Terdzo-'I-011

From Rinchen Terdzö
Revision as of 13:05, 29 June 2015 by Jeremi (talk | contribs) (Text replace - "}} = Tibetan Text = " to "}} = Tibetan Text = ")
This page is under construction. Check back later for updated content.

གཤིན་རྗེ་ཧྲཱིཿདམར་གྱི་སྲུང་ཟློག་གསད་གསུམ་

gshin rje hrIH dmar gyi srung zlog gsad gsum

by  བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ (Jangdak Tashi Topgyal)
in cycle  གཤིན་རྗེ་ཧྲཱིཿདམར་གྱི་སྲུང་ཟློག་གསད་གསུམ་ (Gshin rje hrIH dmar gyi srung zlog gsad gsum)
Volume 53 (འི) / Pages 279-304 / Folios 1a1 to 13b4

[edit]

༄༅། །གཤིན་རྗེ་ཧྲཱིཿདམར་གྱི་སྲུང་ཟློག་གསད་གསུམ་འདི་རྗེའི་ལུགས་སོ། ། དཔལ་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ། །འདིར་སྲུང་བ་རྡོ་རྗེའི་རྫོང་ཆེན། ཟློག་པ་གནམ་ལྕགས་སྤུ་གྲི། གསད་པ་དུག་གསུམ་གནད་འབེབ། ཉི་ཟླ་ཤེལ་གྱི་གོ་ལྕོག །བན་བོན་བྱད་མའི་རང་གཤེད། རྣོ་མཚོན་ལས་ཀྱི་འཁོར་ལོ། དྲག་སྔགས་རྙེད་ཆོག་སྙིང་གི་ཐིགས་པ། ཡང་ཟབ་ཉིང་ཁུ་གནད་ཀྱི་གསང་གཏམ་འདི་ཁོ་ནའོ། །འདི་ཁོ་ནའོ། །འདི་ཁོ་ནའོ། །ས་མ་ཡ། དེ་ཡང་། སྲུང་ཟློག་གསད་གསུམ་ཡིག་འབྲུ་གཅིག་དམིགས་པ་དང་བཅས་པ་འདི་ལ་ཚང་སྟེ། གུར་ཁང་གི་དམིགས་པས་སྲུང་། སྤྲོ་བསྡུའི་དམིགས་པས་ཟློག །ཡིག་རྐང་གི་དམིགས་པས་གསད་པའོ། །དེ་ལ་ཉིན་མོ་བསྒོམ་ན་ཉི་མའི་གུར་ཁང་། མཚན་མོ་ཟླ་བའི་གུར་ཁང་། སྒོ་ང་ལྟ་བུ་སྲུབས་མེད་པའི་རང་བཞིན་ཚ་རེག་གྲང་རེག་བལྟ་བ་དང་རེག་པ་མི་བཟོད་པ་འོད་ཟེར་འཕྲོ་བའི་ནང་དུ། རང་ལུས་ཤེལ་གྱི་མཆོད་རྟེན་བང་རིམ་དགུ་པ་ཕྱི་གསལ་ནང་གསལ་གྱི་ནང་དུ་རང་གི་སེམས་ཉིད་ཧྲཱིཿདམར་པོ་ཚེག་དྲག་ཅན་བྱེ་རུའི་སྡོང་པོ་ལྟར་དམར་ཞིང་འོད་དུ་འབར་བ། བལྟ་བས་མི་བཟོད་པའི་གཟི་བརྗིད་ཅན་དུ་ལམ་གྱིས་གྱུར་པར་བསམ། དེའི་ར་བཏགས་དང་འབྲེལ་བ་ལ་གནམ་ལྕགས་ཀྱི་ཕུར་པ་བསྐལ་པའི་མེ་དཔུང་འབར་ཞིང་ཁྲོ་ཆུ་ཁོལ་མའི་ཚྭ་ཚྭ་གྲངས་མེད་པ་སྐར་མདའ་གཡོ་བ་ལྟར་འཕྲོ་བ། དེའི་འོག་ཏུ་དམྱལ་བའི་བཙོན་ཁང་གྲུ་གསུམ་གཤིན་རྗེའི་ཕོ་ཉས་གང་བའི་དབུས་སུ་གནོད་བྱེད་དགྲ་བགེགས་བྱད་མའི་ངོ་བོ་དེ་བཀྲག་དང་གཟི་མདངས་མེད་ཅིང་སྔོ་ལ་རིད་པ་མྱ་ངན་གྱི་ཕྱག་རྒྱ་ཅན་གན་རྐྱལ་དུ་གནས་པའི་སྙིང་གི་དཀྱིལ་དུ་ཁོ་རང་གི་ལྷ་སྲུང་ངམ་ཕོ་ལྷའི་ངོ་བོ་ལྕགས་ཀྱི་སྡིག་པ་མགོ་དགུ་པ་མི་སྡུག་ཅིང་གཉེར་མས་གང་བ། བ་སྤུ་མཚོན་རྩེ་ལྟར་རྣོ་བ་གཅིག་བསམ། དེའི་རྐེད་པའི་དཀྱིལ་དུ་ཡིག་རྐང་གི་ཕུར་པ་མ་རེག་ཙམ་གཟིར་བས་ཁོས་མ་བཟོད་དེ་ཁྲོས་ཤིང་དགྲ་བོའི་སྙིང་ཁར་ཚེ་སྲོག་གི་དྭངས་མའི་ཡི་གེ་ནྲྀ་དང་བཅས་པ་ཟོས། ལྕིམ་བུའི་སྐོགས་པ་སྐམ་པོ་ལྟ་བུ་ནག་འུབ་འུབ་གཉེར་བཅུམ་བཅུམ་བསད་པར་བསམ། ཡང་། ཧྲཱིཿའི་གི་གུ་ལས་ལྕགས་ཀྱུ་གྲངས་མེད་ཕྱོགས་བཅུར་འཕྲོས། གནོད་བྱེད་ཐམས་ཅད་བཀུག་ནས་དོང་ནང་གི་རོ་ལ་བསྟིམ། ཡང་། ཧ་ཁོག་ལས་རྡོ་རྗེའི་ཞགས་པ་མེ་འབར་བ་གྲངས་མེད་འཕྲོས། གནོད་བྱེད་ཐམས་ཅད་ཀྱི་དབང་པོ་རང་དབང་མེད་པར་བསྡམས། ཡང་། ར་བཏགས་ལས་ལྕགས་སྒྲོག་མེ་འབར་བ་གྲངས་མེད་འཕྲོས་གནོད་བྱེད་ཀུན་གྱི་ཡན་ལག་བཅིངས། ཡང་། ཚེག་དྲག་ལས་ཐོ་ལུམ་མེ་འབར་བ་གྲངས་མེད་འཕྲོས། གནོད་བྱེད་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་དུ་བརླགས། ཡང་། ཧྲཱིཿཡིག་བྱིངས་ལས་ཁྲོ་བོ་མཚོན་ཆ་ཐོགས་པ་དང་རྡོ་རྗེ་རལ་གྲི་དགྲ་སཏྭ་ཕུར་པ་འཁོར་ལོ་གཏུན་ཤིང་མདའ་མདུང་ལ་སོགས་མཚོན་ཆ་མེ་འབར་བའི་ཚོགས་ཕྱོགས་བཅུར་ཐོག་གི་བུ་ཡུག་འཚུབས་ལྟར་བབས། རི་བོའི་རྩེ་བཅོམ། རྒྱ་མཚོའི་གཏིང་དཀྲུགས། འཆི་བདག་གཤིན་རྗེའི་ཀླད་པ་ཚལ་པ་བརྒྱར་བཀས། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དང་དགྲ་བགེགས་ཀྱི་རིགས་སུ་གྱུར་ཚད་བརྡུངས་བསྲེགས་ཐལ་བར་བརླགས་པར་བྱས། སླར་ཡང་མཚོན་ཆ་ལ་སོགས་སྤྲོ་བའི་རིམ་པ་ལྟར་ཚུར་འདུས། རིམ་པ་མ་ནོར་བར་གུར་ཁང་གི་ཐ་མར་ལྕགས་ཀྱུ་སོགས་རིམ་གྱིས་གུར་ཕུབ་ནས་གནོད་བྱེད་སྤུ་ཙམ་མིང་ཡང་མི་ཐར་བར་བསམ། དེའི་ཐ་མར་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བར་བསམ་སྟེ་ཧྲཱིཿབརྒྱ་སྟོང་ཉེར་གཅིག་རེ་བཟླ། ཐུན་འཇོག་ཁར་ལག་གཉིས་ཉི་ཟླར་བསམ་པའི་བར་དུ་གནོད་བྱེད་གསད་པར་བསམ་ཞིང་། ཐལ་མོ་བརྡབ་པ་དང་དམོད་