Terdzo-NYA-017

From Rinchen Terdzö
Revision as of 12:55, 29 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")

ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་ཡིག་མདོར་བསྡུས་སུ་བཀོད་པ་ཉེར་མཁོའི་དོན་གསལ་

yang zab dkon mchog spyi 'dus kyi bsnyen yig mdor bsdus su bkod pa nyer mkho'i don gsal

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇའ་ཚོན་སྙིང་པོ་ (Jatsön Nyingpo)
in cycle  བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ (Bka' rdzogs pa chen po yang zab dkon mchog spyi 'dus)
Volume 8 (ཉ) / Pages 443-476 / Folios 1a1 to 17b2

[edit]

༄༅། །ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་ཡིག་མདོར་བསྡུས་སུ་བཀོད་པ་ཉེར་མཁོའི་དོན་གསལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་བྷཱ་ས་ཛྭ་ལ་ཡ། མཚན་དང་ཆོས་འཁོར་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་དྲུག་དབྱིངས་སུ་སྒྲོལ་མཛད་རིགས་བརྒྱའི་བདག །བླ་མེད་བླ་མ་མཆོག་ལ་གུས་བཏུད་དེ། །བསྙེན་ཐབས་ཉུང་གསལ་ཉེར་མཁོའི་དཔྱིད་དུ་སྤེལ། །བླ་མའི་སྒྲུབ་ཐབས་རྒྱ་མཚོ་ལས་ཕྲིན་ལས་མཁའ་ལྟར་ཁྱབ་པ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཉིད་རྩ་བའི་ཡི་དམ་དུ་བཟུང་བ་ལྟ་བུར་སྔོན་འགྲོ་དངོས་གཞི་རྗེས་ཚང་གི་བསྐྱེད་རྫོགས་ཆ་ཚང་ཉམས་སུ་ལེན་དགོས་ལ། དེའི་ཚེ་བསྐྱེད་རིམ་ལྷ་ཁྲིད་དང་འབྲེལ་བའི་བསྙེན་སྒྲུབ་རྒྱས་པར་བྱ་བའི་ཚུལ་རྣམས་སྔར་བཀོད་པའི་བསྙེན་ཡིག་པདྨའི་ཞལ་ལུང་ལས་རྟོགས་པར་བྱ་བ་གལ་ཆེ། འདིར་ལས་བྱང་ཁོ་ན་ལ་བརྟེན་ཏེ་གྲངས་བསྙེན་མདོར་བསྡུས་ལས་རུང་ཙམ་བྱ་བའི་ཚུལ་བཤད་པ་ལ་གསུམ། ཉེར་བསྡོག་སྟ་གོན་དང་། སྒྲུབ་པ་དངོས། རྗེས་ཀྱི་བྱ་བའོ། །དང་པོ་ནི། འདི་ཉིད་ཀྱི་དབང་ལུང་ཁྲིད་རྣམས་ལེགས་པར་ནོས་ཏེ་སྒྲུབ་པ་ལ་འཇུག་ཁར། སཱཙྪ། ཆུ་གཏོར། བསང་བརྔན། རྡོར་སེམས་སྒོམ་བཟླས། བཤགས་རྒྱུད་སོགས་བར་ཆད་སེལ་ཞིང་དངོས་གྲུབ་ཉེ་བའི་རྒྱབ་སྐྱོར་རིགས་ནུས་པས་གང་ལྕོགས་གལ་ཆུང་མེད་པར་བསྒྲུབ། གུ་རུས་བྱིན་གྱིས་བརླབས་པའི་གནས་སམ་བཀྲ་ཤིས་ཤིང་ཡིད་དང་མཐུན་པའི་སྒྲུབ་ཁང་གི་གུང་དུ་གུ་རུའི་སྐུ་བརྙན་དང་རྩ་གསུམ་གྱི་ཞལ་ཐང་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་གཙང་མའི་དབུས་དང་གཡས་གཡོན་དུ་འབྲུའི་ཚོམ་བུ་ལྔ་རེ་བཀོད་པའི་དབུས་སུ། པད་སྣོད་དུ་བླ་མར་གཏོར་མ་ཟླུམ་པོ་འཁོར་རང་འདྲ་བ་བཞི་དང་མཐེབ་ཀྱུས་བསྐོར་བ། གཡས་སུ་གུར་དྲག་ལ་དཔལ་བཤོས་ཟུར་གསུམ་དམར་པོ་འཁོར་རངའདྲ་ལྔ་དང་མཐེབ་ཀྱུས་བསྐོར་བ། གཡོན་དུ་སེང་གདོང་མ་ལ་གྲུ་གསུམ་དམར་པོ་རང་འདྲ་བཞི་དང་མཐེབ་ཀྱུས་བསྐོར་བའི་མདུན་གཡས་ཀླུ་བདུད་དམར་གཏོར་སྦྲུལ་དཀྲིས། མདུན་གཡོན་མཚོ་སྨན་དཀར་ཟླུམ་བུ་ཁུར། དེ་དག་གི་གཡས་སུ་ཆོས་སྨན་བཏབ་པའི་བདུད་རྩི་དང་། གཡོན་དུ་རཀྟ་སོ་ལྔའམ་མ་རྙེད་ན་སིནྡྷུ་ར་བཏབ་པའི་རཀྟའི་སྣོད། མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། བགེགས་གཏོར། གཏོར་འབུལ་དཀར་དམར། ཚོགས་ཞལ་ཟས། ཆད་བརྟན་སོགས་མཐོང་བརྒྱུད་ལྟར་འདུ་བྱ། རང་གི་གདན་འོག་འབྲས་སམ་ས་དཀར་གྱི་གཡུང་དྲུང་གཡས་སྐོར་བྲི། མལ་བདེ་བར་བཅས་ཏེ་གཞི་དང་ཞལ་སྤྲོད་དུ་འཁོད་ལ། རྣམ་འཇོམས་བཟླས་པའི་ཁྲུས་ཆུ་འཐོར་འཐུང་བྱ་བ་དང་། བདུད་རྩི་འཁྱིལ་པས་བསྔགས་པའི་གུ་གུལ་དཀར་ནག་གི་དུད་པས་བདུག་པ་སོགས་བྱ། སྒོ་དྲུང་དུ་ཐོ་དཀར་པོ་བརྩིགས་པ་རྒྱལ་ཆེན་བཞིར་མོས་ནས་གཏོར་འབུལ་ཕྲིན་བཅོལ་བརྟན་བཞུགས་ཤིས་བརྗོད་གསང་བ་སྤྱི་ཆོག་ལྟར་བྱའོ། །གཉིས་པ་སྒྲུབ་པ་དངོས་ལ་ལྔ། ཕྱི། ནང་། གསང་བ། ཡང་གསང་། ལས་མཐའ་རྒྱས་རྣམས་སོ། །དང་པོ་ནི། དགོང་ཐུན་ནས་དབུ་བཙུགས་ཏེ། ཚིག་བདུན་དང་། འཇའ་ཚོན་གསོལ་འདེབས་སྔོན་དུ་འགྲོ་བས། རང་ཉིད་རྟ་མཆོག་ཧེ་རུ་ཀའི་སྐུར་གསལ་བས་བགེགས་གཏོར་བཏང་། དྲག་སྔགས་ཡུངས་ཐུན་རྫས་དུད་རོལ་མོ་བཅས་པས་བགེགས་བསྐྲད་ཅིང་སྲུང་འཁོར་གསལ་ཞིང་བརྟན་པར་བསྒོམས་ལ། མཚམས་གྲོལ་རྒྱུའི་ཐུན་ཐ་མའི་བར་མི་བསྡུ་བར་ཐུན་འགོ་ཐམས་ཅད་དུ་གསལ་འདེབས་ཡང་བསྐྱར་བྱེད། དེ་ནས་སྐྱབས་སེམས། ཡིག་བརྒྱ་མཎྜལ། བླ་མའི་རྣལ་འབྱོར་རྣམས་གྲངས་མང་ཉུང་གང་འགྲུབ་རེ་བཏང་ལ། མཆོད་པ་བྱིན་རླབས། ལྷ་བསྐྱེད་འདི་མ་ཧཱའི་ཨ་ཏི་དང་མཐུན་པར་སྐད་ཅིག་དྲན་རྫོགས་ལ་ཏིང་འཛིན་རྣམ་གསུམ་ཡང་གསལ་བར་ཚང་བས་དེ་ལྟར་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བསྟིམ། ཕྱག་མཆོད་བསྟོད་པའི་བསྙེན་བཀུར་གྱི་ཡན་ལག་ཚང་བར་བྱས་ནས་བཟླས་པའི་ཐོག་མར། རང་ཉིད་པདྨ་འོད་འབར་དུ་གསལ་བའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསལ་འཚེར་འོད་འཕྲོ་བ་ལ་ཡུན་རིང་སེམས་བཟུང་། བགྲང་ཕྲེང་ཚད་ལྡན་བསང་སྦྱང་། སྟོང་པའི་ངང་ལས་ཧྲཱིཿཡིག་ལས་བྱུང་བའི་བགྲང་ཕྲེང་ལྷའི་ངོ་བོར་མོས་པའམ། ལག་གཉིས་ཉི་ཟླའི་ཐལ་མོའི་བར་དུ་ཕྲེང་བ་དབྱངས་གསལ་གྱི་ཡིག་འབྲུར་བསམ་པས་ཀྱང་རུང་། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ན་ཡེ་སྭཱ་ཧཱ། ཞེས་ལན་བདུན་བཟླས་ལ་ཕུས་འདེབས་ཤིང་དབྱངས་གསལ་ལན་གསུམ་བརྗོད། དེ་ནས་ཐོད་ཕྲེང་རྩལ་གྱི་འཛབ་སྔགས་ཐོག་མར་བདུན་གསུམ་ཉེར་གཅིག་ཙམ་ཌཱ་དྲིལ་དབྱངས་དང་སྟངས་སྟབས་བཅས་པས་བཟླ། དེ་ནས་ཤུབ་བུར་བཟླ་བའི་ཚེ་ནའང་བློ་ཀློད་དུ་མ་སོང་བར་དད་མོས་སྤྲོ་བ་ཆེན་པོས་ལུས་ངག་ཡིད་གསུམ་ཆུན་གཅིག་བསྒྲིལ་ལ་བག་དྲོ་བྱིན་ཐིབས་བྱུང་བྱུང་གི་བར་དུ་བཟླ། དེའི་ཚེ་དམིགས་པ་ནི། འབྲུ་གསུམ་དང་ཁྱད་པར་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ནམ་མཁའི་ཁམས་ཁྱབ་པར་འཕྲོས། ཕྱོགས་དུས་ཀྱི་མཆོག་གསུམ་རྩ་གསུམ་ཐམས་ཅད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་གུ་རུ་པདྨའི་སྐུ་གསུང་ཐུགས་ཀྱི་རྣམ་པར་གྱུར་ཏེ་དེའང་སྐུའི་བྱིན་རླབས་ཐམས་ཅད་པདྨ་འབྱུང་གནས་ཀྱི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་དང་ཏིལ་འབྲུ་ཙམ། གསུང་གི་བྱིན་རླབས་ཐམས་ཅད་ཡིག་འབྲུ་ཨཱ་ལི་ཀཱ་ལི་བཛྲ་གུ་རུ་རྒྱ་ཡིག་བོད་ཡིག་ཁ་དོག་སྣ་ཚོགས་པའི་ཚུལ་ཅན། ཐུགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེ་རིན་ཆེན་པདྨ་དྲིལ་བུ་བུམ་ཐོད་ཁ་ཊྭཱཾ་ལ་སོགས་པའི་ཕྱག་མཚན་གྱི་ཚོགས་སུ་གྱུར་པ་དང་། ཁྱད་པར་རང་ཉིད་གང་ལ་དད་པའི་བླ་མ་དཀོན་མཆོག་ཐམས་ཅད་གུ་རུའི་རྣམ་པར་བྱོན་ཏེ་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་ཤིང་ཁ་བ་བུ་ཡུག་འཚུབས་པ་ལྟར་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་གཉིས་མེད་དུ་གྱུར་པར་བསམ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་གསུམ་བཟླས་ལ་མཆོད་བསྟོད་ཤློ་ཀ་རེ་རེ། བསྔོ་སྨོན་བཀྲ་ཤིས་བསྡུ་རིམ་ཡན་བྱ། སྐབས་འདིར་སྔགས་ཕྲེང་སོགས་བསྡུ་རྒྱུ་མེད་ཀྱང་ལྷར་སྣང་ཐུགས་ཀའི་ཧཱུྃ་ལ་བསྡུ་ཞིང་ཧཱུྃ་ནཱ་དའི་བར་དུ་བསྡུ། ནཱ་ད་འོད་གསལ་དུ་གཞུག །བཛྲ་གུ་རུ་ལན་གཅིག་བརྗོད་པའི་རྐྱེན་གྱིས་པདྨ་འོད་འབར་གནས་གསུམ་འབྲུ་གསུམ་དང་བཅས་པར་མོས་ལ་ཐུན་མཚམས་གཉུག་མའི་ལྷར་ལྡངས་ཤིང་། གཟུགས་སྣང་ཐམས་ཅད་སོགས་བརྗོད་ལ་ཁྱེར་སོ་གསུམ་དང་མ་བྲལ་བར་བྱའོ། །དེ་ནས་སྲོད་ཐུན་ལ་སྲུང་འཁོར། སྐྱབས་སེམས། ཡན་ལག་བདུན་པ། མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་གཏེར་གཞུང་ཞི་རྐྱང་ལུགས་སུ་བཏང་ལ་ཛཔ྄་བཟླས་ནས་ཐུན་མཚམས་བར་སྔར་ལྟར་ལ་སྲུང་མའི་གཏོར་འབུལ་ཡང་སྐབས་གང་འོས་ཤིག་ཏུ་བྱས་ཏེ་ཉལ་བའི་རྣལ་འབྱོར་ལ་འཇུག །ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ་རླུང་རོ་བསལ། ངག་བྱིན་རླབས་དང་བདུད་རྩི་མྱང་། བགེགས་གཏོར་ནུབ་དང་པོ་ལས་མི་དགོས། སྔོན་འགྲོ་རྒྱས་པ་ནས་བརྩམ་གཞན་ཐམས་ཅད་ཁར་སང་དགོང་ཐུན་ལྟར་བྱ། སྔ་ཐུན་སོགས་ཁར་སང་སྲོད་ཐུན་ལྟར་བྱ། དགོང་སྲོད་གང་རུང་གི་ཐུན་མཐའི་མཆོད་བསྟོད་གྲུབ་པ་དང་། རྩ་གསུམ་སྲུང་མའི་གཏོར་འབུལ་རྒྱས་བསྡུས་གང་ལྕོགས་དང་། འགྲུབ་ན་ཚོགས་མཆོད་རེ་ཡང་གལ་ཆེ་ཞིང་། མི་འགྲུབ་ན་མཚམས་དང་པོ་ཚུགས་པའི་དགོང་སྲོད་གང་རུང་གི་ཐུན་མཐར་དང་། སྒྲུབ་པ་སྔ་མ་རྣམས་གྲུབ་ཅིང་ཕྱི་མ་རྣམས་ཚུགས་པའི་ཐོག་མཐའ། ཚེས་བཅུ་གང་བྱུང་ལ་ཚོགས་མཆོད་རེ་ངེས་པར་གལ་ཆེའོ། །དེ་ལྟར་ཐུན་བཞིར་བཅད་པའི་ཞག་བདུན་ཕྲག་གཅིག །གྲངས་འབུམ་ཕྲག་གཅིག་མ་མཐའ་བྱས་པ་བཟླ་ཞིང་མང་ན་ཇི་ཙམ་འགྲུབ་ཀྱང་དགོས་པ་ཕན་ཡོན་ཚད་མེད་དེ། འདི་ཉིད་ཀྱི་གཏེར་གཞུང་ལས། འདིས་ནི་སྣང་སྲིད་གཡོ་བར་འགྱུར༔ དུས་གསུམ་རྒྱལ་བ་གཅིག་ཏུ་སྡུད༔ བླ་མ་ཀུན་དང་འདུ་འབྲལ་མེད༔ འབྱུང་པོ་དྲེགས་པ་བརྒྱལ་ཞིང་འདར༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་འདུ༔ དཔའ་བོ་ཕོ་ཚོགས་མོ་ཚོགས་ཀུན༔ རང་དབང་མེད་པར་མངོན་སུམ་འོང༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ འདི་ཉིད་འགྲུབ་རྟགས་མེད་པ་ན༔ པདྨ་བདག་གིས་སེམས་ཅན་བསླུས༔ ཞེས་སོགས་དང་། བླ་མ་གསང་འདུས་ལས་ཀྱང་རྒྱལ་བ་ཀུན་གྱི་དྲིལ་སྒྲུབ་ཏུ་བསྔགས་སོ། །འགྲུབ་པའི་རྟགས་ཀྱང་མ་ཧཱ་ཡོ་གའི་བསྐྱེད་རིམ་ལས། ཁྱད་པར་དུ་སྙིང་པོ་འདི་འདྲེན་པ་དང་སྤྱན་འདྲེན་ཐུན་དྲུག་ཏུ་མ་ཆག་པར་བསྒྲུབ་ན་པདྨ་འབྱུང་གནས་རང་བཞིན་གྱིས་བབ་ཅིང་ངེས་མེད་དུ་འོད་འཁྱུག་པ་དང་། གཟུངས་སྔགས་རང་བྱུང་གི་སྒྲ་སྒྲོག་པ་དང་། རང་བཞིན་ཀ་དག་གི་ཉམས་བཟང་པོ་རྩོལ་མེད་དུ་འབྱུང་ངོ་། །ཞེས་སོ། །གཉིས་པ་ནང་སྒྲུབ་ནི་འདི་ཉིད་ཀྱི་བསྙེན་སྒྲུབ་དངོས་གཞི་ཡིན་པས་དེ་ལ་གཉིས། དངོས་དང་། ཚད་བཤད་པའོ། །དང་པོ་ནི། ཕྱི་སྒྲུབ་རྗེས་དེ་ཉིད་དུ་མཆོད་བཤམ་ཁ་གསོ། བརྒྱུད་འདེབས་དང་བགེགས་གཏོར་གཏང་། སྲུང་འཁོར་ནས་བསྟོད་པའི་བར་ཆོ་ག་དང་ཐུན་བཞིའི་འགྲོས་སྔ་མ་ཇི་ལྟ་བ་བཞིན་ལ། སྤྱན་འདྲེན་སྐབས་དམིགས་པ་དང་བཅས་ཐོད་ཕྲེང་བརྒྱ་རྩའམ་ཉེར་གཅིག་སོགས་བཟླ། དངོས་གཞི་འཛབ་བཟླས་སྐབས་ཐོག་མར་གཞི་དགོད་པ་ནི། རང་དམ་ཚིག་སེམས་དཔའི་ཐུགས་ཀར་པད་དཀར་འདབ་བརྒྱད་ཀྱི་གདན་ལ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཡེ་ཤེས་སེམས་དཔའི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འགྲེང་ཐབས་སུ་གནས་པ། རྡོ་རྗེའི་ལྟེ་བར་འོད་ལྔའི་ཐིག་ལེའི་དབུས་སུ་ཏིང་འཛིན་སེམས་དཔའ་ཧཱུྃ་དཀར་པོ་འོད་ཟེར་ལྔ་ལྡན་མཐའ་ཡས་པ་འཕྲོ་བ། རྡོ་རྗེའི་ལྟེ་བའི་རྒྱབ་ངོས་ཀྱི་མཐའ་སྐོར་དུ་བཛྲ་གུ་རུའི་སྔགས་ཕྲེང་དཀར་པོ་གཡས་སྐོར་དུ་འཁོད་པར་བསྒོམས་ལ་གསལ་མ་ཐེབས་ཀྱི་བར་དུ་ནན་ཏན་བྱ། དེ་ལ་གསལ་ཅི་རིགས་ཐེབས་ནས་དེ་ཉིད་ལ་ཧ་ཅང་འཇུར་དྲག་པ་དང་ཀློད་དྲག་པ་མ་ཡིན་པ་མ་ཡེངས་ཙམ་གྱི་སེམས་འཛིན་གྱི་རྟེན་དུ་བྱས་ནས་བཛྲ་གུ་རུའི་བཟླས་པ་བྱ་བ་ནི་བསྙེན་པའི་ཡན་ལག་གོ །དེ་ལ་ཅུང་ཟད་བརྟན་ནས་ཡིག་འབྲུ་རྣམས་རང་སྒྲ་དི་རི་རི་སྒྲོག་པར་བསམ་པ་ནི་ཁོག་ཆེན་རང་བཞིན་སྒྲ་འཁོར་དང་། ཧཱུྃ་ཡིག་ལས་ཟླ་བའི་འོད་དང་སྔགས་ཕྲེང་ལས་སྐར་མའི་འོད་ལྟ་བུ་དཀར་ཧྲམ་ཧྲམ་འཕྲོ་བ་ནི་ཟླ་བ་སྐར་ཕྲེང་ངམ་མུ་ཏིག་ཕྲེང་བ་ལྟ་བུ་དང་། ཐོག་མར་འོད་ཟེར་འཁོར། དེ་ནས་སྔགས་ཕྲེང་དང་པོ་དལ་བུ། རིམ་པར་ཇེ་བྲེལ་གྱི་ཚུལ་དུ་འཁོར་བ་ནི་འགལ་མེ་ཀླད་ལ་བསྐོར་བ་ལྟ་བུ་སྟེ་ཉེ་བར་བསྙེན་པའི་ཡན་ལག་གོ །དེ་ལ་བརྟན་པ་ཐོབ་ནས་སྤྲོ་བསྡུའི་བཟླས་པ་བྱ་བ་ནི། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་གི་འོད་ཟེར་ཧཱུྃ་ཡིག་ལ་ཕོག །དེ་ལས་འོད་ཟེར་སྣ་ལྔ་རྡོ་རྗེའི་ཡས་ཀྱི་རྭ་ནས་བརྒྱུད། མཛོད་སྤུ་ནས་འཐོན། མཁའ་ཁྱབ་ཀྱི་བླ་མ་རྒྱལ་བ་སྲས་དང་བཅས་པ་སྤྱི་དང་ཁྱད་པར་བླ་མ་སྐུ་གསུམ་རྩ་གསུམ་གྱི་ཞིང་སྐུའི་བཀོད་པ་འབྱམས་ཀླས་པ་རྣམས་ལ་བླ་ན་མེད་པའི་མཆོད་སྤྲིན་དུ་གྱུར་པས་མཉེས་ཤིང་ཐུགས་རྒྱུད་བསྐུལ། གསང་བ་གསུམ་གྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་བབ་པ་ལྟར་བྱོན་ནས་རང་དང་ས་བོན་སྔགས་འཁོར་ལ་ཐིམ་པས་གཟི་མདངས་འོད་དུ་འབར་བར་བསམ་པ་ནི་སྤྲོ་བསྡུ་དང་པོའོ། །ཡང་སྔགས་ཕྲེང་ས་བོན་ལས་དམར་པོ་ཤས་ཆེ་བའི་འོད་ཟེར་ལྕགས་ཀྱུའི་རྡུལ་ལྡན་ཕྲོམ་ཕྲོམ་མས་ཀྱི་རྭ་རྩེ་བརྒྱུད། ལྟེ་བ་ནས་འཕྲོས་པས་སྲིད་པ་གསུམ་གྱི་སྡེ་བརྒྱད་འབྱུང་པོ་མཐུ་བོ་ཆེ་རྣམས་ལ་ཕོག་པས་གནོད་སེམས་གདུག་རྩུབ་སྐད་ཅིག་ལ་ཞི། རང་སྲོག་དྭངས་མ་འུབ་ཀྱིས་བསྡུས་ཏེ་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པས་དྲེགས་བྱེད་རྣམས་ཀྱི་སྲོག་གཏའ་རུ་ཚུད་དེ་ཅི་བཅོལ་བའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་བསམ་པ་ནི་གཉིས་པའོ། །ཡང་སྔགས་ཕྲེང་ས་བོན་ལས་འོད་ཟེར་ཁ་དོག་དྲུག་པ་རྡོ་རྗེའི་རྭ་ཡས་མར་དང་སྐུའི་གནས་ཐམས་ཅད་ནས་ཐོན། འགྲོ་བ་རིགས་དྲུག་གི་གནས་མ་ལུས་པར་ཁྱབ། སྡིག་སྒྲིབ་མ་ལུས་པ་སྦྱངས་ནས་གུ་རུའི་སྐུ་འབའ་ཞིག་ཏུ་གྱུར། འོད་ཟེར་ཚུར་འདུས་འཁོར་འདས་མཉམ་ཉིད་འགྱུར་མེད་བདེ་ཆེན་གྱི་ཕྱག་རྒྱས་ཐེབ་པར་བསམ་པ་ནི་གསུམ་པའོ། །འདི་ལ་དམིགས་སྐོར་རྒྱས་པར་ཕྱེ་བའི་བཅུ་གཉིས་ཀྱི་ཚུལ་སོགས་སྤྲོ་ན་བསྙེན་ཡིག་རྒྱས་པ་ལས་རྟོགས་པར་བྱ་སྟེ་འདི་རྣམས་སྒྲུབ་པའི་ཡན་ལག་གོ །དེ་རྣམས་ལེགས་པར་གོམས་ནས། ཕྱིའི་འབྱུང་བཞིའི་རྡུལ་ཕྲ་རབ་རེ་རེ་ནས་དང། ནང་བཅུད་སྐྱེ་འགྲོ་ཐམས་ཅད་གུ་རུ་པདྨའི་སྐུར་གྱུར་པའི་ཞལ་དང་བ་སྤུའི་བུ་ག་ཚུན་ཆད་ནས་སྔགས་སྒྲ་དིར་དིར་སྒྲོག་པས་མཁའ་ཁྱབ་ཀྱི་རྩ་གསུམ་འཁོར་ལོ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱིས་ཀྱང་འཛབ་སྒྲ་འུར་དིར་བསྒྲགས། བྱིན་རླབས་ནུས་མཐུ་ཇི་སྙེད་ཡོད་པ་ཐམས་ཅད་རང་སྲོག་ས་བོན་ལ་ཐིམ་པས་སེམས་ཅན་ཐམས་ཅད་ད་ལྟ་ཉིད་དུ་རྒྱལ་བ་པདྨའི་གོ་འཕང་ལ་འགོད་པའི་ནུས་པ་ཐོབ་སྙམ་དུ་མོས་པ་ནི་མཁའ་ཁྱབ་བཟླས་པའི་རྣལ་འབྱོར་ཏེ་སྒྲུབ་པ་ཆེན་པོའི་ཡན་ལག་གོ །ཡང་སྐབས་སུ་སྤྲོ་བསྡུས་སྐྱོ་ན། རྡོ་རྗེ་ས་བོན་ལ་སེམས་རྩེ་གཅིག་ཏུ་གཏད་པ་དང་། དེས་ཁམས་འདུས་སོགས་བྱུང་ན་སྔགས་ཕྲེང་ཀློག་པའི་ཚུལ་གྱིས་བཟླ་བ་དང་། དེས་ཀྱང་ངལ་ན་སྐུའི་དཀྱིལ་འཁོར་ཆ་མེད་ཀུན་འགྲོ་ལ་སེམས་གཏད་ཅིང་གསལ་སྣང་འདོན་པ་དང་། རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཡིག་འབྲུ་སྔགས་ཀྱི་རྣམ་པར་ཤར་བ་ལ་ངེས་པའི་ཤེས་པ་བརྟན་པོས་ཡིག་འབྲུ་རེ་རེ་བཞིན་དབྱིབས་དང་གདངས་ལ་སེམས་ཡུན་རིང་དུ་གཏད་པས་སྟོང་སྲོག་གཅིག་ཆར་དུ་འཕྲོག་པ་ཐོབ་པའི་དགོས་པ་ཡོད་ཅིང་། སྐབས་རེར་འཛབ་སྒྲ་ཆེ་ཆུང་རན་པར་བཟླས་པའི་གདངས་རྣ་བར་སོན་པ་ལ་སེམས་གཏོད་པ་དང་། དབྱིབས་མི་གསལ་བ་དང་སྒྲ་གདངས་ཀྱིས་སུན་ཉམས་བྱུང་ན་དད་པ་རྩེ་གཅིག་པ་དང་མོས་པ་བརྟན་པོས་བཟླས་ཀྱང་མཆོག་ཏུ་འགྱུར་ལ། མདོར་ན་ཡེངས་འཁྲུལ་རྒྱ་འབྱམས་སུ་མ་སོང་བའི་གནད་དུ་གང་འགྲོ་བྱ། དམིགས་པ་དེ་རྣམས་ཀྱང་སྔ་མ་ལ་བརྟན་པ་ཐོབ་ནས་ཕྱི་མར་རིམ་གྱིས་འཇུག་པས་དོན་འབྲས་འགྲུབ་པ་ཡིན་ནོ། །དེས་ན་ཐོག་མར་བསྐྱེད་རྫོགས་ཟུང་འཇུག་གི་ལྷའི་གསལ་སྣང་དང་སྤྲོ་བསྡུའི་གཞི་འཛིན་པ་ལ་ནན་ཏན་བྱ། དེ་ནས་སྤྲོ་བསྡུ་དང་པོ་ལ་བྱིན་རླབས་ཐོབ་པའི་རྟགས་མཐོང་ནས། བར་པ་ཅུང་ཟད་དང་ཐ་མ་དང་མཁའ་ཁྱབ་བཟླས་པ་གཙོ་བོ། གཞན་རྣམས་ཀྱང་སྐབས་སུ་གང་བབ་བྱ་ཡི་ཐམས་ཅད་ཁྲིགས་ཆགས་མ་མི་དགོས་ཤིང་། བོར་མཆོག་སྒྲུབ་པའི་ཉམས་ལེན་གྱི་སྙིང་པོ་རང་རིག་གཉུག་མ་གསལ་སྟོང་རྒྱ་ཡན་ཆེན་པོའི་རང་མདངས་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་རང་ཤར་དེ་ཉིད་དྲན་ཙམ་དང་། རང་སེམས་མ་བཅོས་ཡེངས་མེད་འཛིན་མེད་ཀྱི་ངང་ནས་བཟླས་པ་ཆུ་བོའི་རྒྱུན་ལྟར་བྱ་བ་ཚིག་དོན་གྱི་སྙིང་པོའོ། །ཐུན་གྱི་རྗེས་བསྡུ་སོགས་ཕྱི་སྒྲུབ་དང་མཚུངས་ཤིང་། ལྷ་སྐུ་བསྡུ་ལྡང་གཞུང་ཚིག་གི་དངོས་བསྟན་ལྟར་བྱས་ལ། ཐུན་མཚམས་རྣམས་སུའང་སྣང་གྲགས་རིག་གསུམ་གཉུག་མའི་ལྷ་སྔགས་ཡེ་ཤེས་ལས་མི་འདའ་བ་བྱའོ། །གཉིས་པ་བཟླས་པའི་ཚད་དུས་གྲངས་རྟགས་གསུམ་ལས། དུས་ནི། མཆོག་སྒྲུབ་པ་ལ་ཚད་མེད་ཅིང་། ངེས་པ་བཟུང་ན། འདི་ཉིད་ཀྱི་གཞུང་ལས། ཡིད་ཆེས་བརྩོན་འགྲུས་དང་ལྡན་པས་བསྒྲུབས་ན་ཟླ་བ་དྲུག་གིས་ཟག་མེད་འོད་ཕུང་དུ་གྲོལ་བར་ངེས་སོ་ཞེས་གསུངས་པ་ལྟར་ད་ལྟ་དུས་བསྙེན་ཟླ་དྲུག་ཏུ་གྲགས་པ་འགྲུབ་ན་གྲངས་བསྙེན་རྒྱས་པ་དང་ཡང་འགྲིགས་པར་འགྱུར་ལ་དེ་ཙམ་མི་ནུས་ན། ཟླ་བ་གསུམ་མམ། ཟླ་གཅིག་གམ་ཞག་བདུན་གྱིས་མཐའ་རྟེན་པར་མོས་གུས་དང་བཅས་ཏེ་བསྒྲུབས་པས་ཀྱང་ཕན་ཡོན་ཆེན་པོ་ཐོབ་པར་འགྱུར་བས་འབད་པར་བྱ་བ་ཁོ་ནའོ། །གྲངས་ཚད་ནི། འབྲུ་རེ་རེར་འབུམ་ཕྲག་རེ་བཟླས་པས་འབུམ་ཕྲག་བཅུ་གཉིས། རྩོད་དུས་ཀྱི་དབང་དུ་བྱས་ཏེ་དེ་བཞི་འགྱུར་བྱས་པས་འབུམ་ཕྲག་བཞི་བཅུ་ཞེ་བརྒྱད་ཀྱི་གྲངས་བསྙེན་རྒྱས་པར་བཤད་པས་དེ་ལྟར་འགྲུབ་ན་མཆོག་ཡིན་ཅིང་འབྲུ་འབུམ་ནི་གྲངས་ཚད་དངོས་དང་། མ་མཐར་ཡང་། གུ་རུ་ཉིད་ཀྱི་ཞལ་ནས། སིདྡྷི་བྱེ་བས་རིག་འཛིན་གནས་སུ་སྐྱེ༔ ཞེས་གསུངས་པའི་བྱེ་བ་ནི་འབུམ་ཕྲག་བཅུ་ལ་བརྩི་བའི་ལུགས་ཏེ་ཟླ་བ་གཅིག་གིས་འགྲུབ་པས་དེ་ཙམ་ནི་ཅིས་ཀྱང་བརྩོན་པར་འོས་ཏེ། རང་གཞུང་ལས་ཀྱང་། མི་ཚིག་གིས་བར་མ་ཆོད་པར་བཟླས་པས་རིག་འཛིན་གྱི་ལྷ་ཚོགས་རྣམས་ཀྱིས་རང་དབང་མེད་པར་བྱིན་གྱིས་བརླབ་པར་འགྱུར་རོ༔ ཅིའི་ཕྱིར་ན་བདག་ཉིད་པདྨའི་ཐུགས་རྒྱུད་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་འདི་རྣམས་ལ་བསྟིམས་ཡོད་པའི་ཕྱིར་རོ༔ ཞེས་སོགས་ཕན་ཡོན་ཚད་མེད་པར་གསུངས་སོ། །རྟགས་ཚད་བླ་སྒྲུབ་སྤྱི་དང་མཐུན་ཞིང་། འདི་ཉིད་ལས་ཀྱང་། བརྩོན་འགྲུས་ཤེས་རབ་སྙིང་རྗེར་ལྡན༔ ལས་ཅན་རྣམས་ཀྱིས་ཉམས་བླངས་ན༔ ཐུགས་སྒྲུབ་གཞན་ལས་ཁྱད་པར་འཕགས༔ ལོ་རུ་མི་འགྱང་ཟླ་ཞག་ལ༔ ཡིད་ཆེས་དད་པ་དབང་མེད་ཡོང༔ ཞལ་མཇལ་ཆོས་གསུང་ལུང་བསྟན་ཐོབ༔ གང་དུ་བསྒྲུབ་པའི་ས་ཕྱོགས་དེར༔ འཇའ་ཚོན་སྤྲིན་བཀྲ་རྒྱུན་ལྡན་འབྱུང༔ སྤོས་དྲི་ངད་ལྡན་ཐོ་ལེ་བ༔ ཞེས་སོགས་གསུངས་སོ། །དེ་ནས་ནང་སྒྲུབ་ཐེམས་པའི་ཐུན་ཐ་མར་གཏོར་འབུལ་ཚོགས་མཆོད་དངོས་གྲུབ་བླང་བ་སོགས་རྒྱས་པར་བྱ་ཞིང་གསང་སྒྲུབ་ལ་འཇུག་གོ །གསུམ་པ་གསང་སྒྲུབ་ནི། མཆོད་པ་གསར་དུ་བརྗེ་བའམ་ཁ་གསོ། སླར་ཡང་བརྒྱུད་འདེབས་བགེགས་གཏོར་ནས་བརྩམ་ཆོ་ག་ཚང་བར་བཏང་སྟེ་གུ་རུ་ཞི་བའི་བཟླས་པ་ཅུང་ཟད་བྱས་རྗེས་ཞི་བ་ཉིད་གནས་འགྱུར་ཏེ་སྐད་ཅིག་ལ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་པདྨ་ཉི་ཟླའི་གདན་ལ་གུ་རུ་དྲག་པོ་གཏུམ་དྲག་དམར་ནག་་་་་མེའི་ཕྲེང་བ་ཅན་དཔལ་གྱི་ཆས་རྫོགས་ཤིང་རྔམ་བརྗིད་ཚད་མེད་པ་བ་སྤུ་ཐམས་ཅད་ཁྲོ་ཆུང་གི་གོ་ཆས་གཏམས་པ། གཡས་ན་ཁྲོ་བོ་གཡོན་ན་ཁྲོ་མོ་རྒྱབ་ཏུ་མཁའ་འགྲོའི་ཚོགས་ཀྱིས་དྲག་སྔགས་ཧཱུྃ་ཕཊ་ཀྱི་ང་རོ་སྒྲོག་པ། ལྷ་སྲིན་སྡེ་བརྒྱད་བྲན་བཞིན་དུ་ཁྲིད་ཅིང་ཡང་སྤྲུལ་ལྕགས་སྡིག་རླུང་ལྟར་འཚུབས་པ། སྲིད་པ་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་གྱུར་པའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས། ཆོས་དབྱིངས་དུར་ཁྲོད་མེ་རི་འབར་བ་དང་། ལངྐ་དཔལ་གྱི་ཕོ་བྲང་ལ་སོགས་པ་ནས་བླ་མ་དྲག་པོའི་དཀྱིལ་འཁོར་འཁོར་ལོ་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པར་མོས་ལ་སྤྱན་འདྲེན་དང་། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་བསྟོད་བྱེད་པར་བསྒོམས་ལ་བརྡ་དོན་རྟགས་གསུམ་གྱིས་མཆོད་བསྟོད་བྱས་ནས་ཡེ་ཤེས་པ་རང་ལ་ཐིམ། དབུ་གཙུག་ཏུ་གུ་རུ་ཞི་བ་རིགས་བདག་གི་ཚུལ་དུ་བཞུགས་པར་བསམ། འཛབ་བཟླ་བའི་སྐབས། ཐོག་མར་གཞི་དགོད་པ་ནི། རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་དམར་པོ་འོད་ཟེར་འཕྲོ་བ་མཐའ་སྐོར་དུ་ཡིག་འབྲུ་བཅུ་དྲུག་པ་ལྕགས་བསྲེགས་ཀྱི་ཁ་དོག་ལྟ་བུ་གྱེན་ལངས་གཡས་སྐོར་འོད་ཟེར་ཧྲམ་མེར་འཁོད་པར་བསམ་ལ་གསལ་སྣང་ཐོན་པར་བྱ། དེ་ནས་དྲག་སྒྲུབ་ཉིད་རྐང་ཚུགས་བྱེད་པའི་སྐབས་སུ་ཛཔ྄་ཁང་ཕྱེས་ཏེ་དོ་ལིའི་བཟླས་པ་གཙོར་བྱ་དགོས་ཀྱང་། འདིར་ཞི་སྒྲུབ་ཀྱི་ཆ་ལག་ལྟ་བུར་བྱ་བའི་ཚེ་སྤྲོ་བསྡུའི་བཟླས་པ་ཁོ་ནས་ཆོག་པས། སྔར་གུ་རུ་ཞི་བའི་སྐབས་ཀྱི་རྩ་བའི་དམིགས་པ་གསུམ་པོ་དེ་ལ་བསྒྱུར་ཁ་རིགས་པས་འཕྲུལ་ཏེ་དངོས་གཞིར་བྱ། མཐར་ཁྲོ་བཟླས་སམ་ལས་སྦྱོར་གྱི་ཚུལ་དུ། སྔགས་ཕྲེང་ལས་ཁྲོ་ཆུང་མེ་ཕུང་མཚོན་ཆ་ལ་སོགས་པ་དཔག་ཏུ་མེད་པ་འཕྲོས། བྱང་ཆུབ་སྒྲུབ་པའི་བར་ཆད་ལོག་འདྲེན་དགྲ་བགེགས་བྱད་མའི་ཚོགས་ལྕགས་ཀྱུས་བཀུག །ཞགས་པས་བཅིངས། མཚོན་ཆ་དང་འཁོར་ལོས་གཏུབས། ཁྲོ་བོ་ཁྲོ་མོ་ལྕགས་སྡིག་རྣམས་ཀྱིས་ཧབ་ཐོབ་ཏུ་རོལ། ལྷག་མ་མེ་རླུང་གིས་བསྲེགས་ཤིང་གཏོར་བས་རྡུལ་ཕྲན་ཙམ་ཡང་མ་ལུས་པར་བསམ། གཞན་ཡང་སྣང་སྲིད་ཐམས་ཅད་གུ་རུ་དྲག་པོའི་སྐུས་གཏམས་པའི་ཞལ་ནས་དྲག་སྔགས་འབྲུག་ལྟར་སྒྲོག་པར་བསམ་པ་མཁའ་ཁྱབ་ཀྱི་བཟླས་པ་སོགས་ཞི་བའི་སྐབས་སུ་བཤད་པ་ཐམས་ཅད་དམིགས་གནད་ཅུང་ཟད་འཕྲུལ་ཏེ་སྐབས་ཅི་རིགས་པར་འདིར་ཡང་སྦྱར།ཐུན་གྱི་རྗེས་སྡུད་དང་ཐུན་མཚམས་ཀྱི་བྱ་བ་སོགས་སྔར་དང་འདྲ་བ་ལས། འདིར་ནི་བསྐྱེད་ཆོག་དང་མཐུན་པའི་བསྡུ་རིམ་ཡིན་པས་དམིགས་མེད་ཀ་དག་གི་ངང་དུ་བཞག་པས་ཀྱང་ཆོག་གོ །ཐུན་རྗེས་མ་རྣམས་ལ་སྲུང་འཁོར་སྐྱབས་སེམས་ཚོགས་གསག་མཆོད་པ་བྱིན་རླབས་མཚམས། སྐད་ཅིག་གིས་དྲག་པོའི་སྐུར་གསལ་གདབ་ནས་དྲག་པོའི་ལས་བྱང་ལ་འཇུག་པས་ཆོག་ཅིང་གཏོར་འབུལ་དང་ཚོགས་གྲོལ་ཁའི་བྱ་བ་སོགས་སྔར་དང་འདྲ། སྔ་ཐུན་ཐམས་ཅད་ལ་སྔོན་འགྲོ་རྣམས་དང་གུ་རུ་ཞི་བ་རྒྱས་པར་གཏང་། གྲངས་བསྙེན་ཙམ་རྫོགས་ནས་སྡེ་བརྒྱད་ཤམ་འདོགས་ཅི་རིགས་པའང་སྦྱར་ཞིང་དམིགས་གནད་ཁྲོ་བོའི་བཟླས་པ་ལྟར་ལ། གྲངས་ཚད་ནི། ཞི་བསྙེན་ཇི་ཙམ་བཟླས་པའི་བཅུ་གཉིས་ཆ་གཅིག་བཟླ་བར་བཞེད་པས། དཔེར་ན་ཞི་བསྙེན་འབུམ་ཕྲག་བཅུ་གཉིས་ལ་དྲག་པོ་འབུམ་ཕྲག་གཅིག་གོ །བཞི་པ་ཡང་གསང་དེ་ཁོ་ན་ཉིད་དུ་བསྒྲུབ་པ་ནི། དྲག་པོ་འགྲུབ་པའི་རྗེས་ཐོག་དེ་ཉིད་དུ་མཆོད་གཏོར་གསར་དུ་བཤམ། ཐུན་དང་པོ་ལ་བགེགས་གཏོར་ནས་བརྩམ་མཐར་ཆགས་སུ་གཏང་སྟེ་གུ་རུ་ཞི་དྲག་གི་སྒོམ་བཟླས་ཁྱུག་ཙམ་རེ་གྲུབ་ནས། གུ་རུ་དྲག་པོ་འོད་དུ་ཞུ་བ་ལས་རང་ཉིད་ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་ཡི་དམ་ཆེ་མཆོག་དྲག་པོའི་ངོ་བོ་ཁ་ཊྭཱཾ་ག་དང་བཅས་ཤིང་བསྐལ་པའི་མེ་དཔུང་རྡོ་རྗེ་མཚོན་ཆའི་གུར་ཁང་གི་ནང་དུ་རང་འདྲའི་ཡེ་ཤེས་ཌཱ་ཀི་སྤྲིན་གཏིབས་པ་ལྟ་བུའི་དབུས་སུ་བཞུགས་པའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས། ཨུ་རྒྱན་མཁའ་སྤྱོད་ཀྱི་གྲོང་ཁྱེར་ལ་སོགས་པ་ནས་ཡེ་ཤེས་པ་འཁོར་བཅས་སྤྱན་དྲངས་མདུན་མཁར་བཞུགས་པར་མོས་ལ། སྤྱན་འདྲེན་མཆོད་བསྟོད་བྱས་མཐར་རང་དང་གཉིས་མེད་དུ་ཐིམ་པའི་དབུ་རལ་གྱི་གསེབ་ཏུ་རིགས་བདག་བླ་མ་པད་འབྱུང་གིས་བརྒྱན་པར་བསམ། བཟླས་དམིགས་ལ། སྤྲོ་བསྡུའི་གཞི་དགོད་པ་ནི། ཐུགས་ཀར་ཉི་མའི་དཀྱིལ་འཁོར་འབར་འཚེར་གསལ་བའི་དབུས་སུ་ཧཱུྃ་ཡིག་མཐིང་ཁ་འོད་འཕྲོ་བ། མཐའ་སྐོར་དུ་ཡི་གེ་བཅུ་བཞི་པའི་སྔགས་ཕྲེང་སྔོན་པོ་འོད་ཟེར་ཚ་ཚ་ཧྲོམ་ཧྲོམ་གཡོན་སྐོར་དུ་འཁོད་པ་སྦྲུལ་དཀྱུས་པ་ལྟ་བུ་ལྟ་བས་མི་བཟོད་པ་ལ་སེམས་གཏད། གསལ་སྣང་ཐོན་པ་ན་སྔགས་བཟླས་པས་ཧཱུྃ་ཡིག་གི་འོད་ཟེར་ཚ་ལ་རྩུབ་པ་རྣོ་ལ་ངར་བས་སྔགས་ཕྲེང་བསྐུལ། དེ་ལས་འོད་ཟེར་གློག་གི་ཞགས་པ་དང་མགར་གྱི་ཚྭ་ཚྭ་ལྟ་བུ་འཕྲོས་ཏེ་རྒྱལ་བ་རྣམས་མཆོད་ཅིང་བྱིན་རླབས་བསྡུ་བ་སོགས་སྤྲོ་བསྡུ་དང་པོ་དང་། འོད་ཟེར་གྱིས་བདག་ཅག་དཔོན་སློབ་བྱང་ཆུབ་བསྒྲུབ་པ་ལ་འཚེ་ཞིང་བར་དུ་གཅོད་པའི་གནོད་བྱེད་མི་དང་མི་མིན་བྱད་ཁ་རྦོད་གཏོང་བདུད་དང་དམ་སྲི་ཐམས་ཅད་རྩ་སྦུར་མེ་ལ་བཏབ་པ་བཞིན་རྨེག་མེད་དུ་བརླག །དྭངས་བཅུད་ཚུར་འདུས། སྔར་ལས་ཀྱང་མཐུ་སྟོབས་གཟི་བརྗིད་རབ་ཏུ་འབར་བར་བསམ་པ་སྤྲོ་བསྡུ་བར་པའི་ཁྱད་པར་དང་། འོད་ཟེར་གྱིས་འགྲོ་བ་རིགས་དྲུག་གི་སྡིག་སྒྲིབ་སྦྱངས། སེང་གདོང་མའི་སྐུར་གྱུར་པར་བསམས་པ་སྤྲོ་བསྡུ་ཕྱི་མ་དང་། སྐུ་གསུང་ཐུགས་བཟླས་སོགས་ཞི་བ་ཉིད་དམིགས་གནད་བསྒྱུར་བ་ནི་དངོས་གཞི་ཡིན་ལ། གྲངས་ཐེམས་ནས་ལས་སྦྱོར་གྱི་དམིགས་བཟླས་ཆེད་དུ་སྤྲོ་ན། ཕྱི་རོལ་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་དང་མཚོན་ཆའི་གུར་ཁང་བསྐལ་པའི་རླུང་གིས་ཀྱང་གཞིག་པར་མི་ནུས་ཤིང་། མེ་རི་དང་ཁྲོ་ཆུང་གི་ཚྭ་ཚྭ་འཕྲོ་བས་གནོད་བྱེད་ཀྱིས་ཉེར་ཡང་མི་ནུས་པའི་ནང་དུ་བསྲུང་བྱ་རྣམས་ཀྱང་ཁྲོ་མོའི་སྐུར་གྱུར། ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བའི་བྱིན་རླབས་བསྡུས། རང་དང་བསྲུང་བྱ་ཕྱི་རོལ་གྱི་གུར་ཁང་ལ་ཐིམ་པས་བྱིན་གྱིས་བརླབས། བ་སྤུ་ཐམས་ཅད་ཁྲོ་ཆུང་དང་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པར་དམིགས་ལ་བཟླ། ཟློག་པ་ནི། རང་གི་སྤྱི་བོར་ཨཿཀཿམགྲིན་པར་སཿམཿསྙིང་གར་རཿཙཿ ལྟེ་བར་ཤཿདཿ གསང་གནས་སུ་རཿསཿ བརླ་གཡས་སུ་མཿརཿ བརླ་གཡོན་དུ་ཡཿཕཊཿཅེས་པའི་སྔགས་འབྲུ་གསལ་གདབ། སྔགས་བཟླས་པས་དེ་རྣམས་ལས་མེ་འོད་མཚོན་ཆ་འཁྲུགས་ཤིང་མཆེད་པས་དམ་ཆོས་བསྒྲུབ་པའི་བར་ཆད་དང་། གནས་སྐབས་མི་མཐུན་པའི་ཕྱོགས་ནད་གདོན་བར་ཆད་བྱད་ཕུར་སྲི་ངན་ལོ་ཟླ་ཞག་ཀག་མོ་རྨིས་ལྟས་ངན་བདུད་བགེགས་དམ་སྲི་སོགས་ཐལ་བ་རྡུལ་བཞིན་བརླག་པར་བསམ། ཐུན་མཚམས་སུ་བདེན་སྟོབས་བརྗོད་ཅིང་ལག་གཡས་གནམ་ཟླ་བའི་དཀྱིལ་འཁོར། གཡོན་ས་གཞི་ཉི་དཀྱིལ་དུ་བསམ་པའི་སྟེང་དུ་དགྲ་བགེགས་རྣམས་བཀུག་ཐལ་མོ་བརྡབས་པས་སྒོ་ང་བྲག་ལ་བཅར་བ་བཞིན་ཕྱེ་མར་འཐག །ལྷག་མའང་ཡེ་ཤེས་མེ་རླུང་གིས་སྦྱང་བར་བསམ། བསད་པ་ནི། རང་ཉིད་གུ་རུ་དྲག་པོ་རིགས་བདག་བཅས་གསལ་བའི་མདུན་དུ། སྔོན་མོ་གཙོ་མོར་གྱུར་པའི་སེང་གདོང་རིགས་ལྔ་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་བཅས་བཞུགས་པར་བསམ། བསྐུལ་དང་དྲག་སྔགས་བཟླས་པས་དེ་དག་ལས་རང་འདྲའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། དགྲ་བགེགས་བྱད་མ་ཐམས་ཅད་སྐད་ཅིག་ལ་བཀུག་བཅིངས་བསྡོམས་མྱོས། ལྷ་དང་ཕྱེས། གཟུགས་ལ་དབབ། བྱད་དུ་བཅུག །སྨྱོར་གཞུག །རྣམ་ཤེས་སྤར། མཚོན་ཆས་གཏུབས། གཏུན་ཏུ་བརྡུངས། ཤ་ཁྲག་ལྷག་མེད་དུ་རོལ་བར་བསམ་པའོ། །ཐུན་མཇུག་མཆོད་བསྟོད་སོགས་ཞི་དྲག་གི་རིགས་འགྲེ་ཞིང་། རྗེས་སྡུད་ཀྱང་དྲག་པོ་ལྟར་རོ། །ཐུན་རྗེས་མ་རྣམས་སུ་སྲུང་འཁོར་ནས་མཆོད་རླབས་བར་དང་། དེ་ནས་སེང་གདོང་ལས་བྱང་ལ་འཇུག །དེའང་ཐོག་མར་རྩ་བའི་དམིགས་བཟླས་ཁོ་ན་ལ་དྲིལ། སྤྲོ་བསྡུ་བར་པ་གཙོར་འདོན། བསྙེན་གྲངས་ཐེམས་ནས་ལས་སྦྱོར་གསུམ་བྱ་བ་ཡིན་ཡང་། སྲུང་བ་ནི་སྤྱིར་ལས་སྦྱོར་ཡིན་ཡང་བསྙེན་པ་མ་སོང་བར་དམིགས་བཟླས་མི་རུང་བ་མིན་ཞིང་དགོས་པ་ཆེ་བས་ཐོག་མ་ནས་ཐུན་གཤམ་རྣམས་སུ་ཅི་རིགས་པར་སྦྱར། བསྙེན་སྒྲུབ་གྲུབ་ནས་སྲུང་དམིགས་ཆེད་དུ་བསྒོམས་པས་སྲུང་བ་མཆོག་ཏུ་འགྱུར་ཞིང་། ཟློག་དམིགས་ནི་བསྙེན་སྒྲུབ་མ་སོང་བར་དུ་མི་བྱ། གྲུབ་ནས་བཟློག་པའི་དམིགས་བཟླས་ཀྱང་ཆེད་དུ་བྱ་བའམ། སྲོད་ཐུན་ལ་ངེས་པར་བྱའོ། །བསད་པ་ནི་འདིར་ཆ་ལག་ཚང་བའི་ཆེད་དུ་སྨོས་པར་ཟད་ཀྱི་དྲག་ལས་དམིགས་བསལ་བའི་སྐབས་ལས་བསྙེན་སྒྲུབ་སྐབས་སུ་མི་དགོས་སོ། །གྲངས་ཚད་ནི་དྲག་པོའི་ཕྱེད་ཆ་བཟླ་བར་བཞེད་པས་དྲག་པོ་འབུམ་ཕྲག་གཅིག་བྱེད་ན་འདི་ཁྲི་ཚོ་ལྔ་བཟླའོ། །ལྔ་པ་ཕྲིན་ལས་མཐའ་རྒྱས་ཀྱི་རིམ་པ་ལ་གཉིས། ལས་བཞི་སྤྱིར་སྒྲུབ་པ། བྱེ་བྲག་ཚེའི་སྒྲུབ་པ་དམིགས་སུ་བྱ་བའོ། །དང་པོ་ལ་བཞི། ཞི་རྒྱས་དབང་དྲག་སྟེ་དེ་རེ་རེ་ལའང་དུས་ཁ་དོག་ཕྱོགས་གནས་སྔགས་སྨོན་ལམ་གྱི་ཁྱད་པར་རོ། །དེའང་བསྙེན་སྒྲུབ་གྲངས་རྟགས་ཐེམས་ནས་ལས་ལ་སྦྱར་དགོས་པ་ཡིན་པས། དང་པོ་ཞི་བའི་ཕྲིན་ལས་ཁྱད་པར་བདུན་ལྡན་ནི། རྩ་བ་གསུམ་གྱི་བསྙེན་སྒྲུབ་གྲུབ་མ་ཐག་པར་འདོན་འགྲིགས་སོགས་དཀྱུས་བཞིན་ལ། ཐུན་དང་པོར་ཞི་དྲག་སེང་གསུམ་ཀ་བསྙེན་པ་ཐུང་ཙམ་རེ་བཅས་བཏང་ནས། སླར་རང་ཉིད་པདྨ་འོད་འབར་དུ་གསལ། ཐུན་ཕྱི་མ་རྣམས་ལ་ཞི་བའི་ལས་བྱང་ཁོ་ནས་འཐུས་ཏེ་ལས་བཞི་རྩ་བ་གསུམ་ཀ་ལ་སྦྱོར་བ་ཡིན་མོད་ཀྱི་སྐབས་འདིར་ཞི་བསྙེན་ལ་བཏགས་པ་ཁོ་ནས་ཆོག་སྟེ་ཡི་དམ་དང་མཁའ་འགྲོ་གཉིས་ཀ་གུ་རུ་ཉིད་