Terdzo-BI-029

From Rinchen Terdzö
Revision as of 22:00, 29 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")

དགོངས་གཏེར་ལས་འོད་ཟེར་ཅན་མའི་དབང་

dgongs gter las 'od zer can ma'i dbang

by  ཀརྨ་ཆགས་མེད་ (Karma Chakme)
revealed by  སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ (Mingyur Dorje)
in cycle  གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ (Gnam chos thugs kyi gter kha snyan brgyud zab mo'i skor)
Volume 45 (བི) / Pages 343-354 / Folios 1a1 to 6b4

[edit]

༄༅། །དགོངས་གཏེར་ལས་འོད་ཟེར་ཅན་མའི་དབང་བཞུགས། ། ན་མོ་མཱ་རི་ཙྱཻ། འོད་ཟེར་ཅན་མའི་དབང་ནི། བུམ་པ་གཏོར་མ་སོགས་དབང་རྫས་བཤམ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་འཚམ་གཅིག་ད་ནངས་སོང་བས་འཐུས། སྐད་ཅིག་དྲན་རྫོགས་དམ་ཡེ་དབྱེར་མེད་དུ། བདག་དང་བུམ་ལྷ་དང་གཏོར་མ་འོད་ཟེར་ཅན་སྐུ་མདོག་སེར་མོ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་གཡོན་གཉིས་ཁབ་དང་སྐུད་པ་འཛིན་པ། དབུ་སྐྲ་ཐོར་ཅོག་ལ་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཕག་སེར་མོའི་སྟེང་ན་རོལ་སྟབས་སུ་བཞུགས་པ། ཐུགས་ཀར་མཱཾ་སེར་པོ་གཅིག་ལ་རྩ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་ཞིང་ནས་འོད་ཟེར་ཅན་གྱི་སྐུ་ཆེ་ཕྲ་སྣ་ཚོགས་ཆར་བཞིན་བབས་ནས་བདག་མདུན་བུམ་པའི་ལྷ་ལ་ཐིམ་པར་གྱུར། ཨོཾ་མཱ་རི་ཙྱཻ་མཱཾ་སྭཱ་ཧཱ། ཞེས་བརྒྱ་སྟོང་ཅི་འགྲུབ་མང་དུ་བཟླས་ནས། ཨརྒྷཾ་སོགས། གང་ཁྱོད་མིང་ཙམ་འཛིན་དང་དྲན་པ་ཡིས༔ མི་མཐུན་ཕྱོགས་རྣམས་མ་ལུས་སེལ་འགྱུར་ཞིང༔ འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་སྟེར་མ། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་བསྟོད༔ དེ་ནས་སློབ་མ་འདུས་ཁྲུས་བྱས་ལ་མཎྜལ་ཕུལ། འོ་ན་ད་ལམ་ཁྱེད་རྣམས་ལ་ལྷ་མོ་འོད་ཟེར་ཅན་གྱི་དབང་བསྐུར་བ་ཡིན་ཏེ། ལྷ་འདིའི་ངོ་བོ་ནི་རྗེ་བཙུན་མའི་རིགས་སུ་ཡང་གཏོགས་ལ་ཞི་བ་ལྷ་མོ་འོད་ཟེར་ཅན། དྲག་མོ་བྱས་ན་དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ཡིན་པས་བཀའ་ཡང་ཤིན་ཏུ་གཉན། སྔོན་གྱི་དུས་ན་ལྷ་དང་ལྷ་མིན་འཐབ་པའི་ཚེ། ལྷ་རྣམས་ཀྱི་མདངས་ལས་ལྷ་མོ་འདི་འཁྲུངས། ལྷ་མོས་གསེར་གྱི་ཅོ་ཐོའང་སྤྲུགས་པའི་ནང་ནས་གསེར་གྱི་གོ་ཁྲབ་བྱེ་བ་དུང་ཕྱུར་བྱུང་བས་ལྷ་རྣམས་ལྷ་མ་ཡིན་གྱི་གཡུལ་ལས་རྒྱལ། ལྷ་མོ་ཡང་དཔག་བསམ་ཤིང་གི་བདག་མོར་བསྐོས་པས། ཤིང་གི་ལྷ་མོ་འོད་ཟེར་ཅན་ཞེས་གྲགས་སོ། །ངོ་བོ་ས་བཅུའི་སེམས་མ་ཡིན་ཡང་། རྣམ་པ་འཇིག་རྟེན་པའི་ཚུལ་གྱིས་རྒྱ་གར་མྱ་ངན་མེད་པའི་ཤིང་དྲུང་ན་བཞུགས་པས། རྣོ་མྱུར་འཇིག་རྟེན་པ་དང་འདྲ་སྟེ་ཤིན་ཏུ་རྣོ། དེ་ཡང་འོད་ཟེར་ཅན་གྱི་གཟུངས་དང་རྟོགས་པ་ནི་བྱ་བའི་རྒྱུད་ཡིན་ལ། སྒྱུ་འཕྲུལ་དྲྭ་བ་སོགས་ནས་གསུངས་པ་ནི་རྣལ་འབྱོར་རྒྱུད། རྡོ་རྗེ་གུར་ལས་གསུངས་པ་ནི་བླ་མེད་རྒྱུད། ལྷ་མོ་དངོས་གྲུབ་བསྟན་གཟིགས་ཀྱི་རྒྱུད་ལས་གསུངས་པ་ནི་རྙིང་མ་ཡིན། དགོངས་གཏེར་འདི་ནི་རྙིང་མའི་རྒྱུད་དང་མཐུན་པ་ཡིན། དེ་ཡང་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ལ་བཀའ་བསྩལ་པ། ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད་པ་གཅིག་ཡོད་དོ། །དེའི་མིང་ཤེས་པ་དེའང་བཟུང་བ་དང་བཅིང་བ་དང་ཆད་པས་གཅོད་པ་དང་། མགོ་བྲེག་པ་དང་། མེར་བསྲེག་ཏུ་མེད། དགྲའི་དབང་དུ་མི་འགྲོ་གསུངས་སོ། །རྡོ་རྗེ་གུར་ལས་ཀྱང་། ཆོམ་རྐུན་མེད་ཕྱིར་མཱ་རི་ཙྱཻ། ཞེས་དང་། དངོས་གྲུབ་བསྟན་གཟིགས་ཀྱི་རྒྱུད་ལས། ཆོམ་རྐུན་འཇོམས་བྱེད་བཅུ་བཞི་མཱ་རི་ཙྱཻ། ཞེས་དང་། གཟུངས་དང་རྟོགས་པ་ལས་ཀྱང་། ཨོཾ་མཱ་རི་ཙྱཻ་སྭཱ་ཧཱ། མཆོག་གི་སྙིང་པོ་འདི་ངེས་པར་མཆོག་ཏུ་འགྲུབ་པར་འགྱུར་རོ། །རིམས་ཐམས་ཅད་མེད་པར་བྱེད་དོ། །ནད་ཐམས་ཅད་མེད་པར་བྱེད་དོ། །བཟླས་པ་དང་སྦྱིན་སྲེག་གིས་ཀྱང་འོད་ཟེར་ཅན་གྱིས་ནོར་འཕེལ་བསྐྱེད་པར་བྱེད་དོ། །ཞེས་གསུངས་སོ། །འདི་སྒྲུབ་པའི་ཚེ་རྟགས་ནི། སྦྲུལ་སྤྲེའུ་བྱི་བ་བོང་བུ་རྟ་གླང་ཆེན་མ་ཧེ་དྲེད་དང་ཁྱི་སོགས་ཕན་ཚུན་འཐབས་པ་དང་། རང་ཉིད་སྐྲག་པར་རྨིས་ན་སྔགས་ད་རུང་ཉིས་འགྱུར་བཟླ། རྒྱ་མཚོ་ལས་བརྒལ་བ་དང་། རི་བོ་ལ་གནས་པ་དང་། གཞོན་ནུ་མ་དང་འཕྲད་པར་རྨིས་པ་དང་། མར་མེའི་རྩེ་མོ་འཕེལ་ཞིང་དྲི་ཞིམ་པ་སྣ་ཚོགས་བྲོ་བ་དང་། སངས་རྒྱས་བྱང་སེམས་འོད་ཟེར་ཅན་མཐོང་བར་འགྱུར་ཏེ་འགྲུབ་རྟགས་སོ། །འོག་དང་སྟེང་དུ་ཨཱཿལས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་བར་དུ་རང་ཡོད་པར་བསྒོམ། ཡང་ཉི་ཟླ་གཉིས་ཕན་ཚུན་འདྲེས་པར་བསྒོམས་ལ། འོད་ཟེར་ཅན་བདག་ལ་སྐྱོབས་ཤིག །ཅེས་འཇིགས་པ་ཆེན་པོའི་དུས་སོ། །དབྱུག་པའི་སྟེང་རྡོ་རྗེ་རྩེ་གསུམ་འོག་རྡོ་རྗེ་རྩེ་གཅིག་པ་བྱས་པས་རྐུན་མ་སོགས་ཀྱི་གནོད་པ་བསྲུང་ཞིང་། འཇིགས་པ་ཆེ་དུས་ལག་ཏུ་ཐོགས་ལ་ཡི་གེ་དྲུག་པ་བཟླས་ན་འཇིགས་པ་ཐམས་ཅད་བསྲུང་ངོ་། །གསེར་གྱི་མདོག་གི་ཕག་གི་དབུས་སུ་རང་ལྷ་མོ་ཕྱག་དྲུག་པའམ་གཉིས་པར་བསྒོམ། ཕྱག་རྒྱ་བཅིངས་ནས་སྔགས་རིང་འདི་བཟླས་ན་དགྲའི་ནང་དུ་སོང་ཡང་བཟུང་བ་དང་བཅིང་བ་དང་ཆད་པ་གཅད་པ་དང་། མགོ་བྲེག་པ་དང་། མེས་སྲེག་ཏུ་མེད་ཅིང་དགྲའི་དབང་དུ་མི་འགྲོའོ། །སྔགས་འདི་ཡིད་ལ་བྱས་ནས་དལ་བུའི་རླུང་བཟུང་ལྕེ་ལ་སོས་བསྡམས། ལྷ་མོ་དྲན་པས་སྔགས་བཟླ་ཞིང་ཁ་མིག་ལྕེ་བསྡོམས་གོས་མཐའ་མ་སྐུད་པ་ལ་ཉེར་གཅིག་བཟླ་ཞིང་ཉེར་གཅིག་མདུད་དེ་བཏགས་ན་ནགས་ནང་གི་ལམ་ངན་དུ་ཡང་རྐུན་མའི་གནོད་པ་བསྲུང་ངོ་། །ཞེས་གསུངས། མདོར་ན་བཀའ་གསར་རྙིང་གཏེར་གསུམ་ཐམས་ཅད་ནས། དགྲ་དང་ཆོམ་རྐུན་དང་ལམ་དགྲའི་འཇིགས་པ་སྐྱོབ་པའི་མཆོག་ཏུ་གསུངས་པའི་ཕྱིར། ཐག་རིང་དུ་འགྲོ་བ་རྣམས་ལམ་དགྲའི་བར་ཆད་ཞི་བ་དང་མགོ་ཐོན་པའི་ཐབས། གཞི་བྱེས་གང་དུ་ཡང་རུང་སྟེ། དགྲ་དང་ཇག་པ་དང་རྐུན་མ་དང་རྒྱལ་པོའི་ཆད་པ་དང་མ་ཉེས་པའི་ཁ་ཡོག་དང་། ཕྱི་ནང་གི་འཁྲུག་རྩོད། མི་ཁ་བྲ་མཆུ་ལ་སོགས་པ་ཉེ་བར་འཚེ་བ་ཐམས་ཅད་ཞི་བའི་མཆོག་ཏུ་གྱུར་པ་ཡིན། འདི་ལ་ཡང་གསར་རྙིང་རིགས་མང་དུ་ཡོད་དེ། འདི་ནི་དགོངས་གཏེར་བརྒྱུད་པ་ཉེ་བས་ཤིན་ཏུ་རྣོ་བ་ཡིན། དེ་ནས་དེ་ཡི་དབང་བསྐུར་ནི། གསོལ་འདེབས་འདི་ཡི་རྗེས་ཟློས་གྱིས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷ་མོ་འོད་ཟེར་ཅན་མ་ལ། གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །གསུམ། དེ་ནས་འདི་ཡི་རྗེས་ཟློས་གྱིས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །གསུམ་མམ་རྗེས་མ་གསུམ་བྱ། ད་ཁྱེད་རང་འོད་ཟེར་ཅན་མ་སྐུ་མདོག་སེར་མོ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཕྱག་གཡས་གཡོན་གཉིས་ཁབ་དང་སྐུད་པ་འཛིན་པ། དབུ་སྐྲ་ཐོར་ཅོག་ལ་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཕག་སེར་མོའི་སྟེང་ན་རོལ་སྟབས་སུ་བཞུགས་པ། ཐུགས་ཀར་མཱཾ་སེར་པོ་གཅིག་ལ་རྩ་སྔགས་ཀྱིས་བསྐོར་བ་དེ་ལས་འོད་ཟེར་འཕྲོས་པས། རྒྱ་གར་མྱ་ངན་མེད་པའི་ཤིང་དྲུང་ནས་འོད་ཟེར་ཅན་མ་དཔག་ཏུ་མེད་པ་སྤྱན་དྲངས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས། ཧཱུྃ༔ འོད་ཟེར་ཅན་མའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་མཱ་རི་ཙྱཻ་མཱཾ་སྭཱ་ཧཱ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ རྡོ་རྗེ་མགོར་བཞག་ལ། ཏིཥྠ་བཛྲ༔ ད་བུམ་པ་འདིའི་ནང་ན་ལྷ་མོ་འོད་ཟེར་ཅན་འོད་དུ་ཞུ་བའི་བདུད་རྩིའི་ཆུས་དབང་བསྐུར་བས་བདུད་རྩིའི་རྒྱུན་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་གཞན་ལ་གནོད་འཚེ་བྱས་པའི་སྒྲིབ་པ་དག །འོད་ཟེར་ཅན་གྱི་སྐུའི་བྱིན་རླབས་ཞུགས། ལུས་གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུ་ཐོབ་པར་སྒོམས་ཤིག །བླ་མས་བུམ་པ་ཐོགས་ཏེ། ཧཱུྃ༔ ལྷ་མོ་འོད་ཟེར་ཅན་མ་ཡི༔ སྐུ་ཡི་དབང་མཆོག་བསྐུར་བའི་རྫས༔ རྣམ་རྒྱལ་བུམ་པ་བདུད་རྩིའི་མཚོ༔ ལྷ་མོ་ཉིད་དང་གཉིས་སུ་མེད༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཇིགས་པ་ཀུན་ལས་ཐར་གྱུར་ཅིག༔ དྷཱ་ཀི་མཱ་རི་ཙྱཻ་ཀཱ་ཡ་སིདྡྷི་ཧཱུྃ༔ གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །བར་དུ་གཅོད་པ་ཀུན་ལས་བསྐྱབ་མཛད་ཅིང་། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་མའི་སྐུ་ཡི་བཀྲ་ཤིས་ཤོག །འོ་དེས་ལུས་ཀྱི་སྒྲིབ་པ་དག །སྐུའི་དབང་ཐོབ། ལུས་གཞོམ་གཞིག་དང་བྲལ་བ་རྡོ་རྗེའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་ནོ། །ད་བུམ་པ་འདིའི་ནང་ན་ལྷ་མོ་འོད་ཟེར་ཅན་ཞུ་བའི་བདུད་རྩི་ཁྱེད་རང་གི་མགྲིན་པ་ནས་ཞུགས། ལུས་ཀྱི་རྩ་གནས་ཐམས་ཅད་གང་བས་རྩ་མདུད་རྣམས་གྲོལ། བདེ་སྟོང་གི་ཡེ་ཤེས་འབར་བར་སྒོམས་ཤིག །ཧཱུྃ༔ ལྷ་མོ་འོད་ཟེར་ཅན་མ་ཡི༔ གསུང་གི་དབང་མཆོག་བསྐུར་བའི་རྫས༔ རོ་མཆོག་ལྡན་པའི་ཨ་མྲྀ་ཏ༔ ལྷ་མོ་ཉིད་དང་གཉིས་སུ་མེད༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཇིགས་པ་ཀུན་ལས་ཐར་གྱུར་ཅིག༔ དྷཱ་ཀི་མཱ་རི་ཙྱཻ་ཝཱ་ཀ་སིདྡྷི་ཧཱུྃ༔ ཞེས་བུམ་པ་མགྲིན་པར་བཞག །བུམ་ཆུ་བླུད། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །བར་དུ་གཅོད་པ་ཀུན་ལས་བསྐྱབ་མཛད་ཅིང་། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་མའི་གསུང་གི་བཀྲ་ཤིས་ཤོག །འོ་དེས་ངག་གི་སྒོ་ནས་གཞན་ལ་མི་སྙན་པར་བརྗོད་པའི་སྒྲིབ་པ་དག །གསུང་གི་དབང་ཐོབ། ངག་བདེན་ཚིག་འགྲུབ་པའི་སྐལ་པ་དང་ལྡན་ནོ། །ད་གཏོར་མ་འདི་ཉིད་ལྷ་མོ་འོད་ཟེར་ཅན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག །ཧཱུྃ༔ ལྷ་མོ་འོད་ཟེར་ཅན་མ་ཡི༔ ཐུགས་ཀྱི་དབང་མཆོག་བསྐུར་བའི་རྫས༔ དཔལ་གྱི་གཏོར་མ་བརྗིད་ལྡན་འདི༔ ལྷ་མོ་ཉིད་དང་གཉིས་སུ་མེད༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འཇིགས་པ་ཀུན་ལས་ཐར་གྱུར་ཅིག༔ དྷཱ་ཀི་མཱ་རི་ཙྱཻ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་སྙིང་གར་གཏུགས། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །བར་དུ་གཅོད་པ་ཀུན་ལས་བསྐྱབ་མཛད་ཅིང་། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །འོད་ཟེར་ཅན་མའི་ཐུགས་ཀྱི་བཀྲ་ཤིས་ཤོག །དེས་སེམས་ཀྱིས་གཞན་ལ་གནོད་སེམས་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་ཐོབ། སེམས་འཇིགས་སྐྲག་དང་བྲལ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྒོམ་པར་དབང་བའི་སྐལ་པ་དང་ལྡན་ནོ། །ད་ལྷ་མོ་འོད་ཟེར་ཅན་གྱི་སྐུའི་གནས་བརྒྱད་ནས་བཀྲ་ཤིས་པའི་ལྷ་མོ་བརྒྱད་རང་རང་གི་ཕྱག་མཚན་འཛིན་པ་འཕྲོས་ནས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་གནས་བརྒྱད་ལ་ཐིམ་པས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་སྒོམས་ཤིག །བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་དཔལ་གྱི་བེ་འུ་འོད་འབར་བ། །བསྣམས་ནས་རྒྱལ་བའི་ཐུགས་ལ་མཆོད་པ་ལྟར། །ཐུགས་ལ་དཔལ་བེའུའི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་ཤྲཱི་ཝཏྶ་ཨ་བྷི་ཥཱིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་འཁོར་ལོ་འོད་འབར་བ། །བསྣམས་ནས་རྒྱལ་བའི་ཞབས་ལ་མཆོད་པ་ལྟར། །ཞབས་ལ་འཁོར་ལོའི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་ཙཀྲ་ཨ་བྷི་ཥཱཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ། །བསྣམས་ནས་རྒྱལ་བའི་ལྗགས་ལ་མཆོད་པ་ལྟར། །ལྗགས་ལ་པདྨའི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་པདྨ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་རིན་ཆེན་རྒྱལ་མཚན་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་སྐུ་ལ་མཆོད་པ་ལྟར། །སྐུ་ལ་རྒྱལ་མཚན་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །བསྣམས་ནས་རྒྱལ་བའི་དབུ་ལ་མཆོད་པ་ལྟར། །དབུ་ལ་གདུགས་ཀྱི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་ཚ་ཏྟྲཾ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་རིན་ཆེན་བུམ་པ་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་མགུལ་ལ་མཆོད་པ་ལྟར། །མགུལ་ལ་བུམ་པའི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་ཀུམ་བྷ་ཨཱ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོག་མཛད་པ། །བསྣམས་ནས་རྒྱལ་བའི་གསུང་ལ་མཆོད་པ་ལྟར། །གསུང་ལ་དུང་གི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་ཤཾ་ཁ་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ། །བསྣམས་ནས་རྒྱལ་བའི་སྤྱན་ལ་མཆོད་པ་ལྟར། །སྤྱན་ལ་ཉ་ཡི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལམ་མཏྶྱ་ཨ་བྷི་ཥིཉྩ་ཧཱུྃ། བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །སོགས། ད་གཏོར་མ་འདི་ཉིད་ལྷ་མོ་འོད་ཟེར་ཅན་མ་སྐུ་མདོག་སེར་མོ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་གཡོན་གཉིས་ཁབ་དང་སྐུད་པ་འཛིན་པ། དབུ་སྐྲ་ཐོར་ཅོག་ལ་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཕག་སེར་མོའི་སྟེང་ན་རོལ་སྟབས་སུ་བཞུགས་པ། ཐུགས་ཀར་མཱཾ་སེར་པོ་གཅིག་ལ་རྩ་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས། རྒྱ་གར་མྱ་ངན་མེད་པའི་ཤིང་དྲུང་ནས་ལྷ་མོ་འོད་ཟེར་ཅན་གྱི་སྐུ་ཆེ་ཕྲ་སྣ་ཚོགས། གསུང་སྔགས་ཀྱི་ཕྲེང་བ། ཐུགས་མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་མཱཾ་ཡིག་སེར་པོ་ཆར་བཞིན་བབས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ། མཐར་ལྷ་མོ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག །ཨཱོྃ་མཱ་རི་ཙྱཻ་འོད་ཟེར་ཅན་སློབ་མ་འདི་འཇིགས་པ་དང་སྐྲག་པ་ཐམས་ཅད་ལས་སྐྱོབས་ཤིག་སྭཱ་ཧཱ། ཨཱོྃ་མཱ་རི་ཙྱཻ་བད་ཏ་ལི། བད་ད་ལི་བ་ར་ཧི། བ་ར་ཧ་མུ་ཁི་སརྦ་དུཥྚཱཾ་པྲ་དུཥྚཱཾ་ཙཀྵུ་མུ་ཁ་བྷནྡྷ་བྷནྡྷ་སྭཱ་ཧཱ། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །བར་དུ་གཅོད་པ་ཀུན་ལས་བསྐྱབ་མཛད་ཅིང་། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་མའི་བཀྲ་ཤིས་ཤོག །འོ་དེས་དགོངས་གཏེར་ལས་བྱུང་བའི་འོད་ཟེར་ཅན་མའི་དབང་ལེགས་པར་ཐོབ་པ་ཡིན་པས་འདི་ཡི་དམ་དུ་འཛིན་པའི་མོས་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །མཎྜལ་ཕུལ། གྲྭ་སློབ་བམ་ཡོན་བདག་གལ་ཆེན་རྒྱ་དབུས་ལྷོ་བྱང་སོགས་ཐག་རིང་དུ་འགྲོ་བ། དམག་སོགས་འཇིག་སྐྲག་གི་སར་འགྲོ་བ། ཁྲིམས་ར་སོགས་སུ་འགྲོ་དུས་སམ། ཁ་ཡོག་དང་ཆད་པས་གཟིར་དོགས། གཞི་ན་འདུག་ནའང་དགྲ་ཇག་ཁ་མཆུ་སོགས་ཀྱི་འཇིགས་སྐྲག་ཆེ་བ། དེ་དག་ལ་འདིའི་དབང་བསྐུར་ནས་བསྙེན་པ་བྱེད་ན་མཆོག་ཡིན། བསྙེན་པ་ཡང་མི་ཤེས་ན་རབ་འདིའི་དབང་བརྒྱའམ་ལོ་གྲངས་སུམ་འགྱུར། འབྲིང་ལོ་གྲངས། ཐ་ནའང་བཅུ་གསུམ་ཡན་ཆད་བསྐུར། དེས་བར་ཆད་དེ་དག་ལ་ཕན་པའི་ཐབས་འདི་ལས་ཟབ་མེད་དོ། །ཞེས་དགོངས་གཏེར་རྡོ་རྗེའི་གསུང་གི་རྩ་ཆིག་དོན་གཏེར་བློན་ཀརྨ་ཨ་རཱ་གས་རྒྱས་པར་བཀྲོལ་བ་ལ། ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་དགེ་བས་མ་འོངས་སེམས་ཅན་མང་པོ་ལ་མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཆེན་པོར་གྱུར་ཅིག །ཡི་གེ་པ་ནི་བརྩོན་འགྲུས་ཀྱིས་བགྱིས་པའོ། །མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).