བཅོལ་གང་ཤེས་བྱའོ། །འདི་ལས་ཟབ་པའི་སྲུང་ཟློག་ཡོད་རེ་དཀོན་མཆོག་གིས་དཔང་པོ་ཐུབ་ཅིང་འདི་སྣོད་མིན་དམ་ཉམས་རྣམས་ཀྱི་ལག་ཏུ་མ་ཤོར་བར་བྱའོ། །ཤིན་ཏུ་ཟབ་པའི་གདམས་པ་ཡིན་པས་བཀའ་རྒྱ། དམ་བཅས་གསེར་གྱི་འབུལ་བ་མནའ་དང་བཅས་པའི་སྣོད་ལྡན་གཅིག་གཉིས་ཙམ་ལ་སྦྱིན་ནོ། །ྀཨཚ། ས་མ་ཡ། རྒྱ་རྒྱ་རྒྱ། འདི་ཡང་རྗེ་ཉིད་ཀྱི་ལྗགས་བསྒྲིགས་མ་ལགས་སོ།། །། ༄༅། །ཟབ་པ་གཏེར་དང་རྣམ་དག་བཀའ་མའི་རྒྱུན། །པད་གནུབས་དགོངས་པ་མན་ངག་མཚན་ཉིད་ཅན། །ཧྲཱིཿདམར་གཤིན་རྗེ་གཤེད་ཀྱི་ཡང་སྙིང་ལ། །བརྟེན་པའི་སྲུང་ཟློག་གསད་དང་གནན་པ་ཡི། །དམིགས་ཁྲིད་མན་ངག་རིན་ཆེན་ཕྲེང་བ་བཞུགས། །པདྨ་འབྱུང་གནས་ཕྲིན་ལས་གསང་བའི་གཏེར། །སྨོན་ལམ་འབྲེལ་བའི་རྩལ་འཆང་མེ་ཏོག་དང་། །གནུབས་ལུགས་བཀའ་ལས་བརྒྱུད་ཟུང་ཞལ་བཅུད་ཀྱིས། །ལེགས་བརྒྱན་སྩོལ་མཛད་རིག་འཛིན་སྤྲུལ་པའི་སྐུ། །དམ་པའི་ཕྲིན་ལས་རྙེད་པ་རཏྣའི་མཛོད། །ཐ་སྙད་སྣ་ཚོགས་བཀྲ་བའི་རིན་ཆེན་ཚོགས། །ཕྱག་བཞེས་གནད་ཀྱི་སྲད་བུ་ལ་སྤེལ་ནས། །བསྟན་འཛིན་མགུལ་རྒྱན་དོན་དུ་ཁོ་བོས་བསྒྲིག ༈ །བླ་མ་སངས་རྒྱས་དམ་ཆོས་འདུས་པའི་ཚོགས། །ཡི་དམ་ལྷ་དང་མཁའ་འགྲོར་བཅས་པ་ལ། །དེང་གཟུང་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་སེམས་བསྐྱེད་སངས་རྒྱས་ཀྱི། །བསྟན་པ་དར་ཞིང་བདག་དང་བསྲུང་བྱའི་ཡུལ། །འཁོར་དང་བཅས་པ་རྣམ་མཁྱེན་མ་ཐོབ་བར། །སྤང་བྱ་མི་མཐུན་གཡུལ་ལས་རྒྱལ་བའི་ཕྱིར། །དམར་ནག་གཤིན་རྗེའི་ཡང་སྙིང་བསྒྲུབ་པར་བགྱིའོ། །ཞེས་ལན་གསུམ་ལ་སོགས་པའི་མཐར། ཧྲཱིཿ སྤྱི་བོར་གུ་རུ་རྗེ་བཙུན་འཇམ་པའི་དབྱངས། །དབྱེར་མེད་འདུས་པའི་ངོ་བོ་དྷཱིཿདམར་སེར། །རིགས་ཀྱི་བདག་པོ་ཉིད་ལ་གསོལ་བ་འདེབས། །ཡེ་ཤེས་གཟིགས་པས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཞི་བའི་བཟླས་པ་ཉེར་གཅིག་ལ་སོགས་པའི་མཐར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་སྣོད་བཅུད་དངོས་འཛིན་མི་དམིགས་ཏེ་སྟོང་པར་སྦྱངས་པའི་ངང་ལས། རྩ་བའི་སྡོམ་ཚིག་ངག་ཏུ་བརྗོད་ལ་སྒོམ་ཁྲིགས་སུ་བཏབ་སྟེ། ཧྲཱིཿདམར་གཤིན་རྗེའི་ཡང་སྙིང་། ཉི་ཟླ་ཤེལ་གྱི་གོ་ལྕོག །ཉིན་མཚན་སྲུང་བའི་གུར་བརྟན། གུར་ཁང་དམིགས་པས་སྲུང་བ། སྤྲོ་བསྡུའི་དམིགས་པས་ཟློག་པ། ཡིག་རྐང་དམིགས་པས་གསད་པ། རང་གྲུབ་མནན་པའི་རི་བོ། དབང་སྡུད་ཚེ་ཡི་རྫོང་ཆེན་ནོ། །དང་པོ་ནི། ངག་ཏུ་བརྗོད་པའི་མོད་སྐད་ཅིག་དེ་ཉིད་ལ་སེམས་ཡིད་གཟུགས་ཀྱི་རྣམ་པ་བྱེ་རུའི་སྡོང་པོའམ་རི་བོང་གི་ཁྲག་ལྟར་དམར་ཞིང་། རྒྱ་སྐྱེགས་ཀྱི་ཁུ་བའི་དྭངས་མའམ། པདྨ་རཱ་ག་ལྟར་གསལ་འཚེར་འོད་དུ་འབར་བ་གསལ་ལམ་མེ་བ། ངག་གི་གདངས་ཧྲཱིཿསྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུར་གྲགས་བཞིན་པ། ཡིད་དེར་སྣང་ལ་འཛིན་ཞེན་གྱིས་མ་བསླད་བཞིན་དུ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དང་ལྡན་པ། ངོ་བོ་སྐུ་བཞིའི་རྣམ་རོལ་ལས་གཡེལ་བ་མེད་པ་རྣམ་པར་དག་པའི་བདག་ཉིད་ཅན་དུ་གྱུར་པའི་ཕྱིར་འབྱུང་བའི་གུར་དང་གཞལ་ཡས་ཁང་གི་དོད་ནི་དུས་གཉིས་ཀྱི་ཁྱད་པར་གྱི་དམིགས་པ་བསྒྱུར་བར་བཤད་ལ། དེ་ཡང་གོ་རིམ་གྱི་ཐུན་མོང་ཙམ་དུ། དབྱིབས་ཅོ་གའི་སྒོ་ང་ལྟ་བུའི་རྣམ་པ་ཡར་རྩེ་ཅུང་ཟད་ཕྲ་ཞིང་ཞབས་ཕྱོགས་ཟླུམ་པ་སྲུབས་མེད་པའི་དབུས་ནང་འགྲས་ལ་ཁྱད་པར་དུ་བསྔགས་པའི་ཕྱིར་རང་ལུས་རྣམ་པར་དག་པ་ཉིན་མཚན་དུས་ཀྱི་དབྱེ་བས་ཉི་མ་ཚ་ཞིང་ཁ་དོག་ཤིན་ཏུ་དམར་བ་དང་། ཟླ་བ་བསིལ་བའི་རེག་བྱར་ལྡན་པ་དཀར་བའི་ཁྱད་པར་ཅན་མེ་ཆུའི་རང་བཞིན་གྱི་དྭངས་མ་ཤེལ་གྱི་རྒྱུ་ལས་གྲུབ་པའི་མཆོད་རྟེན་གདན་ཁྲི་རིམ་པ་ལྔ་དང་རི་རབ་བང་རིམ་བཞི་པ་བུམ་པ་བྲེ་ཆོས་འཁོར་གདུགས་ཏོག་དར་དཔྱངས་སུ་བཅས་པའི། བུམ་ལྡིར་གྱི་དཀྱིལ་དུ་ཡང་སྙིང་གནས་པར་སྒོམ་པ་ནི་ལས་བཞི་ཀུན་གྱི་ཐོག་མར་གཞི་བཀོད་པའོ། །ས་བཅད་བཞི་པ་བྱེ་བྲག་ཏུ་དང་པོའི་སྡོམ་ཚིག་ནི། གི་ཁོག་ར་བཏགས་ཚེག་ལས་ལྕགས་ཀྱུ་ཞགས་སྒྲོག་ཐོ་ལུམ་རྡོ་རྗེའི་རང་བཞིན་འབར་བ་འཕྲོ། གུར་ཕུབ་ཉི་ཟླའི་གོ་ལྕོག་ཅེས་པའི་དོན་ནི་གོང་ལྟར་གསལ་བའི་ངང་ནས་ཛཔ྄་བཟླས་པའི་མཐུས་ཆུ་ལས་ཆུ་བུར་རྡོལ་བ་ལྟར། གི་གུ་ལས་ལྕགས་ཀྱུ། ཁོག་པ་སྟེ་ཧ་ལས་ཞགས་པ། ར་བཏགས་ལས་ལྕགས་སྒྲོག །ཚེག་ཟླུམ་ལས་ཐོ་བ་སོགས་ཐམས་ཅད་ཀྱང་རྡོ་རྗེའི་ཆོས་བདུན་དང་ལྡན་པ། ཚ་གྲང་གི་རང་བཞིན་ཉི་ཟླའི་འོད་ཟེར་ལྟར་དུ་འབར་ཞིང་འཁྲུགས་ལ་འཚུབས་པ་དཔག་ཏུ་མེད་པ་རིམ་པར་འཕྲོས་པས། གུར་ཁང་གི་ཕྱིར་ཁྲབ་གྱོན་པ་ལྟར་བཞི་སྦྲགས་སུ་རང་རང་གཤིབས་པའི་སྒོང་དབྱིབས་གོ་སྐབས་མི་ཕྱེད་པའི་དམིགས་པ་ནན་དུ་སྒོམ་པ་ནི་ཉལ་ཆོག་བསམ་གཏན་སྲུང་བ་ཁྱད་པར་ཅན་འདི་ཁོ་ནའོ། །ས་བཅད་ལྔ་པ་གཉིས་པའི་སྡོམ་ཚིག་ནི། གཞི་ཀ་འོག་ལྕོག་གུར་དུ་ལྕགས་གསུམ་གསལ་བཏབ་རིམ་བཞིན་སྤྲོས་བཀུག་རང་རང་ལས་བྱས་བསྡུས་གུར་ཕུབ་གཏར་ཟློས་པ་ཞེས་བྱ་བའི་དགོངས་པ་གཞི་བཅའ་བ་ཡན་ཁྲིད་དམིགས་ཀྱི་གཞུང་བསྲངས་ནས། ཀ་ནི་བང་རིམ་དགུ་པའི་ཞབས་འོག་གི་སྟོང་སྲང་ཅོག་སྒོང་དབྱིབས་ཀྱི་གུར་ནང་དེ་ཉིད་དུ། ལྕགས་ཀྱི་ཁང་སྒྲོམ་དུག་གསུམ་གྱི་རང་བཞིན་ལས་བྱུང་བའི་ཨེ་དབྱིབས་ནག་ལ་གཏིང་ཟབ་པའི་ཕྱི་རོལ་སྐྱོད་བྱེད་རླུང་གིས་བུས་པས། ཚ་བའི་མེ་ཆེན་འུ་རུ་རུ་འབར་ཞིང་ནང་དུག་ཆུ་དང་ཁྲག་མཚོ་ཁོལ་མའི་འཚུབས་མས་མུན་པར་འཐིབས་པའི་ཁ་ཁྱེར་ལ་རྣོ་མཚོན་རྩང་གི་ར་བས་འཁོར་ཡུག་ཏུ་བསྐོར་བ། དེ་ལྟར་འབྱུང་བ་ལྔ་འདུས་གནོད་བྱེད་མ་ལུས་འབྲུབ་པའི་བཙོན་དོང་སྐད་ཅིག་གིས་གྲུབ་པར་གསལ་བར་བལྟས་ལ། ཐུགས་དམ་བསྐུལ་བའི་དོན་དུ་སྙིང་པོ་བཟླས་པས་སྲུང་བའི་སྐབས་ཀྱི་སྤྲོ་གནས་ཇི་ལྟར་འགུགས་བྱེད་ཀྱི་ཚོགས་སྤྲོས། དམིགས་བྱ་དགྲ་བགེགས་གང་ཡིན་གཙོ་ཆེ་བ་དེའི་སྙིང་ག་ནས་དྲངས། བཙོན་འཁྲིད་པ་བཞིན་བཀུག །ལས་ཁུང་དུ་བཅུག །གན་རྐྱལ་དུ་བསྒྱེལ་ཏེ་གནས་པ་ལ། གཞན་པ་དག་ཀྱང་སླར་རིམ་པར་བསྟིམས་པས་ཀུན་འདུས་པའི་ངོ་བོར་གྱུར་པའི་ལས་ཟིན་ནས། རི་བོ་ལས་སྨུག་པ་རྡོལ་བ་ལྟར་བཛྲ་ཨངྐུ་ཤ་རྣམས་འཁྲིགས་པའི་རིམ་པ་དང་པོ་དང་། གཉིས་པ་ནི་འཆིང་བྱེད་ཀྱི་ཚོགས་སྤྲོས་དམིགས་ཡུལ་ཀུན་འདུས་པ་དེའི་ལུས་དང་ཡན་ལག་དྲུ་གུ་ལྟར་བཅིངས་པའི་བྱ་བ་ཟིན་ནས་ཡང་ཕྱི་རོལ་བཛྲ་པཱ་ཤ་རྣམས་འཁྲིགས་པའི་རིམ་པར་དགོད། གསུམ་པ་སྡོམ་པར་བྱེད་པོ་ཡང་བསམ་གྱིས་མི་ཁྱབ་པ་སྤྲོས་ནས་འོག་ལིང་གའི་སྐེ་དང་རྐང་ལག་ཀུན་བསྡམས་པའི་བྱ་བ་གྲུབ་པའི་མོད་དེ་ཁར་བཛྲ་སྥོ་ཊ་རྣམས་ཀྱིས་དྲྭ་བ་ལྟ་བུའི་རིམ་པ་དང་། བཞི་པ་རྡུང་བྱེད་ཀྱི་ཚོགས་སྤྲོས་སྤྱི་བོ་ནས་རྐང་མཐིལ་གྱི་བར་མཚམས་མ་ལུས་པ་སེར་བས་ལོ་ཐོག་བཅོམ་པ་ལྟ་བུའི་བྱ་བ་གྲུབ་པའི་མཐར་བསྡུས་ནས་བཛྲ་མུཏྒ་ར་རྣམས་ཀྱི་རིམ་པ་སྟེ། གུར་རིམ་ལྔ་པོ་ཐམས་ཅད་སྲ་བརྟན་གཞོམ་ཞིང་བཤིགས་པར་མི་ནུས་པ་འོད་དུ་འབར་ཞིང་བུ་ཡུག་ལྟར་འཚུབས་པར་གནས་པ་ནི་ཕས་རྒོལ་གྱི་གཡུལ་དུ་འཇུག་པའི་ཚེ་ཁྲབ་ཕུབ་ཀྱིས་རང་སྐྱོབ་པ་བཞིན་གོ་བསྟར་ནས་ཁོའི་འབད་རྩོལ་གྱི་རྒྱུན་བཅད། ལྷ་སྔགས་དམོད་པ་རྫས་སེལ་ནུས་སྟོབས་སྦྱོར་བ་ཐམས་ཅད་བདག་ཉིད་བདེ་གཤེགས་བཀའ་རྟགས་གཟི་བྱིན་གྱིས་ཟིལ་གྱིས་མནན་པར་དམིགས་པས་ཕྱིར་ཟློག་ལས་ཡང་ཟློག་པ་ནི་གསེར་གྱི་འབྲུ་གཅིག་ལ་ནན་ཏན་དུ་བྱ་བ་འདི་ཁོ་ནའོ། །འདི་ཁོ་ནའོ། །གཞི་བཀོད་སྤྲོ་ཞིང་བསྡུ་བའི་སྐབས་ནས་སྙིང་རྗེས་བསྒྲལ་བའི་དགོངས་པ་བསར་ཏེ་རང་སྒྲས་བསྐུལ་བའི་རྐྱེན་གྱིས་ཡིག་རྐང་རྩེ་ལས་ནམ་མཁའ་ནས་ཐོག་བབ་པ་ལྟར། གནམ་ལྕགས་ཀྱི་ཕུར་བུ་དབལ་ལ་ཡེ་ཤེས་ཀྱི་མེ་འབར་ཞིང་འོད་ཟེར་གློག་དམར་སྐར་མདའི་ཚྭ་ཚྭ་འཕྲོ་བ་ཅན་ཞིག་ནར་གྱིས་ཕྱུངས་པས་ཁོའི་སྙིང་གའི་གནས་སུ་རེག་པར་ཉེ་བའི་ཚེ། སྐྱོབ་བྱེད་ཀྱི་ལྷ་དང་སྲུང་མ་རྣམས་འདུས་པའི་ངོ་བོ་དམ་ཚིག་ཉམས་པའི་མཐུས་སྡིག་པའི་གཟུགས་སུ་གྲུབ་པ་ཞིག་ཆུ་བུར་རྡོལ་པ་ལྟར་དེར་བྱུང་བའི་སྙིང་ཐད་ལ་གཟིར་བས་ལྷ་དེ་ཉིད་ཀྱང་དབལ་མ་བཟོད་པས་རབ་ཏུ་ཁྲོས། ཁོ་རང་གི་གཤེད་དུ་གྱུར་ནས་བྱད་མ་སོགས་བསྒྲལ་བྱ་འདུས་པའི་ངོ་བོ་དེའི་མཐུ་སྟོབས་ནུས་པ་ཚེ་དཔལ་བསོད་ནམས་དབང་པོའི་བཀྲག་མདངས་གཟི་འོད་ཤ་ཁྲག་བླ་ཚེ་སྲོག་དབུགས་རྣམས་སྡིག་པས་སྲོག་རྩ་དྲངས་ནས་ཟོས། བཅུད་ཀྱི་སྙིང་པོར་འདུས་པ་དང་། ཁོ་ཉིད་ཤ་མེད་སྦལ་པའི་སྐོགས་པ་ལྟར་ནག་འུབ་འུབ་འདུག་པའི་ནང་ནས་རྣམ་ཤེས་ཀྱི་ངོ་བོ་ཚེ་ལྷག་དང་བཅས་པ་ཨ་དཀར་པོའི་རྣམ་པར་ཕུར་པའི་རྩེ་ལ་ཁབ་ལེན་རྡོ་དང་ལྕགས་འཕྲད་པའམ། སྦུར་ལེན་གྱིས་རྡུལ་བསྡུས་པ་བཞིན་ཙེན་གྱིས་བསྡུས། རྣམ་ཤེས་མར་མེ་ལྟ་བུ་དེ་ནག་ཐུམ་གྱིས་བསད། ཁོང་སེང་བྱང་ཆུབ་སེམས་ཀྱི་ལམ་ནས་གྱེན་དུ་དྲངས་པས་ཧྲཱིཿཡིག་གཟི་འོད་དང་ལྡན་པར་གྱུར་པ། གཉིས་མེད་རྩེ་གཅིག་གི་ངང་དུ་མཉམ་པར་གཞག །དམིགས་ཡུལ་ཤ་ཁྲག་གིས་ཚིམས་པས་རང་གི་ལས་བྱེད་དུ་དམ་ནོས། ཟུག་རྔུ་དང་བྲལ་ནས་སྡིག་པ་འཇའ་ལྟར་ཡལ། ལུས་ཁོག་བསྲེག་གནན་གྱི་རྒྱུར་གྱུར་པ་དེ་ཉིད་ཕུར་བུ་ཡེ་ཤེས་ཀྱི་མེ་དང་ལས་ཁུང་གི་གཏུམ་དྲག་འབར་བའི་སྦྱོར་བས་རྡུལ་བུན་གྱིས་བསྲེགས། ལྷག་རོ་ཐལ་བའི་དངོས་པོ་ཅུང་ཟད་ཞིག་ཏུ་སྣང་བ་མནན་པའི་སྟེང་དགྲ་བགེགས་ཀྱི་ངོ་བོ་ནྲྀ་ཏྲི་ཞེས་པའི་རྣམ་པར་སྐད་ཅིག་ཏུ་གྲུབ་པའི་དེ་མ་ཐག་པར། བྲུབ་ཁུང་གཤིན་རྗེའི་ཁ་དོང་ཉི་མ་རྒས་པའི་པདྨོ་ཁ་ཟུམ་པ་ལྟར་བྱས་པ་ནམ་མཁའི་རང་བཞིན་དེ་ལས་ཀྱི་རླུང་རྡོ་རྗེ་རྒྱ་གྲམ་གྱིས་ལུ་གུ་རྒྱུད་དུ་བསྡམས། ཞེ་སྡང་ཚ་བའི་མེ་དང་ཁྲག་དུག་ཁོལ་མ་རླན་གཤེར་ཆུའི་རང་བཞིན་འབྱུང་བ་དགྲ་གཤེད་འཐབས་པས་ཨུརྨོ་ཁ་སྦྱོར་ལྟར་ཁ་བཀབ་ཡོངས་སུ་རྫོགས་པ། ཁྲི་འཕང་བཞི་དང་ལྡན་པའི་རི་རབ་ཀྱི་སྟེང་རྣམ་པར་རྒྱལ་བའི་ཕོ་བྲང་དུ་ཕུར་བུ་དོན་ཡོད་གྲུབ་པའི་ངོ་བོས་རྒྱས་བཏབ་པའི་ས་མཱ་ཏི་ལ་གནས་ཤིང་སྙིང་པོའི་ཛཔ྄་འདྲེན་པ་ནི། རང་བཞིན་གདོད་ནས་གྲུབ་པའི་རྣམ་པ་མཐར་ཐུག་པའི་དམིགས་གནད་དགྲ་བགེགས་ནམ་ཡང་ལྡང་དུ་མེད་པར་གནོན་པར་བྱེད་པའི་རི་བོ་མཆོག་རབ་བོ། །འདི་ནི་དངོས་གཞིར་གྱུར་པའི་དྲིལ་སྒྲུབ་སྟེ། །སྐྱབས་སེམས་ཞི་བསྙེན་གཞི་བཅས་སྔོན་འགྲོ་དང་། །གུར་ཁང་སྤྱི་དང་ཁྱད་པར་སྤྲོ་དང་བསྡུ། །ཟློག་དང་ཡང་ཟློག་གསད་སྲེག་གནན་ལས་རྫོགས། །གདུལ་བྱ་དབང་དུ་བྱེད་པ་དེ་ལྟ་ན། །ཚེ་ཡི་ལྷག་བསྡུས་རྣལ་འབྱོར་འཚེངས་པར་བྱས། །སྲོག་གི་གཞི་བཟུང་འཕྲད་ལ་རྒྱུན་དུ་བསྒྲིམ། །རྟག་ཏུ་གནས་བྱ་མཁའ་ཁྱབ་རྫོང་ཆེན་པོར། །འཕངས་ལས་གནམ་ལྕགས་ཐོག་འབེབ་འདི་ཁོ་ནའོ། །ཧྲཱིཿདམར་ནག་གི་གདམས་པ་འདིའི་སྒོ་ནས་གཏོར་མ་བཏང་བའི་ཐབས་ནང་འགྲས་ལ་སོགས་པ་ཟློག་གསད་གལ་ཆེ་བའི་ལས་ཀྱི་མཇུག་སྡུད་པ་ལ་དགོངས་པ་སྟེ། དེ་ལ་རྣལ་འབྱོར་པ་ནམ་འཇུག་པ་ན། རང་གི་མདུན་དུ་ཐོད་ཚལ་ལམ། ཟངས་ལྕགས་གང་རུང་གི་སྣོད་དུ་བསད་ཁྲག་གིས་སྦྲུས་པའི་གཏོར་མ་ཟུར་གསུམ་གནམ་ལྕགས་ཀྱི་མདེའུ་ལྟ་བུ་སོར་བཞིའི་ཚད་ཤ་དང་མཚེ་ཡུངས་ཀྱིས་བརྒྱན་པ་བཤམ། བདུད་རྩིའམ་ཆབ་ཀྱིས་བྲན་ལ་བཟླས་བསྒོམ་གྱི་རིམ་པ་ལ་ཞུགས། དམིགས་བཟླས་གྲུབ་པའི་མཐར། བ་ལིཾ་དེའི་ཐད་སྟེང་གི་ནམ་མཁར་རང་ཉིད་གུར་རིམ་གྱི་དབུས་ན་གནས་པ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར། ཧྲཱིཿཡིག་ཚེག་དྲག་དང་བཅས་པ་རྒྱ་སྐྱེགས་ཀྱི་ཁུ་བའི་དྭངས་མ་ལྟ་བུ་དམར་ནག་ཅིག་ཞལ་སྤྲོད་ཀྱི་ཚུལ་དུ་གཤིན་རྗེའི་གཤེད་ལས་བྱེད་ཀྱི་ངོ་བོར་བསམ་ལ། ཨོཾ་གྱིས་གཏོར་མའི་མ་དག་དངོས་འཛིན་སྦྱངས། །ཨཱཿལས་ཐོད་སྣོད་ཡངས་ཤིང་རྒྱ་ཆེའི་ནང་། །ཧཱུྃ་གིས་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ སྣང་སྟོང་འཇམ་དཔལ་ཁྲོས་པ་གཤིན་རྗེའི་སྐུ། །ཨཱཿ གྲགས་སྟོང་ཧྲཱིཿཥྚིའི་རང་སྒྲ་དབྱངས་ཀྱི་གསུང་། །ཧཱུྃ་ རིག་སྟོང་སྟོབས་ཆེན་དཔའ་བོ་གྱད་ཀྱི་ཐུགས། །ཧྲཱིཿ དམར་ནག་གཤིན་རྗེ་གཤེད་ཀྱི་ངོ་བོར་འབུལ། །ཞེས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་དུ་ལྡན་པའི་སྒོ་ནས་ལན་གྲངས་བདུན་ནམ་ལྔ་གསུམ་གྱི་བར་དུ་འབུལ་ལོ། །དེ་ནས་གང་ལ་འཕང་བའི་ཕྱོགས་སུ་ཞལ་བསྒྱུར་ལ། གཏོར་སྟེང་གི་སྲོག་ཡིག་ལ་དམིགས་ནས་སྐུལ་ཚིག་གིས་གསལ་བཏབ་སྟེ། ཧྲཱིཿ གཤིན་རྗེ་གཤེད་ཀྱི་ངོ་བོ་དམར་ནག་གི །སྟེང་ནས་རྡོ་རྗེ་ལྕགས་ཀྱུའི་ཚོགས་སྤྲོས་པས། །གནོད་བྱེད་དགྲ་བགེགས་འཕང་ཡུལ་འབེན་དུ་བཀུག །ཚུར་འདུས་གཏོར་ཟོར་ལྕགས་ཀྱུ་རྣོན་པོས་གཏམས། །ཧྲཱིཿ གཤིན་རྗེ་གཤེད་ཀྱི་ངོ་བོ་དམར་ནག་གི །དབུས་ནས་རྡོ་རྗེ་ཞགས་པའི་ཚོགས་སྤྲོས་པས། །གནོད་བྱེད་དགྲ་བགེགས་གཟུགས་ཕུང་ཡན་ལག་བཅིངས། །ཚུར་འདུས་གཏོར་ཟོར་རྡོ་རྗེ་ཞགས་པས་གཏམས། །ཧྲཱིཿ གཤིན་རྗེ་གཤེད་ཀྱི་ངོ་བོ་དམར་ནག་གི །འོག་ནས་རྡོ་རྗེ་རལ་གྲིའི་ཚོགས་སྤྲོས་པས། །གནོད་བྱེད་དགྲ་བགེགས་ལུས་དང་ཡན་ལག་གཏུབས། །ཚུར་འདུས་གཏོར་ཟོར་རྡོ་རྗེ་རལ་གྲིས་གཏམས། །ཧྲཱིཿ གཤིན་རྗེ་གཤེད་ཀྱི་ངོ་བོ་དམར་ནག་གི །རྒྱབ་ནས་རྡོ་རྗེ་ཐོ་བའི་ཚོགས་སྤྲོས་པས། །གནོད་བྱེད་དགྲ་བགེགས་བརྡུངས་ཏེ་མྱོས་པར་བྱས། །ཚུར་འདུས་གཏོར་ཟོར་རྡོ་རྗེ་ཐོ་བས་གཏམས། །ཧྲཱིཿ གཤིན་རྗེ་གཤེད་ཀྱི་ངོ་བོ་དམར་ནག་གིས། །འཕང་བའི་ལས་མཛོད་གཏོར་ཟོར་འབར་བའི་ཐོག །གནོད་ཅིང་འཚེ་བའི་དགྲ་བགེགས་སྟེང་དུ་རྒྱོབ། །ལྷ་སྔགས་ཏིང་འཛིན་རྫས་སེལ་ནུས་སྟོབས་ཟློགས། །ཞེས་གཏོར་མ་འཕངས་རྗེས་སུ་དམོད་མོ་འདི་ལྟར་བྱ་སྟེ། ཧྲཱིཿ གང་དག་གནོད་ཅིང་འཚེ་བའི་དགྲ་བགེགས་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། བསམ་སྦྱོར་ངན་པ་གཏོང་བར་བྱེད་པའི་དགྲ་བགེགས་གང་ཡིན་པ་དེ་དག་གི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད་བཅིང་བར་བགྱིའོ། །དེ་དག་གི་མཐུ་བརླག་པར་གྱུར་ཅིག །སྟོབས་བརླག་པར་གྱུར་ཅིག །དེའི་སྔགས་ཀྱིས་དེ་དག་གི་སྲོག་གཅོད་པར་གྱུར་ཅིག །དེ་དག་གིས་བསྒྲུབས་པའི་སྲུང་མས་དེ་དག་གི་ཤ་ལ་ཟ་བར་གྱུར་ཅིག །ཅེས་བརྗོད་ལ་དུལ་མོ་བརྡབ། མདུན་བསྐྱེད་ལས་བྱེད་གུར་ནང་གི །ལས་བསྡུས་དམར་ནག་ང་རྒྱལ་དང་ལྡན་པས་ནང་དུ་ལོག །གུར་ཁང་གི་རིམ་པ་གསལ་བཏབ་པས་ཕྱི་རྗེས་བསྲུང་ངོ་། །འཕང་ལས་གནམ་ལྕགས་ཐོག་འབེབ་སྲོག་སྙིང་གཅིག་ཏུ་དྲིལ་བའི་མན་ངག་དམ་པའོ། །འཕང་བའི་ལས་ཤུགས་བསྟན་གབ་པའི་གསང་། ཐུན་མཚམས་རྣལ་འབྱོར་དམར་ནག་ཨུརྨོ་དང་གཏོར་མའི་ཡིག་ཆུང་བཅས། བུ་ཡིག་ཚུལ་དུ་སྔགས་འཆང་སྙིང་གི་ནོར། ཐུན་མཚམས་དམར་ནག་ཨུརྨོའི་འཁྲུལ་འཁོར། སྒོམ་བཟླས་གྲངས་ཚད་ཐུན་རྫོགས་ནས་འཇོག་པར་སྤྲོའམ། ཁྱད་པར་ཉིན་མཚན་གྱི་དུས་མཚམས་སུ་ཟློག་གསད་འཕང་གསུམ་གང་ཡིན་གྲུབ་པའི་མོད་དེ་ཁར། འོག་གི་མནན་པ་རི་རབ་ཀྱི་ས་བོན་ལཾ་ཡིག་གཅིག་ཏུ་གྱུར་པ་ཐིག་ལེར་བསྡུས། མཁའ་ནང་དེ་ཉིད་དུ་དངོས་འཛིན་དང་བྲལ་བར་རྒྱས་བཏབ། དེ་ནས་སྲུང་འཁོར་རྣམས་ཀྱང་མེ་ལོང་ལ་ཧས་བཏབ་པ་དབུས་སུ་འདུས་པ་ལྟར་འབྱུང་རིམ་རྣམས་གུར་དང་ཡིག་ཞབས་ལ་བསྡུ། གུར་ཡང་ཧྲཱིཿལ། དེ་ཚེག་དྲག །དེ་ར་བཏགས། དེ་ཁོག་པ། ཁོག་པ་མགོ་བོ། དེ་གི་གུ །དེ་ཇེ་ཕྲར་ཐིག་ལེར་གྱུར་པ་ཡང་ནམ་མཁར་འཇའ་ཡལ་བ་ལྟར་དངོས་འཛིན་དང་བྲལ་བའི་ངང་དེར་ཅི་གནས་སུ་མཉམ་པར་བཞག །སླར་ཧྲཱིཿཞེས་བརྗོད་པས་དམར་ནག་གི་རྣམ་པ་ཁོག་ནང་ལངས་པའི་མདུན་དུ་ལག་པ་གཡས་ཞེས་པ་ཐབས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་སྟེང་དང་། དེ་བཞིན་ལག་གཡོན་ཞེས་པའང་ཤེས་རབ་ཉི་མའི་དཀྱིལ་འཁོར་འོག །ཚ་གྲང་གི་རང་བཞིན་གཉིས་གནམ་ས་ཁྱབ་པ་ལྟ་བུ་གཉིས་ཀྱི་བར་དེར་བཀུག་ཅིང་བསྡམས་མྱོས་པར་བྱས་པ་ཉི་ཟླ་ཆ་ལང་བརྡབ་པའམ་རང་འཐག་བསྐོར་བ་ལྟ་བུས་དངོས་མེད་དུ་བརླགས་པར་བསམ་ལ་བཟླས་མཐར། གནོད་བྱེད་དགྲ་བགེགས་བྱད་ཁ་དང་ཕུར་ཁ་རྦད་འདྲེ་རྦོད་གཏོང་གཏོང་བར་བྱེད་པའི་མཐུ་དང་ནུས་སྟོབས་ཐམས་ཅད་དམ་ཉམས་རྦོད་གཏོང་སྦྱོར་བྱེད་བྱེད་པ་པོ་ཁོ་རང་རྣམས་ཀྱི་སྟེང་དུ་ཟློག་ཟློག །ཅེས་དམོད་མོ་བརྗོད་ཅིང་ཐལ་མོར་བཅས་པ་ལན་གསུམ་དུ་བརྡབས་པས་བྱད་མ་འབུམ་ཐུབ། ཕུར་ཁ་སྟོང་ཟློག །བསམ་གཏན་ཉལ་ཆོག །དམར་ནག་ཨུརྨོའི་འཁྲུལ་འཁོར་ཡང་དག་པའོ། །ཟབ་བོ། །ལས་མཇུག་གནམ་ལྕགས་ཐོག་འབེབ་དང་། །དམར་ནག་ཐུན་མཚམས་ཨུརྨོ་ལྟོ་སྦྱོར་དང་། །ཚད་འཛིན་སོ་པ་བྱ་རོག་གདམས་པ་དང་། །ལྟས་གསལ་སྙིང་ཁྲག་མཚོ་ཞལ་དང་། །རྒྱུ་མཚན་དོན་བཤད་རང་སྐད་འཛུམ་བསྡམས་སོ། །ཧྲཱིཿའདི་བན་དགྲ་བོན་པོའི་གཤེད། །ཟབ་ཕྱིར་ཚོད་འཛིན་སོ་པ་བཙུགས། །མ་ཡེངས་ཐུན་ཞག་གྲངས་ངེས་བཟླ། །འབྲུག་སྒྲས་སྤྲེའུ་ཟིལ་གྱིས་གནོན། ཁྱི་ནག་སྟག་མོའི་ངར་སྐད་སྒྲོག །བདུད་ཀྱི་སྒོར་ཞུགས་ཐུན་བཞི་འམ། །ཉིན་ལ་རྟ་ཞོན་མཚན་བྱི་ཟུག །དུས་གཉན་དང་སྦྱར་ཐུན་དྲུག་གམ། །གང་རུང་ཞག་བདུན་བར་མ་ཆད། །དབང་པོ་རབ་འབྲིང་ཐ་གསུམ་གྱིས། །ཐུན་རེར་ཉི་ཤུ་རྩ་གཅིག་གམ། །བརྒྱ་རྩ་བརྒྱད་དམ་སྟོང་ཕྲག་རེས། །གྲངས་ཀྱི་བསྙེན་སྒྲུབ་ལས་གསུམ་རྫོགས། །དེ་ལྟར་ཏིང་འཛིན་གདིང་ཐོབ་པས། །ཞག་རེར་ཉིན་དང་མཚན་དུས་སུ། །དྲན་ཆོག་རྡོ་རྗེའི་བཟླས་པ་འོ། །དབུགས་ཀྱི་འབྱུང་འཇུག་གནས་པ་གསུམ། །སྤྲོ་དང་སྡུད་བྱེད་ལས་ཀུན་འགྲུབ། །བྱ་རོག་རྡོ་རྗེའི་བཟླས་བཅུན་པས། །ལོ་སྟོང་ཐུབ་ཅེས་གཏམ་དུ་གྲགས། །ཟབ་པ་གཏེར་དང་རྣམ་དག་བཀའ་མའི་རྒྱུན། །པད་གནུབས་དགོངས་པ་མན་ངག་མཚན་ཉིད་ཅན། །ཧྲཱིཿདམར་གཤིན་རྗེ་གཤེད་ཀྱི་ཡང་སྙིང་ལ། །བརྟེན་པའི་སོ་པ་བྱ་རོག་གནད་གདམས་རྫོགས། །ཧྲཱིཿདམར་རྟགས་ཀྱི་རིམ་པ་ཡང་། །ཕྱི་རོལ་ཆུ་ནང་གཟའ་སྐར་བཀྲ། །དེ་བཞིན་སྙིང་ཁྲག་དྭངས་མའི་མཚོར། །འཆར་ཚུལ་ཞལ་གྱི་གདམས་པ་བཤད། །གོ་གྱོན་མཚོན་ཐོགས་བཙན་མཁར་བཟུང་། །ཞྭ་གོས་རྒྱན་བཏགས་གུར་ཁྱིམ་འདུག །འཁོར་ཡུག་འབྱུང་བའི་ར་བས་བསྐོར། །ཉི་ཟླ་ཤར་དང་ལུས་སེམས་བདེ། །སྒྱོགས་དབལ་མདའ་མདུང་ལ་སོགས་འཕང་། །ཆུ་བསྒྱུར་མེ་སྦར་སེར་བ་ཐུབ། །སྟངས་གཅོད་འཐབ་རྒྱལ་ཕར་ལ་སོང་། །ཚུར་བྱུང་གང་ཡང་ཕྱིར་ལ་ཟློག །སྲོག་ཆགས་རྣམ་པ་སྣ་ཚོགས་པ། །ཚུར་ཁུག་ཕར་ཤོར་བླ་ཡིན་ཏེ། །ཤོར་ན་འགུགས་དམིགས་ནན་ཏན་བསྐྱེད། །དངོས་དང་བླ་བརྫུས་བརྟག་དཀའ་བས། །གསད་ལས་མི་བརྩོན་གཟིར་ཡུན་བསྲིང་། །བསད་བཅད་བཤིགས་བཅོམ་འགོལ་དང་གལ། །ལིངས་པ་འགྱེད་དང་ཤ་ཁྲག་ལས། །མཆོད་རྟེན་རི་བོ་ས་རྡོ་བརྩིགས། །སྟན་འདིང་ཁ་སྦུབ་འོག་ཏུ་བཅུག །གནམ་ལ་སྐར་མདའ་བར་སྣང་རྫི། །ས་ལ་གཏོར་མ་ཐུན་སྣོད་རྣམས། །ཕར་སོང་ཚུར་ལོག་འཁྱམས་པ་གསུམ། །དེ་སོགས་ལས་ཀྱི་གོ་རིམ་བཞིན། །དངོས་ཉམས་རྨི་ལམ་རིགས་པས་དཔགས། །ནང་གི་དེ་ཉིད་ལེགས་རྟོགས་པས། །ལོག་གནོན་རྟེན་འབྲེལ་གནད་འཕྲུལ་བསྒྱུར། །ཚུར་ཟློག་ཡང་ཟློག་སྐབས་དང་བསྟུན། །འཁྱམས་ན་ངོས་བཟུང་དམིགས་པ་གསར། །སླར་ཡང་ཉམས་རྟགས་དག་དང་སྦྱར། །གནས་སྐབས་ཕས་རྒོལ་ཉེར་འཚེས་དབེན། །བྱད་མ་འབུམ་ཐུབ་མཐུ་ཁ་རྡུགས། །དམིགས་བྱ་ཁྲག་སྐྱུག་གཟེར་ནད་དམ། །མཛེ་ལྷོག་གྲི་ཐབས་རྒོད་དུ་འགུམ། །ངན་གནོད་བྱེད་སྦྱོར་རྒྱུན་ཆོད་ནས། །རྣམ་མཁྱེན་སྒྲུབ་པའི་བར་ཆད་སེལ། །དུག་གསུམ་བདག་གིས་འཛིན་བསྒྲལ་བས། །འཚེངས་གསུམ་དོན་སྦྱར་རྟགས་ལྟས་ཀུན། །འབྱུང་འགྱུར་བརྟག་པའི་ཉིང་ཁུའོ། །ཟབ་པ་གཏེར་དང་རྣམ་དག་བཀའ་མའི་རྒྱུན། །པད་གནུབས་དགོངས་པ་མན་ངག་མཚན་ཉིད་ཅན། །ཧྲཱིཿདམར་གཤིན་རྗེ་གཤེད་ཀྱི་ཡང་སྙིང་ལ། །བརྟེན་པའི་ལྟས་གསལ་སྙིང་ཁྲག་མཚོ་ཞལ་རྫོགས། །ཤུ་བྷཾ།། །། ༄༅། །ཧྲཱིཿདམར་གཤིན་རྗེའི་ཡང་སྙིང་བྱད་ཟློག་རྡོ་རྗེའི་ཕ་ལམ་ཉི་ཟླ་ཤེལ་གྱི་གོ་ལྕོག་ཅེས་བྱ་བ་བཞུགས་སོ། །རྒྱལ་བ་ཀུན་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཕ་རོལ་གྱི་བྱད་ཁ་ཟློག་པར་བྱིན་གྱིས་བརླབ་ཏུ་གསོལ། ཡང་ཟློག་གསེར་གྱི་འབྲུ་གཅིག་མའི་མན་ངག་འདི་ལ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་ལུས་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་བྲེ་མན་ཆད་མཚན་ཉིད་ཚང་ལ་ཡོངས་སུ་རྫོགས་པ། དཀར་ཞིང་དྲི་མ་མེད་ལ་དྭངས་ཤིང་གསལ་བར་བསྒོམས་པའི་སེང་ཁྲིའི་ནང་དུ་ཕ་རོལ་གྱི་གནོད་བྱེད་བྱད་མ་དྲག་ཞན་འབྲིང་གསུམ། སྐྱ་སེར་བན་གསུམ་ལ་སོགས་པའི་བྱད་མ་དུ་ཡོད་པ་ཐམས་ཅད་གན་རྐྱལ་བརྩེགས་པའི་སྟེང་དུ་སྡིག་པ་དམར་ནག་ཁ་སྦྱོར་དུ་བསམ། སྡིག་པ་ལ་བྱད་མ་ཐམས་ཅད་ཀྱི་ལྷ་སྲུང་དུ་ཡོད་ཐམས་ཅད་བསྟིམས་ལ། མཆོད་རྟེན་གྱི་བུམ་པའི་ནང་གི་དཀྱིལ་དུ་ཧྲཱིཿདམར་པོ་ཀུན་ཏུ་ཞལ་གཅིག་བསྒོམ། ར་ཏ་ལ་བཏགས་པ་ལྟ་བུའི་གནམ་ལྕགས་ལས་གྲུབ་པའི་ཕུར་པ་མགར་གྱི་སོལ་མལ་ནས་བཏོན་པ་ལྟ་བུ་དམར་ཞིང་ཚ་བ་མེ་སྟག་གི་ཚྭ་ཚྭ་འཕྲོ་བ་རྣོ་བའི་དབལ་དང་ལྡན་པར་བསམ་ལ། ངག་ཏུ་ཧྲཱིཿབགྲངས་པ་ལ་བརྟེན་ནས་ཕུར་པ་གསོར་འདྲིལ་བ་ལྟར་འཁོར་བས་སྡིག་པའི་སྒལ་བར་ཟུག་ཅིང་། ལུས་ལ་མེ་སྟག་གི་ཚྭ་ཚྭ་འཕྲོ་བ་ཕོག་པས་སྡིག་པས་མ་བཟོད་པར་བྱད་མ་ཐམས་ཅད་རིམ་གྱིས་ཟོས་རྗེས་མཐར་སྡིག་པ་དེ་ཡང་དབང་པོ་དང་མདོག་ཉམས་ཏེ་ཇེ་ཆུང་ལ་སོང་བས་མཐར་རྡུལ་ཕྲན་དང་མཉམ་པར་སོང་། དེ་ཡང་མེད་པར་བསམ་པ་ནི་ཟློག་པ་འོ། །སྲུང་འཁོར་ནི། མཆོད་རྟེན་གྱི་ཕྱིར་ཉིན་མོ་ཡིན་ན་ཉི་མའི་གུར་ཁང་སྲུབས་མེད་པ། མཚན་མོ་ཡིན་ན་ཟླ་བའི་གུར་ཁང་སྲུབས་མེད་པར་བསམ། རང་གི་བསྲུང་བྱ་གང་ཡོད་རྣམས་མཆོད་རྟེན་དང་ཉི་ཟླའི་བར་དུ་བསྒོམ། ཉི་ཟླའི་ཕྱིར་ཡི་དམ་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཞལ་ཕྱིར་གཟིགས་པའི་སྲུང་འཁོར། དེའི་ཕྱིར་རྡོ་རྗེའི་གུར་ཁང་སྲུབས་མེད་པ། དེའི་ཕྱིར་མཚོན་ཆ་སྣ་ཚོགས་རྩེ་མོ་ཕྱིར་བསྟན་པའི་གུར་ཁང་སྲུབས་མེད་པ། དེའི་ཕྱིར་མེ་རིའི་གུར་ཁང་སྲུབས་མེད་པར་བསྒོམ་པ་ནི་སྲུང་བའི་འཁོར་ལོ་འོ། །རྗེས་བསྔོ་བ་སྨོན་ལམ་གྱི་རྒྱས་བཏབ། ཡང་ཟློག་གསེར་གྱི་འབྲུ་གཅིག་མ་ཞེས་ཀྱང་བྱ། བྱད་ཟློག་རྡོ་རྗེའི་ཕ་ལམ་ཞེས་ཀྱང་བྱ། ཉི་ཟླ་ཤེལ་གྱི་གོ་ལྕོག་ཅེས་ཀྱང་བྱ། ཨོ་རྒྱན་གྱི་ཐུགས་བཅུད་ཕྱུང་བའི་མན་ངག་འདི་འདྲ་ཡོད་གྱུར་ན་བྱད་མ་འབུམ་དང་འགྲས་ཀྱང་ཉམ་ང་ཡོད་རེ་ཤི །ཕྱི་དྲོའི་དུས་སུ་རྒྱུན་ཁྱེར་ཉམས་ལེན་བྱེད་པ་གལ་ཆེ་འོ། །ཟབ། རྒྱ་རྒྱ་རྒྱ། ༄༅། །གཤིན་རྗེ་ཧྲཱིཿདམར་གྱི་ཟློག་པ་མཐར་ཐུག་ཁྲིགས་ཆགས་སུ་དབང་པོའི་སྡེས་མཛད་པ་བཞུགས་སོ། །མཉྫུ་ཤྲཱིས་རྗེས་བཟུང་བཤེས་གཉེན་གྱི། །ཐུགས་མཛོད་གསང་བའི་སྒྲོམ་བུ་ལས་བྱུང་བའི། །འབུམ་སྡེའི་ཡང་བཅུད་དབང་དྲག་གཤིན་རྗེའི་གཤེད། །སྲུང་ཟློག་གསད་གནན་མཐར་ཐུག་ཆིག་སྒྲིལ་བཤད། །དེ་ཡང་རྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་རིག་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་རྡོ་རྗེས་བརྩེ་བས་བཟུང་ཞིང་བརྒྱུད་པའི་བྱིན་རླབས་ཀྱི་དྲོད་མ་ཡལ་བར་ཕྱག་བཞེས་དམར་ཁྲིད་དུ་འདེབས་པའི་རྒྱུན་མ་ཉམས་པས་ངོ་མཚར་ཡིད་བརྟན་དུ་རུང་བའི་སྒྲུབ་བྱེད་དེ། དེ་བས་གཞན་དུ་ཁོ་བོས་བགྲོད་བྱར་གྱུར་པ་རྣམས་སུ་ལེགས་པར་རྩད་བཅད་ཅིང་འདི་ལ་དོན་དུ་གཉེར་བ་འགའ་ཙམ་བྱུང་བ་རྣམས་ལ་ཡང་། སྔོན་ཆད་ངག་རྒྱུན་ལས་གདམས་པ་སྲུང་ཟློག་གཙོ་ཆེ་བར་བསྟན་པས་ཉམས་ལེན་དུ་བྱས་འདུག་པས་མཐུ་བྱད་ཁ་ཟུག་པའི་འཕྲོ་ཆུ་བཅད་པ་བཞིན་དང་། ཕར་བཟློག་པའི་ལག་རྟགས་ཐོན་པ་བྱུང་སྣང་། དཔེ་རྒྱུན་ནི་འདྲ་མིན་ཅུང་ཟད་སྣང་བར་གབ་སྦས་ཀྱི་དོན་དུ་འདུག་པས་དོན་ལ་འགལ་བ་མེད། ཡིག་རྙིང་རྩ་ཚིག་དང་དམིགས་པ་སྤེལ་བ་མདོར་བསྡུས་དཔེའུ་རིས་དང་ལག་ཁྲིད་དུ་སྦྱར་བས་འགལ་མེད་དོན་མཐུན་དུ་སྟོན་པར་ནུས་པ་དེ་ལ་སྨར་མར་ངོས་འཛིན་ན་ཡང་། བཀའ་མའི་རྒྱུན་གྱི་ཡིག་ཆ་ཅུང་གོ་དཀའ་བས་བསྟན་པ་ཡུན་དུ་བསྲུང་ཕྱིར་བརྒྱུད་འཛིན་གྱི་བུ་དང་། དམ་ཚིག་ཐུབ་ངེས་པའི་སློབ་མ་ལ་བཤད་པའི་ཚུལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྒོམ་ཁྲིགས་ལུང་འབོགས་སུ་བྱ་སྟེ། འགྲོ་ཀུན་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་བདག་གིས་འཇམ་དཔལ་ཁྲོས་པ་དབང་དྲག་གི་དགོངས་དོན་སྲུང་ཟློག་གསད་གནན་གྱི་གདམས་པ་ཉམས་སུ་བླང་བར་བགྱིའོ། །སྙམ་པའི་སྒོ་ནས་ཚིག་ཁྲིད་ངག་ལ་བཏབ་སྟེ། ཧྲཱིཿདམར་གཤིན་རྗེའི་ཡང་སྙིང་། ཉིན་མཚན་སྲུང་བའི་གུར་བརྟན། ཉི་ཟླ་ཤེལ་གྱི་གོ་ལྕོག །གུར་ཁང་དམིགས་པས་སྲུང་བ། སྤྲོ་བསྡུའི་དམིགས་པས་ཟློག་པ། ཡིག་རྐང་དམིགས་པས་གསད་པ། རང་གྲུབ་གནན་པའི་རི་བོ། དབང་སྡུད་ཚེ་ཡི་རྫོང་ཆེན། ཞེས་པ་སྟེ། ལུས་གནད་དང་ལྡན་པས་སྐྱབས་ཀྱི་དམ་པ་རྩ་བའི་བླ་མ་ལ་མོས་གུས་གདུང་ཤུགས་ཀྱི་སྒོ་ནས་ཧྲཱིཿཅི་ནུས་ཤིག་བཟླས་པའི་འཕྲོས་ནས། ཨོཾ་སྭ་བྷཱ་ཝ་སོགས། ཞེས་པས་སྣོད་བཅུད་སྟོང་པར་སྦྱངས་པའི་ངང་ལས། ཧྲཱིཿཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་ཧྲཱིཿཡིག་དམར་པོ་རྒྱ་སྐྱེགས་ཀྱི་ཁུ་བའི་དྭངས་མའམ། རི་བོང་གི་ཁྲག་ལྟར་དམར་བ་ཞིག་ཏུ་གྱུར་པའི་ཕྱི་རོལ་དུ་སྲུང་བའི་གཞལ་ཡས་ཁང་། ཉིན་པར་ཉི་མའི་རང་བཞིན་ལས་གྲུབ་པ་ཚ་བའི་རེག་བྱ་དང་ལྡན་པ། མཚན་མོ་ཟླ་བའི་ངོ་བོ་ལས་བྱུང་བ་བསིལ་དང་བཅས་ལ། གང་ཡང་དབྱིབས་སྒོ་ང་ལྟ་བུའི་གུར་ཁང་གསལ་ཞིང་དྭངས་ལ་སྲ་བརྟན་མཁྲེགས་པར་བསྒོམ་པ་ཐུན་མོང་དང་། ནང་འགྲས་སོགས་ལ་ཁྱད་པར་དུ་མེ་ཆུ་དུས་ཀྱི་དབྱེ་བས་ཤེལ་ལས་གྲུབ་པའི་ཀ་ནི་བང་རིམ་དགུ་པའི་བུམ་ནང་བརྟན་པར་བསམས་ནས་བཟླས་བསྒོམ་ཅུང་ཟད་བྱེད་པ་ནི་གཞི་བཅའ་བའོ། །དེ་བཞིན་ལས་གུར་ཁང་བརྩེགས་པའི་རིམ་པ་ནི། གི་གུ་ལས་ལྕགས་ཀྱུ། ཁོག་པ་ལས་ཞགས་པ། ར་བཏགས་ལས་སྤུ་གྲི། རྣམ་བཅད་ལས་རྡོ་རྗེའི་ཐོ་ལུམ་རྣམས་ཕྱི་རིམ་ནས་གུར་དུ་བརྩེགས་པའི་རྭ་བར་བདག་གནས་པར་བྱ་བ་ནི་སྲུང་བའོ། །དམིགས་གནད་གདན་ཁྲིའི་འོག་གི་སྟོང་སྲང་དུ་ཨེ་དབྱིབས་གནམ་ལྕགས་ལས་གྲུབ་པའི་གྲུ་གསུམ་མཐིང་ནག །མེ་དང་ཁྲག་རླུང་མུན་པ་འཁྲུགས་ཤིང་འཚུབས་བཞིན་པ་དེར་སྤྲོ་བ་དང་ལྷན་ཅིག་གིས་སྟེང་འོག་ཕྱོགས་མཚམས་ཉི་ཟླ་རི་གླིང་སྲུང་སྐྱོབ་ཀྱི་རྭ་བ་གང་ན་འདུག་ཀྱང་རུང་། ཁྲས་བྱིའུ་སྒོང་འཕང་བ་ལྟར་གནོད་བྱེད་དམིགས་བྱའི་སྙིང་ཁར་ལྕགས་ཀྱུས་བཏབ། ཚུར་བསྡུ་བའི་ཚེ་བཙོན་ཁྲིད་པ་བཞིན་བྲུབ། དོང་ནང་དུ་གན་རྐྱལ་དུ་བསྒྱེལ། སླར་ཡང་བཀུག་བསྟིམ། ཞགས་པས་སྐེ་དང་ཡན་ལག་བཅིངས། སྤུ་གྲིས་དུམ་བུར་གཏུབས། ཐོ་བས་ཏིལ་བརྡུངས་པ་ལྟར་ཕྱེ་མར་བཏང་རྗེས་བྱེད་པོ་རྣམས་ཀྱིས་གུར་ཁང་བརྟན་པར་བྱ་བ་ནི་བཟློག་པའོ། །ར་ཡིག་རྐང་རྩེ་དང་འབྲེལ་པར་གནམ་ལྕགས་ལས་གྲུབ་པའི་ཕུར་པ་རྒྱ་མདུད་གོང་འོག་བར་ལྕུམ་བཞོགས་བརྒྱད་པ་རྐེད་ཆུ་སྲིན་ཁ་ནས་འཐོན་པའི་དབལ་ཟུར་གསུམ་ཐོག་གི་མདེའུ་ལྟར་ངར་དང་ལྡན་པའི་སྒོ་ནས་བཀུག་བསྟིམས་བཅིངས་པར་བྱས་མཚམས། གོ་རིམ་གསུམ་པའི་སྤྲོ་བ་དམིགས་གནད་ཕུར་བུའི་སྨད་ལྕགས་ལ་ཞུན་ཐེབས་པ་ལྟར་དམར་འཕྲོ་འཕྲོ་གསོར་ཞིང་འདྲིལ་བར་བརྩམ་པའི་མོད་ལ། བསྒྲལ་བྱའི་སྙིང་ཁར་ཆུ་བུར་བརྡོལ་བ་ལྟར་ལྷན་སྐྱེས་ཀྱི་བདུད་བན་བོན་ཡིན་ན་ཁོ་རང་གིས་བསྒྲུབས་པའི་སྲུང་མའི་ངོ་བོ་རང་གཤེད་སྡིག་པ་ནག་པོ་འཇིགས་སུ་རུང་བ་གཅིག་ཏུ་གྱུར་པའི་རྒྱབ་ནས་གཟིར་བས་སྡིག་པ་རབ་ཏུ་ཁྲོས་པས་སྙིང་ཁྲག་འཐུང་ཞིང་ལུས་ནག་སྐེམ་སྐེམ་བཏང་། སྲོག་གི་ངོ་བོ་མར་མེ་རླུང་གིས་མནར་བ་ལྟར་བསད། སྡིག་པ་དེ་བྲུབ་ཁུང་ལ་ཐིམ། ཚེ་ལྷག་གི་ཐིག་ལེ་ཡུངས་འབྲུ་ཙམ་གྱི་དབུས་རྣམ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་སྤུས་བྲིས་པ་ཙམ་ཞིག་སྙིང་ནང་ན་འདུག་པ་དེ་ཕུར་པའི་རྩེ་ལ་ཁབ་ལེན་གྱིས་ལྕགས་རྡུལ་བསྡུས་པ་བཞིན་ཙེན་གྱིས་བླངས། ཁོང་གསེང་ནས་ཧྲཱིཿཡིག་ལ་བསྟིམས་པས་ཧྲཱིཿགཟི་འོད་མེར་གྱིས་རྒྱས་པའི་གནས་ལས་སྤྲོས་པའི་མཚོན་གྱིས་དུམ་བུར་གཏུབས། ཕྱེ་མར་བརྡུངས་པ་དེ་ཡང་ཨེའི་ཕྱི་རོལ་གྱི་མེ་དེ་ཇེ་ཆེར་འབར་བས་གཞོབ་ཐུལ་གྱིས་བསྲེགས་པར་བསམ་པ་ནི་གསད་པའོ། །ལྷག་མ་ཐལ་བ་དེ་ནམ་མཁའི་རང་བཞིན་བྲུབ་ཁུང་ཉི་མ་རྒས་པའི་པདྨ་ཁ་ཟུམ་པ་ལྟར་གྱུར་པའི་ནང་དུ་བཅུག །རླུང་རྡོ་རྗེ་རྒྱ་གྲམ། སྲེག་བྱེད་མེའི་དཀྱིལ་འཁོར་གྲུ་གསུམ། རླན་གཤེར་ཁྲག་གི་རྒྱ་མཚོ་ཟླུམ་པོ་རྣམས་རིམ་པར་བརྩེགས་ལ། ཕྱི་རི་རབ་བང་རིམ་བཞི་པའི་རྣམ་པ་ཅན་གྱི་སྟེང་དུ་ཕུར་པ་དོན་ཡོད་གྲུབ་པའི་ངོ་བོས་ཕོ་བྲང་བཏབ་པས་བསྐལ་པའི་བར་དུ་ཡང་ཐར་བ་མེད་པར་བྱས་པ་ནི་མནན་པའོ། །ཐུན་མོང་རྟགས་ལས་ཀྱི་རིམ་པ་ཇི་བཞིན་སྤྱིར་བསྟན་དང་མཐུན་པར་ཤེས་ལ། ཁྱད་པར་དང་པོའི་སྐབས་ཞྭ་གོས་གོ་མཚོན་རྨོག་ཕུབ་གྱོན་ཅིང་རྒྱན་བཟང་བཏགས་པ། གྱེན་དུ་འཛེགས་པ། རི་བོའི་སྤོ་དང་ཁང་ཁྱིམ་རྫོང་དང་མཆོད་རྟེན་བང་རིམ་དང་རྩེར་འདུག་པ། ཉི་ཟླ་ཤར་བ་རྣམས་སོ། །གཉིས་པར་ལག་ཏུ་མཚོན་ཆ་བཟུང་བ་དབྱིག་པ་ཐོགས་པ་མེ་ཆུ་རླུང་ཤྭ་དང་ཆུ་སེར་རྦབ་ཐོག་སོགས་ཕར་འགྲོ་བ་དང་ཚུར་བྱུང་བ་ཟློག་པ་རྣམས་སོ། །གསུམ་པར་འབུ་སྲིན་སྲོག་ཆགས་སྤྱི་དང་ཁྱད་པར་བླ་རྟགས་བྱད་བྱེད་ལོ་དང་ཁོ་རང་དངོས་སུ་བསད་པ་རྣམས་སོ། །བཞི་པར་གདན་གཏིང་བ། གཞན་གྱི་དབང་པོ་ཡན་ལག་བཅིངས་པ་དང་། སཱཙྪ་བཏབ་པ་ཐོ་དང་མཆོད་རྟེན་བརྩིགས་པ་རྣམས་སོ། །མདོར་ན་རང་ཉིད་བསྲུང་བྱའི་མི་ནོར་འཁོར་ལོངས་སྤྱོད་དང་བཅས་པ་ལ་གནོད་པས་བརྫི་བ་མེད་ཅིང་ནང་འགྲས་བྱད་བྱེད་བན་བོན་ཇི་ལྟར་སྣང་ཡང་ཕར་ལ་ཟློག་གསད་མནན་པའི་རྟགས་གསལ་པོར་འབྱུང་ཞིང་། ཁོས་ལོ་ཟླའི་བར་དུ་བསྒྲུབས་ནས་མནན་གཏད་སྲེག་ཟོར་མདོས་གཏོར་ཇི་ཙམ་ཞིག་བགྱིས་ཀྱང་འབད་པ་ངལ་བ་ཁོ་ནར་བས་པ་ནི་གདམས་པ་འདིའི་མཐུར་ངེས་པའོ། །ཉིན་ཞག་ཕྲུགས་གཅིག་ལ་འདི་ཁོ་ན་སྒྲུབ་ན་ནམ་ལངས་ཉི་ཤར་དྲོས་པ་གསུམ་ལ་དང་པོ། ཉིན་ཕྱེད་ལ་གཉིས་པ། ཕྱེད་ཡོལ་གསུམ་པ། ཉི་མྱུར་བཞི་པའི་ལས་ལ་སྦྱར་ཞིང་། ཉི་རྒས། ས་སྲོས། སྲོད་ཆེ་བ་གསུམ་ལ་གུར། ནམ་གུང་འཕྲོ་འདུ། ནམ་ཕྱེད་ཡོལ་ཡིག་རྐང་དང་རང་གྲུབ་གཉིས། ཐོ་རངས་འཚིངས་གསུམ་རྣམས་དུས་དང་སྦྱར་བའི་རྩལ་འདོན་གྱི་དབང་དུ་བཏང་བ་སྟེ། ངོ་བོ་རེ་རེ་ལ་ཡང་ལས་བཞི་གདན་ཐོག་གཅིག་ཏུ་བསྒྲུབ་པར་བྱ་ཞིང་། ཞོར་སྒྲུབ་རྒྱུན་ཁྱེར་ལ་ནམ་ལངས་ནས་གཞི་བཅའ། གུར་ཁང་ཡང་ཡང་གསོ་ཞིང་བསྲུང་། ཉིན་གུང་སྤྲོ་བསྡུའི་ཟློག་པ་གསལ་བཏབ། དེ་བཞིན་ཕྱེད་ཡོལ་ཡིག་རྐང་བསྣུར་བ་རང་ཆས་ཀྱིས་དམར་མོའི་ཐུན། ས་སྲོས་ནས་གཞི་བཅས་ལ་གུར་གསོ། ནམ་གུང་སྤྲོ་བསྡུ་གསལ་བཏབ་གཙོར་སྟོན་པའི་རྗེས་ལ་ཡིག་རྐང་དང་རང་ཆས་ཉུང་བསྡུས་ཀྱི་ངང་ནས། ཐོ་རངས་གཟི་བརྗིད་སྤེལ་བས་ནག་མོའི་ཐུན་འཕྲོ་ཚང་བར་བྱེད་པ་ནི་ཟབ་ཁྱད་ཉམས་ལེན་གྱི་མཐིལ་ལོ། །ཕན་ཡོན་ནི། ལྷ་དང་ཡིག་འབྲུ་ལས་ཀྱི་ཁ་དོག་གི་བྱེད་པས། དབང་དུ་བསྡུ་བའི་ཕྲིན་ལས་དང་། ཚེ་ཡང་ཞོར་འབྱུང་དུ་སྤེལ་བས་གཤིན་རྗེ་མཁན་པོ་ཚེ་རིང་ཞེས་པའི་ཡོན་ཏན་ཀྱང་འདི་ལྟར་བསྒྲུབས་པ་ལས་འབྱུང་ལ། ཕྲིན་ལས་རྣམ་བཞིའི་ནུས་སྟོབས་འགྲན་ཟླ་མེད་པས་རྡོ་རྗེ་ཕ་ལམ་གྱི་མཁར་རྗོང་ཆེན་པོ་དང་འདྲ་བ་ཉིད་དེ། བློ་མིག་དང་ལྡན་པས་ཀྱང་ཤེས་པར་བྱའོ། །ཞེས་པ་རྩ་བའི་ཡིག་རྙིང་ཁུངས་ཐུབ་ཡིད་བརྟན་རུང་བ་ལ་གཞི་བླངས། གབ་དཀྲུགས་སྦས་པ་མངོན་དུ་ཕྱུངས་ལ། བླ་མ་དམ་པའི་གསུང་རྒྱུན་ཚད་མས་ལེགས་པར་བརྒྱན་པའི་དམར་ཁྲིད་དོན་བསྡེབས་འདི་ཉིད། བརྩེ་བའི་མིག་བུ་ཟུང་གིས་རྒྱུན་ཁྱེར་འཁོར་བདེའི་དྲན་གསོ་དང་། དད་ལྡན་སློབ་བུ་ཀརྨ་ཆོས་རྒྱལ་གྱིས་བསྐུལ་བའི་ངོར་རིག་སྔགས་འཆང་བ་མཐུ་ལྡན་དབང་པོའི་སྡེས་ཆམ་གཤིས་ཞེས་པ་བདག་ཉིད་ཆེན་པོས་བྱིན་གྱིས་བརླབས་པའི་གནས་ན་བུན་རྫོང་དང་ཉེ་བའི་ཆར། གུ་རུ་པདྨའི་ཨེ་ཝཾ་ལྕོག་སྒར་དུ་ཁྲིགས་གཅིག་ཏུ་བཀོད་པའི་ཡི་གེ་པ་ནི་སྔགས་པ་དབང་ཆེན་རྒྱལ་བ་ཞེས་པ་ལ། སླད་དུའང་བུ་དཔེའི་ཡི་གེ་པ་ཉང་གི་སྔགས་པ་ཝཱ་གིནྡྲ་ཨ་མོ་གྷ་དྷྭ་ཛ་ཞེས་པས་ཕྱག་དཔེ་ཁུངས་ཐུབ་ལས་དག་པར་ཕབ་པའོ།། །།


[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).