Terdzo-WI-008

From Rinchen Terdzö
Revision as of 14:06, 29 December 2017 by Jeremi (talk | contribs) (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")

གུ་རུ་པདྨ་རྒྱལ་པོའི་གཡང་སྐྱབས་དབང་གི་ལྕགས་ཀྱུ་

gu ru pad+ma rgyal po'i g.yang skyabs dbang gi lcags kyu

by  ཀརྨ་བསྟན་འཛིན་ཕྲིན་ལས་ (Karma Tendzin Trinle)
revealed by  ཀརྨ་བསྟན་འཛིན་ཕྲིན་ལས་ (Karma Tendzin Trinle)
in cycle  གུ་རུ་པདྨ་རྒྱལ་པོའི་གཡང་སྐྱབས་ (Gu ru pad+ma rgyal po'i g.yang skyabs)
Volume 50 (ཝི) / Pages 149-156 / Folios 1a1 to 4b3

[edit]

༄༅། །གུ་རུ་པདྨ་རྒྱལ་པོའི་གཡང་སྐྱབས་དབང་གི་ལྕགས་ཀྱུ་བཞུགས་སོ། ། ན་མོ་པདྨ་རཱ་ཛཱ་ཡ། འདིར་གུ་རུ་མཚན་བརྒྱད་ལས་པདྨ་རྒྱལ་པོ་ལ་བསྟེན་པའི་ཚེ་དང་བསོད་ནམས་ལོངས་སྤྱོད་འཕེལ་བའི་ཐབས་ནི། རིན་པོ་ཆེའི་སྣོད་དུ་པདྨ་འདབ་བརྒྱད་དང་ཉི་ཟླའི་གདན། དེ་སྟེང་གཞལ་ཡས་ཁང་གྲུ་བཞི་དང་གཏོར་མ་རིན་ཆེན་འབར་བའི་དབྱིབས་བྱས་ལ། མཐའ་སྐོར་དུ་ཟས་སྣ་དང་སྨན་སྣ་ཚོགས་བཟའ་བཅའ་སྣ་ཚོགས་བསྐོར། དར་དམར་གྱི་ཁུག་མར་གཡང་རྫས་སྣ་ཚོགས། མདའ་དར་ལ་མེ་ལོང་སྐུ་གཟུགས་བྲིས་པ་བཏགས་ལ། སྐྱབས་སེམས་མཆོད་པ་བྱིན་རླབས། གཞི་བདག་དཀར་གཏོར། བགེགས་ལ་གླུད་སོགས་གཞན་ནས་འབྱུང་བ་བཞིན་བཏང་ནས། ཐུགས་སྒྲུབ་ལས་བྱང་གི་བདག་ཉིད་ལྷ་བསྐྱེད་བསྙེན་སྒྲུབ་བྱས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་དུ་རིན་པོ་ཆེའི་གཞལ་ཡས་ཁང་སྒོ་གྲུ་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ཟླ་བ་ཉི་མའི་གདན་ལ་ཡི་གེ་ཧྲཱིཿལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་ལ་མཆོད་པ་ཕུལ། སྣོད་བཅུད་ཀྱི་དཔལ་འབྱོར་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས་ཧྲཱིཿལ་ཐིམ། ཡོངས་སུ་གྱུར་པ་ལས་གུ་རུ་པདྨ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གཉིས་འབུར་ཚུགས་སུ་གཟིགས་ཤིང་ཆགས་པའི་ཉམས་དུ་མ་དང་ལྡན་པ། ཕྱག་གཡས་པདྨས་མཚན་པའི་ལྕགས་ཀྱུ་འདེབས་ཐབས་སུ་འཛིན་ཅིང་། གཡོན་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་བསྣམས་པ། སྐུ་ཤ་རྒྱས་ཤིང་རིན་པོ་ཆེའི་པྲོག་ཞུ་དང་། ཟ་འོག་གི་བེར་ཕྱམ་ལྷབ་ལྷུབ་ཏུ་གསོལ་བ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའོ། །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྨད་དུ་ཧཱུྃ། ཐུགས་ཀའི་དབུས་སུ་ཧྲཱིཿ དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཤར་ཕྱོགས་མཁའ་འགྲོ་འདུ་བའི་གནས༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་ཞེས་སུ་གྲགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ད་ལྟ་སྙིགས་དུས་བསྐལ་པ་ལ༔ སངས་རྒྱས་བྱང་སེམས་གཞན་ལས་ཀྱང༔ ཐུགས་རྗེའི་བྱིན་མཐུ་མྱུར་གསུངས་ན༔ ཐུགས་དམ་བསྐུལ་ལོ་ཐུགས་མ་གཡེལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་པདྨའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་གཤེགས་པའི་ཚེ༔ དབུ་སྐྲ་ཐོར་ཅོག་ལྡེམས་སེ་ལྡེམ༔ དར་དམར་ཅོད་པན་པུ་རུ་རུ༔ རྒྱན་ཆ་མང་པོ་སི་ལི་ལི༔ རོལ་མོ་སྒྲ་དབྱངས་ཏི་རི་རི༔ ཕྱག་རྒྱ་གར་སྟབས་ཤིགས་སེ་ཤིག༔ བྱིན་རླབས་ཆར་འབེབ་བུན་ནེ་བུན༔ འཇའ་ཚོན་སྣ་ལྔ་ཐིབས་སེ་ཐིབ༔ གཡང་གི་རྒྱ་མཚོ་མེ་རེ་རེ༔ གནས་འདིར་བྱིན་ཆེན་འབེབས་སུ་གསོལ༔ ཚེ་དཔལ་སྤེལ་ཕྱིར་གཤེགས་སུ་གསོལ༔ ལོངས་སྤྱོད་སྤེལ་ཕྱིར་གཤེགས་སུ་གསོལ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བར་ཆད་བསལ་ཕྱིར་གཤེགས་སུ་གསོལ༔ གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་རཱ་ཛ་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧྲཱི༔ རིན་ཆེན་ཕོ་བྲང་བཀོད་མཛེས་དབུས༔ པདྨ་ཉི་ཟླ་བརྩེགས་པའི་སྟེང༔ དགྱེས་པའི་ཚུལ་གྱིས་བཞུགས་ནས་ཀྱང༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ མ་ཧཱ་གུ་རུ་པདྨ་རཱ་ཛ་ཏིཥྛ་ལྷན༔ པདྨའི་རིགས་ཏེ་འགྲོ་བའི་མགོན༔ སྣང་བ་མཐའ་ཡས་སྒྱུ་འཕྲུལ་གར༔ པདྨ་ལས་འཁྲུངས་པདྨའི་རྒྱལ༔ དབང་བྱེད་ལྷ་ལ་ཕྱག་འཚལ་ལོ༔ གུ་རུ་ན་མོ་ཧཱུྃ༔ ཧཱུྃ༔ གུ་རུ་པདྨ་རྒྱལ་པོ་ལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ མཆོད་ཡོན་མེ་ཏོག་བདུག་སྤོས་དང༔ སྣང་གསལ་དྲི་ཆབ་ཞལ་ཟས་རོལ༔ ཕྱི་ཡི་མཆོད་པ་འབུལ་གྱིས་བཞེས༔ ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་རཱ་ཛ་ཨརྒྷཾ་སོགས། ཤབྡ་ཨཱཿཧཱུྃ༔ ཤིན་ཏུ་རབ་མཛེས་གཟུགས་རྣམས་དང༔ སྒྲ་སྙན་རོལ་མོ་དྲི་རོ་རེག༔ འདོད་ཡོན་མཆོད་པ་འབུལ་གྱིས་བཞེས༔ ཨོཾ་གུ་རུ་པདྨ་རཱ་ཛ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ རིན་ཆེན་གདུགས་ཉ་པདྨ་དུང༔ བུམ་པ་དཔལ་བེའུ་འཁོར་ལོ་འབར༔ རྒྱལ་མཚན་ལ་སོགས་བཀྲམ་པ་ནི༔ ངོ་མཚར་རྟགས་བརྒྱད་འབུལ་བར་བགྱི༔ ཨོཾ་གུ་རུ་པདྨ་རཱ་ཛ་ཨཥྚ་མངྒ་ལཾ་ཧེ་ཏུ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཡུངས་དཀར་དཱུརྦཱ་བིལྦ་ཞོ༔ མེ་ལོང་ལི་ཁྲི་དུང་དཀར་དང༔ གི་ཝཾ་ལ་སོགས་རྫས་བརྒྱད་པོ༔ འབུལ་ལོ་དགྱེས་བཞེས་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་པདྨ་རཱ་ཛ་ཨཥྚ་མངྒ་ལཾ་དྲ་བྱ་རཏྣ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ འཁོར་ལོ་ནོར་བུ་བཙུན་མོ་དང༔ བློན་པོ་གླང་རྟ་དམག་དཔོན་སོགས༔ རིན་ཆེན་བདུན་པོ་འབུལ་བར་བགྱི༔ ཨོཾ་གུ་རུ་པདྨ་རཱ་ཛ་སཔྟ་རཏྣ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ གསེར་གྱི་ས་གཞི་རོལ་མཚོ་བདུན༔ གསེར་གྱི་རི་བདུན་རི་རབ་བདུན༔ གླིང་བཞི་གླིང་ཕྲན་ཁང་བཟང་སོགས༔ ལྷ་མིའི་བཀོད་པ་ལོངས་སྤྱོད་འབུལ༔ ཨོཾ་གུ་རུ་པདྨ་རཱ་ཛ་རཏྣ་མཎྜལ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨཱཿལས་དུང་ཆེན་སྣོད་ནང་དུ༔ ཤ་ལྔ་བདུད་རྩི་ལྔ་ལ་སོགས༔ སྦྱངས་བསྒྱུར་སྤེལ་པའི་བདུད་རྩིའི་མཚོ༔ དམ་རྫས་གཏོར་ཆེན་འདོད་ཡོན་ཚོགས༔ དམར་ཆེན་རཀྟ་ཆགས་པ་ཆེ༔ སྦྱོར་སྒྲོལ་དེ་བཞིན་ཉིད་ཀྱིས་མཆོད༔ ཨོཾ་གུ་རུ་པདྨ་རཱ་ཛ་ཨ་མྲྀཏ་བ་ལིཾ་ཏ་རཀྟ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཧོ༔ རུ་དྲ་སརྦ་མཱ་ར་ཡ་ཁཱ་ཧི༔ ཧྲཱི༔ མ་བཅོས་སྤྲོལ་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་གུ་རུ་རྗེ་ལ་ཕྱག་འཚལ་བསྟོད༔ ལྷག་པའི་ལྷ་མཆོག་མ་ཧཱ་གུ་རུ་རྗེ༔ གང་འདུལ་དེར་སྣང་བཀོད་པ་བསམ་མི་ཁྱབ༔ སྣང་སྲིད་དབང་སྒྱུར་པདྨ་རྒྱལ་ལ་བསྟོད༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ མ་འོངས་ལྔ་བརྒྱ་ཐ་མའི་དུས་སྐབས་འདིར༔ ཐུགས་བསྐྱེད་མ་བསྙེལ་དམ་བཅའ་དུས་ལ་བབས༔ དབང་སྐུར་བྱིན་རློབས་མཆོག་གི་དངོས་གྲུབ་སྩོལ༔ ནད་གདོན་བར་ཆད་མི་མཐུན་ཞི་བ་དང༔ ཚེ་དང་བསོད་ནམས་དཔལ་འབྱོར་འཕེལ་ཞིང་རྒྱས༔ སྣང་སྲིད་འདོད་དགུའི་ཚོགས་རྣམས་དབང་དུ་སྡུས༔ བཀྲེས་སྐོམ་མུ་གེ་གོད་ཁ་སྙིང་སྟོང་དང༔ ནད་མཚོན་རྒྱ་འདྲེ་འགོང་པོའི་གནོད་པ་ཟློགས༔ བཤད་སྒྲུབ་དགེ་འདུན་དམ་ཆོས་དར་ཞིང་རྒྱས༔ འགྲོ་དོན་ཕྲིན་ལས་ཕྱོགས་མཐར་ཁྱབ་པར་མཛོད༔ ཐུགས་ཀར་པདྨ་དམར་པོ་འདབ་བརྒྱད་པའི། །ཟེའུ་འབྲུར་ཉི་མར་ཧྲཱིཿཡིག་བྱེ་རུའི་མདོག །སྔགས་ཕྲེང་གཡོན་དུ་བཀོད་ནས་གཡས་སུ་འཁོར། །འོད་ཟེར་དམར་པོས་རྒྱལ་བ་ཀུན་མཆོད་ཅིང་། །དེ་ཀུན་དབང་བྱེད་ལྷ་ཡི་རྣམ་པར་བྱོན། །རང་ཐིམ་གཟི་བརྗིད་ནུས་མཐུ་ཕུན་སུམ་ཚོགས། །ཕྱིར་འཕྲོས་དབུལ་ཕོངས་སྐྱོན་བསལ་སྣང་སྲིད་ཀྱི། །དྭངས་བཅུད་ཐམས་ཅད་ཐུགས་སྲོག་ཧྲཱིཿལ་ཐིམ། །དངོས་གྲུབ་ཐམས་ཅད་ཆར་ལྟར་འབེབ་པར་བསྒོམ། །བཛྲ་གུ་རུ་ཅུང་ཟད་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་བཟླ། སྔགས་ཤམ་ནི། ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་རཱ་ཛ་ཨ་ནྲི་ནཱ་ག་ཨཱ་ཡུཿཔུཎྱེ་བཱ་སུ་ནཱ་ནཱ་ཁ་དྷེ་རཏྣ་སིདྡྷི་ཛཿཧཱུྃ༔ ཞེས་ཅི་མང་བཟླས་པས་རྟགས་ཁྱད་པར་ཅན་འབྱུང་ངོ་། །མཐར་ཐུགས་སྒྲུབ་བརྒྱ་སྐོང་དང་། གཏོར་འབུལ་སོགས་གཞུང་ལྟར་བྱ་ཞིང་། རྗེས་ཀྱི་ལས་རིམ་རྣམས་སྤྱི་དང་མཐུན་ནོ། །དེ་ལྟར་གུ་རུ་པདྨ་རྒྱལ་པོ་ལ་བསྟེན་པའི་ཚེ་དང་བསོད་ནམས་འཕེལ་བའི་ཐབས་སྙིགས་དུས་ཤིན་ཏུ་བྱིན་རླབས་ཆེ་བའི་མན་ངག་འདི་བཞིན་དད་ལྡན་བཀྲ་ནོར་གྱིས་ཤོག་བུ་ཕུལ་ནས་རྟེན་འབྲེལ་ལེགས་ཚོགས་མཚུངས་པས་བྱས་སོ། །འདི་ལ་རྒྱས་པར་སྐོང་བརྒྱ་དང་ཚོགས་འཁོར་ཡང་བྱས་ན་དངོས་གྲུབ་ཆར་ལྟར་འབེབ་པར་འགྱུར་རོ། །མང་དུ་སྤེལ་ན་ཡིད་བཞིན་ནོར་བུ་གཞན་ལ་བཙོང་པ་དང་མཚུངས་པས་གུད་དུ་སྦོས་ཤིག །སྤྲེལ་ཟླ་བའི་ཚེས་དགུ་དང་ཉི་ཤུ་ལྔ་ཚེས་བརྒྱད་ཟླ་བ་གང་བྱུང་གི་ཡར་མར་ཚེས་བཅུ་རྣམས་ལ་ནན་ཏན་བྱས་ན་གནད་ཆེ་བ་ཡིན་ནོ། །ཞེས་ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་བྲིས་པ་དགེ་ལེགས་འཕེལ། མངྒ་ལཾ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).