་ཚིག་གནས༔ དབུ་རྒྱན་ཟེ་པྲོག་དབང་བསྐུར་རོ༔ བུདྡྷཱ་མུ་ཀུ་ཏ་ཏྲཱཾ་ཨ་བྷི་ཥིཉྩ་ཨཱ༔ བཛྲྎ རཏྣྎ པདྨྎ ཀརྨ་མུ་ཀུ་ཏ་ཏྲཱཾ་ཨ་བྷི་ཥིཉྩ་ཨཱ༔ དབུ་རྒྱན་པྲོག་ཞུའི་དབང་བསྐུར་པས༔ བདེ་གཤེགས་ལྔ་ཡི་བྱིན་རླབས་ཀྱིས༔ སྐུ་ལྔ་ཡེ་ཤེས་ལྔར་གྱུར་ནས༔ རྒྱལ་བ་ཀུན་གྱི་དབང་རྫོགས་ཤོག༔ ཞི་བའི་ཆས་བརྒྱད་ཀྱིས་མངའ་གསོལ་བས་ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཡོན་ཏན་ལ་མངའ་དབང་ཐོབ་པར་མོས་ཤིག །ཞི་ཆས་རྣམས་གནས་སོ་སོར་སྦྱིན་ཚུལ་བྱས་ལ། ཧཱུྃ༔ མི་བརྗེད་གཟུངས་འཛིན་རིན་ཆེན་ཕྲེང་བའི་དབང༔ སྐུ་གསུམ་ཐུགས་རྟེན་ཕྲེང་དབང་ཐོབ་པར་ཤོག༔ སརྦ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ བདུད་དཔུང་ཟིལ་གནོན་གསུང་རབ་ཆོས་ཀུན་དཔལ༔ མི་སྙན་སྐྱོན་བྲལ་སྙན་ཆའི་དབང་བསྐུར་རོ༔ སརྦ་རཏྣྎ ཧཱུྃ༔ ཡེ་ཤེས་རབ་མཛེས་རྣམ་དག་ཆོས་དབྱིངས་རྒྱན༔ རིན་ཆེན་གསེར་གྱི་མགུལ་ཆུའི་དབང་བསྐུར་རོ༔ སརྦ་སོགས། ཧཱུྃ༔ ཆོས་ཀྱི་སྐུ་ལ་ལོངས་སྤྱོད་སྤྲུལ་སྐུར་སྟོན༔ དོ་ཤལ་ཨུཏྤལ་བསྒྲིགས་པའི་དབང་བསྐུར་རོ༔ སརྦ་སོགས། ཧཱུྃ༔ ཐབས་ཤེས་སྟོབས་མངའ་ཉོན་མོངས་ཟིལ་གྱིས་གནོན༔ རིན་ཆེན་དཔུང་རྒྱན་འབར་བས་དབང་བསྐུར་རོ༔ སརྦ་སོགས། ཧཱུྃ༔ སངས་རྒྱས་ཡོན་ཏན་རྨད་བྱུང་ཡོངས་སུ་རྫོགས༔ ཟ་ཁབ་སེ་མོ་དོ་ཡི་དབང་བསྐུར་རོ༔ སརྦ་སོགས། ཧཱུྃ༔ ལོངས་སྤྱོད་རྣམ་དག་སྤྱི་དང་བྱེ་བྲག་ཁྱབ༔ ན་བཟའ་སྟོད་གཡོགས་སྨད་དཀྲིས་དབང་བསྐུར་རོ༔ སརྦ་སོགས། ཧཱུྃ༔ རྟག་ཏུ་སྙིང་པོ་དོན་གྱི་ཆོས་འཁོར་བསྐོར༔ ཕྱག་ཞབས་གདུ་བུ་རྣམ་བཞིའི་དབང་བསྐུར་རོ༔ སརྦ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ རིགས་ལྔ་ཡབ་ཡུམ་གྱི་ཕྱག་མཚན་རྣམས་ཀྱིས་དབང་བསྐུར་བས་རྒྱལ་པོ་རྒྱལ་སྲིད་ཐོབ་པ་ལྟར་ཡེ་ཤེས་དཔག་ཏུ་མེད་པའི་འབྱོར་པ་ལ་དབང་བསྐུར་བར་མོས་ཤིག །རིགས་ལྔའི་ཕྱག་མཚན་མེ་ཏོག་ཕྲེང་བ་དྲིལ་བུ་རྣམས་ཀྱིས་དབང་བསྐུར་ལ། ཧཱུྃ༔ རྡོ་རྗེ་རྩེ་ལྔ་བདུད་དཔུང་འཇོམས༔ རྡོ་རྗེ་སེམས་དཔའི་རྟེན་དབང་བསྐུར༔ ཨོཾ་མ་ཧཱ་ཛྙཱ་ན་པཉྩ་ཤ་པ་ཏ་ཨ་བྷི་ཥིཉྩ་ཧྲཱི༔ ཧཱུྃ༔ འཁོར་ལོ་རྩིབས་བརྒྱད་རྣམ་རྟོག་འཇོམས༔ རྣམ་པར་སྣང་མཛད་རྟེན་དབང་བསྐུར༔ ཨོཾ་མ་ཧཱ་སོགས། ཧཱུྃ༔ རིན་ཆེན་འབར་བས་རེ་བ་སྐོང༔ རིན་ཆེན་འབྱུང་ལྡན་རྟེན་དབང་བསྐུར༔ ཨོཾ་མཱ་ཧཱ་སོགས། ཧཱུྃ༔ པདྨ་རབ་མཛེས་སྐྱོན་དང་བྲལ༔ སྣང་བ་མཐའ་ཡས་རྟེན་དབང་བསྐུར༔ ཨོཾ་མ་ཧཱ་སོགས། ཧཱུྃ༔ རྡོ་རྗེ་རྒྱ་གྲམ་ཕྲིན་ལས་སྒྲུབ༔ དོན་ཡོད་གྲུབ་པའི་རྟེན་དབང་བསྐུར༔ ཨོཾ་མ་ཧཱ་སོགས། ཧཱུྃ༔ མེ་ཏོག་ཕྲེང་བ་སྐྱོན་དང་བྲལ༔ ཤེས་རབ་དྲིལ་བུ་ཆོས་སྒྲ་སྒྲོག༔ རིགས་ཀྱི་ཡུམ་ལྔའི་རྟེན་དབང་བསྐུར༔ ཨོཾ་མ་ཧཱ་ཛྙཱ་ན་པཉྩ་ཤ་པ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས་ཤིག །ལྷ་ཙཀ་རྣམས་ཀྱིས་རིམ་པར་དབང་བསྐུར་ལ། ཧཱུྃ༔ རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས༔ རྡོ་རྗེ་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག༔ བཛྲ་ས་ཏྭ་ཨ་བྷི་ཥིཉྩ་ཨཱ༔ རྡོར་སེམས་ཡབ་ཡུམ་དབང་བསྐུར་པས༔ བུ་ཁྱོད་ཞེ་སྡང་གནས་དག་ནས༔ མེ་ལོང་ཡེ་ཤེས་དོན་རྟོགས་ཤོག༔ ཧཱུྃ༔ རྣམ་པར་སྣང་མཛད་དེ་བཞིན་གཤེགས༔ སངས་རྒྱས་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ རྡོ་རྗེ་སྐུ་ཡི་དབང་ཐོབ་ཤོག༔ བུདྡྷཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ རྣམ་སྣང་ཡབ་ཡུམ་དབང་བསྐུར་པས༔ བུ་ཁྱོད་གཏི་མུག་གནས་དག་ནས༔ ཆོས་དབྱིངས་ཡེ་ཤེས་དོན་རྟོག་ཤོག༔ ཧཱུྃ༔ རིན་ཆེན་འབྱུང་ལྡན་དེ་བཞིན་གཤེགས༔ རིན་ཆེན་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཡོན་ཏན་རྒྱ་མཚོའི་དབང་ཐོབ་ཤོག༔ རཏྣ་སོགས། རིན་འབྱུང་ཡབ་ཡུམ་དབང་བསྐུར་པས༔ ཉོན་མོངས་ང་རྒྱལ་གནས་དག་ནས༔ མཉམ་ཉིད་ཡེ་ཤེས་དོན་རྟོགས་ཤོག༔ ཧཱུྃ༔ སྣང་བ་མཐའ་ཡས་དེ་བཞིན་གཤེགས༔ པདྨ་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ གསུང་རབ་རྒྱ་མཚོའི་དབང་ཐོབ་ཤོག༔ པདྨ་སོགས། སྣང་མཐའ་ཡབ་ཡུམ་དབང་བསྐུར་པས༔ ཉོན་མོངས་འདོད་ཆགས་གནས་དག་ནས༔ སོར་རྟོག་ཡེ་ཤེས་དོན་རྟོགས་ཤོག༔ ཧཱུྃ༔ དོན་ཡོད་གྲུབ་པ་དེ་བཞིན་གཤེགས༔ ལས་ཀྱི་དབྱིངས་ཕྱུག་ཡུམ་དང་སྦྱོར༔ གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཕྲིན་ལས་རྒྱ་མཚོའི་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དོན་གྲུབ་ཡབ་ཡུམ་དབང་བསྐུར་པས༔ ཉོན་མོངས་ཕྲག་དོག་གནས་དག་ནས༔ ནན་ཏན་ཡེ་ཤེས་དོན་རྟོགས་ཤོག༔ ཧཱུྃ༔ སྤྱི་བོར་འཇམ་དཔལ་ཡེ་ཤེས་བཞུགས༔ ཕུང་པོའི་བདུད་ལས་རྒྱལ་བར་ཤོག༔ ཨོཾ་ཝཱ་གི་ཤྭ་རི་མཱུཾ༔ སརྦ་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར་སྤྱན་རས་གཟིགས་དབང་བཞུགས༔ ལྷ་བུའི་བདུད་ལས་རྒྱལ་བར་ཤོག༔ ཨཱརྱ་ཨཱ་བ་ལོ་ཀི་ཤྭ་རཱ་ཡ་སརྦ་ཨ་བྷི་ཥིཉྩ་ཨཱ༔ སྙིང་གར་རྡོ་རྗེ་སེམས་དཔའ་བཞུགས༔ ཉོན་མོངས་བདུད་ལས་རྒྱལ་བར་ཤོག༔ བཛྲ་སཏྭ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་རྡོ་རྗེ་འཆང་ཆེན་བཞུགས༔ འཆི་བདག་བདུད་ལས་རྒྱལ་བར་ཤོག༔ མ་ཧཱ་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨ༔ ཧཱུྃ༔ མིག་གི་རྣམ་ཤེས་གནས་དག་པས༔ འགྲོ་ཀུན་བླ་མེད་གནས་སུ་སྐྱེལ༔ ས་ཡི་སྙིང་པོའི་དབང་ཡང་བསྐུར༔ ཨོཾ་བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རྣ་བའི་རྣམ་ཤེས་གནས་དག་པས༔ འགྲོ་བའི་ཉོན་མོངས་རྒྱུན་གཅོད་པའི༔ ནམ་མཁའི་སྙིང་པོའི་དབང་ཡང་བསྐུར༔ ཨོཾ་བོ་དྷི་སོགས། ཧཱུྃ༔ སྣ་ཡི་རྣམ་ཤེས་གནས་དག་པས༔ འགྲོ་ཀུན་སྙིང་རྗེས་འདྲེན་མཛད་པའི༔ སྤྱན་རས་གཟིགས་ཀྱི་དབང་ཡང་བསྐུར༔ ཨོཾ་བོ་དྷི་སོགས། ཧཱུྃ༔ ལྕེ་ཡི་རྣམ་ཤེས་གནས་དག་པས༔ བར་ཆད་བདུད་དཔུང་འཇོམས་མཛད་པའི༔ ཕྱག་ན་རྡོ་རྗེའི་དབང་ཡང་བསྐུར༔ ཨོཾ་བོ་དྷི་སོགས། ཧཱུྃ༔ མིག་གི་དབང་པོ་གནས་དག་པས༔ སེམས་ཅན་ཉོན་མོངས་གདུང་བ་སེལ༔ བྱམས་པ་མགོན་པོའི་དབང་ཡང་བསྐུར༔ ཨོཾ་བོ་དྷི་སོགས། ཧཱུྃ༔ རྣ་བའི་དབང་པོ་གནས་དག་པས༔ ཉོན་མོངས་སྒྲིབ་པ་ཀུན་སེལ་བའི༔ སྒྲིབ་པ་རྣམ་སེལ་དབང་ཡང་བསྐུར༔ ཨོཾ་བོ་དྷི་སོགས། ཧཱུྃ༔ སྣ་ཡི་དབང་པོ་གནས་དག་པས༔ འགྲོ་བའི་ཡིད་བཞིན་རེ་བསྐང་བ༔ ཀུན་ཏུ་བཟང་པོའི་དབང་ཡང་བསྐུར༔ ཨོཾ་བོ་དྷི་སོགས། ཧཱུྃ༔ ལྕེ་ཡི་དབང་པོ་གནས་དག་པས༔ ཉོན་མོངས་ཟུག་རྔུ་སེལ་བ་པོ༔ འཇམ་དཔལ་དབྱངས་ཀྱི་དབང་ཡང་བསྐུར༔ ཨོཾ་བོ་དྷི་སོགས། ཧཱུྃ༔ གཟུགས་རྣམས་དག་པ་ལཱ་སྱ་མ༔ རྡོ་རྗེ་སྒེག་མོའི་དབང་ཐོབ་ཤོག༔ ཛྙཱ་ན་མུ་དྲ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྒྲ་རྣམས་དག་པ་མཱ་ལྱེ་མ༔ རྡོ་རྗེ་ཕྲེང་བའི་དབང་ཐོབ་ཤོག༔ ཛྙཱ་ན་མཱུ་དྲ་སོགས། ཧཱུྃ༔ དྲི་རྣམས་དག་པ་གཱིརྟི་མ༔ རྡོ་རྗེ་སྒྲ་དབྱངས་དབང་ཐོབ་ཤོག༔ ཛྙཱ་ན་སོགས། ཧཱུྃ༔ རོ་རྣམས་དག་བྱེད་ནཱིརྟི་མ༔ རྡོ་རྗེ་གར་བསྒྱུར་དབང་ཐོབ་ཤོག༔ ཛྙཱ་ན་སོགས། ཧཱུྃ༔ འདས་པའི་དུས་དག་པུཥྤེ་སྟེ༔ རྡོ་རྗེ་མེ་ཏོག་དབང་ཐོབ་ཤོག༔ ཛྙཱ་ན་སོགས། ཧཱུྃ༔ ད་ལྟར་དག་པ་དྷཱུ་པེ་མ༔ རྡོ་རྗེ་སྤོས་མེའི་དབང་ཐོབ་ཤོག༔ ཛྙཱ་ན་སོགས། ཧཱུྃ༔ མ་འོངས་དག་པ་ཨཱ་ལོ་ཀེ༔ རྡོ་རྗེ་མར་མེའི་དབང་ཐོབ་ཤོག༔ ཛྙཱ་ན་སོགས། དུས་གསུམ་དག་པ་གནྡྷེ་མ༔ རྡོ་རྗེ་དྲི་ཆབ་དབང་ཐོབ་ཤོག༔ ཛྙཱ་ན་མུ་དྲ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ ཉོན་མོངས་ང་རྒྱལ་དག་བྱེད་པ༔ ལྷ་དབང་བརྒྱ་བྱིན་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་ཆོད་པར་ཤོག༔ ཨོཾ་མུ་ནེ་ཀྵཾ་ཡེ་ཀྲུཾ་ཀྲེཾ་ནྲྀ་ཏྲི་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཉོན་མོངས་ཕྲག་དོག་དག་བྱེད་པ༔ ཐགས་བཟང་རིས་ཀྱི་དབང་བསྐུར་བས༔ ལྷ་མིན་སྐྱེ་སྒོ་ཆོད་པར་ཤོག༔ ཨོཾ་མུ་ནེ་སོགས། ཧཱུྃ༔ ཉོན་མོངས་འདོད་ཆགས་དག་བྱེད་པའི༔ ཤཱཀྱ་ཐུབ་པའི་དབང་ཡང་བསྐུར༔ མི་ཡི་སྐྱེ་སྒོ་ཆོད་པར་ཤོག༔ ཨོཾ་མུ་ནེ་སོགས། ཧཱུྃ༔ ཉོན་མོངས་གཏི་མུག་དག་བྱེད་པའི༔ སེང་གེ་རབ་བརྟན་དབང་ཡང་བསྐུར༔ བྱོལ་སོང་སྐྱེ་སྒོ་ཆོད་པར་ཤོག༔ ཨོཾ་མུ་ནེ་སོགས། ཧཱུྃ༔ ཉོན་མོངས་སེར་སྣ་དག་བྱེད་པའི༔ ཁ་འབར་རྒྱལ་པོའི་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་ཆོད་པར་ཤོག༔ ཨོཾ་མུ་ནེ་སོགས། ཧཱུྃ༔ ཉོན་མོངས་ཞེ་སྡང་དག་བྱེད་པའི༔ ཆོས་ཀྱི་རྒྱལ་པོའི་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་ཆོད་པར་ཤོག༔ ཨོཾ་མུ་ནེ་ཀྵཾ་ཡེ་ཀྲུཾ་ཀྲེཾ་ནྲྀ་ཏྲི་ཧཱུྃ༔ རིགས་དྲུག་འཁོར་བ་དོང་ནས་སྤྲུགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ སྐབས་འདིར་སངས་རྒྱས་སྟོང་དབང་རྒྱས་འབྲིང་བསྡུས་པ་གང་རུང་བསྐུར་ན་ཟུར་གསལ་ལྟར་ལ། དཀྱུས་སུ་སྟོང་ཙཀ་སྤོམ་པའམ། དུས་གསུམ་སངས་རྒྱས་མཚོན་པའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ ངོ་མཚར་མཛད་པ་རྨད་བྱུང་ཞིང༔ སྨོན་ལམ་མཐའ་ཡས་དགོངས་པ་རྫོགས༔ ས་ལམ་མ་ལུས་ཡོངས་རྫོགས་ནས༔ གང་འདུལ་འགྲོ་བ་འདྲེན་པའི་ཕྱིར༔ སངས་རྒྱས་སྟོང་གི་དབང་ཡང་བསྐུར༔ མཛད་པ་ཕྲིན་ལས་མཐར་ཕྱིན་ཤོག༔ ཨོཾ་བུདྡྷ་སརྦ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ཕྱི་དབང་རྫོགས་པར་ཐོབ་པས་འཁོར་ལོས་སྒྱུར་པའི་རྒྱལ་པོས་རིན་ཆེན་སྣ་བདུན་གྱི་འབྱོར་པ་ཐོབ་པ་ལྟར་གསང་ཆེན་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་དབང་སྒྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན། གཉིས་པ་ནང་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་དང་ཉི་ཟླའི་དཀྱིལ་འཁོར། དེའི་སྟེང་དུ་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་སྐུ་མདོག་དམར་གསལ་པདྨ་རཱ་གའི་འོད་དུ་འཚེར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་པདྨའི་ཕྲེང་བ་དང་། གཡོན་པད་སྡོང་གི་ལྟེ་བར་བདུད་རྩིས་བཀང་བའི་བུམ་པ་ཐུགས་ཀར་འཛིན་པ། དར་དང་རུས་པ་དང་རིན་པོ་ཆེས་བརྒྱན་པ་སྟེ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ། ཕྱག་གཉིས་པདྨ་དང་གྲི་གུག་ཚེ་བུམ་འཛིན་ཅིང་། དབུ་སྐྲ་གྲོལ་བ། ཕྱག་རྒྱ་ལྔ་དང་པད་ཕྲེང་དོ་ཤལ་གྱིས་མཛེས་པ། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཐབས་ཀྱི་སྐུ་ལ་འཁྲིལ་བ། ཡབ་ཀྱི་དབུ་གཙུག་ཏུ་རིགས་བདག་སྣང་བ་མཐའ་ཡས། ཐུགས་ཀར་རྟ་མགྲིན་དམར་པོ་རྔམ་བརྗིད་འཇིགས་པའི་སྐུ་ཅན་དུ་གསལ་ཐོབ་ཅིག །གཙོ་བོའི་སྐུ་སྤྱི་བོར་བཞག །རྒྱུད་དང་སྒྲུབ་ཡིག་ཤེལ་ཕྲེང་གིས་དྲིལ་བ་ལག་ཏུ་གཏད། དམ་རྫས་བདུད་རྩི་བྱིན་པས་རྩ་ཁམས་ཡེ་ཤེས་སུ་དག་པར་མོས་ལ། ཧཱུྃ༔ སྐུ་ནི་མི་འགྱུར་ཆོས་ཀྱི་སྐུ༔ གསུང་ནི་མི་འགགས་ཆོས་ཀྱི་གསུང༔ ཐུགས་ནི་སྐྱེ་མེད་ཆོས་སྐུའི་ངང༔ བསྐྱེད་རིམ་གསལ་སྟོང་ཟུང་དུ་འཇུག༔ བཟླས་པ་གྲགས་སྟོང་འགག་མེད་སྒྲ༔ རྫོགས་རིམ་སྤྲོས་བྲལ་བློ་ལས་འདས༔ དོན་གཉིས་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་བླང་བའི་སླད་དུ་ཁྱེད་རང་རྣམས་ཀྱིས་སློབ་དཔོན་དང་ཡི་དམ་གྱི་ལྷ་ཚོགས་ལ་མེ་ཏོག་དམར་པོའི་ཕྲེང་བ་རེ་ཕུལ་བའི་མོས་པས་རྗེས་ཟློས་མཛོད། ཐུགས་རྗེ་ཆེན་པོ་བདག་གིས་བཟུང་ལགས་ཀྱིས། བདག་ལ་འགོ་བར་མཛད་དུ་གསོལ། ཉེ་བར་མཛད་དུ་གསོལ། བརྟན་པར་མཛད་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱེ་རུའི་ཕྲེང་བ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཧྲཱིཿཡིག་གི་མཐར་འཁོད་པའི་མོས་པས་རྗེས་ཟློས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལན་གསུམ་འཛབ་དབྱངས་སུ་བྱས། སྔགས་ཕྲེང་མེ་ཏོག་དམར་པོའི་ཕྲེང་བར་བྱས་ཏེ་སྤྱི་བོར་བཅིངས་པར་སྒོམས་ཤིག །ཉུང་ན་འབྲུ་སྤྱི་བོར་བཞག །མང་ན་མེ་ཏོག་འཐོར་ཞིང་། ཐུགས་རྗེ་ཆེན་པོ་འདི་ལ་བསྩལ་ལགས་ཀྱིས། འདི་ལ་འགོ་བར་མཛད་དུ་གསོལ། རྡོ་རྗེའི་སློབ་མ་འདི་རྣམས་ལ་ཡི་གེ་བདུན་པའི་བྱིན་རླབས་འཇུག་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། གསུམ་པ་གསང་བའི་དབང་ནི། ཤེལ་དང་མེ་ལོང་གིས་མཚོན་ནས་རང་རིག་ཆོས་སྐུ་ངོ་བོ་དྲི་མེད་རྣམ་དག །རང་རྩལ་སྣ་ཚོགས་སུ་འཆར་བའི་རང་ངོ་ལ་བཅོས་བསླད་མེད་པར་ས་ལེར་ཞོག་ཅིག །ཤེལ་རྡོ་མེ་ལོང་སྙིང་གར་གཏུགས་ལ། ཧཱུྃ༔ རང་བྱུང་རིག་པ་ཆོས་ཀྱི་སྐུ༔ བཅོས་བསླད་མེད་པར་ས་ལེ་བ༔ དེ་ཉིད་དོན་གྱི་གནས་ལུགས་ལ༔ ཤེལ་དང་མེ་ལོང་དག་པ་བཞིན༔ ཕྱི་གསལ་ནང་གསལ་དྲི་མ་མེད༔ དོན་དམ་ཐུགས་ཀྱི་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་རིག་པ་རྩལ་གྱི་དབང་བསྐུར་བ་ལ། ཁྱེད་རང་རྣམས་ཐལ་མོ་སྦྱོར་ལ་གསང་བ་འདུས་པའི་བསྐྱེད་རིམ་སྔར་སྨོས་མ་ཐག་པ་ལྟར་གསལ་བའི་སྙིང་གར་ཟླ་སྟེང་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བ། སྤྱི་བོར་རིགས་བདག་བླ་མ་འོད་དཔག་མེད་ཀྱི་རྣམ་པར་བཞུགས་པ་ལ་མོས་གུས་བསྐྱེད་ཅིང་སྙིང་གའི་ཧྲཱིཿལ་སེམས་རྩེ་གཅིག་ཏུ་གཏོད་ཅིག །ཅེས་བསྒོམས་ལ། ཧྲཱིཿསུམ་སྦྲེལ་གྱི་དབྱངས་རིང་བདུན་ཕྲག་གསུམ་ཙམ་བྱས། སྤོས་དུད་འགྲིམ། རོལ་ཆེན་བསྒྲགས་པའི་རྗེས་སུ་ཡིག་བདུན་དབྱངས་དལ་ལ་རིང་བ་བདུན་ཕྲག་གཉིས་ཙམ་མཐར་སྤོས་རོལ་བྱས་ལ། ཀྱེ་ཧོ་ཉོན་ཅིག་སྐལ་ལྡན་བུ༔ འཁོར་བ་མྱང་འདས་ཀུན་གྱི་གཞི༔ རང་སེམས་རིག་ན་འཆིང་གྲོལ་མེད༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ སྣ་ཚོགས་རང་གྲོལ་རིག་པའི་དབང༔ སེམས་ཉིད་གསལ་ལ་འཛིན་རྟོག་མེད༔ རིགས་ཀྱི་བུ་ཁྱོད་མ་ཡེངས་ལྟོས༔ ལྟ་བ་མེད་པའི་ཉམས་རྟོགས་འཆར༔ དྲན་རྟོག་ཆོས་ཀྱི་དབྱིངས་སུ་ནུབ༔ ཟུང་དུ་འབྲེལ་བའི་བདེ་བ་ཆེ༔ འདི་ནི་གསལ་འཇོག་རིག་པའི་དབང༔ དབང་དོན་དེ་ལ་རྟག་ཏུ་ལྟོས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་བརྗོད། སྤྲོ་ན་དེའི་དོན་བཤད་ལ་ངོ་སྤྲད། སྒྲུབ་ཆེན་དང་སྦྲེལ་སྐབས་སྒྲུབ་ཁོག་ནས་འབྱུང་བའི་སྐུ་གསུང་ཐུགས་དབང་འདི་ལ་སྦྱོར་བ་ཡིན་ཡང་དཀྱུས་འདིར་མི་དགོས། རིལ་བུམ་དབང་སྦྱོར་ན་ལེགས་པས་མྱང་གྲོལ་བུམ་པ་ཐོགས་ལ། བུམ་པ་འདི་ཉིད་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། རིལ་བུ་རེ་རེ་བཞིན་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ཡབ་ཡུམ་རིགས་བདག་ཡེ་ཤེས་སེམས་དཔའ་དང་བཅས་པར་གསལ་བའི་གནས་བཞི་ནས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་དག་ཅིང་བྱང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་ཐོབ། རྡོ་རྗེ་བཞི་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པས་མཁའ་མཉམ་འགྲོ་ཀུན་གདོད་མའི་གྲོལ་སར་འབད་མེད་དུ་སྒྲོལ་བའི་ནུས་སྟོབས་རྫོགས་པར་མོས་ཤིག །བུམ་པ་རིམ་པར་གནས་བཞིར་བཞག་ལ། ཧཱུྃ༔ རང་བྱུང་ཐུགས་རྗེ་དབང་གི་ལྷ༔ དུང་ཕྱུར་བྱེ་བ་དཔག་མེད་བཞུགས༔ ལྷ་དབང་ལུས་ལ་བསྐུར་བ་ཡིས༔ ཐུགས་རྗེ་ཆེན་པོའི་སྐུ་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ༔ འགག་མེད་རྡོ་རྗེ་ཚངས་པའི་གསུང༔ ཡན་ལག་རྒྱ་མཚོའི་ཆོས་སྒྲ་སྒྲོག༔ གསུང་དབང་ངག་ལ་བསྐུར་བ་ཡིས༔ ཐུགས་རྗེ་ཆེན་པོའི་གསུང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ སྨྲ་བསམ་བརྗོད་མེད་སྤྲོས་བྲལ་ཐུགས། ཕྱོགས་བྲལ་རྒྱལ་བའི་ཐུགས་རྡོ་རྗེ༔ ཐུགས་དབང་སེམས་ལ་བསྐུར་བ་ཡིས༔ ཐུགས་རྗེ་ཆེན་པོའི་ཐུགས་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དོན་གྱི་ཡེ་ཤེས་ཀུན་རྒྱས་ཀྱང༔ མ་རིག་གཟུང་འཛིན་བག་ཆགས་འཐས༔ ངོ་མཚར་རྨད་བྱུང་མཆོག་གི་རྫས༔ བག་ཆགས་རྣམ་རྟོག་སྦྱོང་བྱེད་ཅིང༔ འདི་ཡིས་མངོན་པར་སངས་རྒྱས་ཐོབ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ ཐམས་ཅད་མ་ལུས་དབང་ཐོབ་ནས༔ རྣམ་གྲོལ་ཡེ་ཤེས་མཆོག་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧྲཱིཿཨཱ༔ རིལ་བུ་སྦྱིན། བུམ་ཆུས་ཕུལ་ཏེ་མིད་དུ་གཞུག །རིལ་བུ་སྤྱན་རས་གཟིགས་དངོས་སུ་གསལ་བ་ཁྱེད་རང་རྣམས་ལྷ་དམ་ཚིག་པར་གསལ་བའི་ཁའི་སྒོ་ནས་བྱོན། སྙིང་པདྨ་འདབ་བརྒྱད་ཀྱི་ཟེའུ་འབྲུར་ཡེ་ཤེས་སེམས་དཔའི་ཚུལ་དུ་བྱང་ཆུབ་མ་ཐོབ་ཀྱི་བར་བརྟན་པར་བཞུགས་པའི་མོས་པ་མཛོད། དེ་ལྟ་བུའི་ཕན་ཡོན་ཡང་རྒྱུད་ལས། རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གང་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཐུགས་རྗེ་ཆེན་པོའི་ཞིང་དུ་འགྲོ༔ འདི་ལ་ཐེ་ཚོམ་མི་བྱ་སྟེ༔ མ་བསྒོམ་སངས་རྒྱས་ཐོབ་པའི་ཐབས༔ ཞེས་པས་མཚོན་རྒྱུད་ལུང་ཀུན་ནས་བསྔགས་པ་ཚད་མེད་པ་འབྱུང་བ་ལྟར་ལགས་སོ། །གཏོར་དབང་ཟུར་དུ་མི་བསྐུར་ན་འདིར། ཧཱུྃ༔ རང་བཞིན་སྐྱེ་བ་མེད་པ་སོགས་ཚིག་རྐང་དྲུག་གིས་གཏོར་དབང་བསྐུར། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་གནས་གསུམ་དུ་བཞག་ཅིང་དབང་བསྐུར་བས་ཕྱག་མཚན་ཡིག་འབྲུ་གནས་གསུམ་དུ་ཐིམ། སྒོ་གསུམ་ཐ་མལ་དུ་འཛིན་པ་རྣམ་པར་དག་ནས་སངས་རྒྱས་རྣམ་ཀྱི་གསང་བ་གསུམ་གྱི་ཕྱག་རྒྱས་ཐེབ་པར་མོས་ཤིག །ཕྱག་རྒྱ་གསུམ་གནས་གསུམ་དུ་རིམ་པར་བཞག་ལ། ཨོཾ༔ སྐུ་ནི་མི་འགྱུར་ཆོས་ཀྱི་སྐུ༔ འཁོར་ལོ་རྩིབས་བརྒྱད་ཨོཾ་དཀར་གསལ༔ དུས་གསུམ་བདེར་གཤེགས་ཐམས་ཅད་ཀྱི༔ སྐུ་ཡི་ཕྱག་རྒྱས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སཏྭ་ཨཱཏྨ་ཀོ྅་ཧཾ༔ སྐུ་ཡི་ཕྱག་རྒྱས་དབང་བསྐུར་པས༔ ལུས་སུ་འཛིན་པ་རྣམ་དག་ནས༔ བདེ་གཤེགས་སྐུ་ཡི་དབང་ཐོབ་ཤོག༔ ཨཱ༔ གསུང་ནི་འགག་མེད་ཆོས་ཀྱི་གསུང༔ པདྨ་འདབ་བརྒྱད་ཨཱཿདམར་གསལ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ གསུང་གི་ཕྱག་རྒྱས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ གསུང་གི་ཕྱག་རྒྱས་དབང་བསྐུར་པས༔ ངག་ཏུ་འཛིན་པ་རྣམ་དག་ནས༔ བདེ་གཤེགས་གསུང་གི་དབང་ཐོབ་ཤོག༔ ཧཱུྃ༔ ཐུགས་ནི་མི་སྐྱེ་ཆོས་ཀྱི་ཐུགས༔ རྡོ་རྗེ་རྒྱ་གྲམ་ཧཱུྃ་མཐིང་གསལ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་ཀྱི་ཕྱག་རྒྱས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་ཨཱཏྨ་ཀོ྅་ཧཾ༔ ཐུགས་ཀྱི་ཕྱག་རྒྱས་དབང་བསྐུར་བས༔ སེམས་སུ་འཛིན་པ་རྣམ་དག་ནས༔ བདེ་གཤེགས་ཐུགས་ཀྱི་དབང་ཐོབ་ཤོག༔ དེ་ལྟར་དབང་བསྐུར་པ་རྣམས་རབ་ཏུ་གནས་པར་བྱ་བའི་སླད་དུ་ཐོག་མར་མེ་ལོང་གི་ནང་ལ་སློབ་མའི་གཟུགས་བརྙན་ཤར་བར་བྱས་ལ་དྲི་བཟང་གི་ཆུས་ཁྲུས་བྱ་ཞིང་། ཧཱུྃ༔ བདེ་གཤེགས་རྒྱལ་བ་སོགས། འདི་ནི་ཁྲུས་མཆོག་སོགས་ཁྲུས་ཚིག་གང་རུང་བརྗོད། འབྲུ་དཀར་ལ་རྟེན་སྙིང་བརྒྱ་རྩས་སྔར་ནས་བསྔགས་པ་འཐོར་ལ། ཨོཾ༔ དབང་བསྐུར་བྱིན་རླབས་ཡོངས་རྫོགས་ཀྱིས༔ ལུས་ངག་ཡིད་གསུམ་ལྷར་གྱུར་ནས༔ འཁོར་འདས་ཆོས་ལ་དབང་སྒྱུར་བའི༔ དབང་དང་དངོས་གྲུབ་རབ་གནས་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡ་མ་ཎི་ཤསྟ་དཱི་པ་ཡ་སྭཱ་ཧཱ༔ དྷརྨ་དྷཱ་ཏུ་གྷརྦྷེ་ཧྲཱྀ་དཱ་ཡ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཡེ་དྷར་དང། མ་ཧཱ་ཤུ་ཛྙཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཧོཿཐིམ་པར་གྱུར་ཅིག༔ གསལ་བར་གྱུར་ཅིག༔ འབར་བར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ ཨེ་མ་ཧོ༔ སྨིན་འཛོམས་རིག་ནས་བརྟན་པར་གྱུར་ཅིག༔ ལམ་སྟན་ཧོ༔ ཞེས་ལན་བདུན་བརྗོད་ཅིང་འབྲུ་འཐོར། དེ་ནས་རིན་པོ་ཆེའི་སྣོད་དུ་བཟའ་བཏུང་གི་རིགས་གྱུར་ཚོགས་རྫས་བཤམ་པ་དེ་བྲན་ལ། རཾ་ཡཾ་ཁཾཿཞེས་པས། ཚོགས་ཀྱི་དངོས་འཛིན་མ་དག་པ་ཐམས་ཅད་བསྲེག་སྦྱང་གཏོར། ཨཱཿལས་བྷནྡྷ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བའི་དབུས་སུ་ཡོ་བྱད་རྣམས་ཁ་དོག་དང་རོ་བཅུད་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་དང་། བྷནྡྷའི་ཁ་ཆོད་ཟླ་བ་དང་ཉི་མའི་དབུས་སུ། རྡོ་རྗེ་མཐིང་ནག་རྩེ་ལྔ་པའི་ལྟེ་བར་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་ཕོག་པས་བདུད་རྩིའི་རྒྱུན་བབས། དམ་ཚིག་བདུད་རྩི་དང་འདྲེས་ནས་ནམ་མཁའི་དབྱིངས་ལྟར་བསམ་གྱིས་མི་ཁྱབ་པར་འཕེལ་བར་གྱུར། ཅེས་བྱིན་བརླབས། ལག་ཏུ་གཏད་ལ། ཧཱུྃ༔ བཟའ་དང་བཅའ་དང་བཏུང་བའི་ཚོགས༔ ཁ་མངར་སྐྱུར་རྩུབ་ལན་ཚྭ་སྤོད༔ ཛ་གད་ཟླ་རྒྱས་ཟླ་ཕྲོམ་དང༔ ཚེ་འཛིན་ནམ་ལང་ཀུན་ཏུ་རྒྱུ༔ འཇམ་དེས་ཛཱ་ཏི་ལ་སོགས་ཏེ༔ འདོད་ཡོན་ལོངས་སྤྱོད་སྣ་ཚོགས་པ༔ དུས་རྣམས་ཀུན་ཏུ་ལོངས་སྤྱོད་ཤོག༔ ཨོཾ་བཛྲ་ཨ་ཡུ༔ ཤྲཱི་ཧཱུྃ་བྷྲཱུྃ་རྣྲི་ཛྲ༔ ཨ་བྷི་ཥིཉྩ་ཨཱ༔ སརྦ་སིདྡྷི་གུ་ཎ་ཕ་ལ་ཨཱ་ཝེ་ཤ་ཡ་ཨཱ༔ རྒྱས་པར་བྱེད་ན་ལས་བྱང་ལྟར་ཚོགས་བཤགས་བསྒྲལ་བསྟབ་ཀྱི་ཚོགས་ཕུད་ཕུལ་ལ་རོལ། སྨོན་ལམ་གདབ། མཎྜལ་ཕུལ། ལྷག་ཆོག་བྱ་བར་གསུངས་ཀྱང་བསྟུན། དེ་ལྟར་བྱིན་པའི་ཚོགས་རྫས་བདུད་རྩིའི་རང་བཞིན་དེ་ཉིད་ཁྱེད་རང་རྣམས་ལྷར་གསལ་བས་ནང་གི་ཚོགས་མཆོད་ཀྱི་ཚུལ་དུ་རོལ་ཅིག་བྱས་ལ་བཀྱེས་ཏེ་ལོངས་སྤྱོད་དུ་གཞུག །ཧོ༔ ཞལ་ཟས་ཚོགས་ཀྱི་དབང་བསྐུར་བས༔ སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ཏེ༔ རྟག་ཏུ་ལོངས་སྤྱོད་འབྱོར་པར་ལྡན༔ ནམ་མཁའ་མཛོད་ལ་མངའ་བརྙེས་ཤོག༔ ཅེས་སྨོན་ལམ་བྱ། རྒྱལ་བས་བྱིན་གྱིས་བརླབས་པའི་བཀྲ་ཤིས་དགེ་བའི་རྫས་མཆོག་བརྒྱད་ཀྱིས་དབང་བསྐུར་ཅིང་མངའ་གསོལ་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཀྲ་ཤིས་བདེ་ལེགས་ཀྱི་དཔལ་ཡོན་ཇི་སྙེད་པ་ཐམས་ཅད་བདེ་བླག་ཏུ་ཐོབ་པར་མོས་ཤིག །རྫས་བརྒྱད་རིམ་པར་མགོར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ ཡུངས་དཀར་རྒྱལ་པོ་ཤ་རཱི་རཾ༔ བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབས༔ སྟོང་ཕྲག་བརྒྱད་ཅུའི་གདོན་བགེགས་འཇོམས༔ དཔའ་བོ་སྟོབས་ཀྱི་དབང་ཐོབ་ཤོག༔ ཧཱུྃ༔ བཀྲ་ཤིས་རྩྭ་མཆོག་དུར་བ་འདི༔ ལྷ་ཡི་དབང་པོས་བྱིན་གྱིས་བརླབས༔ ནད་གདོན་གནོད་པ་ཀུན་ལས་རྒྱལ༔ སྡུག་བསྔལ་ཞི་བྱེད་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ རྫས་མཆོག་བིལྦ་ལུང་ཏང་རྩེ༔ རྒྱུ་ཆུང་འབྲས་བུ་འཕེལ་སྟོབས་ཆེ༔ མཐུ་སྟོབས་མི་འཇིགས་སྐུ་ལྔ་རྫོགས༔ སྨིན་རྒྱས་འཕེལ་བའི་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ ལི་ཁྲི་མཚལ་ཆེན་ཆུ་ལས་སྐྱེས༔ སེམས་དཔས་བྱིན་བརླབས་རིན་པོ་ཆེ༔ ཁམས་གསུམ་ལྷ་མི་ཀུན་དབང་སྡུད༔ ཐུགས་རྗེས་བདག་གཞན་བཀྲ་ཤིས་དབང་ཐོབ་ཤོག༔ ཨོཾ༔ གི་ཝང་ཁྱུ་མཆོག་ལས་བྱུང་རྫས༔ དཀར་པོའི་ཆོས་རྣམས་མ་ལུས་འཛིན༔ བཞི་བརྒྱ་རྩ་བཞིའི་ནད་ཀུན་སྒྲོལ༔ ཤེས་ཀུན་དཔལ་ལྡན་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ ཞོ་ནི་སྙིང་པོ་ཀུན་གྱི་གཞི༔ དབང་པོ་རྩི་མདངས་བཅུད་ཀུན་འཕེལ༔ བསམ་གཏན་ཏིང་འཛིན་ཡོན་ཏན་སྐྱེ༔ སེམས་ཉིད་དྲི་མེད་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ མེ་ལོང་ཟླུམ་པོ་སྐུ་གསུམ་མཚོན༔ ཆོས་རྣམས་གཟུགས་བརྙན་རྣམ་དག་ཅིང༔ མ་རིག་བག་ཆགས་རང་སངས་ནས༔ མངོན་རྫོགས་སངས་རྒྱས་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ དུང་མཆོག་གཡས་འཁྱིལ་བཀྲ་ཤིས་རིན་པོ་ཆེ༔ གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན༔ ཡོན་ཏན་རྒྱ་མཚོ་ཚངས་པའི་གསུང༔ ཆོས་སྒྲ་ཀུན་ཁྱབ་བཀྲ་ཤིས་དབང་ཐོབ་ཤོག༔ ཨོཾ་སྭསྟི་སྭསྟི་དྷི་མ་སྭསྟི་བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཚེ་དབང་རྒྱས་པར་བྱེད་ན་སྒྲུབ་ཁོག་ལྟར་ཚེ་འགུགས་དབང་བསྐུར་རྒྱས་གདབ་བར་སྦྱོར་བ་ཡིན་ཡང་བསྡུ་ན་གཞུང་གི་དངོས་བསྟན་ལྟར། ཚེ་འབྲང་མགོན་པོ་ཚེ་དཔག་མེད་པར་གསལ་བའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང་། འཁོར་འདས་བརྟན་གཡོའི་ཚེ་བསོད་དཔལ་ཡོན་དྭངས་བཅུད་མ་ལུས་པ་བསྡུས་ནས་ཕྱག་གི་བུམ་པར་ཞུགས། བུམ་པའི་བདུད་རྩི་ཆིལ་ཆིལ་ཁོལ་ཏེ་ཁ་ནས་ལུད། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ནས་ཞུགས། ལུས་ཀྱི་ནང་ལྟེམ་གྱིས་གང་། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་ངེས་ཤེས་སྐྱེད་ཅིག །ཚེ་འབྲང་མགོར་བཞག་ལ། ཧཱུྃ༔ གསང་འདུས་ཐུགས་རྗེ་ཚེ་དཔག་མེད༔ ཅིས་ཀྱང་མི་འགྱུར་མི་ཤིགས་པ༔ ཚེ་སྲོག་བླ་ཁུག་རྒྱས་ཐོབས་ལ༔ འཆི་མེད་ཚེ་དབང་འདིར་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཨ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ་ཨ་པ་རི་མི་ཏ་ཧཱུྃ་བྷྲཱུྃ་སྭཱ་ཧཱ༔ ཨཱ་ཡུཿཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སིདྡྷི་ཕ་ལ་ཧོ༔ ཧོ་ཚེ་དབང་དུ་གྱུར་ཅིག༔ དབང་དངོས་གྲུབ་ཏུ་གྱུར་ཅིག༔ མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག༔ མི་ཤིགས་པའི་རྡོ་རྗེར་གྱུར་ཅིག༔ ཚེ་སྲོག་རྡོ་རྗེའི་བྲག་བས་སྲ་ཞིང་བརྟན་པར་གྱུར་ཅིག༔ དེས་ནི་དུས་མ་ཡིན་པར་འཆི་བ་ཟློག་ཅིང་ཚེ་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། །དེ་ལྟར་བུམ་པའི་དབང་རྫོགས་ཐོབ༔ ལུས་ཀྱི་སྒྲིབ་དག་ཅིར་སྣང་ཀུན༔ ལྷ་ཡི་འཁོར་ལོར་བསྒོམ་པར་དབང༔ བརྟུལ་ཞུགས་སྤྱོད་པ་རྨད་བྱུང་སྤྱད༔ ཞི་བའི་ལས་འགྲུབ་སྤྲུལ་སྐུ་འཐོབ༔ ཅེས་རྟོགས་པ་བརྗོད། གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ ཧེ་རུ་ཀ་དཔལ་རིགས་མཆོག་ཆེ༔ བླ་མེད་མཆོག་གི་བདེ་སྩོལ་མཛོད༔ རྡོ་རྗེ་འཛིན་པ་བདེ་ཆེན་པོས༔ བདག་ལ་དེ་ཉིད་སྩོལ་བར་མཛོད༔ ལན་གསུམ། སྔོན་ཆད་ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས། སློབ་དཔོན་དབང་ཆེན་རྟ་མགྲིན་དམར་པོ། གཟུངས་མ་རྡོ་རྗེ་ཕག་མོ་མཐིང་ནག །གཉིས་ཀ་གྲི་ཐོད་འཛིན་ཅིང་དུར་ཁྲོད་ཀྱི་ཆས་རྫོགས་པ། ཡབ་ཀྱི་གནས་ལྔར་དཔའ་བོ་སྡེ་ལྔ། ཡུམ་གྱི་གནས་ལྔར་མཁའ་འགྲོ་སྡེ་ལྔ། སྤྱི་བོར་པདྨ་ཉི་ཟླའི་གདན་ལ་བླ་མ་གསང་འདུས་ཡབ་ཡུམ་གཟི་བརྗིད་དང་ལྡན་པ། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་མ་གསུམ་པ། བུ་གར་ཕཊ་སེར་པོས་བཀག་པར་གྱུར། ཁྱེད་རང་རྣམས་ལངས་ལ་ཐལ་མོ་སྤྱི་བོར་སྦྱོར་ལ་དམིགས་པ་འདི་ལྟར་སྒོམས་ཤིག །ཁྱེད་རང་རྣམས་རྡོ་རྗེ་ཕག་མོ་མཐིང་ནག་གཅེར་བུ་རུས་པའི་རྒྱན་ཅན། གྲི་ཐོད་བསྣམས་ཤིང་སྤྱི་བོར་ཕག་ཞལ་ངུར་བའི་གནས་ལྔར་འཁོར་ལོ་ལྔའི་དབུས་སུ་མཁའ་འགྲོ་སྡེ་ལྔ། ཕུང་ཁམས་སྐྱེ་མཆེད་བ་སྤུའི་གྲངས་དང་མཉམ་པའི་མཁའ་འགྲོ་ཁ་དོག་ལྔ་ལྡན་ཏིལ་གྱི་གང་བུ་ལྟ་བུ་རྒྱུག་ཅིང་མཆོང་པ་དང་གར་བྱེད་པ་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་ཅིག །ཌཱ་དྲིལ་དབྱངས་བཅས། ཧྲཱི༔ བླ་མ་གསང་འདུས་ཡབ་ཡུམ་ལ༔ སྐལ་ལྡན་བདག་ཅག་གསོལ་བ་འདེབས༔ བདེ་ཆེན་མཆོག་གི་དངོས་གྲུབ་སྩོལ༔ གུ་རུ་ཧ་རི་ནི་ས་དྷཱ་ཀི་ས་མ་ཡ་ཨཱ་ཝེ་ཤ་ཡ་སིདྡྷི་ཧཱུྃ༔ ཞེས་གསོལ་བ་བཏབ་ལ་བྱིན་དབབ། གསང་བ་འདུས་པའི་ལྷ་ཚོགས་རྣམས་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཆར་བབས་པ་ལྟར་བྱོན་ནས་སློབ་མ་ལ་ཐིམ་པར་དམིགས། བླ་མ་དཀྱིལ་འཁོར་གྱི་ལྷ་ལ་བསྐོར་བ་བྱས་པར་མོས། བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ། གདོང་གཡོགས་བསལ་པས་བླ་མ་ཡབ་ཡུམ་གྱི་ལུས་ཀྱི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་མོས་ཤིག །ཉོན་ཅིག་རིགས་ལྡན་སྐྱེས་བུ་ཉོན༔ གོང་གི་དབང་བསྐུར་ཡོངས་རྫོགས་ནི༔ བརྡ་མཚོན་ཕྱི་ཡི་སྨིན་བྱེད་ཙམ༔ འདི་ནི་གསང་ཆེན་ནང་གི་དབང༔ བདེ་ཆེན་ལུས་ཀྱི་ད་ལ་སྟེ༔ རྩ་ཁམས་དཔའ་བོ་དཔའ་མོའི་ཚོགས༔ དག་པ་ལྷ་ཡི་དཀྱིལ་འཁོར་སྟེ༔ མ་དག་འཁྲུལ་པའི་མིང་ཡང་མེད༔ གསང་བའི་དབང་མཆོག་འདི་རུ་ཐོབ༔ བུ་ཁྱོད་དག་པའི་དགའ་བ་སྐྱེད༔ བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་དཀར་དམར་ལྷག་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་བ་ཁྱེད་རང་རྣམས་ཀྱི་ལྗགས་ཐོག་ཏུ་བྱིན་པར་མོས་ཤིག །གསང་ཐོད་ཀྱི་བདུད་རྩི་སྦྱིན་ལ། ཨོཾ༔ དྲི་མེད་སྐྱོན་བྲལ་ཤེལ་སྒོང་མུ་ཏིག་འདྲ༔ པདྨ་རཱ་ག་ཆགས་པ་ཆེན་པོའི་གནས༔ བྱང་ཆུབ་སེམས་ཀྱི་དབང་མཆོག་ཐོབ་བྱའི་ཕྱིར༔ བོ་དྷི་ཙིཏྟ་ཡབ་ཀྱི་བྱང་ཆུབ་སེམས༔ སིནྡྷུར་དམར་པོ་ཡུམ་གྱི་བྱང་ཆུབ་སེམས༔ དོན་དམ་དབྱེར་མེད་བྱང་ཆུབ་ཆེན་པོའི་ངང༔ གཉིས་མེད་བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག༔ ཨོཾ་བྷོ་དྷི་ཙིཏྟ་ཀ་མ་ལ་སིདྡྷི་ཧཱུྃ༔ མ་ཧཱ་པཱུ་ཙ་ཧོ༔ སྔགས་ལན་གསུམ་བརྗོད། ཁྱེད་རང་རྣམས་ཀྱི་རྩ་འཁོར་ལོ་ལྔ་སོགས་རྩ་ཁམས་ཐམས་ཅད་བདུད་རྩིས་གང་། བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་ཤིག །བྷནྡྷའི་བདུད་རྩི་གནས་གསུམ་དུ་བཞག་ཅིང་། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། ཁྱོད་ཀྱིས་གསང་བའི་དབང་ཐོབ་པས༔ ངག་གི་སྒྲིབ་པ་བག་ཆགས་དག༔ ལས་སུ་རྩ་ཐིག་རླུང་གསུམ་བསྒོམ༔ ལོངས་སྤྱོད་བདུད་རྩི་ལྔ་སོགས་སྤྱོད༔ ཕྲིན་ལས་དབང་གི་ལས་འགྲུབ་ཅིང༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་འཐོབ༔ ཅེས་རྟོགས་པ་བརྗོད། ཁྱད་པར་དམ་ཚིག་བསྒྲག་པ་འདི་ལྟ་སྟེ། རྡོ་རྗེ་སློབ་དཔོན་ཡབ་ཡུམ་ལ༔ སངས་རྒྱས་འདུ་ཤེས་བརྗེད་མི་རུང༔ ཉོན་ཅིག་རིགས་ལྡན་སྙིང་གི་བུ༔ དབང་སྲོག་དམ་ཚིག་འདི་ཡང་ཟུངས༔ ཕྱི་དང་ནང་དང་གསང་ཚུལ་དུ༔ སུ་ལ་མི་སྨྲ་སྙིང་ལ་འཆང༔ ཉམས་ན་ཐར་མེད་ན་རག་སྤྱོད༔ འབྲས་བུ་སངས་རྒྱས་རྒྱབ་ཀྱིས་ཕྱོགས༔ དེ་ཕྱིར་སྲུངས་ཤིག་ས་མ་ཡ༔ ཞེས་གདམས། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ ཧེ་རུ་ཀ་དཔལ་རིགས་མཆོག་ཆེ༔ བླ་མེད་མཆོག་གི་བདེ་སྩོལ་མཛད༔ རྡོ་རྗེ་འཛིན་པ་བདེ་ཆེན་པོས༔ བདག་ལ་དེ་ཉིད་སྩོལ་བར་མཛོད༔ ལན་གསུམ། ཀྱེ་ཧོ༔ གཉིས་མེད་ཡེ་ཤེས་བདེ་ཆེན་པོ༔ མཁའ་འགྲོ་སྒྱུ་མ་མཆོག་ཁྱོད་བདེ༔ རླུང་སེམས་བསྲེ་བའི་ཐབས་ཆེན་པོ༔ བདེ་ཆེན་མཆོག་ཐོབ་ཤེས་རབ་ཡུམ༔ བུད་མེད་མི་སྤང་དང་དུ་བླང༔ འདི་འབྲལ་བདེ་ལམ་ཡོད་མིན་ཅིང༔ ཚངས་སྤྱོད་དོན་ལ་གནས་པར་གྱིས༔ འདི་འབྲལ་ཐར་པའི་སྲོག་ཆད་ཅིང༔ དམ་སྲུངས་ཚུལ་བཞིན་སྤྱོད་ཅིག་བུ༔ སྔོན་ཆད་བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས། བླ་མ་ཡབ་ཡུམ་དཔལ་རྟ་མགྲིན་དང་རྡོ་རྗེ་ཕག་མོ་གནས་ལྔའི་ལྷ་དང་བཅས་པར་གསལ་བའི་མདུན་དུ། ཁྱེད་རང་རྣམས་ལངས་ཏེ་ཐལ་མོ་སྦྱོར་ལ་དམིགས་པ་འདི་ལྟར་སྒོམས་མཛོད། སློབ་མ་རྣམས་རྡོ་རྗེ་ཕག་མོ་མཐིང་ནག་གཅེར་བུ་སོགས་གོང་གསང་དབང་སྐབས་ལྟར་ལས། མཆོང་པ་དང་གར་བྱེད་པ། ཁྱད་པར་སྙིང་གའི་དཀྱིལ་དུ་ཉི་ཟླའི་སྟེང་ན་ཐུགས་ཀྱི་ཕག་མོ་མཐིང་ནག་རབ་ཏུ་འོད་འབར་ཞིང་དྲག་ཏུ་འཁྲབ་པ། བླ་མའི་སྐུ་ལས་ཕག་མོ་གྲངས་མེད་པ་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པར་སྒོམ་ཤིག །ཐོད་རྔ་རྐང་གླིང་སོགས་རོལ་མོ་བསྒྲགས་ལ་བྱིན་དབབ། བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་བསལ། རིག་ཙཀ་བསྟན་ལ། མཚན་ཉིད་ཡོངས་སུ་རྫོགས་པའི་རིག་མ་མདུན་དུ་བྱོན་ནས་མཁའི་པདྨོ་སྟོན་ཅིང་བདེ་ལ་སྐུལ་བར་མོས་ཤིག །ལྟོས་ཤིག་བློ་ལྡན་རིགས་ཀྱི་བུ༔ ང་ཡི་བྷ་ག་གསང་ཆེན་འདི༔ སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ཉིད༔ བདེ་སྟོང་རྣམ་དག་ཟུང་འཇུག་གསལ༔ ཐབས་ལྡན་གང་གིས་གུས་བརྟེན་ན༔ ཚེ་གཅིག་མཆོག་གི་ལམ་ཐོབ་འགྱུར༔ ཨོཾ་གྷུ་རུ་མུ་དྲ་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨཉྫ་ལི་ཧོ༔ བླ་མས་ཕྱག་རྒྱའི་སྲིན་ལག་གཡོན་པ་བཟུང་ནས་ཁྱེད་རང་ལ་གཏད་པར་མོས་ཤིག །ཤེས་རབ་མཚན་ལྡན་བཀྲ་ཤིས་ཡུམ༔ འབྲས་བུ་བདེ་ཆེན་ལས་ཀྱི་རྒྱ༔ མཆོག་ཏུ་དགའ་བའི་གནས་སྟེར་མ༔ འདི་ཁྱེར་དགའ་བའི་རྟེན་ལ་སྤྱོད༔ འཁོར་ལོ་བཞི་རུ་དབབ་བཟློག་ཟུངས༔ ངོ་བོ་ལྟོས་ལ་གྲོལ་བར་མཛོད༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ ཞེས་རིག་ཙཀ་ལག་ཏུ་གཏད་ལ། དེ་ནས་ཁྱེད་རང་རྣམས་དབང་ཆེན་རྟ་མགྲིན་དམར་པོ་སོགས་གོང་གསང་དབང་སྐབས་ལྟར་ལ། བུ་གར་ཕཊ་སེར་པོས་བཀག་པར་གསལ་ཐོབ་ལ་འདོད་པའི་སྒྱུ་རྩལ་དང་བཅས་ཏེ་སྙོམས་པར་ཞུགས་པས་ཐིག་ལེ་སྤྱི་བོར་བབས་པ་དགའ་བ། མགྲིན་པར་མཆོག་དགའ། སྙིང་གར་ཁྱད་པར་དགའ་བ། ལྟེ་བར་ལྷན་སྐྱེས་ཀྱི་དགའ་བ་རྣམས་སུ་ངོས་ཟིན་པས་རང་ངོ་ལ་བལྟ་བ་དང་། གསང་རྩེ་ནས་གྱེན་དུ་ལྡོག་པས་མས་བརྟན་གྱི་དགའ་བཞིའི་མཐར་དཔེའི་ཡེ་ཤེས་ལྷན་སྐྱེས་དགའ་བ་ཉམས་སུ་མྱོང་བར་མོས་ཤིག །ཧོ༔ ལྟོས་ཤིག་བདེ་བའི་རང་ངོ་ལྟོས༔ ཉམས་སུ་མྱོང་ལ་སྨྲ་མི་ཤེས༔ དཔེར་ན་ལྐུག་པས་བུ་རམ་ཟོས༔ བདེ་ལ་མ་ཞེན་འཛིན་པ་ཐོངས༔ ཡེ་ཤེས་ལྷ་མོའི་བྷ་གར་བཞུགས༔ གཟུགས་མཛེས་ཡིད་འོང་མཚན་ལྡན་མ༔ ཤེས་རབ་དང་ནི་འབྲལ་མི་བྱ༔ རྟག་པར་སྤྱོད་ལ་ཐིག་ལེ་བཟུང༔ བདེ་བ་ཟུངས་ཤིག་དཔའ་བོ་ཆེ༔ ཐེག་དམན་བླུན་པོས་འདི་སྤངས་པས༔ ཐབས་གཞན་གང་གིས་སངས་མི་རྒྱ༔ ལམ་མཆོག་བདེ་བ་བསྟེན་པའི་ལམ༔ ཐིག་ལེ་མ་ཉམས་རྟག་ཏུ་སྤྱོད༔ དགའ་བཞིའི་ཡེ་ཤེས་རྟོགས་པར་གྱིས༔ དེ་ནས་རིག་མ་ལ་ཕྱག་བྱས་ཤིང་མེ་ཏོག་ཕུལ་བས་དེ་ཉིད་དགྱེས་ཏེ་བྷ་ག་བསྟན་ཅིང་འདི་སྐད་གསུང་བར་མོས། ང་ཡི་བྷ་ག་ཆོས་དབྱིངས་ཀློང༔ བུ་ཁྱོད་རྟག་ཏུ་བསྟེན་སྤྲོ་ཞིང༔ ངེས་ཤེས་གཉེན་པོར་བརྟེན་པ་དང༔ སྤྲོ་བཞིན་མི་འབྲལ་བླང་བར་གྱིས༔ སླར་ཡང་སློབ་དཔོན་གྱིས་ལྷག་ཏུ་གདམས་པ་ནི། ཇི་ལྟར་སྤྲོ་བ་བུ་ཡིས་སྨྲོས༔ རིག་ལྡན་མ་ཁྱོད་དམ་ཚིག་སྲུངས༔ བྷ་ག་དམར་མོར་འོ་བྱེད་པར༔ བློ་ལྡན་སྐྱེས་བུ་ཅིས་མི་སྤྲོ༔ རྟག་ཏུ་བདེ་བའི་གནས་འབྱིན་ནམ༔ སྐྱེས་བུ་མཆོག་ཏུ་མཉེས་པར་གྱིས༔ ཞེས་དང་། དེས་ནི་ཉོན་མོངས་ཡིད་སྒྲིབ་དག༔ ཕྱག་རྒྱ་བདེ་སྟོང་སྦྱང་བར་དབང༔ སྐལ་པ་ས་བཅུ་དག་དང་མཉམ༔ རྒྱས་པའི་ཕྲིན་ལས་ཀུན་འགྲུབ་ཅིང༔ འབྲས་བུ་ཆོས་སྐུ་ཡོངས་རྫོགས་ཐོབ༔ དགྲ་བཞི་སོད་ཅིང་བདུད་བཞི་ཐུལ༔ བདེ་ཆེན་རྒྱལ་པོ་མཆོག་གི་དབང༔ མཆོག་གི་དམ་པ་ཐོབ་པར་འགྱུར༔ ཞེས་རྟོགས་པ་བརྗོད། བཞི་པ་རང་བྱུང་ཡེ་ཤེས་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་གསེར་གྱི་མཎྜལ་ཕུལ་བར་མོས་ལ་མཎྜལ་ལན་གསུམ་འབུལ་མཛོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ ཆོས་ཉིད་དོན་གྱི་བླ་མ་ལ༔ དེ་ཉིད་སྟོན་པར་གསོལ་བ་འདེབས༔ རང་བྱུང་རིག་པ་ཡེ་ཤེས་དབང༔ དོན་གྱི་རྩལ་དབང་བསྐུར་དུ་གསོལ༔ ལན་གསུམ། ལེགས་འོངས་བུ་ཁྱོད་སྐལ་པ་བཟང༔ དབང་མཆོག་འདི་དང་མ་ལྡན་ན༔ བུམ་དབང་ལ་སོགས་གཞན་དབང་གིས༔ སྨིན་ཀྱང་གྲོལ་བར་མི་ནུས་ན༔ འདི་དབང་ཐོབ་ནས་རྣམ་གྲོལ་འགྱུར༔ དེ་ཕྱིར་ཁྱེད་རྣམས་གྲོལ་བར་བྱ༔ གུས་པས་འདི་ཡི་དོན་ལ་ལྟོས༔ རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས། དེ་ནས་ཡེ་ཤེས་ཀྱི་བྱིན་དབབ་པ་ལ་ཁྱེད་རང་རྣམས་ལུས་གནད་ལེགས་པར་བཅས་ཏེ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་དམར་གསལ་ཞི་འཛུམ་ལོངས་སྤྱོད་རྫོགས་པའི་ཆས་ལྡན། ཕྱག་གཉིས་པད་ཕྲེང་དང་བུམ་པ་འཛིན་པས་ཡུམ་གསང་བ་ཡེ་ཤེས་ལ་འཁྱུད་པ། ཞབས་སྐྱིལ་ཀྲུང་པདྨ་ཉི་ཟླའི་གདན་ལ་བཞུགས་པར་གསལ་ཐོབ། སྙིང་གར་ཉི་ཟླའི་གྭའུའི་བར༔ རང་རིག་ཧྲཱིཿལ་དམིགས་པ་གཏད༔ ཧྲཱིཿལས་ཧྲཱིཿཚོགས་གྲངས་མེད་འཕྲོས༔ སྟོང་གསུམ་འཇིག་རྟེན་ཧྲཱིཿཡིས་གང༔ ཀུན་ཀྱང་ཐུགས་རྗེ་ཆེན་པོར་གྱུར༔ ཐམས་ཅད་འཁྲབ་ཅིང་བུ་ཡུག་ལྟར༔ མཁའ་ལ་བྱུང་ཞིང་རང་ལ་ཐིམ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ མཁའ་ལ་སྤྲིན་བཞིན་གཏིབས་ནས་ཀྱང༔ རང་གི་ལུས་ལ་སིབ་སིབ་ཐིམ༔ འབར་དང་འཁྲབ་དང་གར་བྱེད་དམིགས༔ མ་ཡེངས་གསལ་བར་སྒོམ་མཛོད་ཅིག༔ རོལ་མོ་བསྒྲགས། སྤོས་དུད་བྱ། སྔགས་སྔར་ལྟར་གྱིས་གདོང་བསལ། དབང་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཤེལ་རྡོ་སྤྱི་བོར་བཞག་ལ། ཆོས་ཀྱི་སྐུ་ལ་གསལ་འགྲིབ་མེད༔ དྲི་མེད་དག་པ་སྐུ་ཡི་དབང༔ སྐལ་ལྡན་བུ་ལ་བསྐུར་ཐོབ་ཤོག༔ སྐྱེ་འཆི་འགྱུར་མེད་ཨ་བྷི་ཥིཉྩ་ཨོཾ༔ བྷནྡྷའི་བདུད་རྩི་སྦྱིན་ལ། རྩོལ་མེད་རང་བྱུང་ཆོས་སྐུའི་སྒྲ༔ མ་འགགས་རང་གསལ་གསུང་གི་དབང༔ སྐལ་ལྡན་བུ་ལ་བསྐུར་ཐོབ་ཤོག༔ འགགས་མེད་རང་བྱུང་ཨ་བྷི་ཥིཉྩ་ཨཱ༔ ལུས་རྣམ་སྣང་ཆོས་བདུན་དང་ལྡན་པར་གྱིས་ལ། བུར་ཆང་བླུད་ལ། འདི་མ་མིད་པར་ཕཊ་བརྗོད་ཅིག །བྱས་ལ་དེ་དོན་ངོ་སྤྲད་པ་ནི། ཁ་ཡིས་མངར་བའི་རོ་མྱོང་ཞིང༔ ཡིད་ཀྱི་དྲན་པ་ས་ལེ་བ༔ སྨྲ་མི་ཤེས་པ་དེ་ཉིད་དང༔ བསྒོམ་པའི་རིག་པ་གཅིག་པ་སྟེ༔ ཉམས་སུ་མྱོང་ཞིང་སྨྲ་མི་ཤེས༔ དེ་ཉིད་གནས་ལུག་བསྒོམ་དོན་ནོ༔ ཞེས་ངོ་སྤྲད། སྙིང་གར་ཟླ་སྟེང་ཧྲཱིཿཉིད་ལ༔ མ་ཡེངས་ཧྲིག་གེར་ལྟོས་ཤིག་བུ༔ ཞེས་ཅུང་ཟད་སེམས་བཟུང་། གསལ་ལ་སྟོང་སྟེ་ངོས་བཟུང་བྲལ༔ ས་ལེ་སིང་ངེ་ཡེ་རེ་བ༔ འབོལ་ལེ་ཤིག་གེ་ས་ལེ་བ༔ ཡིན་ལ་ཡིན་བཞིན་ཤེས་པ་ཡིས༔ བལྟ་བྱ་མེད་པ་ངོ་ལ་ལྟ༔ བཞག་པ་མེད་པའི་ངང་ལ་བཞག༔ ངོ་བོ་གསལ་ལ་རང་བཞིན་སྟོང༔ མཚན་ཉིད་འགགས་མེད་རྩལ་ཟེར་ཅན༔ དེ་སྣང་མ་འགགས་ཡུལ་སྣང་ལ༔ དེར་འཛིན་མ་བྱེད་ཕྱམ་བདལ་ཞོག༔ གསལ་བའི་འཕྲོ་ལ་ཕཊཿཀྱིས་ཆོད༔ ཅེས་བྱས་ལ་ཕཊ་བརྗོད། དེ་ནས་བླ་མས་ཕྱག་མཛུབ་སྙིང་གར་གཏད་དེ། གསལ་ལ་མ་འགགས་འཛིན་པ་མེད༔ རང་གསལ་རང་གྲོལ་ཐུགས་ཀྱི་དབང༔ སྐལ་ལྡན་བུ་ལ་བསྐུར་ཐོབ་ཤོག༔ གསལ་ལ་འཛིན་མེད་ཨ་བྷི་ཥིཉྩ་ཧཱུྃ༔ རྨ་བྱའི་སྒྲོ་མདོངས་བསྟན་ཅིང་གནས་གསུམ་དུ་བཞག་ལ། ལྟོས་ཤིག་སྐལ་ལྡན་འདི་ལ་ལྟོས༔ ཁ་དོག་ལྔ་ལྡན་མ་འདྲེས་ལ༔ སུས་ཀྱང་མ་བྱས་ལྷུན་གྲུབ་ཉིད༔ ངོ་ཤེས་མཐོང་ན་རྨ་བྱའི་མདོངས༔ མི་ཤེས་དམུས་ལོང་དོན་མི་རིག༔ དེ་མཚུངས་ཁྱོད་ཀྱི་རིག་པ་ལ༔ ཡེ་ཤེས་འོད་ལྔ་ལྷུན་གྲུབ་གསལ༔ སུས་ཀྱང་མ་བྱས་རང་གསལ་ཉིད༔ མ་རྟོགས་ངོ་བོ་དུག་ལྔ་སྟེ༔ གོང་གི་དམུས་ལོང་དག་དང་མཚུངས༔ རང་ངོ་ཤེས་པར་དབང་ཡང་བསྐུར༔ རང་སྣང་དག་པ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་ཡུལ་ལྔའི་ངོ་སྤྲོད་ཀྱི་དབང་བྱ་བ། གཟུགས་མཛེས་མི་མཛེས། སྒྲ་སྙན་མི་སྙན། དྲི་ཞིམ་མི་ཞིམ། རོ་མངར་མི་མངར། རེག་བྱ་འཇམ་རྩུབ་སོ་སོར་ལེགས་པར་རྟོགས་པར་གྱིས་ཤིག །བྱས་ལ་དང་པོ་གཟུགས་མཛེས་པ་ལྷ་མོ། མི་མཛེས་པ་རྒས་འཁོགས་ལྟ་བུ་རིམ་པར་བསྟན། དེ་བཞིན་དུ་སྒྲ་སྙན་པ་ཏིང་ཤག །མི་སྙན་པ་ཕེག་རྡོབ་བརྡུང་། དྲི་ཞིམ་པ་སྦྱར་སྤོས། མི་ཞིམ་པ་མུ་ཟི་བདུག །རོ་མངར་བ་ཀར་བུར། ཁ་བ་ཏིག་ཏ་ཁར་སྦྱིན། རེག་བྱ་འཇམ་པ་དར་གོས། རྩུབ་པ་རེ་བ་སོགས་ལུས་ལ་དྲུད་ལ་ངོ་སྤྲད་པ་ནི། ཀྱེ་མ་རིགས་ཀྱི་བུ་མཆོག་རྣམས༔ འདོད་ཡོན་ལྔ་ཡི་རོ་རྣམས་ལ༔ ཁྱེད་རྣམས་གཟུང་འཛིན་སོ་སོར་ཆགས༔ ཡང་དག་དོན་ལ་དེ་ལྟ་མིན༔ གཟུགས་ལ་མཛེས་དང་མི་མཛེས་པ༔ གཉིས་སུ་རྟོག་པ་རང་གི་སེམས༔ སེམས་ཀྱི་ངོ་བོ་རང་ལ་ལྟོས༔ སེམས་ནི་གཏད་མེད་སྟོང་པའི་ངང༔ སྒྲ་ནི་སྙན་དང་མི་སྙན་ལ༔ དགག་སྒྲུབ་འཛིན་པ་རང་གི་སེམས༔ སེམས་ནི་བྱུང་གནས་འགྲོ་གསུམ་བྲལ༔ དྲི་ནི་ཞིམ་དང་མི་ཞིམ་ལ༔ སྤོང་ལེན་བྱེད་པ་རང་གི་སེམས༔ སེམས་ནི་གཞི་མེད་རྩ་བ་བྲལ༔ རོ་ནི་མངར་དང་ཁ་བ་ལ༔ ཞེན་རྟོག་འཛིན་པ་རང་གི་སེམས༔ སེམས་ནི་དངོས་མེད་མཐའ་དབུས་བྲལ༔ རེག་གི་འཇམ་རྩུབ་དགའ་མི་དགའ༔ སེམས་ནི་སྟོང་གསལ་འཛིན་པ་མེད༔ དེ་ཕྱིར་གཟུང་འཛིན་དགག་སྒྲུབ་རྣམས༔ ཐམས་ཅད་རང་གི་སེམས་ཉིད་དེ༔ མཁན་པོ་ནང་དུ་རྩད་བཅད་ན༔ སེམས་ཉིད་སྟོང་གསལ་འགག་མེད་ལ། དགག་སྒྲུབ་གཟུང་འཛིན་ཅི་ཡང་མེད༔ ངོ་བོ་སྟོང་སྟེ་རྟག་པ་མིན༔ རང་བཞིན་གསལ་རིག་ཆད་པ་མེད༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ སྐྱེ་འགག་འགྱུར་མེད་ཆོས་ཀྱི་སྐུ༔ དེ་ཉིད་ངོ་ཤེས་ངང་དུ་ཞོག༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ བྱིན་རླབས་རང་བྱུང་རིག་པའི་དབང༔ ངོ་མཚར་འདི་ལ་ཡིད་ཆེས་མཛོད༔ འདི་མེད་གཞན་གྱི་དབང་རྣམས་ཀྱིས༔ སྨིན་པར་ནུས་ཀྱི་གྲོལ་མི་སྲིད༔ འདི་ཐོབ་སྨིན་གྲོལ་དུས་གཅིག་རྫོགས༔ རིན་ཆེན་གསེར་གཡུའི་མཎྜལ་དབུལ༔ ཁྱེད་རྣམས་སངས་རྒྱས་ས་ལ་ཕྱིན༔ སྐུ་དྲིན་སོམས་ལ་དམ་ཚིག་སྲུངས༔ དེ་ལྟར་མཆོག་དབང་གསུམ་པོ་ལེགས་པར་ཐོབ་པའི་གཏོང་རག་ཏུ་དམིགས་ཏེ་མཎྜལ་ཕུལ། དེས་ནི་ལུས་ངག་ཡིད་གསུམ་གྱི༔ སྒྲིབ་པ་མ་ལུས་གཏན་བྱང་ནས༔ ཕྲིན་ལས་སྤྱོད་པ་ཀུན་ལ་དབང༔ ས་ནི་བཅུ་གསུམ་རྡོ་རྗེ་འཛིན༔ བཅུ་དྲུག་ཡེ་ཤེས་བླ་མར་ཕྱིན༔ འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ༔ སྐུ་ལྔ་མཐའ་རུ་ཕྱིན་པ་འོ༔ ཞེས་རྟོགས་པ་བརྗོད། ལུགས་འདིའི་བཏགས་གྲོལ་གྱིས་དབང་བསྐུར་ན་འདིར་སྦྱོར། དེ་ནས་ཆོས་ཀྱི་བརྒྱུད་འཛིན་ལ་བཀའ་གཏད་ཀྱི་དབང་ནི། འགྲུབ་ན་དབང་སྟེགས་སེང་ཁྲི་ལ་བཞག །སྟེང་དུ་གདུགས་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་སྒྲེང་། ལག་ཏུ་རྡོར་དྲིལ་གཏད། མགོ་ལ་རྡོ་རྗེ་རྒྱལ་པོའི་ཞྭ་བཀོན། མ་འཛོམ་ན་ཕལ་ཆེར་དམིགས་པས་བརྡ་སྤྲད། གསང་འདུས་གླེགས་བམ་དབུ་ལྡེབ་ཞལ་ཕྱེས་པ་ཐོགས་ལ། དེ་ལྟར་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཞི་ཡོངས་སུ་རྫོགས་པའི་མཐའ་རྟེན་དུ། བཀའ་གཏད་ཕྲིན་ལས་ཀྱི་དབང་བསྐུར་བའི་ཕྱིར་དམིགས་པ་འདི་བཞིན་དུ་སྒོམས་མཛོད། ཐུགས་རྗེ་ཆེན་པོའི་ཆོས་བཀའ་འདི་དག་གི་ཡིག་འབྲུ་ཐམས་ཅད་དབྱངས་གསལ་གྱི་ཡི་གེ་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་ཆར་བཞིན་བབས་ནས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ་སིབ་སིབ་ཐིམ་བྱུང་སྙམ་པའི་མོས་པ་མཛོད། ཞེས། ཨཱ་ལི་ཀཱ་ལི་དང་། ཡེ་དྷརྨཱ་བརྗོད་ནས་གནས་གསུམ་དུ་གཏུག་ཅིང་ལག་ཏུ་གཏད། ཡང་ཁྱེད་རང་རྣམས་ཀྱི་རིག་པ་མ་ཡེངས་པར་སྙིང་ཁའི་ཧྲཱིཿལ་གཏོད་མཛོད། ཅེས་བརྗོད་ལ་གསང་འདུས་ཀྱི་སྐུ་སྤྱི་བོར་བཞག་ལ། གུ་རུ་དྷརྨ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་བདུད་རྩི་སྦྱིན་ལ། དེ་ལྟར་བཀའ་གཏད་འགྲོ་འདུལ་གྱི་དབང་བསྐུར་པས། སློབ་དཔོན་གྱི་བྱ་བའི་ལས་ཐམས་ཅད་ལ་ཐོགས་པ་མེད་པས་འགྲོ་བའི་དོན་བསམ་ཡས་རྨད་དུ་བྱུང་བ་བྱེད་པར་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་འཐོར། ལེགས་འོངས་རིགས་ཀྱི་བུ་མཆོག་རྣམས༔ ཡིག་བདུན་འདྲེན་ལ་བརྩོན་པར་སྐྱེད༔ དུས་གསུམ་བདེར་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མ་ལུས་པ༔ ཡིག་བདུན་དག་ལ་ཡང་དག་བརྗོད༔ དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ༔ རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས༔ སྟོང་གསུམ་འཇིག་རྟེན་ཁམས་འདི་དག༔ ཏིལ་འབྲུར་བསིལ་ནས་བགྲང་བར་ནུས༔ ཡིག་བདུན་ཡོན་ཏན་འཛད་མི་ཤེས༔ འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བགྲང་བར་ནུས༔ ཡིག་བདུན་ལན་གཅིག་བརྗོད་པ་ཡི༔ བསོད་ནམས་བགྲང་བར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ནི༔ སངས་རྒྱས་སར་བཀོད་ཡོན་ཏན་ནི༔ བགྲང་བར་ནུས་ཀྱི་ཡི་གེ་བདུན༔ གཅིག་བརྗོད་ཡོན་ཏན་བརྗོད་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚད༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བགྲངས་མི་ནུས༔ ཡིག་བདུན་དབང་དང་ལུང་ཐོབ་མི༔ ལས་དང་ལས་ཀྱི་རྣམ་སྨིན་རུང༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ དུས་འདི་ཉིད་ལ་བྱང་བར་བྱེད༔ ཡང་སྙིང་ཡིད་ལ་སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར༔ བར་ཆད་བགེགས་ཞི་འགྲོ་བ་འདུལ༔ ཡང་སྙིང་མཐོང་ཐོས་དྲན་རེག་རུང༔ བསྒོམ་བཟླས་འབྲི་འཆང་སྟོན་པ་རྣམས༔ ཡོན་ཏན་ལྡན་ཞིང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་གདམས་པར་མཛད་པ་ཉིད་རྟག་ཏུ་མི་བསྙེལ་བར་ཐུགས་ལ་གཅག་པར་མཛོད་ཅིག །དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་ལས་བྱང་ནས་འབྱུང་བ་སོགས་བཀྲ་ཤིས་རྒྱས་པར་བརྗོད། དེ་ལྟར་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ་པའི་རྗེས་སུ་དམ་ཚིག་བསྟན་པ་ནི། རྒྱུད་ལས། དབང་སྲོག་དམ་ཚིག་རྗེས་སུ་བཟུང༔ དབྱེ་ན་ས་ཡ་འབུམ་སྡེ་ལ༔ བསྡུ་ན་ཉི་ཤུ་རྩ་ལྔ་ལ༔ རྩ་བ་སྐུ་གསུང་ཐུགས་སུ་འདུས༔ ཉམས་ན་རྡོ་རྗེ་དམྱལ་བར་ལྷུང༔ དེ་ཕྱིར་མིག་འབྲས་ལྟ་བུར་སྲུངས༔ ཉམས་ན་སླར་ལ་བཤགས་པར་བྱ༔ ཞེས་གསུངས་པས། དམ་ཚིག་སྲུང་མཚམས་ལ་མདོ་བཞི་སྟེ། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ། ཡན་ལག་ཤེས་བྱ་ལྔ། སྤྱད་བྱ་ལྔ། མི་སྤང་ལྔ། བསྒྲུབ་བྱ་ལྔ། དང་དུ་བླང་བ་ལྔ་སྟེ་ཉེར་ལྔ། བླ་མེད་ཐེག་པ་མི་སྤང་ཞིང་བླ་མ་སྲོག་བཞིན་བཀུར་བ་སོགས་སྤྱིར་གཅེས་པ་བཅུ་གཅིག །ཁྱད་པར་གྱི་དམ་ཚིག་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་སྟོང་པ་ཆོས་སྐུའི་ངང་དུ་ཤེས་ཤིང་དེའི་ངང་དུ་གནས་ན་བསྲུང་བྱ་སྲུང་བྱེད་བློ་ལས་འདས་པ་མི་སྲུང་བའི་སྲུང་བ་ཆེན་པོ་སྟེ། དེ་ལྟ་བུའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བྱས་ལ་སློབ་མ་རང་གནས་སུ་གཏང་ངོ་། །ལྔ་པ་རྗེས་ཀྱི་བྱ་བ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། བསྐུལ་ཆད་བརྟན་རྟ་བྲོ། གཏང་རག་མཆོད་བསྟོད་མདོར་བསྡུས། ནོངས་བཤགས། མདུན་བསྐྱེད་ཡེ་ཤེས་པ་རས་བྲིས་སོགས་ལ་བརྟན་བཞུགས་དང་དམ་ཚིག་འཁོར་ལོ་རང་ལ་བསྡུ། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡངས། བསྔོ་སྨོན་དང་ཤིས་བརྗོད་བཅས་ལས་བྱང་ལྟར་རྒྱས་པར་བཏང་བས་གྲུབ་བོ། །སྨིན་བྱེད་ཆར་ཆེན་ཐུགས་རྗེ་གསང་འདུས་ཀྱི། །བསྟན་པའི་ཆུ་རྒྱུན་ཆད་མེད་རབ་འཕེལ་བའི། །གྲོགས་སུ་གྱུར་ནས་སྐྱེ་དགུ་མཐའ་ཡས་པ། །བདེ་ཆེན་ཞིང་གི་ལམ་འདྲེན་ཉིད་གྱུར་ཅིག །ཟབ་ཆོས་འདི་ཉིད་ཕྱོགས་ཐམས་ཅད་དུ་སྒོ་ཐམས་ཅད་ནས་དར་རྒྱས་སུ་འགྱུར་བའི་ལྷག་པའི་བསམས་པས། རིན་ཆེན་གཏེར་གྱི་མཛོད་ཆེན་པོར་སྨིན་བྱེད་ཆ་ཚང་བཞུགས་སུ་གསོལ་བའི་སླད་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བཀླགས་པས་གྲུབ་པར་བསྡེབས་པ་དགེ་ལེགས་འཕེལ།། །།

[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).