Terdzo-ZI-036

From Rinchen Terdzö
Revision as of 17:05, 29 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")

པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་མདོར་བསྡུས་སུ་བཤད་པ་ཨུཏྤལ་དམར་པོའི་ཕྲེང་བ་

pad+ma mkha' 'gro rig byed rtsal gyi bsnyen sgrub las gsum gyi tshul mdor bsdus su bshad pa ut+pal dmar po'i phreng ba

by  མི་ཕམ་རྒྱ་མཚོ་ (Mipam Gyatso)
revealed by  རོང་ཟོམ་ཆོས་ཀྱི་བཟང་པོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Rongzom Chökyi ZangpoJamyang Khyentse Wangpo)
in cycle  ཡང་གཏེར་པདྨ་མཁའ་འགྲོ་མ་རིག་བྱེད་རྩལ་ (Yang gter pad+ma mkha' 'gro ma rig byed rtsal)
Volume 52 (ཟི) / Pages 509-524 / Folios 1a1 to 8b6

[edit]

༄༅། །པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་མདོར་བསྡུས་སུ་བཤད་པ་ཨུཏྤལ་དམར་པོའི་ཕྲེང་བ་བཞུགས་སོ། ། གང་མཚན་ཨུཏྤལ་དམར་པོའི་ཞགས་པ་ཡིས། །སྲིད་ཞིའི་དགེ་མཚན་རང་དབང་མེད་འགུག་པ། །བླ་མ་མཆོག་དང་དབྱེར་མེད་རྗེ་བཙུན་མའི། །ཞབས་པད་བྱང་ཆེན་བར་དུ་གཙུག་ན་བསྟེན། །འདིར་རྣལ་འབྱོར་མའི་རྒྱུད་ཀྱི་མཐར་ཐུག་པདྨ་གར་དབང་མཁའ་འགྲོ་མའི་རྟོག་པ་ལས་ཕྱུང་བའི་ཁམས་གསུམ་དབང་དུ་བྱེད་པའི་མན་ངག །དུས་གསུམ་རྒྱལ་བའི་ངོ་བོ་གསུང་རྡོ་རྗེ་པདྨ་སཾ་བྷ་བའི་ཐུགས་བཅུད་རྗེ་འབངས་དྲུག་ལ་བརྩེ་བས་གདམས་པར་མཛད་པ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་པ་མཁས་ཤིང་གྲུབ་པའི་གྲགས་སྙན་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་ཅིང་འཇིགས་མེད་ཕྱོགས་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཆེན་པོ་༧རོང་ཟོམ་ཆོས་ཀྱི་བཟང་པོའི་ཟབ་གཏེར་ཉིད། སླར་ཡང་རྒྱལ་དབང་པདྨ་ཐོད་ཕྲེང་གི་རྒྱལ་ཚབ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པ་འདི་ནི། མན་ངག་གི་གནད་དང་བྱིན་རླབས་ཀྱི་ཚན་ཁ་ས་གསུམ་ན་འགྲན་ཟླ་དང་བྲལ་བ་ཡིན་པས། འདིའི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་གཏེར་ཆེན་བླ་མ་མཆོག་གི་ཞལ་གྱི་བདུད་རྩི་དངོས་སུ་ཐོབ་པའི་སྐལ་པ་བཟང་པོ་ལ་བརྟེན་ནས་དོན་གྱི་སྙིང་པོ་མདོ་ཙམ་བརྗེད་བྱང་དུ་བྱ་བ་ལ། ཐོག་མར་བསྙེན་པ། བར་དུ་སྒྲུབ་པ། མཐར་ལས་ལ་སྦྱོར་བའི་ཚུལ་བཤད་པའོ། །དང་པོ་ལ་བསྙེན་པའི་རྟེན་དང་། བསྙེན་པའི་ཐབས་གཉིས་ལས། དང་པོ་རྟེན་དམ་ཚིག་གི་བྲིས་སྐུ་འབྲི་བ་ནི། སྨད་འཚོང་མའི་འདོམས་དཀྲིས་སམ་དེའི་ལག་ནས་བྱུང་བའི་རས་ལ་བྲི་བར་བཤད་པས་རྒྱ་གར་སོགས་ཡུལ་ཆེན་པོ་ན་སྨད་འཚོང་མའི་གྲོང་ཁྱེར་ལྟ་བུར་ཞག་རེའི་བརྔན་པ་རིན་དུ་བཅད་པའི་སྨད་འཚོང་དངོས་སམ། གཞན་ཡང་དེ་དང་ཆ་འདྲ་བའི་བུད་མེད་དམ། ཡིད་དུ་འོང་བའི་གཞོན་ནུ་མ་དག་གི་འདོམས་དཀྲིས་སམ། རས་དེ་འདོམས་ལ་དཀྲིར་བཅུག་པས་ཀྱང་རུང་ལ། དེར་གཞོན་ནུ་མའི་རཀྟ་རབ་ནི་རྡོ་རྗེའི་མདའ་མ་ཕོག་པ་དང་པོར་བྱུང་བ་རྙེད་ན་རབ། མིན་ཡང་སྐྱེས་པས་མ་བསླད་ཅིང་སྐྱེ་མཆེད་གཙང་མའི་རྡུལ་ཇི་ལྟར་རྙེད་པ་དང་རྒྱ་སྐྱེགས་སྦྱར་བས་དམར་པོར་བྱས་ལ། གཞུང་ནས་བཤད་པ་སྐུ་འབྲི་བའི་རྫས་དང་བཅས་པས་ཌཱ་ཀི་ནཱིའི་སྐུ་ཆ་ཚད་དང་ལྡན་པ་རྔམས་ཤིང་མཚར་ལ་ཡིད་འཛིན་པ་ཞིག་འབྲི། འབྲི་བ་པོ་རང་ཉིད་དམ་ལྷ་གཟོ་གསོ་སྦྱོང་ལ་གནས་པས་བྱའོ། །དེར་ཡང་རྒྱུ་དང་ཚོན་སོགས་བྱིན་རླབས་སྤྱི་ལྟར་རམ། བསྡུ་ན་པདྨ་མཁའ་འགྲོའི་ང་རྒྱལ་ལ་གནས་ཤིང་རྩ་སྔགས་སོགས་བཟླས་པ་ཙམ་གྱིས་བདག་དང་རྫས་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་བྱིན་གྱིས་བརླབས་པར་བྱས་པས་འཐུས་སོ། །བྲིས་ཟིན་པ་དང་མེ་ཏོག་དམར་པོའི་ཕྲེང་བ་གདགས། རབ་ཏུ་གནས་ཤིང་མངའ་དབུལ། ཞལ་ཐང་གི་མཐའ་རྒྱན་སོགས་ཀྱང་ཁ་དོག་དམར་པོ་གཙོ་བོར་བྱ། གཞན་ལ་མི་བསྟན་པར་འཆང་བར་བྱའོ། །གཉིས་པ་བསྙེན་ཐབས་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ནི། གཞུང་ལས། སྐྱེ་མོས་ཚལ་དང་མེ་ཏོག་གི་ལྗོངས༔སོགས་ནས། མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་བོ༔ ཞེས་པའི་བར་གྱི་གསལ་ལ། གཉིས་པ་དངོས་གཞི་ལས་ལྷ་སྒོམ་པས་བསྙེན་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ནས། དེ་ནི་ལྷ་བསྒོམས་པས་བསྙེན་པ་འོ༔ ཞེས་པའི་བར་གྱིས་གསལ་བས་རྒྱས་པར་བཤད་མི་དགོས་ལ། དམིགས་པ་མ་ཡེངས་པའི་ལྷ་སྐུའི་གསལ་སྣང་ལ་གནས་པ་དང་ང་རྒྱལ་དང་དག་དྲན་བརྟན་ཞིང་། སྟངས་ཀྱི་སེམས་སེམས་ཅན་ལ་རྗེས་སུ་ཆགས་ཤིང་བདེ་བ་ཆེན་པོའི་ཉམས་ཧུར་ཕྱུངས་ལ། གཙོ་བོའི་སེམས་བདེ་སྟོང་དབྱེར་མེད་མཉམ་པ་ཉིད་ཀྱི་ལྟ་བས་ཟིན་པར་བྱ་བ་ཀུན་ཏུ་གལ་ཆེའོ། །གཉིས་པ་སྔགས་ཟླ་བས་བསྙེན་པ་ནི། དེ་ནས་སྔགས་བཟླ་བ་ནི༔ ཞེས་པ་ནས། དེ་ནི་སྔགས་བཟླས་པས་བསྙེན་པ་འོ༔ ཞེས་པའི་བར་གྱིས་གསལ་བ་ལྟར། དམིགས་རྣམ་གསལ་བའི་སྒོ་ནས་སྔགས་ཀྱི་སྒྲ་སྐྱོན་དང་བྲལ་བར་བཟླ་འོ། །གསུམ་པ་རྗེས་ནི། ཐུན་ཐམས་ཅད་ཀྱི་མཐར་སོགས་ནས། སྨོན་ལམ་དང་བཀྲ་ཤིས་བྱ་འོ༔ ཞེས་པའི་བར་ལྟར་ཉམས་སུ་བླང་ངོ་། །དེ་ཡང་བསྙེན་པ་མ་ཐེམ་པའི་སྐྱོན་དང་ཐེམས་པའི་ཡོན་ཏན་ཤེས་པའི་སྒོ་ནས་སྤྲོ་བ་དྲགས་པོས་བསྙེན་པ་ཉིད་ཇི་ལྟར་ཡིན་པའི་གོ་དོན་ཕྱིན་ཅི་མ་ལོག་པར་བྱས་ནས། ཡེ་ཤེས་ལྷའི་ཐུགས་ཉེ་བར་གྱུར་པའི་མཚན་མ་མཐོང་གི་བར་དུ་བརྩོན་པ་མི་ལྷོད་པར་བྱའོ།། ༈ །།གཉིས་པ་བར་དུ་སྒྲུབ་པ་ལ། སྒྲུབ་པའི་རྟེན་བཅའ་བ་དང་། སྒྲུབ་པའི་ཐབས་རྗེས་རིམ་བཅས་གཉིས་ལས། དང་པོ་ནི། སྒྲུབ་པའི་རྟེན་བཅའ་བ་ནི༔ ཞེས་པ་ནས། རབ་ཏུ་གནས་ལ་ཐོད་པར་བླུག་གོ༔ ཞེས་པའི་བར་གྱིས་གསལ་ལ། སྲོག་འཁོར་མུ་ཁྱུད་བདུན་བསྐོར་བའི་ལྟེ་བ་སོར་བཞི་ཙམ་ལ་གཙོ་མོའི་སྐུ་གཞུང་གི་མངོན་རྟོགས་དང་མཐུན་པར་བྲི། དེའི་གོང་རས་མུ་ཁྱུད་དང་པོ་ལ་བསྙེན་པའི་སྔགས། ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཞེས་པའི་འབྲུ་བཅུ་གསུམ་པ་འདི་གཙོ་མོའི་དབུ་ཡི་སྟེང་དུ་ཨོཾ་ནས་བརྩམ་སྟེ་གཡོན་སྐོར་ཡིག་ངོ་ནང་བསྟན་དུ་བྲི། ཚར་གཅིག་གམ་མུ་ཁྱུད་དང་བསྟུན་ཏེ་ཚར་ཅི་ཤོང་བྲིས་ཀྱང་རུང་ངོ་། །མུ་ཁྱུད་གཉིས་པར་ཕྱོགས་བཞིར་པདྨ་འདབ་མ་བཞིར་བྱས་ལ། སྐུའི་མདུན་ཕྱོགས་ཤར་དུ་བྱས་ནས་རིམ་བཞིན་གཡས་སྐོར་གྱིས། ཧ་བཛྲ་ཌཱ་ཀི་ནཱི་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོ༔ ལྷོར། རི་རཏྣ་སོགས་དེ་བཞིན་འགྲེའོ། །མཆན་བཞི་པོར། སརྦ་ཌཱ་ཀི་ནཱི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ཞེས་ཚར་བཞི་བྲི། མུ་ཁྱུད་གསུམ་པར་སྒྲུབ་སྔགས་དང་ལས་སྔགས་འདོད་གསོལ་བྲི་བར་གསུངས་པས། སྒྲུབ་སྔགས་ནི། ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧ་རི་ནི་ས་སརྦ་སིདྡྷི་ལོ་ཀ་བཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ཞེས་དང་། ལས་སྔགས་དངོས་ཆེ་གེ་མོ་ཙཱ་ལ་ཡ་སོགས་ཡིན་ཡང་དགུག་སྔགས་ཀྱང་བྲིས་ན་ལེགས་པར་གསུངས་པས། གོང་གི་སྒྲུབ་སྔགས་ཀྱི་རྗེས་སུ། སརྦ་ལོ་ཀ་ཙིཏྟ་རཾ་ཙཱ་ལ་ཡ་ཙཱ་ལ་ཡ༔ ཡཾ་ཨཱ་ཀརྵཱ་ཡ་ཨཱ་ཀརྵཱ་ཡ༔ བཾ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ ཧྲཱིཿཛཿཧཱུྃ་བཾ་ཧོ༔ སརྦ་ལོ་ཀ་ཙཱ་ལ་ཡ་ཙཱ་ལ་ཡ༔ ཧྲྀ་ད་ཡ་ཧྲྀ་ད་ཡ༔ ཨཱ་ཀརྵཱ་ཡ་ཨཱ་ཀརྵཱ་ཡ༔ བྷནྡྷ་ཡ་བྷནྡྷ་ཡ༔ བཱ་ཤཾ་མ་ན་ཡ་བཱ་ཤཾ་མ་ན་ཡ༔ སཉྩ་ཡ་སཉྩ་ཡ༔ མ་ད་ན་ཡ་མ་ད་ན་ཡ༔ སརྦ་ཀརྨ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་པའི་མཐར་འདོད་གསོལ་རྒྱས་བསྡུས་རང་གིས་ཇི་ལྟར་འདོད་པ་བྲི། དེ་ཡང་ཕྲེང་གཅིག་ལ་ཤོང་ན་དེ་དང་མ་ཤོང་ན་ཕྲེང་གཉིས་སོགས་ཅི་བདེ་བྱ། ཡི་གེའི་དབུ་དང་བསྐོར་ཕྱོགས་ནང་གི་བསྙེན་སྔགས་དང་འདྲ། སྔགས་ཐམས་ཅད་ཚེག་མེད་པ་དང་ཆད་ལྷག་མེད་པ་བྱ་ཞིང་ཕྲེང་གཉིས་སོགས་དགོས་ཚེ་སྔགས་མཇུག་ནང་དུ་འོང་ཞིང་ཐོག་མཐའ་འགྲིག་ངེས་ཀྱི་གོ་མཚམས་ཇི་འོས་བློ་ཡིས་དཔྱད། འདོད་གསོལ་བསྡུ་ན། འདི་འཆང་བ་པོ་ལ་ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་འཁོར་འདས་ལམ་གསུམ་གྱི་དཔལ་ཡོན་ལེགས་ཚོགས་དགེ་མཚན་སྙན་གྲགས། ཟས་ནོར་ལོངས་སྤྱོད་སྟོབས་དཔལ་ནུས་པ་བདེ་སྐྱིད་ཆོས་གསུམ་ཚེ་བསོད་གཟི་བརྗིད་ལུང་དང་རྟོགས་པའི་ཡོན་ཏན་ལ་སོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་དང་ཇི་ལྟར་འདོད་པའི་དོན་ཐམས་ཅད་ཡིད་བཞིན་ཐོགས་པ་མེད་པར་དབང་དུ་བྱེད་པའི་དངོས་གྲུབ་དམ་པ་བསྩལ་དུ་གསོལ། ཞེས་སོགས་དང་དེ་ལས་བསྡུ་ནའང་རང་བློས་དཔྱད་པར་བྱའོ། །མུ་ཁྱུད་བཞི་པར་དབྱངས་གསལ་རྟེན་སྙིང་གི་མཐར། ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་དང་། འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་བཅས་ཚར་གཅིག་གམ་གཉིས་མུ་ཁྱུད་དང་འཚམ་པར་གང་བདེ་བྲི། མུ་ཁྱུད་ལྔ་པར། ཡུ་བ་དང་རྩེ་མོ་བཅས་པདྨ་དམར་པོ་ལས་བྱས་པའི་ལྕགས་ཀྱུ་རྩེ་མོ་ནང་དུ་བསྟན་ནས་གཡོན་སྐོར་དུ་བྲི། དྲུག་པར་རྡོ་རྗེའི་ར་བ། བདུན་པར་མེ་རི་འོད་ཟེར་འཁྱིལ་བ་གཡས་སུ་བསྐོར་བ་བྲི། འདིར་ཡིག་མགོ་ཐམས་ཅད་ཕྱིར་བསྟན་ཡིག་ངོ་ནང་དུ་བསྟན་པའི་གཡས་སྐོར་ཤ་སྟག་ཡིན་ཞིང་། དབྱངས་གསལ་གྱི་མགོ་འཛིན་པ་ཡང་སྒྲུབ་སྔགས་དང་འདྲའོ། །དེ་ལ་དབང་གི་རིལ་བུས་བྱུགས་ཤིང་སྦྱོང་ཁྲུས་བགེགས་བསྐྲད་སོགས་སྔོན་དུ་འགྲོ་བས་རབ་གནས་ལེགས་པར་བྱས་ལ་ལྟེ་བ་མ་ཉམས་པར་བལྟབས་ཏེ་ཟ་འོག་དམར་པོས་དྲིལ་བར་བྱའོ། །དངོས་གྲུབ་ཀྱི་འཁོར་ལོ་ནི། མུ་ཁྱུད་ལྔ་པའི་ལྟེ་བར་ཧྲཱིཿམཐར་བསྙེན་སྔགས་ཤམ་བུར། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་རཏྣ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ཞེས་བསྐོར། འདིའི་དབུ་འཛིན་པ་ཧྲཱིཿཡིག་གི་མདུན་ནས་གཡས་སྐོར་བྱ། ཁ་ཅིག་གིས་ནང་གི་ས་བོན་གྱི་དབུ་ནས་བསྐོར་བའི་ཕྱག་སྲོལ་འདུག་པས་ལྟེ་བར་ལྷ་སྐུ་ཅན་ལ་དེ་ལྟར་དང་། ས་བོན་ལ་སྔགས་ཕྲེང་བཀོད་ལུགས་ལྟར་ཡོངས་གྲགས་བཞེད་པས་འདིར་ཡང་དེ་ལྟར་བྱ། མུ་ཁྱུད་གཉིས་པར། ཧཿསརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་རཏྣ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ རིཿསརྦ་སིདྡྷི་སོགས་དེའིི་རིགས་འགྲེ་ཕྲེང་གཅིག་གིས་འཁོར་བར་བྱ། མུ་ཁྱུད་གསུམ་པར། སྒྲུབ་སྔགས་དང་དབྱངས་གསལ་རྟེན་སྙིང་མཐར། སརྦ་སིདྡྷི་སོགས་གོང་གི་ཤམ་བུ་དང་འདོད་གསོལ་ཅི་རིགས་བྲི། བཞི་པར་རྡོ་རྗེའི་ཕྲེང་བ། ལྔ་པར་ནོར་བུ་འོད་ཟེར་དང་བཅས་པས་བསྐོར། དབང་དང་དཔལ་ཅན་དངོས་གྲུབ་ཀྱི་རྫས་བྱུག །སྦྱོང་ཁྲུས་དང་རབ་གནས་བྱས་ལ་དར་སེར་པོས་དྲིལ་ལོ། །དབང་གི་རིལ་བུའི་རྫས་ནི་གཞུང་གིས་གསལ། བླ་མ་ཡབ་ཡུམ་གྱི་བྱང་སེམས་དངོས་མ་རྙེད་ན་གུ་རུ་ཡབ་ཡུམ་གྱི་བྱང་སེམས་ཕབས་གཏར་ལྡན་པ་དང་སྨན་སྒྲུབ་སོགས་བཏབ་པས་འཐུས། གཉིས་པ་སྒྲུབ་པའི་ཐབས་ལ། བདག་གི་རྣལ་འབྱོར་ལ་གནས་པའི་བཟླས་པ་ཅི་རིགས་དང་མཆོད་བསྟོད་བྱས་ནས། མདུན་གྱི་རྟེན་རྣམས་ལ་དམིགས་ཏེ། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྦྱང་། སྟོང་པའི་དབྱིངས་ལས་སོགས། བདག་བསྐྱེད་ཀྱི་སྐབས་ནས་འབྱུང་བ་ལྟར་གནས་གསུམ་བྱིན་གྱིས་བརླབས་ལ་ཡེ་ཤེས་པ་བསྟིམས། དབང་བསྐུར་ཞིང་རྒྱས་གདབ་པའི་བར་བྱས་ལ། བཞུགས་གསོལ་ནི། ཧྲཱི༔ དབང་གི་ཕོ་བྲང་འོད་འབར་དབུས༔སོགས། སྒྲུབ་པའི་གཞུང་ནས་བསྟན་པ་ལྟར་བཟླས་པའི་བར་དུ་བྱ། ཐུན་མཐར་རྗེས་རིམ་གཏོར་མ་འབུལ་བ་དང་། མཆོད་བསྟོད་མཎྜལ་སོགས་བྱས་ལ་བསྡུ་ལྡང་སོགས་ཆོ་གའི་གཞུང་ལྟར་བྱ། ཚོགས་ཀྱི་མཆོད་པ་བྱེད་ན་ཟུར་དུ་བཀོལ་བ་ལྟར་ཤེས་པར་བྱའོ། །དེ་ལྟར་བརྩོན་པས་དངོས་གྲུབ་ཀྱི་རྟགས་གཞུང་ནས་བཤད་པ་ལྟར་རྫོགས་པ་ན་དངོས་གྲུབ་ལེན་ཞིང་རྫས་རྣམས་དངོས་གྲུབ་ཀྱི་རྟེན་དུ་འཆང་བ་སོགས་གཞུང་ན་གསལ་ལོ། །དེ་ཡང་སྒྲུབ་པ་ཐེམས་པའི་ཡོན་ཏན། མ་ཐེམ་པའི་སྐྱོན། སྒྲུབ་པའི་ཚུལ་ཇི་ལྟར་ཡིན་པའི་གནད་ཁོང་དུ་ཆུད་པའི་སྒོ་ནས་དུས་གྲངས་རྟགས་ཀྱི་བཟླས་པ་ཚད་དུ་འཁྱོལ་བར་བྱའོ།། ༈ །།གསུམ་པ་མཐར་ལས་སྦྱོར་ལ། གཙོ་བོ་དབང་གི་ལས་དང་། ལས་སྣ་ཚོགས་སྒྲུབ་པ་གཉིས་ལས། དང་པོ་ལའང་ཕལ་བ་དང་མཆོག་གཉིས་ལས། དང་པོ་ལས་སྦྱོར་གྱི་རྟེན་བཅའ་བ་ནི་གཞུང་ན་གསལ། བསྒྲུབ་བྱའི་གཟུགས་ལིང་རྣམས་ཆགས་ཤིང་སྐྲ་གྲོལ་བ་ཡིད་དུ་འོང་བར་བྱ་བ་ལས་དྲག་པོའི་ལིངྒ་ལྟར་ཉམ་ཐག་པ་མི་རུང་ངོ་། །དེའི་ཁོག་ཏུ་གཞུག་པའི་འཁོར་ལོ་ནི། ལྟེ་བ་དང་བཅས་པའི་མུ་ཁྱུད་གཉིས་པ་ཅན་གྱི་ལྟེ་བར་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཧྲཱི༔ འདབ་མ་བརྒྱད་ལ་ནྲྀ་བརྒྱད། གོང་རས་མུ་ཁྱུད་དང་པོ་ལ་དམིགས་བྱའི་མིང་རུས་མཐར། ནྲྀ་ཨཱ་ཀརྵཱ་ཡ་ཛཿབཱ་ཤཾ་མ་ན་ཡ་ཧོ༔དང་། མུ་ཁྱུད་ཕྱི་མར་བསྙེན་སྒྲུབ་ལས་སྔགས་སྦྲེལ་མར་བྲི། སྲོག་འཁོར་གྱི་སྐབས་སརྦ་ལོ་ཀ་ཞེས་པའི་ཚབ་ཏུ་དམིགས་བྱའི་མིང་བྲི། དེ་གཟུགས་ཀྱི་སྙིང་གར་བཅུག །ཟངས་ཁབ་སོར་བཞི་པའི་རྩེ་ལ་པདྨ་རཀྟས་བྱུག །དེ་ཕོའི་སྙིང་ག་དང་མོའི་གསང་གནས་སུ་གཟུག །ཁབ་མིག་ནས་སྲད་བུ་དམར་པོ་དྲངས་ཏེ་བྲིས་སྐུའི་ཕྱག་གི་མདེ་འུའི་ཐད་དུ་གདགས་པར་བྱའོ། །ལས་སྦྱོར་དངོས་ལ། མདུན་རྟེན་གྱིས་ལས་ལ་སྦྱར་བ། སྦྱིན་སྲེག་གིས་ལས་ལ་སྦྱར་བ། ཏིང་ངེ་འཛིན་ཁོ་ནས་ལས་ལ་སྦྱར་བ་གསུམ་ལས། དང་པོ་ནི། མདུན་རྟེན་དམིགས་བྱ་དངོས་སུ་གསལ་ཞིང་ཡེ་ཤེས་ཀྱི་ལྷ་རྣམས་ཐུགས་དམ་བསྐུལ་བའི་སྒོ་ནས་དགུག་པ་སྔོན་དུ་འགྲོ་བའི་ལས་སྦྱོར་གྱི་གཞི་བཅའ་བ་དང་། ལས་སྦྱོར་བརྟན་པར་བྱ་བ་དངོས་ཀྱི་དམིགས་པ་བཅས་ལས་སྔགས་ལ་གྲངས་གཟུང་སྟེ་རྟགས་མ་མཐོང་བར་བརྩོན་པ་བསྐྱེད་པར་བྱའོ། །གཉིས་པ་སྦྱིན་སྲེག་གི་ལས་སྦྱོར་ནི་གཞུང་དུ་གསལ་ལ། སྦྱིན་སྲེག་ལ་བརྟེན་ནས་ལས་དམིགས་བསལ་ཏེ་བསྒྲུབ་པ་མིན་ནའང་། དབང་གི་ལས་ལ་འོས་པའི་ས་སྣ་ལས་བསྐྲུན་པའི་མེ་ཐབ་ཟླ་གམ་ཚད་ལྡན་མཁྱིད་གང་བ་སོགས་འདུ་བྱས་ལ་ཐུན་མཐར་སྦྱིན་སྲེག་བྱས་ན་ལས་མྱུར་བས། ལས་སྦྱོར་གྱི་སྐབས་སུ་གཅེས་པ་ཡིན་པས་ཕྱག་ལེན་བླ་མ་དམ་པའི་ཞལ་ཁྲིད་ལས་ཤེས་པར་བྱའོ། །གསུམ་པ་ཏིང་འཛིན་གྱི་དབང་སྡུད་འདི་ནི་རྒྱུན་གྱི་ཉམས་ལེན་གྱི་སྐབས་སྐབས་སུའང་ཅི་རིགས་པར་བྱས་ན་དབང་གི་ལས་ལ་ཟབ་པར་བསྔགས་ཤིང་བསྙེན་སྒྲུབ་ཚད་དུ་ལོངས་པ་རྣམས་ཀྱིས་དེ་ཁོ་ནས་དོན་འགྲུབ་པར་འགྱུར་རོ། །གཞན་ཡང་དབང་གི་ལས་གློ་བུར་དུ་སྒྲུབ་པ་རྣམས་ནི་གཞུང་ཉིད་ན་གསལ་ལོ། །མཆོག་གི་ལས་སྦྱོར་ནི། དབང་བཞི་དང་འབྲེལ་བའི་ལམ་གྱིས་རྡོ་རྗེ་བཞིའི་ཡེ་ཤེས་དབང་དུ་བྱེད་པའི་གནད་ཁྱད་པར་ཅན་ཏེ་གཞུང་ཉིད་ན་གསལ་ཞིང་། བླ་མའི་ཞལ་ཁྲིད་དང་བྱིན་རླབས་འཕོ་བའི་གནད་དང་ལྡན་པས་བསྒོམས་ན་ཟུང་འཇུག་གི་སྐུ་སྒྲུབ་པའི་མན་ངག་ཁྱད་པར་ཅན་ཡིན་ཞིང་། ཅུང་ཟད་རེ་བསྒོམས་པར་བྱས་ནའང་ཐུན་མོང་གི་ལས་སྦྱོར་ལ་རང་བྱན་ཚུད་པའི་གནད་ཁྱད་པར་ཅན་ཡོད་པས། མཁོ་འདོད་ཀྱི་ཨུ་ཚུགས་ཁོ་ནས་འདོད་སྲེད་མེ་ལྟར་འབར་བའི་དབང་སྡུད་ལ་རེ་བ་མི་བཅའ་བར། རང་སེམས་དབང་དུ་བསྡུ་བའི་གནད་འདི་ལྟ་བུ་ལ་མྱོང་བ་ཅུང་ཟད་རེ་ཐོན་པར་བྱ་བ་ནི་དབང་སྡུད་མཁན་པོ་རྣམས་ཀྱི་བྱ་བ་གལ་པོ་ཆེ་ཡིན་ཞིང་། རང་འདོད་ནག་ཆང་དོན་གཉེར་གྱི་ཀུན་སློང་གཙོ་བོར་མི་བྱ་བར་བསྟན་འགྲོ་ལ་སྨན་པའི་ཀུན་སློང་དང་ལྡན་ན། ལས་ཀུན་གྱི་མཆོག་ནི་དབང་གི་ལས་ཡིན་ཏེ། གནོད་པ་མེད་པར་ལས་གཞན་གྱི་འབྲས་བུའང་འདིའི་ཞར་ལ་འགྲུབ་ནུས་པའི་ཕྱིར་རོ། །དེ་ལྟར་ལས་ལ་སྦྱར་པ་དང་མ་སྦྱར་བའི་ཡོན་ཏན་དང་སྐྱོན་ཤེས་ཤིང་། ལས་ཀྱི་སྦྱོར་བའི་ཚུལ་ལ་མ་རྨོངས་ཤིང་བརྩོན་འགྲུས་ལྷོད་པ་མེད་པས་ལས་ཀྱི་འབྲས་བུ་མངོན་དུ་མཐོང་བའི་རིག་སྔགས་ཀྱི་དགའ་སྟོན་ཉམས་སུ་མྱང་བར་བྱ་སྟེ། ཐོག་མར་དབང་དུ་འགྱུར་རུང་གི་ཕལ་བ་ལྟ་བུ་ཞིག་ལ་དངོས་གྲུབ་ལེན་པའི་ཚུལ་དུ་ལས་ལ་སྦྱར་ནས་རྟེན་འབྲེལ་གྱི་སོ་ཁ་མ་ལོག་པར་བྱས་ན་ཕྱིན་ཆད་བརྩམས་པའི་ལས་ཀུན་བདེ་བླག་ཏུ་འགྲུབ་པའི་གནད་ཡོད་པ་དང་། ནམ་མཁོ་བའི་དུས་སུ་རལ་གྲི་ཕྱུང་རྡེག་གི་དཔེ་བཞིན་འགྲུབ་ངེས་ཀྱི་གདིང་ཚོད་དང་ལྡན་པར་བྱ་སྟེ། གཞན་དུ་གནད་མེད་སྟོང་སྐད་ཀྱིས་དགོས་དུས་ཕན་དཀའ་བས་ཐོག་མར་རང་ཉམས་རང་གིས་ཆོད་པའི་གདིང་དང་ལྡན་པར་བྱའོ། །གཉིས་པ་ལས་སྣ་ཚོགས་ལ། ཤེས་རབ་འཕེལ་བ་དང་དུག་ཞི་བ། བསོད་ནམས་རྒྱས་པ། ཚེ་སྒྲུབ་པ། ཆར་དབབ་པ། ཡུལ་འཁོར་སྲུང་བ། གདོན་བགེགས་ཚར་གཅད་པ། ནད་ཞི་བ། སྲིད་སྤེལ་བ། ཡིད་འཕྲོག་པ། གཞན་གྱི་རིག་སྔགས་གཅོད་པ། ཐུན་མོང་གི་གྲུབ་པ་བརྒྱད་སྒྲུབ་པ་རྣམས་ནི་གཞུང་གིས་གསལ། འདིར་རིག་བྱེད་མ་ལ་བསྟེན་པའི་