Terdzo-CI-010

From Rinchen Terdzö
Revision as of 10:22, 29 December 2017 by Jeremi (talk | contribs) (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")

རྡོ་རྗེ་ཕག་མོའི་ཟབ་རྒྱའི་ཕྲིན་ལས་མདོར་བསྡུས་པ་བདེ་ཆེན་པདྨའི་སྡོང་པོ་

rdo rje phag mo'i zab rgya'i phrin las mdor bsdus pa bde chen pad+ma'i sdong po

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་, པདྨ་ཚེ་དབང་རྒྱལ་པོ་ (Rigdzin GödemPema Tsewang Gyalpo)
in cycle  རྡོ་རྗེ་ཕག་མོའི་ཟབ་ཁྲིད་ཡང་གསང་ཀུན་གྱི་སྙིང་པོ་ (Rdo rje phag mo'i zab khrid yang gsang kun gyi snying po)
Volume 35 (ཅི) / Pages 421-442 / Folios 1a1 to 11b2

[edit]

༄༅། །རྡོ་རྗེ་ཕག་མོའི་ཟབ་རྒྱའི་ཕྲིན་ལས་མདོར་བསྡུས་པ་བདེ་ཆེན་པདྨའི་སྡོང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་བྷ་ར་ཧི་ཡཻ། རང་བྱུང་བདེ་ཆེན་ཆོས་ཀུན་འབྱུང་བའི་གནས། །ཤེས་རབ་དབྱིངས་ཀྱི་ཡུམ་མཆོག་སྣང་སྟོང་སྐུ །སྙིང་གི་པདྨོར་བཀོད་ནས་དེ་སྒྲུབ་པའི། །ཕྲིན་ལས་སྙིང་མཛོད་སྨུག་པོའི་གསང་དོན་འགོད། །རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་མཆོག་རྡོ་རྗེ་བཙུན་མོ་ཕག་ཞལ་ཅན་གྱི་ཕྲིན་ལས་མདོར་བསྡུས་ཏེ་ཉམས་སུ་ལེན་པའི་རིམ་པ་ལ་དོན་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། བྱིན་རླབས་དང་ལྡན་པའི་གནས་སུ་དམར་ཕྱོགས་ཀྱི་ཚེས་བཅུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ། དམ་ཚིག་གི་རྟེན་དང་གཏོར་ཚོགས་མཆོད་པའི་ཡོ་བྱད་རྣམས་འདུ་བྱས་ཏེ། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སུ་འགྲོ་བ་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རྩེ་གཅིག་བྱིན་གྱིས་རློབ་མཛད་པའི༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། རང་ཉིད་སྐད་ཅིག་གིས་རྟ་མགྲིན་དབང་ཆེན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབ། སརྦ་བྷཱུཏ་ཨ་ཀརྵ་ཡ་ཛཿས་མགྲོན་འགུགས། སརྦ་བིགྷཱནཾ་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ལུས་ངག་ཡིད་ལ་གནོད་བྱེད་པའི༔ བར་ཆད་འབྱུང་པོ་ཐམས་ཅད་ཀུན༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ༔ ང་ནི་དཔལ་ཆེན་རྟ་མགྲིན་རྒྱལ༔ རྡོ་རྗེ་འཇིགས་བྱེད་འབར་བའི་སྐུ༔ དུག་གསུམ་ཉིད་ཀྱང་འཇོམས་པར་བྱེད༔ ང་ཡི་བཀའ་ལས་འདའ་གྱུར་ན༔ ཐལ་བ་རྡུལ་བཞིན་བརླག་པར་འགྱུར༔ ཨོཾ་ཤྲཱི་བཛྲ་ཀྲོ་ཏ་ཧྱ་གྲཱི་བ་ར་ཙ་ཧྲི་ཡ༔ ཧ་རི་ནི་ས༔ རཀྵ་ཨུཙྪ་ཊ་ཡ་ཧཱུྃ་ཕཊ༔ ཅེས་རོལ་མོའི་ཚམ་རྔམ་གུ་གུལ་ཡུངས་ཐུན་སོགས་ཀྱིས་བསྐྲད། མཚམས་གཅད་པ་ནི། ཧཱུྃ༔ རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ བཛྲ་སིཾ་ཧ་སེང་གེའི་གདོང༔ བཛྲ་བྱཱ་གྷྲི་སྟག་གདོང་མ༔ མཐིང་ནག་མཚོན་ཆ་མེ་འོད་འཕྲོ༔ གཏི་མུག་དབང་སྒྱུར་ལས་མཁན་མ༔ སྟེང་འོག་དགྲ་བགེགས་མཚམས་ཆོད་ཅིག༔ ཧཱུྃ༔ རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ ཁྭ་ཁ་མུ་ཁ་བྱ་རོག་གདོང༔ དཀར་གསལ་མཚོན་ཆ་མེ་འོད་འཕྲོ༔ ཞེ་སྣང་དབང་བསྒྱུར་ལས་མཁན་མ༔ ཤར་སྒོའི་དགྲ་བགེགས་མཚམས་ཆོད་ཅིག༔ ཧཱུྃ༔ རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ སཱུ་ར་དམར་སེར་ཕག་གི་གདོང༔ སེར་གསལ་མཚོན་ཆ་མེ་འོད་འཕྲོ༔ ང་རྒྱལ་དབང་སྒྱུར་ལས་མཁན་མ༔ ལྷོ་སྒོའི་དགྲ་བགེགས་མཚམས་ཆོད་ཅིག༔ ཧཱུྃ༔ རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ ཤྭ་ན་མུ་ཁ་ཁྱི་ཡི་གདོང༔ དམར་གསལ་མཚོན་ཆ་མེ་འོད་འཕྲོ༔ འདོད་ཆགས་དབང་སྒྱུར་ལས་མཁན་མ༔ ནུབ་སྒོའི་དགྲ་བགེགས་མཚམས་ཆོད་ཅིག༔ ཧཱུྃ༔ རབ་འཇིགས་ཕྲ་མེན་ཁྲོ་མོའི་སྐུ༔ ཧུ་ལུ་མུ་ཁ་འུག་པའི་གདོང༔ ལྗང་གསལ་མཚོན་ཆ་མེ་འོད་འཕྲོ༔ ཕྲག་དོག་དབང་སྒྱུར་ལས་མཁན་མ༔ བྱང་སྒོའི་དགྲ་བགེགས་མཚམས་ཆོད་ཅིག༔ ཧཱུྃ་བཞིའི་སྔགས་བརྗོད། བཤགས་པ་བྱ་བ་ནི། བླ་མ་རིག་འཛིན་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་བཛྲ་ས་མ་ཡ་ཛཿས་ནམ་མཁའ་གང་བར་སད་པར་མོས་ལ། ཧཱུྃ༔ དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་སྐུ༔ ཡེ་ནས་བདག་དང་དབྱེ་བ་མེད་པ་ལ༔ མ་རིག་དབང་གིས་སྣང་སྟོང་གཉིས་སུ་འཐས༔ གཉིས་འཛིན་ཐེ་ཚོམ་ལོག་ལྟ་ཅི་མཆིས་པ༔ རང་མདངས་རིག་པའི་ཀློང་དུ་མཐོལ་ལོ་བཤགས༔ ཧཱུྃ༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ ཀེ་སིཾ་སྒོ་མ་དབང་ཕྱུག་ལངྐའི་བདག༔ མ་བདུན་སྲིང་བཞི་བརྟན་མ་བཅུ་གཉིས་སོགས༔ ཀུན་གྱི་ཐུགས་དང་འགལ་བ་ཅི་བགྱིས་པ༔ ཕྱི་ནང་གསང་བའི་མཆོད་པ་དམ་པ་དང༔ ལྟ་སྒོམ་སྤྱོད་པ་དག་པས་ཐུགས་དམ་བསྐང༔ ཉམས་ཆག་བསྐངས་ནས་བདག་གི་ཕྲིན་ལས་མཛོད༔ ཨོཾ་ཤྲཱི་བཛྲ་ཌཱ་ཀི་ནཱི་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་ཌཱ་ཀི་ནཱི༔ ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ བཛྲ་ཌཱ་ཀི་ནཱི་མཱ་མེ་མུཉྩ༔ བཛྲ་ཌཱ་ཀི་ནཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ༔ ཅེས་བརྗོད། བྱིན་དབབ་པ་ནི། །སྤོས་དང་ཌཱ་དྲིལ་སོགས་ཀྱི་སྒྲ་སྦྱར་ལ། ཧཱུྃ་ཨ་ལ་ལ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས༔ དཔའ་བོ་རྟ་མགྲིན་དངོས་གྲུབ་འབྱུང་བའི་ལྷ༔ རྡོ་རྗེ་ཕག་མོ་མཁའ་འགྲོ་ཀུན་གྱི་གཙོ༔ འཁོར་དུ་མཁའ་འགྲོ་དཔའ་བོ་དཔའ་མོས་བསྐོར༔ ཆོས་ཀྱི་དབྱིངས་ནས་གནས་འདིར་སྤྱན་འདྲེན་གྱིས༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ རྣལ་འབྱོར་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ སིདྡྷི་ས་མ་ཡ༔ ཕེཾ་ཕེཾ་ཧཱུྃ་ཧཱུྃ༔ མཆོད་པ་བྱིན་བརླབ་པ་ནི། རཾ་ཡཾ་ཁཾ༔ ཨོཾ་སྭ་བྷཱ་བ་སོགས་ཀྱིས་བསང་སྦྱང་། ཧཱུྃ༔ འཇིག་རྟེན་དག་པའི་གཞལ་ཡས་འདིར༔ འདོད་པ་ལྔ་ཡི་ཡོན་ཏན་རྣམས༔ དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ཐམས་ཅད་མཆོད་པར་བྱིན་གྱིས་བརླབ༔ ཨོཾ་ཨཱ་ཧ་ར༔ ཨཱ་ཧ་ར༔ སརྦ་བིདྱཱ་དྷཱ་ར་པཱུ་ཙི་ཏེ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ བཛྲ་པུཥྤེ་ཏྲཱཾ༔ བཛྲ་ཨཱ་ལོ་ཀེ་ཧྲཱི༔ བཛྲ་གནྡྷེ་ཨཱ༔ བཛྲ་ནཻ་ཝིདྱ་ཨོཾ༔ གཱིརྟི་ཧཱུྃ༔ ཧཱུྃ༔ གཏོར་སྣོད་མཚན་ལྡན་ཀ་པཱ་ལར༔ གཏོར་མ་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་བ་ལིནྟ༔ ཏེ་ཛོ་བ་ལིནྟ༔ བ་ལ་བ་ཏེ་གུ་ཧྱ་ས་མ་ཡ༔ པཱུ་ཛི་ཏེ་ཧཱུྃ༔ ཧཱུྃ༔ ཐོད་པ་ཁོར་ཡུག་བྷནྡྷ་རུ༔ རཀྟ་ཆོས་ཉིད་མཆོད་པ་བཤམ༔ མ་ཧཱ་རཀྟ་པཱུ་ཛ་ཧཱུྃ༔ ཧཱུྃ༔ མཚན་ལྡན་ཞལ་བུ་ཀ་པཱ་ལར༔ བདུད་རྩི་ཆེན་པོ་མཆོག་སྦྱར་ཏེ༔ གསང་བའི་མཆོད་པ་ཆེན་པོ་བཤམ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་བརླབ། བདུད་རྩི་འཐོར་ལ། ཧཱུྃ༔ དམ་རྫས་བདུད་རྩི་ཆེན་པོ་འདིས༔ སྐོང་ནི་མཁའ་འགྲོའི་ཐུགས་དམ་སྐོང༔ མཆོད་ནི་ཡི་དམ་ལྷ་ཚོགས་མཆོད༔ ལྷ་ལ་མཆོད་ན་དངོས་གྲུབ་འབྱུང༔ རྫས་ལ་གཏོར་ན་ཉམས་ཆག་གསོ༔ བགེགས་ལ་ཕོག་ན་རྡུལ་དུ་རློག༔ ཨོཾ་བི་ཤུདྡྷེ་ཨ་མྲྀཏེ་ཧཱུྃ་ཕཊ༔ དྷརྨ་ཨ་མྲྀཏ་ཧཱུྃ་ཕཊ༔ བཛྲ་ཡཀྴ་ཀྲོ་དྷ་ཧཱུྃ་ཕཊ༔ དེ་རྣམས་ཀྱིས་སྔོན་འགྲོའི་ལས་རིམ་གྲུབ་བོ། །གཉིས་པ་དངོས་གཞི་ལས་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ངང༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་བཛྲ་ས་མཱ་ཏི་ཧཱུྃ༔ ཧཱུྃ༔ རང་སྣང་མ་འགགས་ཀུན་ཁྱབ་ཐུགས་རྗེའི་ངང༔ དྷརྨ་དྷཱ་ཏུ་ས་མཱ་ཏི་ཧཱུྃ༔ ཧཱུྃ༔ སྐྱེ་བའི་ཆོ་འཕྲུལ་ཤར་བའི་ཡི་གེ་ཧྲཱི༔ ཨེ་ཡཾ་རཾ་ར་སུཾ་ཀེཾ༔ གྲུ་གསུམ་མཐིང་ནག་ཀུན་ཏུ་བཟང་མོའི་མཁའ༔ འཐོར་བྱེད་རླུང་ནག་དམ་ཚིག་སྒྲོལ་མའི་མཁའ༔ སྲེག་བྱེད་འབར་བ་གོས་དཀར་མོ་ཡི་མཁའ༔ ཆགས་མེད་རཀྟ་མཱ་མ་ཀཱི་ཡི་མཁའ༔ ཞིང་ཆེན་ས་གཞི་སངས་རྒྱས་སྤྱན་མའི་མཁའ༔ འབྱུང་བ་རིམ་ལྔ་དབང་ཆེན་བརྩེགས་པ་ཡི༔ དུར་ཁྲོད་ཀེང་རུས་རི་རབ་ཆེན་པོའི་སྟེང༔ བྷྲཱུྃ་ལས་མི་ཟད་བྷནྡྷའི་གཞལ་ཡས་ཁང༔ ཆོས་འབྱུང་དམར་ནག་ཟླ་གམ་གསུམ་དང་ལྡན༔ པདྨ་འདབ་བཞི་གྲུ་ཆད་སྒོ་བཞི་པ༔ ཐོད་པ་རྡོ་རྗེའི་རྭ་བ་མེ་རིས་བསྐོར༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་མཎྜ་ལ༔ ཧཱུྃ༔ དྲེགས་པ་ཕོ་མོ་པདྨ་ཉི་ཟླའི་སྟེང༔ པདྨ་གེ་སར་མདངས་ལྡན་གདན་དུ་བཏིང༔ ཨ་ཏི་ཏི་ར་ནན༔ དི་ཏི་ཏི་ར་ནན༔ མ་སུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པཾ་པདྨ་མཎྜ་ལ༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཧཱུྃ༔ གདན་སྟེང་ཡི་གེ་ཧྲཱིཿམའི་འཕྲོ་འདུ་ལས༔ གྲི་གུག་ཐོད་པ་འོད་དུ་ཞུ་བ་ལས༔ བདག་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བརྐྱང་བསྐུམ་མཛད༔ ཁྲོ་ཞལ་དམར་པོ་སྤྱན་གསུམ་མཆེ་བ་གཙིགས༔ དབུ་སྐྲ་སེར་པོ་མེ་ལོང་དྲིལ་བུས་བརྒྱན༔ སྤྱི་གཙུག་ཕག་ཞལ་ནག་མོ་ངུར་སྒྲ་སྒྲོག༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་པ་བསྣམས༔ མཆན་ཁུང་གཡོན་དུ་ཁ་ཊྭཱཾ་ཌཱ་རུ་འཛིན༔ རུས་པའི་རྒྱན་དྲུག་སྐུ་ལ་མཛེས་པར་བརྒྱན༔ མེ་རི་འབར་བའི་ཀློང་ན་འགྱིང་བག་བཞུགས༔ དཔའ་བོ་རྟ་མགྲིན་དམར་པོ་གར་སྟབས་མཛད༔ དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་འཚེར༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་པ་བསྣམས༔ དུར་ཁྲོད་ཆས་ཀྱིས་དཔའ་བོའི་སྐུ་ལ་བརྒྱན༔ ཡབ་ཡུམ་གཉིས་མེད་འཁྲིལ་བའི་ངང་ལ་བཞུགས༔ ཧཱུྃ༔ ཡབ་ཡུམ་གཉིས་མེད་ཐུགས་ལས་སྤྲུལ་པའི་སྲས༔ ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར༔ ལྷོ་རུ་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར༔ ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ་དམར༔ བྱང་དུ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་རྒྱན་དྲུག་གསོལ༔ གཡས་པ་གྲི་གུག་གཡོན་པ་ཐོད་ཁྲག་བསྣམས༔ བརྐྱང་བསྐུམ་རྟོག་མེད་རོ་ཡི་གདན་ལ་བཞུགས༔ སྒོ་བཞིར་ཛཿཧཱུྃ་བཾ་ཧོཿའི་ཡི་གེ་ལས༔ གདོང་མོ་སྒོ་མ་བཞི་ཡིས་བསྲུང་བར་གྱུར༔ དེ་ལྟར་གསལ་བའི་ཐུགས་སྲོག་འོད་ཟེར་གྱིས༔ རང་བཞིན་གནས་ནས་རང་འདྲའི་ཡེ་ཤེས་པ༔ མཁའ་དབྱིངས་གང་བ་སྤྱན་དྲངས་གཉིས་མེད་ཐིམ༔ ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ནི༔ ཧཱུྃ༔ ཆོས་ཉིད་གསལ་མདངས་ཀློང་དཀྱིལ་ནས༔ རིག་འཛིན་བརྒྱུད་པ་གཤེགས་སུ་གསོལ༔ སྐུ་དང་ཞིང་ཁམས་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ སྣང་སྟོང་ཐིག་ལེའི་གཞལ་ཡས་ནས༔ ཕག་མོ་ཡབ་ཡུམ་གཤེགས་སུ་གསོལ༔ རྩེ་མོ་རྣམ་བཀོད་བདེ་བའི་ཞིང༔ སུམ་བརྒྱ་དྲུག་ཅུའི་གཞལ་ཡས་ནས༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དང༔ སུམ་བརྒྱ་དྲུག་ཅུ་གཤེགས་སུ་གསོལ༔ མགྲིན་པ་རོ་འདུས་ལོངས་སྤྱོད་ཞིང༔ བཅུ་དྲུག་བཀོད་པའི་གཞལ་ཡས་ནས༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་དང༔ བཅོ་བརྒྱད་མ་ལུས་གཤེགསྎ དྲན་པ་རྣམ་བཀོད་ཆོས་ཉིད་ཞིང༔ སུམ་ཅུ་རྩ་གཉིས་གཞལ་ཡས་ནས༔ སངས་རྒྱས་མཁའ་འགྲོ་ཡབ་ཡུམ་དང༔ སུམ་ཅུ་རྩ་དྲུག་གཤེགསྎ སྐྱེད་བྱེད་དྲུག་ཅུ་སྤྲུལ་པའི་ཞིང༔ དྲུག་ཅུ་རྩ་བཞིའི་གཞལ་ཡས་ནས༔ པདྨ་མཁའ་འགྲོ་ཡབ་ཡུམ་དང༔ དྲུག་ཅུ་རྩ་བཞི་གཤེགསྎ མྱོང་བྱེད་བཀོད་པ་བདེ་བའི་ཞིང༔ ཉི་ཤུ་རྩ་བརྒྱད་གཞལ་ཡས་ནས༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་དང༔ སུམ་ཅུ་ཕྲག་གཅིག་གཤེགསྎ རྩ་ཁམས་རང་བཞིན་གནས་པ་ཡི༔ བཀོད་པ་ལུས་ཀྱི་གཞལ་ཡས་ནས༔ དཔའ་བོ་མཁའ་འགྲོ་བྱེ་བ་སྟོང༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ དེ་དག་ཀུན་གྱི་བཀའ་འཁོར་ན༔ ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་ཆེན་བརྒྱད༔ སྟོང་གསུམ་འཇིག་རྟེན་ཁམས་དག་ན༔ གནས་པའི་དམ་ཅན་སྲུང་མ་རྣམས༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི༔ ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ས་མ་ཡ༔ བི་ཤྭ་ལོ་ཀ༔ ཌཱ་ཀི་ནི་ས་མ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཕེཾ་ཕེཾ་ཧཱུྃ་ཧཱུྃ་ཕཊ་ཕཊཿཛཿཛ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ གནས་ལྔ་ཡེ་ཤེས་ལྷུན་གྲུབ་དཀྱིལ་འཁོར་དུ༔ ཐབས་ཤེས་ཉི་ཟླ་པདྨའི་གདན་སྟེང་དུ༔ མཁའ་འགྲོ་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས༔ ཐམས་ཅད་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་བཛྲ༔ ཕྱག་འཚལ་བ་ནི། ཧཱུྃ༔ དུས་གསུམ་སྐྱེ་འགག་མེད་པ་ཆོས་ཀྱི་སྐུ༔ བླ་མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ བདེ་ཆེན་འདུ་འབྲལ་མེད་པ་ཡི་དམ་ལྷ༔ ཞི་ཁྲོ་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ དམ་ཚིག་དབང་གིས་ལུས་སྲོག་སྐྱེད་པའི་ལྷ༔ མཁའ་འགྲོ་དཔའ་བོ་རྣམས་ལ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་དག་དཀྱིལ་འཁོར་ཐམས་ཅད་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་མཆོད་པ་འབུལ་བ་ལས་ཐོག་མར་ཕྱི་མཆོད་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མཆོད་ཡོན་མེ་ཏོག་སྤོས་མར་མེ༔ དྲི་ཆབ་ཞལ་ཟས་རོལ་མོ་སོགས༔ མཆོད་པའི་བྱེ་བྲག་ཅི་ཡོད་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱ་ཧ་ར་པཱུ་ཙི་ཏེ་ཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཨོཾ་བཛྲ་པཱུཥྤེ་ཏྲཱཾ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་བཛྲ་གནྡྷེ་ཨཱ༔ ཨོཾ་བཛྲ་ནཻ་ཝིདྱ་ཨཱོཾ༔ ཨོཾ་བཛྲ་གཱི་ཏཱི་ཧཱུྃ༔ ནང་མཆོད་ནི། ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ དབང་ལྔ་ཚིལ་གསུར་ཞུན་ཆེན་མེ༔ དྲི་ཆེན་དྲི་ཆུ་ཐོད་ལྔའི་སྒྲ༔ བྱང་སེམས་དཀར་དམར་བདེ་བས་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི༔ གསང་མཆོད་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ བདེ་སྟོང་གསལ་སྟོང་རིག་པ་སྟོང༔ སྣང་བ་ཡེ་ཤེས་ཀློང་དུ་ཐིམ༔ ཛྙཱ་ན་པཱུ་ཛ་ཧཱུྃ༔ བདུད་རྩི་སྨན་མཆོད་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདུད་རྩིའི་མཆོད་པ་འབུལ་བ་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ བླ་མ་ཡི་དམ་དཔའ་བོ་དང༔ མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ༔ རྣམ་དག་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ སྐབས་འདིར་སྤྲོ་ན་བརྒྱུད་པའི་མཚན་དོན་སྦྱར། གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཏོར་མའི་མཆོད་པ་འབུལ་བ་ནི༔ ཞལ་ཟས་སྣ་ཚོགས་གཏོར་ཆེན་ལ༔ ཤ་ལྔ་བདུད་རྩི་ལྔ་ཡིས་བརྒྱན༔ དྲི་མཆོག་རོ་བརྒྱ་ལྡན་པ་ཡི༔ བ་ལིན་རྒྱན་གྱི་གཏོར་མ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ མ་ཧཱ་བ་ལིནྟ་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ༔ མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་ཅིང༔ འགྲོ་དོན་མཛད་པའི་ཡེ་ཤེས་མཁའ་འགྲོ་མ༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེད༔ ཡོན་ཏན་བྱེ་བས་བརྒྱན་པའི་སྐུ་མངའ་མ༔ ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བདེ་གཤེགས་རིགས་ཀྱི་མཁའ་འགྲོ་མ༔ ནམ་མཁའ་ལྟ་བུར་འདུས་མ་བྱས༔ སྐྱེ་བ་མེད་པའི་སྐུ་ལ་བསྟོད༔ རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ༔ འགྱུར་བ་མེད་པའི་སྐུ་ལ་བསྟོད༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ མི་ཟད་པ་ཡི་གཏེར་དང་ལྡན༔ ཡིད་བཞིན་ནོར་བུ་ཁྱོད་ལ་བསྟོད༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ ཆགས་པའི་སྐྱོན་བྲལ་དབང་གི་སྐུ༔ དྲི་མེད་ཡེ་ཤེས་ཁྱོད་ལ་བསྟོད༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ བདག་གཞན་དོན་རྫོགས་ཁྱོད་ལ་བསྟོད༔ དམ་ཚིག་སྲུང་བའི་མཁའ་འགྲོ་མ༔ ཆོས་མཛད་བསྟན་པ་སྐྱོང་བར་མཛད༔ ཐོགས་མེད་རྫུ་འཕྲུལ་ལྡན་ལ་བསྟོད༔ སྣ་ཚོགས་གྲུབ་པའི་མཁའ་འགྲོ་མ༔ གང་འཚམ་ཕྲིན་ལས་གྲུབ་པར་མཛད༔ འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད༔ ཤ་ཟ་རིགས་ཀྱི་མཁའ་འགྲོ་མ༔ མི་བསྲུན་དྲག་མོའི་ཆ་ལུགས་ཅན༔ དམ་ཉམས་སྲོག་གཅོད་ཁྱོད་ལ་བསྟོད༔ ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྐྱེན་དང་བར་ཆད་ཕྱིར་ལ་ཟློག༔ དགྲ་བགེགས་མ་ལུས་ཞི་བར་མཛོད༔ དེ་ནས་ཛཔ྄་བཟླ་བ་ནི། སྤྱི་དང་ཁྱད་པར་གྱི་བཟླས་དམིགས་གསལ་བཏབ་ལ། ཌཱ་ཀིའི་སྔགས་ཀྱི་ལྡེའུ་མིག་ལྟར་ན། ཨོཾ་ཨཱཿཧཱུྃ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛ༔ ཞེས་དང་མངོན་རྟོགས་ལྟར་ན། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛ༔ ཞེས་བཟླ་བར་གསུངས་སོ། །བཟླས་པ་གྲུབ་ནས་སྟོང་ཚིགས་འབུལ། དེ་རྣམས་ཀྱིས་དངོས་གཞིའི་ལས་རིམ་གྲུབ་བོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ། ཚོགས་མཆོད་འབུལ་བའི་ཐོག་མར་བྱིན་རླབས་ནི། ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་རྣམས་སྒྱུ་མར་རིག་པའི་ཕྱིར༔ དངོས་དང་དངོས་འཛིན་བག་ཆགས་ཀུན༔ ཡི་གེ་རཾ་ཡཾ་ཁཾ་གསུམ་གྱིས༔ བསྲེགས་ཤིང་བཀྲུས་ཏེ་གཏོར་བར་བྱ༔ དག་པར་མ་གྱུར་གང་ཡང་མེད༔ རཾ་ཡཾ་ཁཾ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཏྲཱཾ༔ ཡི་གེ་རྣམ་ལྔའི་རང་བཞིན་ལས༔ ཞལ་ཟས་དངོས་པོ་ཡི་གེ་ལྔ༔ ཡི་གེ་སྒྲ་དང་བཅས་པ་ཡིས༔ ཚོགས་ཀྱང་འོད་དུ་ལྟེམ་གྱིས་གང༔ འོད་ཕུང་འབར་བའི་བྱིན་རླབས་ཀྱིས༔ རྒྱལ་བའི་ཐུགས་དམ་བསྐང་གྱུར་ཅིག༔ ཚོགས་ཞིང་སྤྱན་དྲང་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ ཡེ་ཤེས་མཁའ་འགྲོ་རིགས་ལྔའི་ཚོགས༔ སྐུ་མདོག་བཀྲག་མདངས་མཛེས་པའི་ཚུལ༔ ཕྱག་གཡས་ཟངས་གྲི་རྣོན་པོ་འཕྱར༔ གཡོན་པ་ཐོད་ཁྲག་ཞལ་དུ་གསོལ༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ རིན་ཆེན་ཐོར་ཅོག་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ དངུལ་གྱི་རྣ་ཆ་ཁྱི་ལི་ལི༔ གསེར་གྱི་གདུ་བུ་སི་ལི་ལི༔ ཌཱ་རུའི་སྒྲ་སྐད་ཁྲ་ལ་ལ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛ༔ ཚོགས་ཀྱི་ཆ་དང་པོས་མཆོད་པ་ནི། ཧཱུྃ༔ དུས་གསུམ་བདེ་གཤེགས་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ མཁའ་འགྲོ་དཔའ་བོ་སྡེ་ལྔའི་ཚོགས༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆེན་པོ་བདག་ལ་སྩོལ༔ དམ་ཚིག་དབང་གི་མཁའ་འགྲོ་དང༔ ཤ་ཟ་ལས་ཀྱི་མཁའ་འགྲོ་དང༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ བདག་གི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཧ་རི་ནི་ས༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ བར་པས་སྐོང་ཞིང་བཤགས་པ་ནི། ཧཱུྃ༔ ཕྱོགས་རིས་མེད་པའི་ལྟ་བ་དང༔ ཐེ་ཚོམ་མེད་པའི་སྤྱོད་པ་དང༔ ཡེངས་པ་མེད་པའི་ཏིང་འཛིན་དང༔ ལྷག་ཆད་མེད་པའི་ཆོ་ག་ཡིས༔ རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང༔ སྙན་པའི་གླུ་དང་བདེ་བའི་གར༔ ཚུལ་བཞིན་མ་ནོར་བསྒྲུབས་པ་ཡིས༔ དམ་ཚིག་དབང་གི་མཁའ་འགྲོ་བསྐང༔ ཚོགས་དང་གཏོར་མ་བདུད་རྩི་དང༔ རཀྟ་ཛ་གད་དཔའ་བོ་དང༔ མཐུན་པའི་དམ་རྫས་ཐམས་ཅད་ཀྱིས༔ རིག་འཛིན་རྣམ་བཞིའི་ཐུགས་དམ་བསྐང༔ ཡི་དམ་ལྷ་ཡི་ཐུགས་དམ་བསྐང༔ མཁའ་འགྲོ་རིགས་ལྔའི་ཐུགས་དམ་བསྐང༔ ཧཱུྃ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ བླ་མ་རིག་འཛིན་ཡི་དམ་ལྷ་ཚོགས་དང༔ མཁའ་འགྲོ་སྡེ་ལྔའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་མངའ་བ་ཁྱེད་ལ་བཟོད་པར་གསོལ༔ ཅེས་དང་དྷཱ་ཀིའི་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། བདེན་བརྗོད་ཀྱིས་འགུགས་པའི་གཤམ་དུ། དགྲ་བགེགས་བྱད་མ་ནྲྀ་ཏྲི་ཨངྐུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཱཎྜེ་ཧོ༔ ཞེས་འགུགས་འཆིང་སྡོམ་མྱོས་བྱ། ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ང་ནི་རྟ་མགྲིན་ཡབ་ཡུམ་ལ༔ འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར༔ ཀུན་ཀྱང་མི་བཟད་འཇིགས་པའི་གཟུགས༔ དམར་ནག་མེ་ཡི་མཚོན་ཆ་འཕྲོ༔ སྟོད་ནི་ཞལ་གཅིག་ཕྱག་གཉིས་པ༔ གནམ་ལྕགས་ངར་མའི་ཕུར་པ་འདྲིལ༔ སྨད་ནི་ཡེ་ཤེས་ཕུར་པའི་དབལ༔ ནམ་མཁའི་མཐོང་ནས་འདྲིལ་ཞིང་འདེབས༔ གདབ་ན་ལྷ་ཡང་བརླག་པར་འགྱུར༔ ཧཱུྃ་ཧཱུྃ་ཕཊ་ཕཊ་ཧྲཱི༔ ཧཱུྃ༔ ང་ནི་དཔལ་ཆེན་ཁྲོ་བོའི་རྒྱལ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ ལས་ཀྱི་ཕུར་པ་འདྲིལ་ཞིང་འདེབས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ དགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་རྦད༔ ཨ་མུ་ཀ་ཨུ་ཙ་ཏ་ཕཊ༔ བྷྱོ༔ གདུག་པ་སྒྲོལ་བའི་མཁའ་འགྲོ་མ༔ དཔའ་བོའི་ཚོགས་དང་བཅས་པ་རྣམས༔ དགྲ་བགེགས་ཤ་ནི་རི་ལྟར་སྤུངས༔ དགྲ་བགེགས་ཁྲག་ནི་མེ་རེ་རེ༔ དགྲ་བགེགས་རུས་པ་ཁྲོ་ལོ་ལོ༔ དུག་གསུམ་མཆོད་པ་འབུལ་བའི་ཕྱིར༔ རྟ་མགྲིན་ཡབ་ཡུམ་ཞལ་ཕྱེས་ཤིག༔ མཁའ་འགྲོ་སྡེ་ལྔ་ཞལ་ཕྱེས་ཤིག༔ དཔའ་བོ་སྡེ་ལྔ་ཞལ་ཕྱེས་ཤིག༔ འཁོར་གྱི་ལྷ་ཚོགས་ཞལ་ཕྱེས་ཤིག༔ ཆོས་སྐྱོང་སྲུང་མ་ཞལ་ཕྱེས་ཤིག༔ བསྒྲལ་པའི་མཆོད་པ་འདི་བཞེས་ཤིག༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ རྐྱེན་དང་བར་ཆད་ཟློག་ཏུ་གསོལ༔ ནྲྀ་ཏྲི་རུ་ཏྲ་མཱ་ར་ཡ་རྦད༔ མ་ཧཱ་མཱཾ་ས་རཀྟ༔ ཙིཏྟ་བ་སུ་ཏ༔ གོ་རོ་ཙ་ན༔ ཀིཾ་ནི་རི་ཏི་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཞེས་བསྟབ། དེ་ནས་བརྡའི་འབུལ་ལེན་བཅས། ཚོགས་ལ་རོལ་ཞིང་ནང་གི་སྦྱིན་སྲེག་བྱ། ཕུད་ལྷག་སྨན་རག་གིས་བྲན་ལ་མཁའ་འགྲོ་བསྐུལ་པ་མདོར་བསྡུས་པ་ནི། ཧཱུྃ༔ མཁའ་དབྱིངས་བདེ་བ་ཆེན་པོ་ནས༔ ཡེ་ཤེས་མཁའ་འགྲོ་བྱེ་བ་འབུམ༔ རྡོ་རྗེ་མཁའ་འགྲོ་བདུད་འདུལ་མ༔ རིན་ཆེན་མཁའ་འགྲོ་སིདྡྷི་མ༔ པདྨ་མཁའ་འགྲོ་བདེ་ཆེན་མ༔ ལས་ཀྱི་མཁའ་འགྲོ་ཕྲིན་ལས་བདག༔ ཀུན་ཀྱང་ཆ་ལུགས་འདི་འདྲ་ཞེས༔ སྐུ་མདོག་གཅིག་ཏུ་མ་ངེས་ཏེ༔ དཀར་སེར་དམར་ལྗང་མཐིང་དང་སྨུག༔ སྔོ་སྐྱ་ཐལ་མདོག་ཁྲོ་བོའི་མདོག༔ ཕྱག་མཚན་གཅིག་ཏུ་མ་ངེས་ཏེ༔ གྲི་གུག་ཁ་ཊྭཱཾ་ཐོད་པ་དང༔ རྔེའུ་ཆུང་རྡེག་འཇོམས་མཚོན་ཆ་བསྣམས༔ རོལ་མོའི་རྒྱན་ཆ་སྣ་ཚོགས་ཐོགས༔ བདུད་རྩི་མཆོད་པ་རོལ་ཅིང་སྟོབ༔ དུར་ཁྲོད་རྒྱན་ལ་མཛེས་པའི་གཟུགས༔ རྐེད་བཅིང་དྲིལ་བུ་གཡེར་ཁས་བརྒྱན༔ དར་དཔྱང་རུས་པའི་རྒྱན་དྲུག་གསོལ༔ སྙན་པའི་སྒྲ་སྒྲོག་སི་ལི་ལི༔ དབུ་རྒྱན་དར་གྱི་ཅོད་པན་ཅན༔ རླུང་གིས་བསྐྱོད་ཅིང་པུ་རུ་རུ༔ རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན༔ མཁའ་ལ་ཐོགས་མེད་བུན་ནུ་ནུ༔ ལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག༔ ཕྲིན་ལས་གཅིག་ཏུ་མ་ངེས་ཏེ༔ སྣ་ཚོགས་ཕྲིན་ལས་དོན་མཛད་མ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ འདོད་པའི་ཕྲིན་ལས་མྱུར་དུ་སྒྲུབས༔ ཞེས་བརྗོད་ལ་ཕུད་ནམ་མཁར་འཐོར། དམེ་ལྷག །པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཅེས་བྱིན་བརླབ། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛ༔ བྷྱོ༔ ལས་ཀྱི་མཁའ་འགྲོ་མི་བསྲུན་མ༔ འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན༔ ཤ་ཟ་མཁའ་འགྲོ་ཡང་སྤྲུལ་ཚོགས༔ གཞན་ཡང་མཁའ་འགྲོ་ཕོ་ཉ་རྣམས༔ ལས་ལ་མྱུར་མགྱོགས་བསྟན་པ་སྲུང༔ དཀྱིལ་འཁོར་ཐ་མར་བསྐོར་ཅིང་ཉུལ༔ ལས་བྱེད་མི་སྡུག་འཁོར་དང་བཅས༔ དམ་ཚིག་ཅན་གྱི་ལས་མཁན་མ༔ དམ་ཉམས་རུ་ཏྲའི་སྲོག་གཅོད་མ༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་ཞིང་བཅུ་བསྒྲལ་དུ་གསོལ༔ དྲག་པོའི་ལས་མཛོད་བསྟན་པ་སྲུངས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ལྷག་མ་ཕྱི་རོལ་ཏུ་དོར། གཏོར་སྐྱོང་། བྷྱོ༔ དཔལ་ཆེན་ཡབ་ཡུམ་བཀའ་ཉན་མ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཞི་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ རྒྱས་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ པདྨ་རིགས་ཀྱི་མཁའ་འགྲོ་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ དབང་གི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་བདུན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་ཆེན་ཡབ་ཡུམ་བཀའ་ཉན་ཚོགས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔ སྐྱེས་བུ་གིང་ཆེན་བཅོ་བརྒྱད་དང༔ ལངྐ་དུར་ཁྲོད་བདག་པོ་དང༔ མ་བདུན་སྲིང་བཞི་འབར་མ་བརྒྱད༔ ཕོ་ཉ་དྲུག་ཅུ་རྩ་བཞི་ཡིས༔ སློབ་དཔོན་པདྨ་འབྱུང་གནས་དང༔ བཤེས་གཉེན་རླངས་ཀྱི་དཔལ་བརྩེགས་ཀྱིས༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ དགུག་དང་བསྐྲད་དང་གཟིར་བ་དང༔ མནན་དང་བསྲེག་པ་ལ་སོགས་པའི༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གཏོར་མ་འབུལ། བྲོ་བརྡུང་བ་ནི། གཏོར་གཞོང་སྦུབས་པའི་འོག་ཏུ་དམ་སྲི་བཀུག་ལ། ཧཱུྃ༔ བདག་ཉིད་པདྨ་ཧེ་རུ་ཀ༔ རིགས་བཞི་ཁྲག་འཐུང་ཡབ་ཡུམ་བསྐོར༔ ཞབས་ཀྱི་བྲོ་རྡུང་དུག་ལྔ་འཇོམས༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ དུག་ལྔ་འཇོམས་པའི་བྲོ་ཆེན་འདི༔ འབྱུང་པོའི་ཚོགས་ལ་ད་རྡུངས་ཤིག༔ འཁོར་བའི་གཅོང་ནད་བཟློག་པར་མཛོད༔ མནན་ནོ་རི་རབ་རྨིང་འོག་མནན༔ བསྟན་བཤིགས་དགྲ་བགེགས་ཐལ་བར་རློགས༔ ཨོཾ་ལཾ་སཏྭམྦྷ་ཡ་ནན༔ སྐབས་འདིར་གཞུང་འདིའི་དགོངས་པ་མིན་ཀྱང་སྤྱི་འགྲེ་ལྟར་མཆོད་བསྟོད་མདོར་བསྡུས་བྱས་ཀྱང་ཆོག་ལ། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་བཟོད་པར་གསོལ་ལ་ཡིག་བརྒྱ་བརྗོད། རྟེན་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་བྱ། ཨ༔ སྐྱེ་བ་མེད་ལ་འགག་པ་མེད༔ དུས་གསུམ་འཕོ་འགྱུར་མེད་པ་ལ༔ ཡིད་དམིགས་རླུང་གསུམ་འོད་གསལ་དུ༔ འདུ་འབྲལ་མེད་པར་ཐིམ་ཞིང་གསལ༔ ཀུན་ཀྱང་གཉིས་མེད་བཛྲ་མུ༔ ཞེས་པས་བདག་བསྐྱེད་འོད་གསལ་དུ་བསྡུས་ལ་སླར་སྣང་གྲགས་རྟོག་གསུམ་འཁོར་ལོ་གསུམ་གྱི་རོལ་པར་ལྡང་། བསྔོ་བ་ནི། ཧཱུྃ༔ དམིགས་མེད་ཆོ་འཕྲུལ་སྒྱུ་མའི་གར༔ དགེ་ཚོགས་མ་འགགས་མེ་ལོང་གཟུགས༔ འཛིན་མེད་ཆོས་དབྱིངས་དྭངས་པའི་སར༔ འཁོར་གསུམ་དམིགས་གཏད་བྲལ་བར་བསྔོ༔ སྨོན་ལམ་ནི། ཧཱུྃ་ཨཱཿཨོཾ༔ སྐྱེ་བ་མེད་པས་ཅིར་ཡང་སྣང༔ འགག་པ་མེད་པའི་ཡེ་ཤེས་ཀྱིས༔ གནས་མེད་འགྲོ་བའི་དོན་བྱས་ནས༔ དམིགས་མེད་རྫོགས་སངས་རྒྱས་གྱུར་ཅིག༔ ཤིས་བརྗོད་ནི། ཨོཾ་ཨཱཿཧཱུྃ༔ ངོ་བོ་རང་བཞིན་ཐུགས་རྗེ་མངོན་དུ་གྱུར༔ ཆོས་དབྱིངས་རྣམ་དག་ཀློང་ལ་མངའ་བརྙེས་པའི༔ སངས་རྒྱས་ཆོས་སྐུའི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག༔ ཕྲིན་ལས་བཞི་མཛད་གར་བསྒྱུར་སྒེག་པ་མོ༔ ཡེ་ཤེས་རྣམ་ལྔ་གསལ་བའི་མཁའ་འགྲོ་མ༔ རིགས་ལྔ་དྷཱ་ཀིའི་བཀྲ་ཤིས་གང་ལགས་པ༔ མཆོག་གི་དངོས་གྲུབ་ཕུན་སུམ་ཚོགས་པའི་དཔལ༔ བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག༔ སྣ་ཚོགས་མཁའ་འགྲོ་དུར་ཁྲོད་བརྒྱད་ཀྱི་བདག༔ ཚོགས་བརྒྱད་དབང་བསྒྱུར་འཇིག་རྟེན་མཁའ་འགྲོ་མ༔ བཀའ་སྲུང་རྣམས་ཀྱི་བཀྲ་ཤིས་གང་ལགས་པ༔ ཐུན་མོང་དངོས་གྲུབ་ཕུན་སུམ་ཚོགས་པའི་དཔལ༔ བཀྲ་ཤིས་དམ་པ་དེས་ཀྱང་བདེ་ལེགས་ཤོག༔ ཅེས་བརྗོད་ཅིང་རོལ་མོ་བསྒྲག །མེ་ཏོག་འཐོར་རོ། །ཀུན་བཟང་དགོངས་པ་ཟང་ཐལ་གྱི་ཆོས་སྡེ་ལས་བྱོན་པའི་ཕག་མོའི་ལས་བྱང་ལ་ཨ་རྡོ་དཀོན་མཆོག་རྒྱལ་མཚན་གྱིས་ལྷན་ཐབས་སུ་སྦྱར་བ་དང་། ཕྱིས་སུ་རིག་འཛིན་པདྨ་བཤེས་གཉེན་གྱིས་ཆོག་ཁྲིགས་རྒྱས་པའི་ལུགས་སུ་སྦྱར་བ་སོགས་མཆིས་ཀྱང་དཀྱུས་སུ་ཁྱེར་མི་བདེ་བ་དང་། ཁྱད་པར་ཕག་མོ་ཟབ་རྒྱའི་དབང་སྒྲུབ་སྐབས་སུ་དེ་དང་འབྲེལ་བའི་ཕྲིན་ལས་ཤིག་ཉེ་བར་མཁོ་བས་གཏེར་གཞུང་ལས་བཏུས་ཤིང་ཁ་སྐོང་འོས་རིགས་ཀྱང་རིས་མཐུན་ནས་བླངས་ཏེ་བསྡེབས་པ་ལ་འགལ་བ་གང་མཆིས་ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་སྤྱན་སྔར་མཐོལ་ཞིང་བཤགས་སོ། །རྩ་བའི་ཆོ་ག་རྒྱས་པ་ལ། །ལྷན་ཐབས་རྒྱས་ན་ཉམས་ལེན་དཀའ། །བློ་དམན་བློ་ལ་འཇེབས་པའི་ཕྱིར། །ཉུང་ངུར་བསྡུས་ཀྱང་ས་བཅད་ཚང་། །བདེ་ཆེན་དགྱེས་པའི་ཞལ་རས་མངོན་སུམ་མཐོང་། །གསུང་གི་བདུད་རྩིས་དབུགས་དབྱུང་བསྩལ་ནས་ཀྱང་། །མཁའ་ལ་སྤྱོད་པའི་གྲོང་ཁྱེར་ཉམས་དགའ་བར། །རྡོ་རྗེ་བཙུན་མོ་ཉིད་དང་འབྲལ་མེད་ཤོག །ཅེས་བདག་ཉིད་ཀྱི་འདོད་པ་འཇོ་བའི་ཆ་རྐྱེན་དུ་རྒྱལ་དབང་པདྨའི་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བསྡེབས་པ་དགེ་ལེགས་འཕེལ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).