Terdzo-OM-049

From Rinchen Terdzö
Revision as of 23:17, 28 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")

འདོད་ཁམས་དབང་ཕྱུག་རེ་མ་ཏཱི་རང་བྱུང་རྒྱལ་མོ་བཀའ་གཏེར་གཉིས་ལྡན་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ

'dod khams dbang phyug re ma tI rang byung rgyal mo bka' gter gnyis ldan gyi sgrub thabs rjes gnang dang bcas pa

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  ཞང་བཙུན་དར་མ་རིན་ཆེན་ (Zhangtsun Darma Rinchen)
in cycle  སྔ་འགྱུར་བཀའ་མ་, རེ་ཏི་རང་བྱུང་རྒྱལ་མོའི་གསང་སྒྲུབ་སྐོར་ (Snga 'gyur bka' ma, Re ti rang byung rgyal mo'i gsang sgrub skor)
parent cycle  སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ (Sgrub thabs 'dod 'jo'i bum bzang)
Volume 61 (ཨོཾ་) / Pages 591-602 / Folios 1a1 to 6b4

[edit]

ཨོཾ་སྭསྟི། ཡེ་ཤེས་དབྱིངས་ལས་གདུལ་དཀའི་འགྲོར། །དྲག་མོར་ཆེར་ཁྲོས་རེ་མ་ཏཱི། །རང་བྱུང་རྒྱལ་མོ་ཕུར་བུའི་ལྷར། །བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །འདིར་ཕུར་སྲུང་བདག་ཉིད་མ་བཞིའི་དང་པོ་རེ་མ་ཏཱིའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ནི། དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་དུས་ཁྱད་པར་ཅན་ལ་ཡི་དམ་དང་འདིའི་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་ཁར། ཆོས་འབྱུང་ལྟེ་བ་དམར་ནག་ཁ་ཁྱེར་ལྗང་གུ་ཟླ་གམ་ཁྲག་མཚོ་ཐོད་ཕྲེང་དང་མེ་རིས་ཟླུམ་པོར་བསྐོར་བའི་དབུས་སུ་འབྲུ་ནག་གི་ཚོམ་བུ་དགོད། དེར་ཐོད་པའམ་ལྕགས་སྣོད་དུ་གཏོར་མ་གྲུ་གསུམ་མི་དབང་གི་ཤ་ཁྲག་སོགས་དམ་རྫས་ཀྱིས་བརྒྱན་པ་ལ་མདའ་དར་ནག་པོ་དང་སྐུ་རྟེན་ཙཀ་ལི་བཙུགས། མདུན་དུ་འབུལ་གཏོར་དང་། གཡས་གཡོན་དུ་སྨན་རཀ །མཐའ་མཆོད་པས་བསྐོར། གཞན་ཡང་རྡོར་དྲིལ་ཌཱ་རུ་གཡབ་དར་སྦྱར་སྤོས་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ནི། གཤིན་རྗེ་གཤེད་ལ་སོགས་པ་ཡི་དམ་ཁྲོ་བོ་གང་འོས་ཀྱི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་མཆོད་གཏོར་བྱིན་གྱིས་བརླབ། རང་གི་མདུན་དུ་འོད་ཀྱི་གུར་ཁང་སྔོན་པོ་རྒྱ་ཁྱོན་མཐའ་མེད་པའི་ནང་དུ་མེ་རླུང་འཚུབས་