ཚེ་སྒྲུབ་ནི་ཤིན་ཏུ་ཟབ་པར་ཡོངས་སུ་གྲགས་ཤིང་། ཁྱད་པར་མན་ངག་གི་གཞུང་འདི་ཉེ་བརྒྱུད་བྱིན་རླབས་ཀྱི་ཚན་ཁ་ཆེ་བས་གཞུང་གི་བསྙེན་སྒྲུབ་གཏོང་བ་རྣམས་ཀྱིས་ཚེ་སྒྲུབ་རེ་བྱས་ན་ངེས་པར་ལེགས་ཤིང་། དེའི་དམིགས་བཟླས་རྫས་རྣམས་གཞུང་གིས་གསལ་ཞིང་འདོན་ཆ་ཟུར་དུ་ཤེས་པར་བྱའོ། །གདོན་སྲུང་གི་རྫས་ལ། བྱི་ཀུ་དམར་པོ་སྒོག་པ་ཤུན་པ་དམར་པོ་ཅན་ནོ། །སྔོ་འཆིང་བྱེད་དམར་པོ་ནི་འཆི་མེད་མཛོད་འགྲེལ་སོགས་སུ་བཤད་པའི་ཡིད་འཕྲོག་གི་རྫས་དེ་ཡིན་ཡང་བོད་དུ་འབྱོར་དཀའ། བོད་ཕྱོགས་གནས་ཆེན་རྣམས་སུ་སྔོ་དོན་ཡོད་ཞགས་པ་ཟེར་བ་ཞིག་ཡོད་སྐད་བཤད་ཀྱང་ལག་ལྡུམ་འཕྲོད་མཁན་དཀོན། དེའི་ཚབ་ཏུ་ལྕགས་ཀྱུ་ཅན་གྱི་མེ་ཏོག་གང་རུང་ལས་འོས་མེད་གསུངས། ཨུ་ལཱུ་ཀའིི་ཚིལ་ནི་འུག་པའི་ཚིལ་ལོ། །གྲྀ་ཌྷའི་མར་ནི་བྱ་རྒོད་ཀྱི་རྐང་ངམ་ཚིལ། པདྨ་ཧསྟའི་ལྷྭམ་ཞེས་པ་རྒྱ་གར་དུ་ཤིང་པདྨའི་ལག་པ་ཞེས་པའི་བར་ཤུན་གྱིས་མཆིལ་ལྷྭམ་བཟོས་པ་ཡིན། དེ་བོད་དུ་འབྱོར་དཀའ་བས་མཛོ་མོ་ཤིང་གི་བར་ཤུན་གྱིས་ཆོག་སྐད་འདུག་གསུངས་སོ། །རྨིགས་པ་ནི་བྱེ་མ་མྱུ་གུའོ། །དཔལ་གྱི་སྒོ་ཞེས་པ་ས་འོག་གི་བུག་པའི་མིང་སྟེ་དེར་འཇུག་ནུས་ན་ལྷ་མིན་དང་གནོད་སྦྱིན་གྱི་བུ་མོ་སོགས་ཀྱིས་བཅུད་ཀྱི་ལེན་དང་གཏེར་སྦྱིན་པར་བྱེད་པའི་ཕྱིར་རོ། ཁྭ་ཏའི་ཚང་ཤིང་མཚན་མ་དང་བཅས་པ་ཞེས་པ་ཚང་ཤིང་རྣམས་མ་གོད་པར་རེ་རེ་ནས་ཆུ་ལ་བསྐུར་ན་ཤིང་གཅིག་ཆུས་གྱེན་དུ་ཁྱེར་བའི་མཚན་མ་ཅན་དེ་སྒྲིབ་ཤིང་ཡིན་པར་བཤད་དོ། །དངུལ་ཆུ་དང་མུ་ཟི་འདྲེས་པར་སྦྱར། བྷྲིངྒ་རཱ་ཛ་དངོས་རྒྱ་གར་སོགས་ནས་འབྱུང་བ་བཅུད་ཆེན་པོར་བྱེད་པ་དེ་ཡིན་ལ་ཚབ་ར་མཉེའི་རུང་། མིག་སྨན་སྒྲུབ་པའི་རྫས་ནི་གོང་གི་མིག་སྨན་གྱི་སྐབས་ཀྱི་དེ་ཡིན་ནོ། །པདྨ་ཅན་ནི་བུད་མེད་རིགས་ལྔའི་ནང་ཚན་གྱི་པདྨ་ཅན་ཏེ་བརྟག་ཐབས་སོགས་གཞན་ན་གསལ་བ་བཞིན་ནོ། །དེའི་དང་པོའི་རྡུལ་ནི་ཐོག་མར་བབ་པའི་པདྨ་རཀྟའོ། །སྐྱེ་བ་བདུན་པ་ནི་མི་ནས་མིར་ལན་བདུན་སྐྱེས་པ་སྟེ། དེའི་བརྟག་ཐབས་རྒྱུད་རྣམས་སུ་གསལ་ཞིང་གནམ་སྟོང་གི་དུས་སུ་ཚིལ་ཆེན་གྱི་མེ་སྦར་ལ་བྱ་རྒོད་ཀྱི་རྐང་སྦུབས་ནས་བལྟས་པས་གྲིབ་མ་བདུན་འཆར་བ་དེའི་ལུས་ཀྱི་གནས་གང་རུང་དུ་གི་ཝཾ་ལྟར་ཆགས་པ་ནི་རོ་ཙ་ན་སྟེ་དེ་རྙེད་ན་མཁའ་སྤྱོད་ཀྱི་རྫས་མཆོག་ཡིན་ནོ། །མ་རྙེད་ན་སྐྱེ་བ་བདུན་པའི་ཀླད་པ་སོགས་ཀྱིས་ཚབ་རུང་ཙམ་བཤད། ཡུལ་དག་པའི་ཤ་ལྔ་ཞེས་པ་མི་རྟ་ཁྱི་བྱ་གླང་པོ་ལྔའི་ཤ་སྡིག་མེད་དུ་རྙེད་པའོ། །བདུད་རྩི་ལྔ་ཡོངས་གྲགས། རིལ་བུ་དེ་དག་ནང་དུ་གསེར་གྱིས་དྲིལ། ཕྱི་ནས་དངུལ། དེའི་ཕྱི་ནས་ཟངས་ཀྱི་སྒྲོམ་བྱས་པའོ། །རྫས་འདི་དག་གྲུབ་པའི་མཚན་མ་གསུམ་ནི། ཐ་མ་དྲོ་བ་དང་། འབྲིང་དུ་བ་འཐུལ་བ། རབ་མེ་འབར་བའོ། །དབང་གི་བདུག་རྫས་བསྡུ་ཐབས་རྒྱས་བསྡུས་སྣ་ཚོགས་འདུག་རུང་། དོན་དུ་དབང་གི་རྫས་དང་སྤོས་སྦྱོར་བསྲེས་པས་འཐུས། དེ་ཡང་རྒྱས་བསྡུས་འཚམ་པའི་དབང་དུ་བྱས་ན། པདྨ་རཱ་ག་དངོས་སམ་མ་འབྱོར་ན་ནལ་སྨུག་དང་། དེའང་མ་འཛོམ་ན་རྡོ་པདྨ་རཱ་ག །ཟངས་ཕྱེ་མཚོན་ཙམ། རྡོ་སྤོས། དྲིའི་རྫས་ནཱ་གི །གླ་རྩི། ཁ་ཆེ། གུར་གུམ་རྣམས་ཅི་འབྱོར། ཤིང་ཚ། ག་པུར། ཁྱད་པར་གྱི་རྫས་ཙནྡན་དམར་པོ། གླང་སྣ་དང་ལུག་རུ་དམར་པོ་ལྟ་བུའི་ལྕགས་ཀྱུ་ཅན་གྱི་མེ་ཏོག །ཨུག་ཆོས་དམར་པོ། ལ་ཕུག་དམར་པོ། ལན་ཚྭ་དམར་པོ་ཕྲན་བུ། ཤུ་དག་ནག་པོ། ཏོང་ཀུ་འདི་རྣམས་ཕྱེ་མར་བྱས་ཏེ་ཆང་ལ་པདྨ་རཀྟ་བཏབ་པས་སྦོལ། བྱང་སེམས་མཚོན་བྱེད་ཆོས་སྨན་བཏབ། དབང་ལག་གི་དམ་བཅས་རེང་བུའམ། རིལ་བུ། ཕུར་མ་གང་བདེར་བྱའོ་ཞེས་བླ་མའི་ཞལ་ནས་གསུངས་སོ། །འདིར་སྨྲས་པ། ཁྲོས་པའི་ཁྲོ་གཉེར་དང་བཅས་དཔུང་གི་ཚོགས། །དུས་ཀྱི་སྤྲིན་ལྟར་བསྡུས་ཀྱང་གདུལ་དཀའ་བའི། །ཆེ་བའི་རྒྱལ་ཐབས་མཐོན་པོར་འཛེགས་རྣམས་ཀྱང་། །རིག་སྔགས་ཨུཏྤལ་མདེ་འུས་སྙིང་རྨས་ནས། ཁེངས་པ་སྤངས་པས་སོར་བཅུའི་འདབ་མ་དག །ཞབས་སེན་ཟླ་བའི་དྲུང་དུ་ཟུམ་བྱེད་པའི། །ཐབས་འདི་མི་ཤེས་གྱི་ནའི་ཐབས་གཞན་གང་། །ཚོལ་བ་དེ་དག་བློ་མིག་ལྡན་ནམ་ཅི། །རྡོ་རྗེ་འཆང་གིས་རྗེས་སུ་གནང་བ་ཡི། །ཐབས་ཚུལ་འདི་འདྲར་སྨོད་པའི་ཟོལ་འཛིན་ཀྱང་། །འདོད་ཡོན་འདོད་པའི་འདོད་སྲེད་མེ་འབར་བ། །འདོད་ལྡན་ངོ་ཚ་མེད་རྣམས་སྨྲ་བ་སྐྱུངས། །ཆོས་ཉིད་ཀུན་གསལ་ལམ་དུ་སྙིང་རྗེའི་སྤྲིན། །མཐོན་མཐིང་ནོར་བུའི་རི་དབང་ལྟར་བཀྲམ་པར། །རིག་སྔགས་གློག་དམར་མཛེས་པའི་ཕྲེང་བ་འདི། །སྲིད་འདིར་ཡང་ནས་ཡང་དུ་རྩེན་པར་འདོད། །རྗེས་ཆགས་དགའ་བའི་འདབ་ལྡན་ཨུཏྤལ་མིག །འཛུམ་བཅས་སྙིང་རྗེའི་ཡུལ་ལ་རྟག་འཇུག་པ། །བདེ་ཆེན་ཆགས་པའི་བརྟུལ་ཞུགས་རྨད་བྱུང་འདིས། །གདུལ་དཀའི་འགྲོ་ཀུན་རྗེས་སུ་འཛིན་གྱུར་ཅིག །ཅེས་པའང་གངས་ཅན་ན་འགྲན་ཟླ་དང་བྲལ་བའི་མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་ཚུལ་འདིའི་སྨིན་གྲོལ་ལེགས་པར་ནོས་ཤིང་། འདི་ལྟ་བུ་བྲིས་ཤིག་པའི་གསུང་གི་རྗེས་སུ་གནང་བ་ལ་བརྟེན་ནས་བདག་མི་ཕམ་རྣམ་པར་རྒྱལ་བའམ་པདྨ་བཞད་པ་རྩལ་གྱིས་རྒྱལ་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུ་ལ་གྲུབ་པར་བགྱིས་པ་འདིས། མཐའ་ཡས་པའི་འགྲོ་བ་ཀུན་གྱིས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་གཟུགས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཌཱ་ཀི་ནཱིའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །མངྒལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).