Terdzo-HA-016

From Rinchen Terdzö
Revision as of 02:18, 7 November 2018 by Jeremi (talk | contribs) (Text replacement - "totalvolumes[ ]?=[ ]?70[ ]? " to "totalvolumes=71 ")

བི་མའི་བླ་སྒྲུབ་ལམ་ཟབ་སྙིང་པོ་ལས༔ ཡང་གསང་མཁའ་འགྲོའི་ཕྲིན་ལས་གུད་དུ་སྦས་པ་

bi ma'i bla sgrub lam zab snying po las:_yang gsang mkha' 'gro'i phrin las gud du sbas pa

by  མཆོག་གྱུར་གླིང་པ་ (Chogyur Lingpa)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  བི་མའི་བླ་སྒྲུབ་ལམ་ཟབ་སྙིང་པོ་ (Bi ma'i bla sgrub lam zab snying po)
Volume 29 (ཧ) / Pages 349-367 / Folios 1a1 to 10a6

[edit]

༁ྃ༔ བི་མའི་བླ་སྒྲུབ་ལམ་ཟབ་སྙིང་པོ་ལས༔ ཡང་གསང་མཁའ་འགྲོའི་ཕྲིན་ལས་གུད་དུ་སྦས་པ་བཞུགས་སོ༔ ཌཱ་ཀི་སིཾ་ཧ་མུ་ཁ་ལ་ཕྱག་འཚལ་ལོ༔ ཡང་གསང་ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་དྲག་ཏུ་ཁྲོས་པ་ཡེ་ཤེས་ཀྱི་ཌཱ་ཀི་སེང་གདོང་མའི་ཕྲིན་ལས་ཟབ་མོ་གུད་དུ་སྦས་པ་ལ་གསུམ༔ བསྙེན་པ༔ སྒྲུབ་པ༔ ལས་སྦྱོར་རོ༔ དང་པོ་ནི༔ ཕྱི་ནང་གསང་སྒྲུབ་སྔོན་དུ་སོང་ནས༔ བདག་ཉིད་སྐད་ཅིག་གིས་ཆེ་མཆོག་ཡབ་ཡུམ་དྲག་མོ་སེང་གདོང་ཅན་དུ་གནས་བསྒྱུར་བའམ༔ འདི་ཉིད་ཟུར་དུ་བསྒོམ་ན་ཚོགས་གསག་དང་མཆོད་པ་བྱིན་བརླབ་སྔོན་དུ་འགྲོ་བས༔ ཧཱུྃ་བྷྱོ༔ མ་སྐྱེས་རང་བྱུང་འོད་གསལ་དབྱིངས་ཀྱི་ངང༔ རིག་པ་ཡེ་ཤེས་ཀུན་བཟང་གནམ་ཞལ་མ༔ དྲག་ཏུ་ཁྲོས་པ་བདུད་འདུལ་སེང་གེའི་གདོང༔ ནམ་མཁའི་མདོག་ཅན་གར་དགུའི་ཉམས་དང་ལྡན༔ ཕྱག་གཡས་གྲི་གུག་གཟུང་འཛིན་དྲྭ་བ་གཅོད༔ གཡོན་པས་ཐོད་ཁྲག་བདེ་ཆེན་ཡེ་ཤེས་འབར༔ ཧེ་རུ་ཀ་དཔལ་ཁ་ཊྭཱཾ་མཆན་གཡོན་བཟུང༔ རིན་ཆེན་རུས་རྒྱན་དར་དཔྱང་ཅོད་པན་འཕུར༔ སྐུ་སྨད་གནམ་ལྕགས་ཕུར་བུ་མེ་འབར་བས༔ པདྨ་ཉི་ཟླ་བདུད་བཞིའི་སྙིང་ཁར་གཟིར༔ ཕུར་པའི་དབལ་ལས་མེ་རླུང་འཁྲུགས་པའི་ཀློང༔ བདེ་གཤེགས་རིན་ཆེན་པདྨ་ལས་མཁའ་འགྲོ༔ དཀར་སེར་དམར་ལྗང་རིགས་ཀྱི་གཙོ་མོར་བཞེངས༔ དེ་ལས་ཕྲ་མེན་དབང་ཕྱུག་སྒོ་མའི་ཚོགས༔ བསམ་གྱིས་མི་ཁྱབ་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣོད་བཅུད་དག་པ་སེང་གདོང་མཁའ་འགྲོའི་དལ༔ སྐུ་གསུང་ཐུགས་མཆོག་གདོད་ནས་རྡོ་རྗེ་གསུམ༔ དུག་ལྔ་གནས་གྱུར་ཡེ་ཤེས་རྣམ་པ་ལྔ༔ སྐུ་ལྔ་ཡེ་རྫོགས་ཆེན་པོར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱ༔ ཧཱུྃ་བྷྱོ༔ ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཕྱུག་མ༔ དྲག་ཏུ་ཁྲོས་པ་ཌཱ་ཀི་སེང་གེའི་གདོང༔ འབུམ་ཕྲག་མཁའ་འགྲོ་ཕྲ་མེན་ཚོགས་དང་བཅས༔ བར་ཆད་བདུད་ཚོགས་འདུལ་ཕྱིར་དབྱིངས་ནས་བཞེངས༔ ཨོཾ་བཛྲ་ཌཱ་ཀི་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་བས་མཆོད་ཅིང་བསྟོད་པ་ནི༔ ཧཱུྃ་བྷྱོ༔ གནམ་ཞལ་དབྱིངས་ཕྱུག་རབ་ཁྲོས་སེང་གེའི་གདོང༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ཀཱི་ལ་ཡ༔ བདེ་གཤེགས་རིན་ཆེན་པདྨ་ལས་མཁའ་འགྲོ༔ མ་མོ་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བཟླས་པ་བྱ་བ་ནི༔ ཐུགས་ཀར་སྦས་པའི་ཡབ་ཡ་མ་རཱ་ཙའི་ངོ་བོ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་རྭ་གདེངས་ཤིང་མེ་འབར་བའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས༔ མ་རུངས་པའི་གདུག་པ་ཅན་ཐམས་ཅད་ཚར་བཅད༔ རྩ་གསུམ་ཆོས་སྐྱོང་སྲུང་མའི་བྱིན་རླབས་དང་ནུས་སྟོབས་ཐམས་ཅད་རང་ལ་ཐིམ་པས་ལྷ་སྔགས་ཡེ་ཤེས་ཀྱི་གཟི་བྱིན་ཆེས་ཆེར་འབར་བར་བསམ་ལ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ འབུམ་ཕྲག་བདུན་སོགས་ཅི་རིགས་པར་བཟླ་བ་ནི་བསྙེན་པའོ༔ གཉིས་པ་སྒྲུབ་པ་ནིཿ ཧཱུྃ་ཡིག་གི་མཐར་སྒྲུབ་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས༔ སྣོད་བཅུད་ཀྱི་དངོས་འཛིན་ཐམས་ཅད་བསྲེགས་ཤིང་སྦྱངས༔ སྣང་གྲགས་རྟོག་ཚོགས་དབྱིངས་ཕྱུག་ཌཱ་ཀི་སེང་གདོང་མའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སད་པར་བསམ་ལ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་འབུམ་ཕྲག་བཞི་བཟླའོ༔ གསུམ་པ་ལས་སྦྱོར་ལ་སྤྱི་དང་བྱེ་བྲག་གཉིས་ལས༔ དང་པོ་ནི༔ ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་འཕྲོས༔ བུདྡྷ་སེང་གདོང་མའི་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་དཀར་པོའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི༔ ཚུར་འདུས་འོད་དཀར་པོའི་གུར་དུ་གྱུར་པར་བསམ་ལ༔ སྒྲུབ་སྔགས་ཤམ་དུ༔ ཧ་བུདྡྷ་སིཾ་ཧ་མུ་ཁ་ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བཏགས་པ་བཟླ༔ དེ་བཞིན་དུ༔ འོད་ཟེར་སེར་པོས་རིན་ཆེན་སེང་གདོང་མའི་རྒྱུད་བསྐུལ༔ རྒྱས་པའི་ལས་ཐམས་ཅད་བསྒྲུབས༔ ཚུར་འདུས་འོད་དཀར་པོའི་གུར་གྱི་ཕྱི་རོལ་དུ་འོད་སེར་པོའི་གུར་དུ་གྱུར་པར་བསམ་ལ༔ རི་རཏྣ་སིཾ་ཧ་མུ་ཁ་བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ དམར་པོས་པདྨ་སེང་གདོང་མའི་རྒྱུད་བསྐུལ༔ སྣང་སེམས་དབང་དུ་བསྡུས༔ ཚུར་འདུས་འོད་དམར་པོའི་གུར་དུ་གྱུར་པར་བསམ་ལ༔ ནི་པདྨ་སིཾ་ཧ་མུ་ཁ་ཧྲཱིཿཝཱ་ཤངྐུ་རུ་ཧོ༔ མཐིང་གས་ལས་ཀྱི་སེང་གདོང་མའི་རྒྱུད་བསྐུལ༔ མི་མཐུན་པ་ཐམས་ཅད་ཚར་བཅད༔ ཚུར་འདུས་འོད་མཐིང་གའི་གུར་དུ་གྱུར་པར་བསམ་ལ༔ ས་ཀརྨ་སིཾ་ཧ་མུ་ཁ་ཧཱུྃ་མཱ་ར་ཡ་ཕཊ༔ འོད་ཟེར་སྣ་ཚོགས་པས་གཙོ་འཁོར་ཐམས་ཅད་ཀྱི་རྒྱུད་བསྐུལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ ཚུར་འདུས་འོད་སྣ་ལྔ་འཁྲུགས་པའི་གུར་དུ་གྱུར་པར་བསམ་ལ༔ བཾ་བཛྲ་སིཾ་ཧ་མུ་ཁ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ འོད་ཟེར་ལྗང་གུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ༔ ཐུགས་རྗེ་བྱིན་རླབས་ཐམས་ཅད་སྤྱན་དྲངས༔ འོད་ལྗང་གུའི་གུར་དུ་གྱུར་པས་ལས་ཐམས་ཅད་བརྟན་ཅིང་ནུས་པ་དང་ལྡན་པར་བསམ་ལ༔ ཨོཾ་སརྦ་སིདྡྷི་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ ཞེས་དང་དབྱངས་གསལ་རྟེན་སྙིང་ཡང་བཟླའོ༔ གཉིས་པ་བྱེ་བྲག་གི་ལས་སྦྱོར་ལ་གསུམ་ལས༔ དང་པོ་སྲུང་བ་ནི༔ རང་གི་ཐུགས་སྲོག་ལས་བཾ་ཧ་རི་ནི་ས་བྷྱོ་ཞེས་པའི་སྔགས་ཀྱི་ཡི་གེ་སྒྲ་དང་བཅས་པ་འཕྲོས༔ ཕྱི་རོལ་དུ་སེང་གདོང་རིགས་ལྔ་དང་ཕྲ་མེན་བརྒྱད་ཀྱི་ངོ་བོ་རྡོ་རྗེ༔ འཁོར་ལོ༔ རིན་ཆེན༔ པདྨ༔ རལ་གྲི༔ གནམ་ལྕགས་ཀྱི་ཙཀྲ་རྩིབས་བརྒྱད་པ་དང་བཅས་པའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་སྲ་ཞིང་བརྟན་པ༔ འཁོར་ལོའི་རྩིབས་རྩེར་ཕྲ་མེན་གྱི་ཌཱ་ཀི་བརྒྱད་འཁོར་དབང་ཕྱུག་མ་མོ་འབུམ་གྱི་ཚོགས་དང་བཅས་ཏེ་ཞལ་ནང་དུ་གཟིགས་ནས་སྲུང་བའི་སྔགས་འབྲུག་སྟོང་ལྟར་སྒྲོག་ཅིང་མཚམས་ཀྱི་ལས་མཛད་པའི་སྐུ་ལས་ཡེ་ཤེས་ཀྱི་མེ་ཆུ་རླུང་གི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་བྱད་ཕུར་གདོན་བགེགས་ཐམས་ཅད་ཕྱོགས་སུ་ཉེ་མི་ནུས་པར་བསམ༔ ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་བཅས་ཉི་ཟླ་ཁ་སྦྱོར་སྲུབས་མེད་པའི་ནང་དུ་ཚུད་ཅིང་ཧཱུྃ་གི་ཁོག་པར་རང་དང་བསྲུང་བྱའི་གཙོ་བོའི་རླུང་སེམས་དབྱེར་མེད་པའི་ངོ་བོ་ཐིག་ལེ་དཀར་འཚེར་སྣུམ་ལ་འདྲིལ་བ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་དང༔ མཐའ་སྐོར་དུ་བསྲུང་བྱ་གཞན་རྣམས་དངོས་སམ་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པའི་རྣམ་པར་གསལ་བར་བསམ་སྟེ༔ སྒྲུབ་སྔགས་ཤམ་དུ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ས་བྷྱོ་སྲུངས༔ ཞེས་གཙོ་བོར་བཟླ་ཞིང་ཐུན་མཐར། ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ གྷྲྀ་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ མ་མ་ཀཱ་ཝཱ་ཙི་རཀྵ་རཀྵ་བྷྲཱུྃ༔ ཞེས་པའང་བཟླའོ༔ གཉིས་པ་བསད་པ་ནི༔ ལས་མཇུག་འཕང་བས་བསྡུ་བའི་དབང་དུ་བྱས་ཏེ༔ མ་ཏྲཾ་གྱི་ལྟེ་བར་ཟློག་དཀྱིལ་ཐོད་རྭ་དང་ཁྲག་མཚོའི་ནང་དུ་ཆོས་འབྱུང་གྲུ་གསུམ༔ དེའི་དབུས་སུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་བྲི༔ སྟེང་དུ་དུག་གཏོར་འཁོར་ལོ་རྩིབས་བཞིའི་དབུས་དང་ཕྱོགས་བཞིར་དམར་གཏོར༔ མཐར་དམར་གཏོར་ཆུང་ངུ་མང་པོ་དང་ཁྲག་ཀོང་མཚེ་ཡུངས་སྐྱེར་རྩང་སོགས་ཟོར་རྫས་ཀྱིས་བརྒྱན་པ་བཤམ༔ གཞན་ཡང་སྨན་གཏོར་རཀྟ་དྲག་པོའི་ཉེར་སྤྱོད་ཚོགས་གཏོར་སོགས་འདུ་བྱ༔ དཀྱིལ་འཁོར་གྱི་འོག་ཏུ་གྲི་ལྕགས་སམ་ཕུང་སའི་ཧོམ་ཁུང་མཚན་ཉིད་ཚང་བར་ལིངྒ་སྤྱི་ལྟར་བྲིས་པ་བཅུག༔ བདག་བསྐྱེད་བསྙེན་སྒྲུབ་སྲུང་དམིགས་བཅས་གྲུབ་ནས༔ མདུན་གྱི་གཏོར་མ་ལྷར་གསལ་སྤྱན་འདྲེན་མཆོད་བསྟོད་བར་བྱ༔ ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ཟུར་གསུམ་པའི་ནང་དུ་དགྲ་བགེགས་བྱད་མ་དངོས་སུ་གསལ༔ བདག་མདུན་འཁོར་གྱི་ཕྲ་མེན་དབང་ཕྱུག་མ་མོའི་ཚོགས་ཀྱིས་དམིགས་བྱ་དབང་མེད་དུ་བཀུག་བསྟིམ་ལྷ་དང་ཕྲལ༔ མཐུ་རྩལ་དང་ཚེ་བསོད་ཐམས་ཅད་རང་ལ་བསྟིམ༔ གཙོ་མོའི་ཐུགས་ཀའི་ཧཱུྃ་ལས་ཤ་ཟ་ཕྲ་མེན་མ་མོའི་ཚོགས་ཀྱི་ངོ་བོ་བྷྱོཿདམར་ནག་གཉིས་སྤྲོས་པ་ཁ་དང་བཤང་ལམ་ནས་ཞུགས༔ སྙིང་ཁར་སླེབ་མ་ཐག་ཟངས་ལྕགས་ཀྱི་འཁོར་ལོར་གྱུར་ཏེ་གཡོན་དུ་ཤུགས་དྲག་པོར་འཁོར་བས་ཤ་ཁྲག་རུས་གསུམ་དམར་མྱོག་མྱོག་ཏུ་གཏུབ་ཅིང་འཁོར་གྱི་མ་མོའི་ཚོགས་ཀྱིས་ཧབ་ཐོབ་ཏུ་ཟོས་པར་བསམ་ལ༔ སྒྲུབ་སྔགས་ཤམ་དུ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ས་བྷྱོ་རྦད༔ ཅེས་དང༔ ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ ཧེ་ཀ་ཡ་མྎ གྷྲྀ་མ་ཡ་མྎ དགྲ་བགེགས་བྱད་མ་མཱ་ར་ཡ་ཐུཾ་རིལ་རྦད༔ ཅེས་པའང་བཟླ༔ མཆོད་བསྟོད་བྱ༔ ཚོགས་རྫས་རཾ་ཡཾ་ཁཾ་གིས་བསང༔ སྟོང་པའི་ངང་ལས་ཚོགས་གཞོང་བྷནྡྷ་འབར་བའི་སྣོད་དུ་ཚོགས་རྫས་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དང༔ དུར་ཁྲོད་དྲག་པོའི་གནས་མཆོག་ནས༔ བདུད་འདུལ་མཁའ་འགྲོ་སེང་གདོང་མ༔ རིགས་ལྔ་སྤྲུལ་པ་ཡང་སྤྲུལ་དང༔ ཕྲ་མེན་མ་མོ་འབུམ་སྡེའི་ཚོགས༔ ལོངས་སྤྱོད་ཚོགས་ཀྱི་འདུ་བར་གཤེགས༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ བླ་མེད་མཆོག་གི་དམ་ཚིག་རྫས༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ ཚོགས་ཀྱི་མཆོད་པ་དམ་པ་འདི༔ ཐུགས་དམ་དབང་གིས་བཞེས་སུ་གསོལ༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ བདག་ཅག་མ་རིག་འཁྲུལ་པ་ཡིས༔ ཡེ་ཤེས་ཌཱ་ཀིའི་ལྷ་ཚོགས་ཀྱི༔ ཐུགས་དང་འགལ་བའི་ཉེས་ལྟུང་ཀུན༔ མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ལྟར་མཆོད་བཤགས་སྔོན་དུ་འགྲོ་བས་གདབ་ཁའི་ལས་བྱ་བ་ལ༔ ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ སྐྱེ་བའི་ཆོ་འཕྲུལ་ཀུན་བཟང་གནམ་ཞལ་ཡུམ༔ དྲག་ཏུ་ཁྲོས་པ་ཌཱ་ཀི་སེང་གེའི་གདོང༔ རིགས་ལྔ་ཕྲ་མེན་མ་མོ་འབུམ་གྱི་ཚོགས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་མཐུ་རྩལ་སྐྱེད༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་བོ་དང༔ བསྟན་པ་བཤིག་པའི་ནག་ཕྱོགས་བགེགས་རིགས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཞེས་བསྐུལ་གསེར་སྐྱེམས་བྱིན་གྱིས་བརླབས་པ་འབུལ་ཞིང༔ ཧཱུྃ༔ རྩ་བརྒྱུད་བླ་མ་མཆོག་གསུམ་ཡི་དམ་ལྷ༔ གསེར་སྐྱེམས་བདུད་རྩི་འབར་བ་འདི་གསོལ་ལ༔ རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག༔ མཐུ་རྩལ་ནུས་པའི་གཟི་བྱིན་བསྐྱེད་དུ་གསོལ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་དྲེགས་པའི་སྡེ༔ གསེར་སྐྱེམསྎ རྣལ་འབྱོརྎ མཐུ་རྩལྎ ཕྱོགས་སྐྱོང་ལྷ་ཀླུ་ས་བདག་འབྱུང་པོའི་ཚོགས༔ གསེར་སྐྱེམསྎ རྣལ་འབྱོརྎ མཐུ་རྩལ་ནུས་པའི་གཟི་བྱིན་བསྐྱེད་དུ་གསོལ༔ དེ་ནས་ལིངྒ་དམིགས་བྱ་དངོས་སུ་གསལ་ལ་བདེན་སྟོབས་བརྗོད་མཐར༔ སྒྲུབ་སྔགས་དང༔ ནྲྀ་ཏྲི་སརྦ་ཤ་ཏྲཱུན་ཨཱ་ཀརྵ་ཡ་ཡཾ་ཡཾ་ཛ་ཛ༔ ཞེས་པས་དགུག༔ ཨོཾ་བཛྲ་ཨངྒུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གནྜེ་ཧོ༔ ཞེས་པས་རྟེན་ལ་བཅིང༔ གུ་གུལ་གྱིས་བདུག༔ བྱ་འུག་གི་སྒྲོས་དབྱེ་རྒྱ་དང་བཅས༔ ནྲྀ་ཏྲི་ཤ་ཏྲཱུན་སརྦ་དེ་ཝ་ཤག་ཤག་ཕྱེ་ཕྱེ་ཨུ་ཙཊྚ་ཡ་ཕཊ༔ ཅེས་ལྷ་དང་དབྱེ༔ ཕྱག་གཡོན་ཐོད་ཁྲག་ལས་ནད་མཚོན་དུག་ཁྲག་གི་ཆར་བབས་པར་བསམ་ལ༔ གོང་གི་བསད་སྔགས་བཟླ་ཞིང་ཐུན་བརྡེག༔ སྐུ་སྨད་ཕུར་པའི་དཔལ་ལས་གནམ་ལྕགས་ཀྱི་ལས་ཕུར་མཚན་ཉིད་རྫོགས་པ་ཆར་ལྟར་བབས་པས་ཚེ་བསོད་རང་ལ་འདུས༔ རྣམ་ཤེས་དབྱིངས་སུ་སྤར༔ ལུས་ཀྱི་གནད་ཐམས་ཅད་གཅོད་པར་བསམ་ལ་ཕུར་པ་འདྲིལ་ཞིང་། ཧཱུྃ་བྷྱོ༔ བདུད་འདུལ་ཌཱ་ཀི་སེང་གདོང་འཁོར་བཅས་ཀྱི༔ ཕྲིན་ལས་ཡོངས་རྫོགས་བཛྲ་ཀཱི་ལ་ཡས༔ དགྲ་བགེགས་གནོད་བྱེད་བྱད་མའི་ཚོགས་རྣམས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབས༔ སྒྲུབ་སྔགས་དང༔ བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲཱུན་ཧཱུྃ་ཧཱུྃ་ཧཱུྃ་ཨ་ཡཾ་མཱ་ར་ཡ་རྦད༔ ཅེས་གདབ༔ ཕྱག་གཡས་ཀྱི་གྲི་གུག་ལས་གྲི་གུག་གི་ཆར་བབས་པས་སྙིགས་མའི་ཕུང་པོ་དུམ་བུར་གཏུབ་པར་བསམ་ལ༔ སྒྲུབ་སྔགས་དང༔ ཙྪིནྡ་ཙྪིནྡ་བྷིནྡྷ་བྷིནྡྷ་ཧ་ཧེ་ཕཊ྄༔ ཅེས་བརྗོད༔ ཟན་ལིང་གི་ཆ་ཤས་གཏོར་མར་འབུལ་ཞིང༔ ཧཱུྃ་བྷྱོ༔ གདུག་པའི་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ བདུད་འདུལ་སེང་གདོང་ལྷ་ཚོགས་ཞལ་དུ་བསྟབ༔ རྔམས་ཤིང་དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དགྱེས་པའི་གད་མོ་དང་བཅས་བཞེས་ཏེ་མངོན་སྤྱོད་ཀྱི་ལས་ལ་སླར་ཡང་སྤྲོ་བའི་ཚུལ་གྱིས་བཞུགས་པར་བསམ་མོ༔ གསུམ་པ་བཟློག་པ་ལ༔ ཏིང་ངེ་འཛིན་ནི༔ སྲུང་བའི་དམིགས་པའི་མཇུག་ཏུ༔ ཟློག་སྔགས་བཟླས་པས་ཕྱི་རོལ་གྱི་ཕྲ་མེན་མ་མོ་འབུམ་སྡེའི་ཚོགས་རྣམས་ཞལ་ཕྱིར་གཟིགས་ཏེ་སྔགས་ཀྱི་སྒྲ་འབྲུག་སྟོང་ལྟར་སྒྲོག་ཅིང༔ སྐུ་ལས་ཡེ་ཤེས་ཀྱི་མེ་རླུང་ཆུ་དང་མཚོན་ཆའི་ཚོགས་འཕྲོས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་བཟློག་པར་བསམ་ལ༔ སྒྲུབ་སྔགས་ཤམ་དུ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ས་བྷྱོ་ཟློག༔ ཅེས་དང༔ ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུྎ གྷྲྀ་མ་ཡ་མྎ ཨཿཡཿམཿདུཿརུཿཙཿཤཿནཿབྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་བཟླ༔ མཐར་བདག་མདུན་གྱི་གཙོ་འཁོར་ཐམས་ཅད་ཀྱི་ཕྱག་གཉིས་ཀྱི་མཐིལ་དུ་ཉི་ཟླའི་དཀྱིལ་འཁོར་འོད་འབར་བ་གསལ་བཏབ་ནས་བརྡབ་པའི་བར་དུ་གནོད་བྱེད་ཐམས་ཅད་རྡུལ་ཕྲན་བཞིན་བརླགས་པར་བསམ་ལ༔ ན་མོ༔ བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱི་བཀའ་བདེན་པ་དང༔ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མ་འཁོར་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༔ བདེན་པའི་མཐུས་བདག་ཅག་འཁོར་དང་བཅས་པའི་ནད་གདོན་བར་ཆད་བྱད་ཕུར་རྦོད་གཏོང་མི་མཐུན་པའི་ཕྱོགས་ཐམས་ཅད་དགྲ་དང་བགེགས་ཀྱི་སྟེང་དུ་ཟློག་ཅིག༔ སྒྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ རབ་ཏུ་ཞི་བར་གྱུར་ཅིག༔ ཞེས་དང༔ གོང་གི་སྔགས་དང༔ ཨོཾ་ཧཱུྃ་ཏྲིཀ་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀ་ཤན་བྷྱོ༔ ཏིང་ཡ་རཀྴ་བྷྱོ༔ ཡ་མ་རཱ་ཙ་བྷྱོ༔ མཱ་ར་ཡ་ཀཱི་ལ་ཡ་བྷྱོ༔ ཅེས་བཟླས་ཤིང་ཐལ་མོ་བརྡབ་བོ༔ ཟློག་པའི་ལས་བཅོལ་བ་ནི༔ བསད་ལས་ཀྱི་ཞལ་བསྟབ་ཡན་གྲུབ་པར་བྱས་ནས༔ ལིང་རོ་དང་གཏོར་ཆུང་ཁྲག་སྐྱེམས་བྲན་པ་འབུལ་ཞིང་བསྐུལ་བ་སྔོན་དུ་འགྲོ་བས༔ ཧཱུྃ་བྷྱོ༔ དབུས་ཕྱོགས་གསང་ཆེན་རོལ་པའི་དུར་ཁྲོད་ནས༔ མེ་ལོང་ཡེ་ཤེས་རྡོ་རྗེ་རིགས་ཀྱི་ཡུམ༔ ཞེ་སྡང་བདུད་འདུལ་བཛྲ་སེང་གེའི་གདོང༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲྎ གློ་བུར་བདུན་བརྒྱ་ཉི་ཤུ་དགྲྎ ཡེ་འདྲོག་སུམ་བརྒྱ་དྲུག་ཅུྎ དུས་མིན་འཆི་བ་བཅོ་བརྒྱདྎ འཇིགས་ཆེན་བརྒྱད་དང་བཅུ་དྲུགྎ སྡེ་བརྒྱད་གདུག་པའི་ཆོ་འཕྲུལྎ སངས་རྒྱས་ཆོས་ཀྱི་བདེན་ཚིགྎ མུ་སྟེགས་གདུག་པའི་ངན་སྔགསྎ བན་བོན་སྔགས་པའི་བྱད་ཕུརྎ མནན་སྲེག་འཕང་བའི་འཕྲུལ་འཁོརྎ གནམ་གྱི་འཇུ་ཐག་ཆད་པྎ ས་ཡི་རྟེན་ཕུར་བུད་པྎ བར་གྱི་མཚན་ལྟས་ངན་པྎ ཆག་ཆེ་ཉམ་ང་ཐམས་ཅདྎ ལོ་སྐག་ཟླ་གཤེད་ཐམས་ཅདྎ མི་མཐུན་མི་འདོད་ཕྱོགས་ཀུན་དགྲ་ལ་ཟློག༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་བྱད་ཕུར་རྦོད་གཏོང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ཤར་ཕྱོགས་ཁྲག་འཐུང་རོལ་པའི་དུར་ཁྲོད་ནས༔ ཆོས་དབྱིངས་ཡེ་ཤེས་བདེ་གཤེགས་རིགས་ཀྱི་ཡུམ༔ གཏི་མུག་བདུད་འདུལ་བུདྡྷ་སེང་གེའི་གདོང༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་སོགས༔ ཧཱུྃ་བྷྱོ༔ ལྷོ་ཕྱོགས་གཤིན་རྗེ་རོལ་པའིྎ མཉམ་ཉིད་ཡེ་ཤེས་རིན་ཆེནྎ ང་རྒྱལ་བདུད་འདུལ་རཏྣ་སེང་གེའི་གདོང༔ གཙོ་འཁོར་སྤྲུལ་པརྎ དགྲ་བགེགས་ཤ་ཁྲག་སོགས༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་དབང་ཆེན་རོལ་པའིྎ སོར་རྟོག་ཡེ་ཤེས་པདྨྎ འདོད་ཆགས་བདུད་འདུལ་པདྨ་སེང་གེའི་གདོང༔ གཙོ་འཁོར་སྤྲུལ་པརྎ དགྲ་བགེགས་ཤ་ཁྲག་སོགས༔ ཧཱུྃ་བྷྱོ༔ བྱང་ཕྱོགས་ཕྲིན་ལས་རོལ་པའིྎ བྱ་གྲུབ་ཡེ་ཤེས་ལས་ཀྱིྎ ཕྲག་དོག་བདུད་འདུལ་ཀརྨ་སེང་གེའི་གདོང༔ གཙོ་འཁོརྎ དགྲ་བགེགས་སོགས༔ ཧཱུྃ་བྷྱོ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ རིགས་ལྔ་ཌཱ་ཀིའི་བཀའ་ཉན་ལས་བྱེད་གཙོ༔ བར་ཆད་བདུད་འདུལ་ཕྲ་མེན་ཆེན་མོ་བརྒྱད༔ གཙོ་འཁོརྎ དགྲ་བགེགས་སོགས༔ ཧཱུྃ་བྷྱོ༔ འབར་བའི་དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ནས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང༔ མ་མོ་འབུམ་གྱི་ཚོགས་རྣམས་ལས་ལ་བཞེངས༔ དགྲ་བགེགས་སོགས༔ ཧཱུྃ་བྷྱོ༔ གཞན་ཡང་དཔལ་ཆེན་ཡབ་ཡུམ་བཀའ་སྡོད་ཅིང༔ དྲག་རྩལ་ཐོགས་མེད་ཞིང་བཅུའི་དགྲ་བགེགས་སྒྲོལ༔ ལྷ་ཀླུ་གནོད་སྦྱིན་རྒྱལ་པོ་གཟའ་བཙན་སོགས༔ སྡེ་བརྒྱད་གདུག་པའི་དམག་དཔུང་ལས་ལ་བཞེངས༔ དགྲ་བགེགས་ཤ་ཁྲག་སོགས༔ མཐར་ཟློག་སྔགས་དྲག་ཏུ་བཟླ་ཞིང་ཐལ་མོ་བརྡབ༔ ཐུན་གཏོར་འཕང་ངོ༔ དེ་ནས་ཚོགས་ལྷག་བྱིན་གྱིས་བརླབ༔ ཧཱུྃ་བྷྱོ༔ ལྷག་ལ་དབང་བའི་དྲེགས་ཚོགས་ཀུན༔ ཤ་ཁྲག་བདུད་རྩིར་བཅས་པ་ཡི༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབས༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་བསྔོས་ཤིང་སྨོན་ལམ་གདབ༔ ལས་མཇུག་འཕང་བས་བསྡུ་བ་ནི༔ གཏོར་མའི་ལྷར་མཆོད་ཅིང་བསྟོད་ནས་བཟོད་གསོལ་རྗེས༔ གཏོར་མའི་ཡེ་ཤེས་ལྷ་ཚོགས་ནམ་མཁར་བཞུགས༔ དམ་ཚིག་པ་རྣམས་རང་ལ་དབྱེར་མེད་ཐིམ༔ སླར་ཡང་གཏོར་རྫས་བདུད་འདུལ་སེང་གེའི་གདོང༔ འཁོར་བཅས་དུག་མཚོན་ཆར་པ་འབེབ་པར་གྱུར༔ ཟློག་སྔགས་མང་དུ་བཟླས་པས་བསྒྲུབ་ཅིང་བཟློག་པའི་ལས་བཅོལ༔ སྒོ་དབྱེ་བའི་ཕྱིར་གསེར་སྐྱེམས་མཆོད་ཅིང༔ ཧཱུྃ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ ཁྱད་པར་བདུད་འདུལ་སེང་གེའི་གདོང༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་དང༔ སྒོ་སྐྱོང་ཕྲ་མེན་ཚོགས་བཅས་ཀུན༔ གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས༔ གཏོར་མའི་ཟོར་སྒོ་དགྲ་ལ་ཕྱེས༔ ལྷ་ཀླུ་ས་བདག་ཕྱོགས་སྐྱོང་ཚོགས༔ གསེར་སྐྱེམས་བདུད་རྩི་འདི་གསོལ་ལ༔ སྐུ་ཟུར་དབུ་སྨོད་ཞབས་སྡུས་ཤིག༔ བདག་གི་གྲོགས་དང་དཔུང་ལ་གཤེགས༔ ཟོར་སྣ་དགྲ་དང་བགེགས་ལ་དྲོངས༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ སརྦ་བྷཱུ་ཏ་ས་མ་ཡ་སྨ་ར་རཀྵནྟུ༔ ཞེས་དམ་བསྒྲགས༔ གཏོར་མ་སྟེགས་ལས་ཕབ་སྟེ་སྐུལ་བ་བྱ༔ ཆད་ཐོ་བཏང་འཕང་སར་ཁྱེར་ལ་གསེར་སྐྱེམས་སྔོན་དུ་འགྲོ་བས༔ ཧཱུྃ་བྷྱོ༔ ང་ནི་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་ཡུམ༔ དྲག་ཏུ་ཁྲོས་པ་ཌཱ་ཀི་སེང་གེའི་གདོང༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་རྫོགས༔ ལས་བྱེད་ཕོ་ཉའི་ཚོགས་ཀྱིས་སྟོང་ཁམས་ཁྱབ༔ དེ་རིང་མངོན་སྤྱོད་ཟོར་གྱི་ལས་ལ་བཞེངས༔ སྡང་བའི་དགྲ་དང་གནོད་བྱེད་བགེགས་ཚོགས་ལ༔ སྡེ་བརྒྱད་དྲེགས་པའི་ཚོགས་ཀྱིས་ཀོང་ཟོར་རྒྱོབ༔ ལྷ་ཀླུ་ས་བདག་ཚོགས་ཀྱིས་རྡོ་ཟོར་རྒྱོབ༔ མ་མོ་འབུམ་སྡེའི་ཚོགས་ཀྱིས་ཁྲག་ཟོརྎ དབང་ཕྱུག་སྒོ་མའི་ཚོགས་ཀྱིས་དུག་ཟོརྎ ཕྲ་མེན་ཆེན་མོ་བརྒྱད་ཀྱིས་མདའ་ཟོརྎ རིགས་བཞི་སེང་གདོང་ཌཱ་ཀིས་ཉུངས་ཟོརྎ གཙོ་འཁོར་སྤྲུལ་པར་བཅས་པས་གཏོར་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་བཞིན་རློགས༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པར་གྱིས༔ ཟློག་སྔགས་བརྗོད་ཅིང་འཕངས་པས་སྤྲུལ་པའི་དམག་ཚོགས་ཀྱིས་དགྲ་བགེགས་ཚར་བཅད་པར་བསམ༔ ཤོག་ལིང་ཡོད་ན་ཧོམ་དུ་བསྲེག༔ སྲུང་སྔགས་བཟླ་ཞིང་སྲུང་འཁོར་བསྒོམ༔ བརྟན་མ་བསྐྱང༔ གཏོར་གཞོང་ཁ་སྦུབས་འོག་ཏུ་དགྲ་བགེགས་དམ་སྲི་ཐམས་ཅད་མནན་པར་བསམ་ལ༔ ཧཱུྃ་བྷྱོ༔ བདུད་འདུལ་དྲག་མོའི་དཀྱིལ་འཁོར་དུ༔ དབྱིངས་ཕྱུག་ཁྲོས་མའི་རྡོ་རྗེའི་བྲོས༔ བར་ཆད་དམ་སྲི་འབྱུང་པོ་ཀུན༔ སྐྱེ་མེད་ཆོས་ཀྱི་དབྱིངས་སུ་མནན༔ ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ལཾ་ནན༔ ཞེས་བྲོ་བརྡུང༔ ནང་དུ་ལོག་ནས་མཆོད་བསྟོད་བྱ༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དངོས་གྲུབ་བླང༔ ནོངས་པ་བཤགས༔ ཡེ་ཤེས་པ་གཤེགས༔ ཧཱུྃ་ཧཱུྃ་ཧཱུྃ་གིས་བདག་ཉིད་ལྷར་གསལ་བ་དབྱིངས་སུ་བསྟིམ༔ ཕཊ་ཕཊ་ཕཊཿཀྱིས་སླར་ཡང་ལྷ་ཡི་སྐུར་ལྡངས་ལ་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ༔ ལས་སྦྱོར་དེ་རྣམས་ནི་སོ་སོའི་ལས་མཐར་ཕྱིན་པའི་བར་དུ་བྱ་བ་ཡིན་ནོ༔ གཞན་ཡང་ལས་ཕྲན་འཁོར་ལོས་སྲུང་བ་ནི༔ རོ་རས་སམ་གྲོ་ཤོག་ལ་ཐལ་ཆེན་དང་གྲི་ཁྲག་བསྲེས་པའི་སྣག་ཚས་དབུས་སུ་རྡོ་རྗེ་རྩེ་དགུ་རྭ་གདེངས་པའི་ལྟེ་བར་ཧཱུྃ༔ དེ་ཡི་ཕྱིར་མུ་ཁྱུད་ལ་བསྙེན་སྒྲུབ་དང་སྲུང་སྔགས་ཚང་བ༔ དེའི་ཕྱིར་འཁོར་ལོ་རྩིབས་བཞི་ལ་མདུན་ནས་བརྩམ་སྟེ་གཡས་སྐོར་དུ་རྩིབས་རྩེར་འཁོར་ལོ་རིན་ཆེན་པདྨ་རལ་གྲི་རྣམས་ཀྱིས་མཚན་པ༔ རྩིབས་དབུས་སུ༔ ཨོཾ་བུདྡྷ་སིཾ་ཧ་མུ་ཁ་མ་མ་ཀཱ་ཝཱ་ཙི་རཀྵ་རཀྵ་བྷྲཱུྃ༔ དེ་བཞིན་དུ༔ རཏྣ་ པདྨ་ ཀརྨ་ཞེས་བསྒྱུར༔ རྩིབས་མཆན་ལ་ཨེ་ས་བྷྱོ་སྲུངས༔ ཞེས་བྲི༔ དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བརྒྱད་ཀྱི་རྩེར་མེ་རླུང་འཕྲོ་བ༔ དབུས་སུ་མདུན་ནས་བརྩམས་ཏེ༔ ཨོཾ་བཛྲ་སིཾ་ཧཱ་མུ་ཁཱི་ཧེ་མ་མ་ཀཱ་ཝཱ་ཙི་རཀྵ་རཀྵ་བྷྲཱུྃ༔ དེ་བཞིན་དུ༔ བྱཱ་གྷྲི༔ སྲྀ་ལ༔ ཤྭ་ན༔ ཀྲྀཏ༔ ཀངྐ༔ ཁཱ་ཁ༔ ཧུ་ལུ༔ ཞེས་བསྒྱུར་བ་དང་རྩིབས་མཆན་ལ་ཨེ་ས་བྷྱོ་སྲུངས་བྲི༔ དེ་རྒྱབ་མུ་ཁྱུད་ལ་བྷྱོ་ཉེར་བརྒྱད་ཀྱི་མཐར་ཛཿཧཱུྃ་བཾ་ཧོཿམ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ དབྱངས་གསལ་རྟེན་སྙིང་གི་མཐར་འདི་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་ནད་གདོན་བགེགས་རིགས་བྱད་ཕུར་རྦོད་གཏོང་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་རཀྵ་རཀྵ་བྷྲཱུྃ༔ དེ་རྒྱབ་རྡོར་རྭ་མེ་རིས་བསྐོར༔ སིནྡྷུ་ར༔ ཤུ་དག༔ གི་ཝང༔ གྲི་ཁྲག༔ ཡུངས་དཀར༔ ཐལ་ཆེན༔ གུ་གུལ་རྣམས་བྱུགས༔ རབ་ཏུ་གནས་ལ་རྨ་བྱའི་མདོངས་དང་ལྷན་ཅིག་འཆང་བས་རྡོ་རྗེའི་མཁར་དུ་ཚུད་པ་དང་འདྲའོ༔ དུག་ཁྲག་རྫས་ཀྱིས་སྲུང་བ་ནི༔ བོང་ང༔ ར་དུག༔ རེ་ལྕག༔ ཐང་ཁྲོམ༔ མཁན་དམར༔ ཐར་ནུ༔ ཤོག་ཤིང༔ མི་རྟ་ཁྱི་གསུམ་གྲིར་ཤི་བའི་ཁྲག༔ བྱ་རོག༔ གཡག་རྒོད༔ ཕག་རྣམས་ཀྱི་ཁྲག༔ མངལ་ཁྲག༔ ཤུ་དག་ནག་པོ༔ མུ་ཟི༔ རུ་རྟ༔ གླ་རྩི༔ སྤྲུ་ནག༔ གུ་གུལ༔ ཡུངས་དཀར་རྣམས་ལོ་བརྒྱད་དྲི་ཆུར་སྦྱར་ལ་གླང་ཁྱུ་བའི་རྭ་གཡས་སུ་བླུགས༔ ཐུན་སྣོད་གནམ་ལྕགས་ཀྱི་ཁང་བུར་ཐུན་རྫས་དྲག་སྔགས་འདུས་པའི་ངོ་བོར་མོས་ལ་སྒྲུབ་སྔགས་ཤམ་དུ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ནཱ་ག་དུ་ཙྪིནྡེ་ཙྪིནྡེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཨེ་ཧུར་ཐུཾ་ཛ༔ ཁྲིའམ་སྟོང་གིས་བསྒྲུབས་པ་བཟའ་བྱུགས་བདུག་དང་འཆང་བས་ནད་གདོན་བགེགས་རིགས་ཐམས་ཅད་སྲུང་ཞིང་ཞི་བའི་མཆོག་གོ༔ སྣོད་ལྡན་ལ་བཀའ་གཏད་ན༔ བདག་དང་སྒྲུབ་གཏོར་ལྷར་བསྐྱེད་ཅིང་བསྙེན་སྒྲུབ་བྱ༔ སློབ་མ་རྒྱུད་སྦྱངས་ནས་སེང་གདོང་དམ་ཚིག་པར་བསྐྱེད༔ གཏོར་མ་དབྱིངས་ཕྱུག་ཌཱ་ཀི་སེང་གདོང་མ་འཁོར་དང་བཅས་པའི་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་སྤྱི་བོར་བཞག་པའི་ཚེ་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང༔ སློབ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ མཐར་འོད་དུ་ཞུ་ནས་དབྱེར་མེད་དུ་ཐིམ་པས་བདུད་འདུལ་ཌཱ་ཀི་དངོས་སུ་གྱུར་པར་བསམ་ལ༔ སྤྱན་འདྲེན་ཚིག་བཞིའི་མཐར། སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ལ༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཡོན་ཏན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔ སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་སརྦ་སིདྡྷི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ བཟླས་ལུང་སྦྱིན༔ ཤིས་བརྗོད་ཀྱིས་བརྟན་པར་བྱའོ༔ དེས་བསྙེན་སྒྲུབ་ལས་གསུམ་ལ་དབང་ཐོབ་པར་འགྱུར་རོ༔ འདི་ནི་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲ་ལ་དུར་ཁྲོད་ཆེན་པོ་རབ་ཏུ་སྣང་བར་བྱེད་པར་ཡེ་ཤེས་ཀྱི་མཁའ་འགྲོའི་ཚོགས་ཀྱིས་དངོས་སུ་གནང༔ རྒྱལ་པོ་དྷརྨཱ་པ་ལའི་མཆོད་གནས་མཛད་པའི་ཚེ་མུ་སྟེགས་ཀྱི་རྒོལ་བ་ནུས་པ་ཅན་དུ་མ་རིག་པ་ཆེན་མོ་འདིའི་མཐུས་བཅོམ་པ་དང་རྗེས་སུ་འབྲེལ་པའི་གདམས་པ་ཤིན་ཏུ་ཟབ་ཅིང་གསང་བའི་གསང་བ་སྟེ༔ སྙིང་ཐིག་ཟབ་མོའི་རྣལ་འབྱོར་པ་རྣམས་ཀྱིས་གསང་བའི་ཐུགས་དམ་དུ་བྱའོ༔ མནྟྲ་གུ་ཧྱ་ས་མ་ཡ༔ རྒྱ་རྒྱ༔

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).