མ་འཁྱིལ་བའི་དབུས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་ནང་དུ། ཕྱི་གནམ་ལྕགས་འབར་བའི་གཞལ་ཡས་ཁང་གྲུ་བཞི་ནང་ཐོད་པ་བརྩེགས་པའི་སྐུ་མཁར་རྨང་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་དབུས་ཀྱི་གཞིར་ཁྲག་ཞག་འཁྲུགས་ཤིང་དབུགས་བྲལ་བརྩེགས་པའི་སྟེང་དུ་རང་གི་སྙིང་ག་ནས་སྤྲོས་པའི་ཏི་ཡིག་ཡོངས་སུ་གྱུར་པ་ལས། ལྕགས་ཀྱི་དྲེལ་རྟ་རྐང་གསུམ་རྫུ་འཕྲུལ་མྱུར་མགྱོགས་རླུང་གི་གཤོག་པ་ཅན། ཞིང་དང་སྟག་ལྤགས་ཀྱི་སྒ་སྟན་བསེ་སྒ་དམར་པོ་སྦྲུལ་ནག་གི་གོང་རྨེད་དང་གློ་ནན་གསེར་སྲབ་གཡུ་མཐུར་ཅན་གྱི་སྟེང་དུ་པདྨ་དང་ཉི་མ་ལ། སླར་ཡང་སྙིང་ག་ནས་སྤྲོས་པའི་མ་ཡིག་སྔོ་སྐྱ་ལས་རྩེ་གསུམ་མས་མཚན་པའི་འཕྲོ་འདུས་ལྷ་མོར་གྱུར་པ་ནི། ཨོཾ་ནག་མོ་ཏིང་ལཾ་མ་མ་དུན་ཏིཾ་མ་བྷྱོ། ཞེས་བརྗོད་པས་དཔལ་ལྡན་ལྷ་མོ་རེ་མ་ཏཱི་སྐུ་མདོག་ནག་མོ་སྐེམ་རིད་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟུགས་ཅན་ཞལ་གཅིག་ཕྱག་བཞི་མ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་ཉི་མ་ལྟར་འབར་བ། རལ་པ་ཁམ་ནག་གྱེན་དུ་བརྫེས་ཤིང་ཐུར་དུ་གྲོལ་བ་ལ་ཐོད་སྐམ་ལྔའི་ཅོད་པན་དང་གསེར་གཡུ་མུ་ཏིག་སོགས་ཀྱིས་བརྒྱན་པ། སྐྲ་གསེབ་ནས་དུས་བཞིའི་ལྷ་མོ་སྤྲོ་བ། ཞིང་ཆེན་གྱི་སྟོད་གཡོགས་སྟག་ལྤགས་ཀྱི་ཤམ་ཐབས། དར་ནག་གི་གོ་ཟུ་འཇའ་ཚོན་རིས་ཅན་སྦྲུལ་ནག་གི་སྒྲོག་ཟུངས་བཏབ་པ་གསོལ་ཞིང་། ཐོད་རློན་གྱི་དོ་ཤལ་འཕྱང་བ། སྙན་གཡས་གཡོན་ལ་སྦྲུལ་དང་སེང་གེ་འཕྱོ་ཞིང་དར་གྱི་ཅོད་པན་འཕུར་བ། ལྟེ་བར་ཉི་མ་དང་སྤྱི་བོར་ཟླ་བ་ཚེས་ཤིང་རྨ་བྱའི་མདོངས་ཀྱིས་མཛེས་པ། ཕྱག་བཞི་གཡས་ཀྱི་དང་པོ་ཁ་ཊྭཱཾ་རྩེ་གསུམ་པ་དང་། འོག་མ་ན་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་ཞིང་འདེབས་པ། གཡོན་གྱི་དང་པོ་ན་འཕྲུལ་གྱི་མེ་ལོང་ཕྱི་ཞིང་བལྟ་བ། འོག་མ་ན་སྦྲུལ་ནག་གི་ཞགས་པ་བསྡོག་ཅིང་འཕེན་པ། ཞབས་གཉིས་དྲེལ་རྟའི་སྟེང་ན་བཙན་སྐྱིལ་གྱིས་གནས་པ། དྲེའུའི་ཕྱི་ཤ་ལ་ལྕགས་ཀྱི་དྲྭ་བ་དང་ནད་ཀྱི་རྐྱལ་པ་བཏགས་ཤིང་། སྔ་ཤ་ལ་མཚོན་གྱི་དྲུ་གུ་འཕྱང་བ། ཡེ་ཤེས་ཀྱི་མ་མོ། ལས་ཀྱི་མ་མོ། འཇིག་རྟེན་གྱི་མ་མོ། ལྷ་མོ། ཀླུ་མོ། གནོད་སྦྱིན། དྲི་ཟ། གྲུལ་བུམ། སྲིན་མོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་ཇི་ལྟར་བཅོལ་བའི་ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པ་ལ་དགྱེས་ཤིང་ངོ་འཐོན་དུ་བཞུགས་པར་བསམ་ལ། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དང་། ཁྱད་པར་ཐུགས་ཀར་པད་ཟླ་ལ་མ་ཡིག་ཏིང་འཛིན་སེམས་དཔའི་ངོ་བོར་བཀོད། རང་གི་ཐུགས་ཀ་དང་མདུན་གྱི་མ་མོའི་ས་བོན་ལས་འོད་ཟེར་འཕྲོས། བྱང་ཤར་མུ་ལེ་མཐིང་གི་ཕོ་བྲང་ནས་དཔལ་ལྡན་ལྷ་མོ་འཁོར་བཅས་སྤྱན་དྲངས་པར་བསམ་ཞིང་། བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏཱི། ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ནས། །ཉི་མ་ཟླ་བའི་འོད་ཟེར་འཕྲོ། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །དུས་ལ་བབ་ཀྱིས་ད་ཚུར་བྱོན། །ཨེ་ཧྱེ་ཧི་ཛཿཨེ་ཨཱ་རལླི་ཧོཿ ཞེས་ཚར་གཅིག་དང་། མ་མོ་ནག་མོ་ཏིང་ལཾ། མ་མོ་ནག་མོ་དུན་ཏིང་བྷྱོཿ ཛཿཧཱུྃ་བཾ་ཧོཿ ནག་མོ་དུན་བྷྱོཿ ཞེས་བརྒྱ་རྩ་ལ་སོགས་བཟླས་པས་སྤྱན་དྲངས། ཐོད་རུས་དམར་པོ་གཏམས་པའི་དཀྱིལ་འཁོར་ན། །ལྷ་སྲིན་དགུ་བརྒྱ་བསྣོལ་བའི་གབ་རྩེ་ལ། །རྡོ་རྗེ་རལ་གཅིག་སྲིད་པ་ཀུན་གྱི་ཡུམ། །བརྗིད་ཅིང་འགྱིང་བའི་ཚུལ་གྱིས་བཞུགས་སུ་གསོལ། །ཏྲག་རཀྴ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། ཙནྡྲ་སཱུརྻ་ཏི་ར་བཾ་ཧཱུྃ། བསྐལ་པ་མང་པོར་རང་རྒྱུད་ཆེར་སྦྱངས་པས། །སྙིང་རྗེའི་སྟོབས་ཀྱིས་ཕན་པའི་གཟུགས་སྟོན་པ། །བདེ་གཤེགས་རྒྱལ་བའི་བསྟན་པ་བསྲུང་བ་དང་། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། མཆོད་པ་ནི། རཀྨོ་དུན་ཏིང་མ་མ་ཡ་ཧ་ཧི། ནག་མོ་དུན་ཏིང་མ་མ་ཡ་ཧ་ཧི། ཞེས་པའི་མཐར་ཨརྒྷཾ་ནས་ཤབྡའི་བར་གྱིས་ཐུན་མོང་གི་མཆོད་པ་དང་། ཁྱད་པར་བ་ནི། བྷྱོཿ རྡོ་རྗེ་མ་མོ་རེ་མ་ཏཱི། ཁྱོད་ལ་མཆོད་པ་འབུལ་བ་ནི། །མི་དབང་འབྲས་བུ་སྨིན་པའི་ཤ །མཚལ་གྱི་ཤིང་ཐོག་སྐམ་པོ་དང་། །ཤིང་ལོ་རླུང་ཁྱེར་སར་མ་ལྷུང་། །འཆི་ཁའི་མཚལ་ཐིག་གྲི་སྙིང་དང་། །ནལ་བུའི་ཤ་ཁྲག་རྒྱལ་མཚན་དང་། །བྱ་ལུག་སྨུག་ནག་ལ་སོགས་པ། །དམ་རྫས་ཐམས་ཅད་བུ་ལ་ཡོད། ཁྱོད་ཀྱི་ཐུགས་དམ་བསྐང་བར་བགྱི། །སྨན་སྣ་བདུད་རྩིའི་རྒྱ་མཚོར་འཁྱིལ། །རཀྟའི་ཆུ་ཀླུང་འབུམ་ཕྲག་འབབ། །གཏོར་མའི་ཚོགས་ནི་རི་ལྟར་བརྩིགས། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་དང་། སྙིང་པོའི་མཐར་མ་མོ་ནག་མོ་བེ་ཏཱ་ལཱི་ཀུ་ལུ་ཀུ་ལུ་ཧ་ཧ་མ་ཧཱ་མཱཾ་ས་ལ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། མ་མ་ཙིཏྟ་ལ་ཁྎ མ་ཧཱ་གོ་རོ་ཙ་ནྎ མ་ཧཱ་བ་སུ་ཏ་ལ་ཁྎ མ་ཧཱ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། ཞེས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས་ཨརྒྷཾ་ལ་སོགས་པས་ཀྱང་མཆོད་དོ། །བྷྱོཿ མཁའ་ལ་དབང་སྒྱུར་ཡིད་བཞིན་སྤྲུལ་པའི་སྐུ། །ཡ་མཚན་རྨད་བྱུང་ལུས་ལ་ཏིལ་མར་བྱུགས། །དབང་ཕྱུག་ནག་མོ་གསང་བའི་རེ་མ་ཏཱི། །ནག་མོ་སྟོང་གི་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་པ་ཙམ་མམ། བྷྱོཿ དཔལ་ལྡན་ལྷ་མོ་ཆེན་མོ་ནི། །སྲིན་པོའི་ཆུང་མ་རལ་པ་ཅན། །སྐྱེ་གནས་རྣམ་བཞི་སྒྲོལ་བ་མོ། །ནག་མོ་འབུམ་གྱི་དབུས་ན་བཞུགས། །དབང་ཕྱུག་ཀུན་གྱི་གཙོ་མོ་སྟེ། ཁྲོ་མོ་ཀུན་གྱི་སྤྲུལ་པ་ཡིན། །སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ། །སྲིད་གསུམ་ཟ་བར་བྱེད་ལ་བསྟོད། ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །འདོད་ཁམས་མ་མོ་སྟོང་སྟོང་འགྱེད། ཁྱོད་ཀྱི་གསང་བའི་བྷ་ག་ནས། །ལས་ཀྱི་མ་མོ་སྟོང་སྟོང་འགྱེད། ཁྱོད་ཀྱི་གཡས་གཡོན་ཞབས་དག་ནས། །ཕོ་ཉ་སྟོང་ཕྲག་དྲུག་ཅུ་འགྱེད། །བདུད་དང་ལྷ་འདྲེ་ངན་སེམས་ཅན། །དགྲ་བོ་མ་ལུས་འདུལ་བར་མཛོད། །རྟགས་དང་མཚན་མ་མྱུར་དུ་སྟོན། །གང་ལ་བྱ་བ་ནོར་ར་རེ། །མ་མོ་མཁའ་འགྲོ་འཁོར་བཅས་རྣམས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །མ་མ་སྙིང་ཁྲག་ཚལ་པ་དུན་དུན་མ་བྷྱོ། ཞེས་བསྟོད་ཅིང་བསྐུལ་ལོ། །བཟླས་པ་བྱ་བ་ནི། མ་མོའི་ཐུགས་ཀར་བཟླ་བྱའི་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་དགྱེས་པ་བསྐྱེད། དེའི་མ་ཡིག་སྔགས་ཕྲེང་དང་བཅས་པའི་འོད་ཟེར་གྱིས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབས་ནས། བདག་གི་ཐུགས་ཀའི་ས་བོན་ལ་ཐིམ་པས་མ་མོའི་མཐུ་ནུས་ཐམས་ཅད་བདག་གིས་ཐོབ་པར་བསམ་ཞིང་། ཨོཾ་ཏྲག་རཀྴ་མ་ཧི་དུན་བྷྱོ་མ་ཧཱ་ཡཀྵ་ཏཱིཀྵྜྷ་ཀཱ་ལཱི་དུན་བྷྱོ༔ ཞེས་པ་ཡང་སྙིང་བཅུ་བདུན་མར་གྲགས་པ་སྟེ་རྗེས་གནང་ཙམ་ལ་འདི་ཁོ་ན་བཟླས་པས་ཆོག་གོ །དེ་ལྟར་བཟླས་པའི་མཐར་སླར་ཡང་མཆོད་ཅིང་བསྟོད་པའམ། ཡང་ན་སྔར་བཞིན་སྨན་རཀ་གིས་མཆོད་པའི་རྗེས་ཉིད་དུ་བཟླས་པ་བྱས་ནས། གཏོར་འབུལ་བསྟོད་བསྐུལ་དང་བཅས་པ་རྗེས་སུ་བྱས་ན་ཡང་ཟོར་ཡང་བར་འགྱུར། གང་ལྟར་ཡང་མཐར་གཏོར་མ་སྟོབ་པ་དང་མཆོད་བསྟོད་བཟོད་གསོལ་སོགས་སྤྱི་དང་མཚུངས་པར་བྱའོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། སྒྲུབ་མཆོད་བཤད་མ་ཐག་པ་བཞིན་བྱས་ལ་སློབ་མའི་བྱ་བ་ཁྲུས་དང་ཕྱག་བྱ། གྲལ་དུ་འཁོད་པ་ལ་བགེགས་བསྐྲད། མཚམས་སྦྱོར་ཅི་རིགས་པ་ལས། འདིར་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་ངོ་བོ། རང་བཞིན་ཡེ་ཤེས་ཀྱི་སྣང་ཆ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྦྱོར་ཡུམ་རོ་ལངས་མ་དང་གཉིས་སུ་མེད་ཅིང་། རྣམ་འགྱུར་དམ་ཚིག་གི་མ་མོ་རེ་མ་ཏཱིར་བཞེངས་ནས་བསྟན་པའི་བཀའ་སྲུང་ཐམས་ཅད་ཀྱི་གཙོ་བོར་གྲུབ་པ་དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོར་གྲགས་པ་འདི་ཉིད། སྔོན་བསྐལ་པ་མང་པོའི་གོང་རོལ་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་རིམ་བཞིན་ལས་དང་སྨོན་ལམ་གྱི་རྣམ་པར་སྨིན་པའི་འབྲས་བུ་དུས་སུ་སད་པ་ལས། དེང་འདིར་འདོད་པ་ཁམས་ཀྱི་དབང་ཕྱུག་མར་གྱུར་ཅིང་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་སྲུང་ཡོངས་ཀྱི་གཙོ་བོར་དབང་བསྐུར་བ་འདི་ཉིད་ཀྱི་སྔོན་གྱི་རབས་དང་སྐྱེ་རྒྱུད། ད་ལྟ་གང་ལ་བསྟེན་ཅིང་ཕྲིན་ལས་ཀྱི་མཛད་ཚུལ། མ་འོངས་པ་ན་ཞིང་གང་དུ་འཚང་རྒྱ་བར་འགྱུར་བ་སོགས། འཕགས་པ་ལྷ་མོ་དཔལ་ཆེན་མོ་ལུང་བསྟན་པའི་མདོ་དང་། གསེར་འོད་དམ་པ་མདོ་སྡེ་དབང་པོའི་རྒྱལ་པོ་དང་། གསེར་འོད་མཆོག་ཏུ་རྣམ་པར་རྒྱལ་བ་གཉིས་ཀྱི་ལེའུ་བཅུ་དྲུག་པ་དང་བཅུ་བདུན་པ་གཉིས་དང་། བསྡུས་པའི་ལེའུ་ཉེར་གཅིག་པ་དང་། ཁྱད་པར་ལྷ་མོ་ཉིད་ཀྱི་སྒོས་རྒྱུད་མཁའ་འགྲོ་མ་མེ་ལྕེ་འབར་མའི་རྒྱུད་སོགས་མདོ་རྒྱུད་དུ་མ་ནས་གསལ་བར་བསྟན་པས་ཁུངས་དང་ཟིན་སོ་ཆེ་ཞིང་། སངས་རྒྱས་ཀུན་དངོས་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་སོགས་ཚད་མར་གྱུར་པའི་སློབ་དཔོན་ཆེན་པོ་དུ་མས་བསྟན་སྲུང་ཀུན་གྱི་མཆོག་ཏུ་བསྔགས་ཤིང་། མཐུ་རྩལ་བྱིན་རླབས་ཀྱི་ཚན་ཁ་གཞལ་དུ་མེད་པ་དེ་ལ། སློབ་དཔོན་པདྨས་མཛད་པའི་མ་མོའི་སྲོག་སྒྲུབ་རྩ་བ་དང་། ལས་མདེ་ཟོར་གྱི་སྒྲུབ་པ། ཡང་སྙིང་གནུབས་ཀྱི་མན་ངག་སོགས་གཏེར་མ་དང་། ཕུར་སྲུང་བདག་ཉིད་མ་རེ་མ་ཏཱིའི་སྒྲུབ་ཐབས་ལང་ལབ་མ་སོགས་བཀའ་མ་སྟེ། མདོར་ན་མ་མོ་ལྟར་བསྟེན་པ། སྲིང་ལྟར་བསྟེན་པ། འཛའ་མོ་ལྟར་བསྟེན་པ། བྲན་ལྟར་བསྟེན་པའི་ཚུལ་གྱི། བསྙེན་སྒྲུབ་ལས་སྦྱོར་སོགས་རྩ་བའི་གསལ་བྱེད་དགོངས་འགྲེལ་གྱི་མན་ངག་ཟབ་ཅིང་རྣོ་བ་ཇི་སྙེད་ཅིག་བཞུགས་པ་འདིའི་དབང་དུ་བྱས་ན། རྒྱུད་ལས། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །གྲུལ་བུམ་དྲི་ཟ་འབྱུང་པོ་དང་། །ཅིར་ཡང་སྤྲུལ་པའི་རྫུ་འཕྲུལ་ཅན། །མིང་བརྒྱ་མ་ལ་མཚན་སྟོང་མ། །ཞེས་གསུངས་པས་ལྷ་མོ་འདི་གྲུབ་ན་ཡེ་ཤེས་དང་ལས་ཀྱི་མ་མོ་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར། དེ་ཉིད་ཀྱི་རྗེས་སུ་གནང་བ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་གདབ་པ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །བརྩེ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། །ལན་གསུམ་གསོལ་བ་གདབ། སྐྱབས་སེམས་དང་ཡན་ལག་བདུན་པ་གང་འོས་ཀྱིས་ཚོགས་གསོག་བྱས་ནས། རྗེས་གནང་དངོས་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ཡབ་ལ་བསྟེན་པ་ཕྱིའི་རྗེས་གནང་ནི། དོན་དམ་བྱང་སེམས་ཀྱི་རང་མདངས་ཤཱུནྱ་ཏཱའི་སྔགས་བརྗོད་པའི་རྐྱེན་གྱིས་གནས་ཁང་རང་བཞིན་ལྷུན་གྱིས་གྲུབ་པའི་དུར་ཁྲོད་ཆེན་པོར་སློབ་དཔོན་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོར་གསལ་བའི་མདུན་དུ། པདྨ་དང་ཉི་མའི་གདན་ལ་སློབ་བུ་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོ་གཏུམ་བཟོད་པར་དཀའ་བའི་ཉམས་ཅན་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གཡས་བེ་ཅོན་འཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པས་ཞགས་པ་འཛིན་པ། གཤིན་རྗེ་ཕོ་མོ་བརྫིས་པའི་མ་ཧེའི་སྟེང་ན་ཞབས་གཉིས་དོར་སྟབས་སུ་བཞུགས་པར་མོས་སུ་བཅུག །དཔོན་སློབ་གཉིས་ཀའི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་སོ་སོའི་མཐའ་སྐོར་དུ་ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་ཡིག་འབྲུ་བཅུ་གཅིག་པོ་དཔོན་སློབ་སོ་སོའི་ཁ་དོག་ཅན་གྱིས་བསྐོར་བ་གསལ་བཏབ། སློབ་དཔོན་ལ་མོས་གུས་དུང་དུང་བ་བྱས་པས་སློབ་དཔོན་གྱི་གནས་གསུམ་གྱི་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སློབ་བུའི་གནས་གསུམ་གྱི་ཡི་གེ་གསུམ་ལ་སོ་སོར་སིབ་ཀྱིས་ཐིམ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་མོས་ནས། ཨཱ་ཀྲོ་བཅུ་གཅིག་པ་ཉིད་དྲག་ཏུ་བཟླ་ཞིང་སྤོས་དང་རོལ་མོ་བྱ། དེ་ནས་སློབ་བུས་སློབ་དཔོན་གྱི་ཕྲེང་བ་ལ་བཟུང་སྟེ་སྔགས་ཀྱི་རྗེས་ཟློས་ཀྱང་བྱའོ། །དེས་ནི་བཀྲ་ཤིས་ཤིང་དངོས་གྲུབ་མྱུར་བའི་དགོས་པ་ཡོད་དོ། །གཉིས་པ་ཡུམ་ལ་བསྟེན་པ་ནང་གི་རྗེས་གནང་ནི། ཤཱཀྱ་སེང་གེའི་བསྟན་པ་ལ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དཔལ་ལྡན་ལྷ་མོ་ནག་མོ་ཡི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༔ དབང་དང་ཕྲིན་ལས་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། མདུན་གྱི་གཏོར་མའི་གནས་སུ་འོད་ཀྱི་གུར་ཁང་སྔོན་པོ་རྒྱ་ཁྱོན་མཐའ་མེད་པའི་ནང་དུ་སོགས་ཀྱིས་ལྷ་མོ་སྔར་བཞིན་གསལ་བཏབ། ཡེ་ཤེས་པ་སྤྱན་འདྲེན་བཞུགས་སུ་གསོལ། ཕྱག་འཚལ་མཆོད་འབུལ་བསྟོད་པ་རྣམས་བྱས་ནས། བདུད་རྩི་སྦྲེང་ཞིང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་གཏོར་མ་ལྷ་མོར་གསལ་བའི་རྒྱུད་བསྐུལ། དེ་ལས་ལྷ་མོའི་སྐུ་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་འཁྲིགས་པའམ་རྡོ་ཚན་ལ་ཁ་བ་བབས་པ་བཞིན་ཁྱེད་རང་གི་སྤྱི་བོར་ཐིམ་པས་སྐུའི་བྱིན་རླབས་ནུས་མཐུ་ཐམས་ཅད་ཐོབ་པར་སྒོམས་ཤིག་ཅེས་བརྡ་སྤྲད་ནས། གཏོར་མ་མགོ་ཐོག་ཏུ་བཞག་ལ། མ་མོ་མཁའ་འགྲོ་དམ་ཚིག་ཅན༔ མ་བས་བྱམས་ཤིང་སྲིང་བས་བརྩེ༔ གྲོགས་བས་དུངས་ཤིང་བྲན་བས་ཉན༔ བཀའ་སྡོད་སྲུང་མའི་དབང་ཐོབ་ཤོག༔ ཨོཾ་ཏྲག་རཀྴ་མ་ཧི་དུན་བྷྱོ་མ་ཧཱ་ཡཀྵ་ཏཱིཀྵྜྷ་ཀཱ་ལཱི་དུན་བྷྱོ༔ ཞེས་པའི་མཐར་ཨཱ་བེ་ཤ་ཡ་བཏགས་པ་དྲག་ཏུ་བཟླ་ཞིང་སྤོས་དང་རོལ་མོའི་སྒྲ་སྦྱར། དེ་བཞིན་དུ་སྔགས་སྒྲ་སྒྲོག་པའི་སྐུ་དང་ཡིག་འབྲུ་དཔག་ཏུ་མེད་པ་སྔར་བཞིན་བྱོན། ཁྱེད་རང་གི་མགྲིན་པར་ཐིམ། གསུང་གི་བྱིན་རླབས་ནུས་མཐུ་ཐམས་ཅད་ཐོབ་པར་མོས་ནས་གཏོར་མ་མགྲིན་པར་བཞག །མ་མོ་མཁའ་འགྲོ་སོགས་ཚིགས་གཅད་སྔགས་དང་སྤོས་རོལ་བྱས་ནས། སྔགས་ཀྱི་བཟླས་ལུང་གི་སླད་གསོལ་འདེབས་རྗེས་ཟློས། ལྷ་མོ་བདག་གིས་གཟུང་ལགས་ཀྱིས། །ལྷ་མོས་བདག་ལ་བྱིན་གྱིས་རློབས། །གཏོར་མ་ལྷ་མོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མ་སྔོ་སྐྱའི་མཐར་སྔགས་ཕྲེང་སྔོན་པོ་ལས་གཉིས་པ་མཆེད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་སྙིང་གར་ཐིམ་པར་སྒོམས་ཤིག་བྱས་ལ་སློབ་དཔོན་གྱི་ཕྲེང་བ་ལ་བཟུང་སྟེ་སྔགས་ཀྱི་རྗེས་ཟློས་ཀྱང་བྱའོ། །མཐར་མེ་ཏོག་འཐོར་ལ། དཔལ་ལྡན་ལྷ་མོའི་གསུང་རིག་སྔགས་ཀྱི་མཐུ་ནུས་དང་བྱིན་རླབས་ཐམས་ཅད་ད་ལྟ་ཉིད་དུ་འཇུག་པར་གྱུར་ཅིག །ཡང་གཏོར་མ་མ་མོར་གསལ་བའི་ཐུགས་ཀར་པད་ཉི་ལ་མ་ཡིག་སྔོ་སྐྱ་མཆོག་ཏུ་འབར་བ། དེ་ལས་འཇའ་ཚོན་ལྟ་བུའི་འོད་ཟེར་གྱི་ཚོགས་དང་མ་མོའི་སྐུ་དང་ཕྱག་མཚན་གྱི་རྣམ་པ་དཔག་མེད་སྔར་བཞིན་བྱོན། ཁྱེད་རང་གི་སྙིང་གར་ཐིམ་མཐར་མ་མོ་ཉིད་ཀྱང་འོད་ཀྱི་ཐིག་ལེ་མཐིང་ཞུན་ལྟ་བུར་ཞུ་བ་ཐུགས་ཀའི་མ་ལ་ཐིམ། དེ་ཡང་ཁྱེད་རང་གི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་ཐོབ་པར་མོས་ནས་གཏོར་མ་སྙིང་གར་བཞག་སྟེ། མ་མོ་མཁའ་འགྲོ་སོགས་ཚིགས་གཅད་སྔགས་དང་སྤོས་རོལ་བྱའོ། །གསུམ་པ་ངོ་སྤྲོད་གཏོར་མ་ལ་བརྟེན་པ་གསང་བའི་རྗེས་གནང་ནི། སླར་ཡང་གཏོར་མ་སྐད་ཅིག་གིས་ལྷ་མོར་གསལ་བ་ལ་བྱིན་གྱིས་བརླབས་པའི་བདུད་རྩིས་བྲན་ནས་མཆོད་པས་དགྱེས་ཤིང་ཐུགས་དམ་བསྐངས་ཏེ། སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་བཅོལ་བའི་ཕྲིན་ལས་སྒྲུབ་པ་ལ་དགྱེས་ཤིང་ངོ་འཐོན་དུ་བཞུགས་པར་མོས་ཏེ། བསྟོད་པ་དང་རྩ་སྔགས་བརྗོད་པ་སྔོན་དུ་འགྲོ་བས། བཀའ་བསྒོ་གཉེར་གཏད་ཀྱི་ཕྲིན་ལས་བཅོལ་བ་སྤྲོ་བ་དང་བཅས་པས་ཁས་བླངས་ནས་འོད་དུ་ཞུ་བ་སློབ་མའི་སྙིང་གར་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ་ཞིང་། གཏོར་མའི་གཤམ་ནས་ཆ་ཤས་ཙམ་དང་ནང་མཆོད་ཅུང་ཟད་རེ་བྱིན་པས་མ་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ་རོལ་ཏུ་གཞུག །དེ་ལྟར་གཏོར་མ་གནས་གསུམ་དུ་བཞག་ནས་དབང་བསྐུར་བས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། སླར་དངོས་གྲུབ་ཏུ་རོལ་བས་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་ངོ་སྤྲད། རྗེས་དམ་ཚིག་བསྒྲག་ཅིང་ཁས་བླང་བ་དང་ཡོན་འབུལ་བ་སོགས་སྤྱི་དང་འདྲ་ཞིང་། ཆོ་གའི་མཇུག་གི་བྱ་བ་གཏོར་འབུལ་གཏང་རག་བཟོད་གསོལ་ལ་སོགས་པ་ནི་གཞན་དང་འདྲའོ། །ཡེ་ཤེས་དབྱིངས་ལས་རྣམ་འ༵གྱུར་རྩལ། །འགག་མེ༵ད་སྲིན་མོའི་ཚུལ་བཟུང་ནས། །རྡོ༵་རྗེ༵་ཐེག་པའི་བསྟན་སྲུང་གཙོའི། །སྒྲུབ་ཐབས་སྲོག་གཏད་ཟབ་མོ་འོ། །འདོད་ཁམས་དབང་ཕྱུག་རེ་མ་ཏཱི་རང་བྱུང་རྒྱལ་མོ་བཀའ་གཏེར་གཉིས་ལྡན་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).