ཀྱི་ཡེ་ཤེས་རོལ་པ་ཁོ་ན་ལས་གཞན་དུ་མ་དམིགས་པའི་ཕྱིར་རོ། །དེའང་ཞི་བ་དུས་ཐོ་རངས། ཁ་ཤར་ཕྱོགས་སུ་བལྟས་ལ། ཐོག་མར་ལས་བྱང་སྐབས་སུ་བསྐྱེད་པ་དེ་ཉིད་སྐད་ཅིག་གིས་གནས་འགྱུར་ཏེ་སྐུ་མདོག་ཆ་ལུགས་ཐམས་ཅད་དཀར་པོ་ཟླ་བའི་དཀྱིལ་འཁོར་ལྟ་བུ། ཕྱག་གཡས་ཤེལ་གྱི་རྡོ་རྗེ། གཡོན་ཐོད་ཞལ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་ཐུགས་ཀར་པད་ཟླར་རྡོ་རྗེ་ཧཱུྃ་དཀར་བསྒོམ། སྔགས་ཕྲེང་མི་དགོས། སྤྱི་བོ་དུང་ཁང་དུ་པད་དཀར་འདབ་མ་སོ་གཉིས་པའི་ལྟེ་བར་ཟླ་དཀྱིལ་ཨོཾ་དཀར་གྱིས་མཚན་པའི་མཐའ་སྐོར་དུ་བཛྲ་གུ་རུ་ཞི་བའི་སྔགས་ཤམ་དང་བཅས་པས་གཡས་སུ་བསྐོར་བ། སྔགས་དེ་ཉིད་བཟླས་པས་ཐུགས་ཀའི་ས་བོན་ལས་འོད་ཟེར་དཀར་པོ་འཕྲོས་སྤྱི་བོར་ཕོག་སྔགས་ཕྲེང་གཡས་སུ་འཁོར། དེ་ལས་ཀྱང་འོད་ཟེར་དཀར་པོས་རྒྱལ་བ་སྲས་བཅས་མཆོད། ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་། དཔྲལ་བར་ཐིམ། ནུས་པ་བསྐྱེད། དེ་ལས་སླར་ཡང་འོད་དཀར་ཟླ་བ་ལྟ་བུ་འཕྲོས། བདག་གཞན་ཀུན་གྱི་ལས་ཉོན་སྡིག་སྒྲིབ་འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་མུན་པ་ལ་ཉི་མ་ཤར་བ་ལྟ་བུ་སངས་ཀྱིས་དག་པར་བསམ། ཐུན་མཐར་སྨོན་ལམ་ཡང་བརྒྱ་རྩའམ་བདུན་གསུམ་ལ་སོགས་པ་བརྗོད། སྣོད་ཀྱི་འཇིག་རྟེན་རྡོ་རྗེའི་ཞིང་དང་བཅུད་ཀྱི་སེམས་ཅན་རྡོ་རྗེ་སེམས་དཔར་གསལ། རྗེས་སྡུད་སོགས་དཀྱུས་ལྟར་ལ་སྤྱི་བོའི་འཛབ་དཀྱིལ་སྙིང་ཁར་བསྡུ་བ་སོགས་བྱའོ། །གྲངས་ནི་གོང་བསྙེན་ཇི་ཙམ་སོང་བའི་བཅུ་ཆ་གཅིག་སྤྱིར་བཏང་ལ། དམིགས་བསལ་ནད་གདོན་ཞི་བའི་དགོས་ཆེད་སོགས་ཡོད་ཚེ་རྟགས་མ་མཐོང་གི་བར་དུ་བཟླ་རུང་བ་ཉིད་དོ། །འདི་དག་ལ་དུས་དང་ཁ་ལྟ་ཕྱོགས་སོགས་ཐོག་མར་དབུ་འཛུག་སྐབས་ལས་རྒྱུན་དུ་མ་འགྲུབ་ཀྱང་སྐྱོན་མེད་ཅེས་ཆགས་མེད་རིན་པོ་ཆེས་གསུངས། འོན་ཀྱང་ཐོ་རངས་ཞི་བ། ཉི་དྲོས་རྒྱས་པ་སོགས་ཉིན་ཞག་གཅིག་ལ་ལས་བཞི་ཆ་བསྒོས་ཀྱང་རུང་བ་ཉིད་དོ། །གཉིས་པ་རྒྱས་པ་ནི། ཞི་བ་དང་སྤྱི་འགྲོས་མཚུངས་ལ། ཁྱད་པར་དུས་ཉི་དྲོས། ཁ་ལྷོ་ཕྱོགས། སྐུ་མདོག་ཆ་ལུགས་སེར་པོ་གསེར་རི་ལ་ཉི་མ་ཤར་བ་ལྟ་བུ། གཡས་རིན་ཆེན་ཟུར་བརྒྱད་ཞབས་རྒྱལ་པོ་རོལ་སྟབས། ཐུགས་ཀར་པད་རྡོར་ཧཱུྃ་སེར། ལྟེ་བར་པད་སེར་འདབ་མ་རེ་བཞི་པའི་དབུས་སུ་རིན་པོ་ཆེ་ཆ་དགུ་པ་བྷྲཱུྃ་སེར་པོས་མཚན་པའི་མཐར་རྩ་སྔགས་ལས་སྔགས་དང་བཅས་པས་བསྐོར་བ། སྔགས་བཟླས་ཤིང་འོད་ཟེར་སེར་པོའི་སྤྲོ་བསྡུ་སྔར་བཞིན་ལ་བྱིན་རླབས་འོད་སེར་ལྟེ་བ་ནས་བྱུང་ལྟེ་བར་ཐིམ་སླར་ཡང་འོད་སེར་གྱིས་བདག་གཞན་ཚོགས་གཉིས་དང་འབྱོར་དྲུག་རྒྱས། མཐར་སྨོན་ལམ་དང་སྣོད་རིན་པོ་ཆེའི་ཞིང་བཅུད་རིན་ཆེན་སེམས་དཔར་གྱུར་པ་སོགས་སོ། །གསུམ་པ་དབང་ནི། དུས་དགོངས་ཀ །ཁ་ནུབ་ཕྱོགས། སྐུ་མདོག་ཆ་ལུགས་དམར་པོ་བྱེ་རུ་ལྟ་བུ། ཕྱག་གཡས་པདྨ་ལྕགས་ཀྱུས་མཚན་པ། ཞབས་པདྨའི་སྐྱིལ་ཀྲུང་། ཐུགས་ཀར་པད་རྡོར་ཧཱུྃ་དམར། མགྲིན་པར་པད་དམར་འདབ་མ་བཅུ་དྲུག་པའི་ལྟེ་བར་ཉི་དཀྱིལ་ཧཱུྃ་དམར་གྱི་མཐར་རྩ་སྔགས་ལས་སྔགས་དང་སྦྲེལ་བས་བསྐོར་བ། སྔགས་བཟླས་འོད་དམར་སྤྲོ་བསྡུ་དང་བྱིན་རླབས་འོད་དམར་མགྲིན་པ་ནས་བྱུང་མགྲིན་པར་ཞུགས། སླར་ཡང་འོད་དམར་འཕྲོ་བས་མཐོང་ཐོས་དྲན་རེག་དབང་དུ་འདུས། མཐར་སྨོན་ལམ་དང་སྣོད་པདྨའི་ཞིང་བཅུད་པདྨ་སེམས་དཔར་གྱུར་པར་མོས་པ་སོགས་སོ། །བཞི་པ་དྲག་པོ་ནི། དུས་སྲོད་ཆེན། ཁ་བྱང་ཕྱོགས། སྐུ་མདོག་ཆ་ལུགས་ནག་པོ་སྟང་ཟིལ་བཅག་པ་ལྟ་བུ། ཕྱག་གཡས་རལ་གྲི་གཡོན་ཐོད་ཁྲག །ཞབས་ཕྱེད་སྐྱིལ་པུས་མོ་གཡས་བསླང་བ། ཐུགས་ཀར་པད་རྡོར་ཧཱུྃ་མཐིང་། གསང་གནས་སུ་པད་ལྗང་འདབ་མ་ཉེར་བརྒྱད་པའི་ལྟེ་བར་རལ་གྲི་རྡོ་རྗེ་ཕྱེད་པའི་ཡུ་བ་ཅན་གྱི་ལྟེ་བར་ཧཱུྃ་ནག་པོ། མཐར་རྩ་སྔགས་ལས་སྔགས་སྦྲེལ་མས་བསྐོར་བ། འོད་ཟེར་མཐིང་ནག་སྤྲོ་བསྡུ་དང་བྱིན་རླབས་གསང་བ་ནས་གསང་བར་བསྟིམ། སླར་ཡང་འོད་ཟེར་མཐིང་ནག་མེ་མཚོན་ཁྲོ་ཆུང་སྤྲོས་པས་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསྒོམ། མཐར་སྨོན་ལམ་དང་སྣོད་ལས་རབ་ཞིང་བཅུད་ལས་ཀྱི་སེམས་དཔར་བསྒྱུར་བ་སོགས་གོང་བཞིན་ནོ། །སྐབས་འདི་དག་ཏུ་ཁ་སྐོང་བ་དང་འདོད་པའི་དངོས་གྲུབ་མྱུར་དུ་འབྱུང་བའི་ཕྱིར་བསྙེན་སྒྲུབ་ཇི་ཙམ་སོང་བའི་བཅུ་ཆ་གཅིག་གི་སྦྱིན་སྲེག་ངེས་པར་བྱ་དགོས་པས། ཞི་བ་ལ་ཞི་བའི་སྦྱིན་སྲེག་སོགས་ལས་སོ་སོའི་སྐབས་སྦྱིན་སྲེག་སོ་སོར་འགྲུབ་ན་མཆོག་ཏུ་འགྱུར་ཞིང་། དེའི་ཚེ་རྫས་སོ་སོ་རྣམས་ཀྱང་སོ་སོའི་སྔགས་ཤམ་དང་སྤེལ་ཚིག་གིས་གྲངས་གསོག་ཏུ་འབུལ། དེ་ལྟར་མ་འགྲུབ་ན་སྤྱི་ལྟར་ཞི་བ་ཁོ་ནའམ་ལས་བཞི་ལྷུན་གྲུབ་ཀྱི་སྦྱིན་སྲེག་ཀུན་གྱི་མཐར་བླུག །དེའི་ཡིག་ཆ་རྣམ་གསལ་གུད་དུ་བཀོད་ཡོད་པ་ལས་ཤེས་པར་བྱ། ཤིན་ཏུ་སྤྲོས་པ་ལ་མི་དགའ་བའམ་ཏིང་ངེ་འཛིན་བརྟན་པ་དང་། འབྱོར་པ་ཆུང་བའི་རིགས་ཅན་སྦྱིན་སྲེག་མི་འགྲུབ་པ་རྣམས་ཀྱིས་རྫས་གཅིག་སྦྱིན་སྲེག་བྱས་པས་ཀྱང་ཁ་སྐོང་དུ་རུང་བ་ཉིད་དོ། །གཉིས་པ་ལས་བྱེ་བྲག་ཚེ་སྒྲུབ་པའི་རིམ་པ་ལའང་གཉིས། སྤྲོས་མེད་བསྙེན་པ། སྤྲོས་བཅས་སྒྲུབ་པའོ། །དང་པོ་ནི། སྤྱིར་འདི་ཉིད་སྒེར་དུ་བསྒྲུབ་ཀྱང་ཆོག་མོད་ཀྱི་ཞི་བའི་ལས་ཁ་ཚར་གྱི་བྱེ་བྲག་ཡིན་པས་ཞི་བསྙེན་རྒྱས་བསྡུས་གང་རུང་ངེས་པར་སྔོན་དུ་འགྲོ་དགོས་ལ། རྩ་གསུམ་བསྒྲུབ་པའི་མུ་མཐུད་ཡིན་ན་བགེགས་གཏོར་སྲུང་འཁོར་ཙམ་གྱིས་འཐུས་ལ། དུས་གཞན་དུ་བྱེད་ན་སྔར་བཤད་སྒྲུབ་པ་ལ་འཇུག་པའི་སྔོན་འགྲོ་རྣམས་ཅི་རིགས་སྦྱར། བསྙེན་པའི་བར་ཞི་བའི་སྐབས་ལྟར་ལ་ཞི་བསྙེན་ཅུང་ཟད་བཟླས་ནས། བསྙེན་བཟླས་དངོས་ལ་ཐོག་མར་ཐུགས་དམ་བསྐུལ་བའི་ཕྱིར་གསོལ་བ་ལན་གསུམ་གདབ། དེ་ནས་རྩ་བའི་སྤྲོ་བསྡུའི་དམིགས་པའི་གཞི་དགོད་པ་ནི། རང་ཉིད་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀར་པད་དཀར་ཟེའུ་འབྲུའི་དབུས་སུ་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་མས་ཀྱི་རྭ་རྣམས་ཟེའུ་འབྲུར་ནུབ་པ། དེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་དྭངས་མ་ལྔ་འདུས་ཀྱི་རང་བཞིན་ཧྲཱིཿཡིག་དཀར་པོ་འོད་འཕྲོ་བའི་ཁོག་པར་ནྲྀ་ལྗང་གུ །དེའི་ནང་དུ་ཨ་དཀར་པོ། མཐའ་སྐོར་དུ་སྔགས་ཕྲེང་དཀར་པོ་འོད་ལྔའི་མུ་ཁྱུད་ཅན་གཡས་སུ་བསྐོར་བའམ། དམིགས་པ་དེ་ཙམ་གསལ་མི་ཐེབས་ན་ཐུགས་ཀར་པད་དཀར་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདཀར་པོ། དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་བསྒོམས་ཀྱང་གཏེར་གཞུང་གི་དངོས་བསྟན་ཡིན་པས་རུང་ཞིང་། གང་ལྟར་གསལ་སྣང་མ་ཐོན་བར་བསྐྱར་ནས་བསྒོམ། དེ་བརྟན་པ་ན་སྤྲོ་བསྡུ་ནི། བཟླས་པ་བྱས་པས་སྔགས་ཕྲེང་གཡས་སུ་འཁོར་བའི་འོད་ཀྱིས་ཧྲཱིཿཡིག་བསྐུལ། དེ་ལས་འོད་ཟེར་ལྔ་ལྡན་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱི་སྣོད་ནང་བཅུད་ཀྱི་དྲི་མ་སྦྱངས་ཤིང་རྒུད་པ་བསལ་ནས་སྣོད་དག་པའི་ཞིང་དང་བཅུད་ལྷའི་རང་བཞིན་དུ་བྱས་ཏེ་ཚེའི་བཅུད་ཀྱིས་མེ་རེ་རེ་གང་བར་བསྒོམ་སྟེ་ཡུལ་སྦྱང་བའོ། །སླར་ཡང་འོད་འཕྲོས་ཕྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་དྭངས་བཅུད་ཐམས་ཅད་བདུད་རྩིའི་ཐིག་ལེ་ཁ་དོག་ལྔ་དང་འོད་ཟེར་སེར་དཀར་དམར་ལྗང་མཐིང་ཁ་ཟབ་ཆེན་གྱི་སྐུད་པ་ལྟ་བུ་དཔག་མེད་བསྡུས་ནས་རང་ལ་ཐིམ་པས། ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཚེ་ཉམས་པ་སོར་ཆུད། འབྱུང་ལྔའི་དྭངས་མ་སྟོབས་སུ་གྱུར་ནས་ཡུམ་ལྔའི་ཚེ་ཐོབ་པར་བསམ། ཡང་འོད་འཕྲོས། ནང་བཅུད་ཀྱི་སྐྱེ་འགྲོ །དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ལྷ་ཀླུ་མཐུ་ཆེན་འཁོར་ལོས་སྒྱུར་བས་གཙོར་བྱས་ཚེ་རིང་བ། བསོད་ནམས་དང་དབང་ཐང་ཆེ་བ། འཁོར་དང་ལོངས་སྤྱོད་མང་བ། ཤེས་རབ་དང་སྙན་གྲགས་ལྡན་པ། སྟོབས་རྩལ་གཟི་བརྗིད་ཡོན་ཏན་ཅན་རྣམས་ཀྱི་ཚེ་བསོད་དྭངས་མ་ཐམས་ཅད་ཡི་གེ་ཧྲཱིཿནྲྀ་ཨ་གསུམ་དང་བདུད་རྩི་འོད་ལྔའི་རྣམ་པར་བསྡུས་ཏེ་རང་ལུས་དང་ཚེ་རྟེན་ལ་ཐིམ་པས་ཚེ་བསོད་ཟླ་བ་ཡར་ངོ་ལྟར་རྒྱས་པར་བསམ། ཡང་འོད་འཕྲོས་གཟུགས་སྣང་ལྷ། སྒྲ་གྲགས་སྔགས། དྲན་རྟོག་ཆོས་ཉིད་བདེ་བ་ཆེན་པོར་གྱུར་པའི་གཟི་བྱིན་གྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཚེ་དང་ཡེ་ཤེས་བྱིན་རླབས་ཀྱི་དྭངས་མ་ཐམས་ཅད་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་འཁོར་ལོ་བུམ་པ་མདའ་དར་གཡུང་དྲུང་འཁྱིལ་བ་ཡིག་འབྲུ་སྐུ་གཟུགས་འཇའ་ཟེར་ལ་སོགས་པའི་རྣམ་པར་སྤྱན་དྲངས། ཐུགས་སྲོག་ལ་སིབ་སིབ་ཐིམ་པས་འཆི་མེད་རྡོ་རྗེའི་སྐུ་ཐོབ། ཚེ་ལ་དབང་བའི་རིག་འཛིན་དངོས་སུ་གྱུར་པར་བསམ་པ་སྟེ་ཚེ་སྒྲུབ་དངོས་གཞི་རྩ་བའི་སྤྲོ་བསྡུ་འདི་གསུམ་ལ་ནན་ཏན་ཏུ་བྱའོ། །ཚེ་འགུགས་པ་ནི། སྐབས་འདིར་ཐུན་འཇོག་ཁར་ཅུང་ཟད་བྱ་བ་སྟེ། རང་གི་སྤྱི་བོར་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོའི་ལྟེ་བར་ཨཱཿདམར་པོ། སྙིང་ཁར་རྡོ་རྗེ་སྔོན་པོ་ཧཱུྃ་སྔོན་པོ། ལྟེ་བར་རིན་ཆེན་སེར་པོ་སྭཱ་སེར་པོ། གསང་གནས་སུ་རྒྱ་གྲམ་ལྗང་གུ་ཧཱ་ལྗང་གུས་མཚན་པ་རྣམས་གསལ་གདབ། བཟླས་པ་བྱས་པས་དེ་རྣམས་ལས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་ནམ་མཁའི་ཁམས་ཁེངས་པ་དང་། སྤྲུལ་པའི་ལྷ་མོ་ལྕགས་ཀྱུ་མ་དཀར་མོ། ཞགས་པ་མ་སེར་མོ། ལྕགས་སྒྲོག་མ་དམར་མོ། དྲིལ་བུ་མ་ལྗང་མོ། ཐམས་ཅད་ཕྱག་གཡས་པས་མདའ་དར་རང་མདོག་དང་རང་རྟགས་ཕྱག་མཚན། གཡོན་ཚེ་བུམ་འཛིན་པ་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས། ཕྱི་སྣོད་ནང་བཅུད་རྒྱལ་བ་སྲས་དང་བཅས་པའི་ཚེ་དཔལ་བྱིན་རླབས་མཐའ་དག་དང་། ཁྱད་པར་རང་གི་བླ་ཚེ་སྡེ་བརྒྱད་འབྱུང་པོ་མཐུ་ཆེན་རྣམས་ཀྱིས་འཕྲོག་པ། བསྐུས་པ། ཡར་བ། སྟོར་བ། བྲོས་པ། འཁྱམས་པ་ལ་སོགས་པ་ལྕགས་ཀྱུ་མའི་ཚོགས་ཀྱིས་ཤར་ཕྱོགས་དྲི་ཟའི་ལག་ནས་བཀུག །དེ་བཞིན་དུ། ཞགས་པ་མས་ལྷོ་གཤིན་རྗེ། ལྕགས་སྒྲོག་མས་ནུབ་ཀླུ་དབང་། དྲིལ་བུ་མས་བྱང་གནོད་སྦྱིན། ཐམས་ཅད་ཀྱིས་སྟེང་འོག་ལྷ་ཀླུ་ས་བདག་ལ་སོགས་པའི་ལག་ནས་བཀུག །འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་ཧྲཱིཿནྲྀ་ཨ་ཡིག་ལ་སོགས་པའི་རྣམ་པ་དཔག་ཏུ་མེད་པ་རང་འོད་ཀྱིས་རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར་བསྡུས་ཤིང་། ལྷ་མོ་རྣམས་ཀྱིས་ཕྱག་གི་བུམ་པར་བསྐྱིལ་ཏེ་རང་གི་སྤྱི་བོ་ནས་བདུད་རྩིའི་རྒྱུན་ལྷུབ་ལྷུབ་བབ་པས་རང་ལུས་འཆི་མེད་ཀྱི་བདུད་རྩིས་ཤེལ་བུམ་འོ་མས་གང་བ་ལྟར་ཁེངས། ལུས་རྡོ་རྗེ་ཕ་ལམ་གྱི་རང་བཞིན་དུ་གྱུར། ཚེ་སྲོག་ཉམས་པ་སོར་ཆུད། བ་སྤུ་ཐམས་ཅད་རྡོ་རྗེ་ཕྱེད་པ་རེས་གཏམས་པར་བསམས་ལ་བཟླས་པ་དང་། ཚེ་འགུགས་ཀྱང་སྤྲོ་ན་བརྗོད་ཅིང་དབང་སྐུར་སྨོན་ལམ་གདབ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་མཆོད་བསྟོད་སོགས་ཞི་སྒྲུབ་དཀྱུས་ལྟར་ལ། ཐུན་མཚམས་ལྷ་སྐུར་ལྡང་བའི་ཚབ་ཏུ་རང་ལུས་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པར་བསམས་ལ་ཀ་དག་གི་ངང་དུ་ཅི་གནས་སུ་བཞག་པ་ཉིད་ཡང་ཡང་བྱ་བ་ནི་ཁྱད་པར་རོ། །བསྙེན་ཚད་ནི། ཚེ་སྒྲུབ་ཆེད་དུ་བྱེད་ན་རྟགས་མ་མཐོང་བར་འབད་དགོས་ལ། ཞི་སྒྲུབ་ཀྱི་ཡན་ལག་ཚང་བ་ཙམ་བྱེད་ན་ཞག་བདུན་དང་གྲངས་འབུམ་ཕྲག་ཡན་ཆད་གང་ལྕོགས་བྱ། རྟགས་ནི་གཞུང་ལས། ཆུ་བོ་བརྒལ་བ། གྱེན་ལ་འགྲོ་བ། ལུས་གོས་གྱོན་པ། ཉི་ཟླ་ཤར་བ། འབྲས་བུ་ལ་ལོངས་སྤྱོད་པ། ལྕགས་ཀྱི་རྡོ་རྗེ་མཐོང་བ་ལ་སོགས་པ་བྱུང་ན་འགྲུབ་པའི་རྟགས་ཡིན་པས་དངོས་གྲུབ་བླང་བར་བྱ་ཞེས་གསུངས་པ་ལྟར་རོ། །གཉིས་པ་སྒྲུབ་པ་ནི། ཏིང་ངེ་འཛིན་བརྟན་པའི་རྣལ་འབྱོར་པས་ནི་གཞུང་ལས། དེ་ལྟར་བདག་མདུན་བུམ་པ་གཏོར་མ་དང༔ ཚེ་རིལ་ཚེ་ཆང་ཉི་ཟླ་གཟའ་སྐར་དང༔ རྡོ་རྗེའི་བྲག་གམ་རི་བོ་ལྷུན་ཆགས་དང༔ གངས་རི་འགྱུར་མེད་གཡུ་མཚོ་གཏན་འཁྱིལ་དང༔ དེ་སོགས་གང་ལ་བརྟེན་ནས་བསྒྲུབ་ཀྱང་རུང༔ རེ་རེའི་ཕན་ཡོན་བརྗོད་པར་མི་ནུས་ཏེ༔ ཀུན་དྲིལ་རང་ལུས་ལྕགས་ཀྱི་ཕོ་བྲང་ཆེ༔ ཞེས་གསུངས་པ་ལྟར་ཉི་ཟླ་བྲག་རི་སོགས་ལ་མདུན་བསྐྱེད་ཀྱི་རྟེན་བྱས་ནས་སྤྲོ་བསྡུ་བཟླས་པས་བདག་ཉིད་ཀྱིས་ཚེའི་དངོས་གྲུབ་ཐོབ་པར་བསམ་ཞིང་མཐར་རང་ལ་བསྟིམས་པ་ནི་བྱིན་རླབས་ནུས་མཐུ་ལྷག་པར་ཆེའོ། །འོན་ཀྱང་ད་ལྟ་ལས་དང་པོ་པ་རྟོགས་པ་དང་ཤེས་རབ་ཀྱི་ཁེབ་ཆུང་བ་རྣམས་དང་བསྟུན་ནས་ཡོངས་གྲགས་ཕྱག་ལེན་ལྟར། སྟེགས་ལ་ཚོམ་བུ་བཀོད་པའི་དབུས་སུ་བུམ་པ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་ལྡན་པ། མདུན་དུ་ཕྱེ་གཙང་དཀར་མངར་གྱིས་སྦྲུས་པའི་ཚེའི་འབྲང་རྒྱས་བུམ་གཟུགས། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། ཀུན་ལ་གོང་མས་བསྒྲུབས་པའི་ཚེ་རིལ་སོགས་དམ་རྫས་ཀྱི་ཕབ་རྒྱུན་བཏབ་པ། རྒྱབ་ཏུ་ཚེ་མདའ་ཚད་ལྡན་དུ་བཅས་པ། ཐམས་ཅད་ཀྱང་གས་ཆག་སོགས་སྐྱོན་མེད་པ། མདུན་དུ་བླ་གཏོར་གྱི་གཡས་གཡོན་སྨན་རཀ །ཉེར་སྤྱོད་བསྐོར་བཤམ་དང་ཁ་གསོ་རྒྱུ་བྲེང་ཚར་བཅས་འཛོམ་ན་ཆ་གཉིས་བཤམ། མཆོད་གཏོར་སོགས་ཀྱང་འདུ་བྱའོ། །ཆོ་གའི་འདོན་འགྲིགས་སྔ་མ་ལྟར་ལ་ཚར་གཅིག་གིས་བདག་དང་མདུན་བསྐྱེད་བུམ་ཆུའི་སྟེང་དང་གཏོར་མ་བཅས་སོ་སོར་གསལ་བའམ། ཡང་ན་རྙིང་མ་སྤྱིའི་བཀའ་སྲོལ་ལྟར་ཆོ་གའི་སྐབས་སུ་བདག་མདུན་དབྱེར་མེད་དུ་བསྒྲུབས་ནས་བཟླས་པ་ལ་འཇུག་པའི་ཚེ་འཛབ་ཁང་དབྱེ་བར་བྱའོ། །བཟླས་པའི་འཕྲོ་འདུ་ནི་གོང་དུ་བསྟན་པ་ཉིད་བདག་མདུན་གཉིས་ཀ་ལ་སྦྱར། ཁྱད་པར་མདུན་བསྐྱེད་ཕྱག་གཡོན་ཐོད་པའི་ཚེ་བུམ་ནང་དུ་བདུད་རྩིའི་དབུས་ནྲྀ་ཡིག་འོད་འབར་བ་བསྒོམ། བཟླས་དམིགས་དངོས་གཞི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ་སོགས་ཚེ་འགུགས་པའི་དམིགས་པ་དེ་གཙོ་བོར་བྱ་ཞིང་། ཚེ་བཅུད་ཐམས་ཅད་བདག་མདུན་གཏོར་མ་ཚེ་ཆང་ཚེ་རིལ་ཚེ་མདའ་ནྲྀ་ཡིག་རྣམས་ལ་ཐིམ། ཚེ་རྫས་རྣམས་ཀྱང་ཡེ་ཤེས་ཀྱི་བདུད་རྩི་མཐོང་ཚོར་མྱོང་རེག་ཙམ་གྱིས་ཚེའི་དངོས་གྲུབ་སྟེར་ནུས་པའི་བཅུད་ལེན་དུ་གྱུར་པར་མོས། དུས་བཞི་ཀར་མདའ་དར་གཡབ་ཅིང་ཚེ་འགུགས་དབྱངས་དང་བཅས་པ་བྱ། ཐུན་མཚམས་སུ་ནྲྀ་ཡིག་རང་གི་ཐུགས་སྲོག་ས་བོན་ལ་བསྟིམ། དུས་གྲངས་རྟགས་སོགས་གོང་མཚུངས་ཇི་ཙམ་ནུས་པར་བྱས་པས་ཕན་ཡོན་ཚད་མེད་དེ། གཞུང་ལས། དེ་ལྟར་བསྒྲུབས་པའི་ཡོན་ཏན་ནི༔ རྐྱེན་ངན་བར་ཆད་ཐམས་ཅད་ཟློག༔ དུས་ཟད་པ་ཡི་མི་ཡིན་ཀྱང༔ ཚངས་པའི་ཚེ་དང་མཉམ་པར་འགྱུར༔ འཆི་བ་རྣམ་པ་བརྒྱད་མི་འབྱུང༔ ལས་འཕྲོ་ཅན་རྣམས་ཉི་ཟླའི་ཚེ༔ རྡོ་རྗེ་གཡུང་དྲུང་ལྟ་བུ་ཡི༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ཞེས་སོ། །སྒྲུབ་པ་ཟིན་ནས་སྦྱིན་སྲེག་འགྲུབ་ན་ལེགས་པས་དཱུརྦའི་རྫས་གཙོ་བོར་གྱུར་པའི་སྲེག་བླུགས་བཟླས་པའི་བཅུ་ཆའམ་གྲངས་མང་དུ་འབུལ་ལོ། རྩ་བའི་གསུམ་པ་རྗེས་ཀྱི་བྱ་བ་ནི། ཚེ་སྒྲུབ་སྦྲེལ་མིན་གང་ལྟར་ཡང་སྦྱིན་སྲེག་འགྲུབ་པའི་རྗེས་དེ་ཉིད་དུ་དངོས་གྲུབ་ལེན་ཆོག་བྱ་བ་ཡིན་ཏེ། ཚོགས་ལ་སྐོང་བཤགས་རྒྱས་པར་བྱ། རྩ་གསུམ་བསྙེན་སྒྲུབ་རིང་སྦྲེལ་སྐབས། འདིར་གུ་རུ་ཞི་བའི་བདག་འཇུག་དང་སྦྲེལ་ནས་ཚེ་སྒྲུབ་དབང་ལེན་བྱ། དེ་ལྟ་ན་ཞི་དྲག་སེང་གསུམ་མཆོད་གཞི་སྔར་བཤམ་སྟེང་དུ་བདག་འཇུག་གི་དབང་རྫས་གསར་དུ་བཤམས་ནས་ལས་བྱང་བཏང་། ལས་བུམ་བསྒྲུབ་པ་སོགས་ཟིན་ནས་གཟོད་བདག་ཉིད་འཇུག །གལ་ཏེ་ཚེ་སྒྲུབ་ཁོལ་འདོན་ཡིན་ན་སྦྱིན་སྲེག་གྲུབ་རྗེས་ལས་བྱང་ཚོགས་སྐོང་བཅས་བཏང་ནས་ཚེའི་དབང་ལེན་བྱ། སླར་ཡང་ཚེ་འཛབ་བཟླས་ལ་མཆོད་བསྟོད་དང་བུམ་གཏོར་ལྷ་འོད་བཞུ་བྱས་ནས་བུམ་ཆུ་སོགས་ཕྱི་མི་ལ་མི་སྦྱིན་པར་དངོས་གྲུབ་ཏུ་རོལ། ནོངས་བཤགས་དང་། བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད་ཅིང་། སྲུང་འཁོར་དང་བཅས་པའི་ལྷ་སྐུ་བསྡུ་ལྡང་། དགའ་སྟོན་གནས་སྲུང་ཐོ་འགྲོལ་བ་སོགས་སྤྱི་ལྟར་བྱའོ། །དེ་ལྟར་བསྙེན་སྒྲུབ་ལེགས་པར་ཐེམས་པའི་ལྷ་དེའི་སྒོམ་བཟླས་དེ་ནས་བཟུང་སྟེ་ཇི་སྲིད་བར་གཅོག་ཏུ་མི་རུང་བས་འདིར་ཡང་གཏེར་གཞུང་ཁ་རྐྱང་གི་ཞི་དྲག་སེང་གསུམ་ཙམ་ཆགས་མེད་གྲུབ་ན་ལེགས། མི་འགྲུབ་ན་གཞུང་འདི་ཉིད་ལས་བསྐྱེད་རིམ་གྱི་རྗེས་འབྲེལ་དུ་གསུངས་པའི་ཨ་ནུ་དང་ཨ་ཏིའི་ཉམས་ལེན་ཙམ་འདོར་དུ་མི་རུང་བས། འདི་ལྟར་ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་། སྣང་ཚད་ཀུན་གུ་རུ་པདྨའི་སྐུ་སྒྱུ་མ་ལྟ་བུའི་རང་བཞིན། གྲགས་པ་ཐམས་ཅད་བཛྲ་གུ་རུའི་གདངས་གཞོམ་དུ་མེད་པའི་རང་སྒྲ །རྟོག་ཚོགས་ཐམས་ཅད་རང་ཤར་རང་གྲོལ་ཆོས་ཉིད་ཀྱི་རང་མདངས་སུ་མོས་པ་ལམ་བྱེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལས་མི་འདའ་བ་ཁྱེར་སོ་གསུམ་གྱིས་ལམ་དུ་ཁྱེར་བ་དང་། རང་ཉིད་པདྨ་འོད་འབར་དུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱི་འོད་ཟེར་འཇའ་ཚོན་ལྟ་བུས་སྐུའི་ནང་དང་ཞིང་ཁམས་ཐམས་ཅད་ལ་ཁྱབ་པས་འོད་དང་ཞིང་ཁམས་དབྱེར་མི་ཕྱེད་པ། ཞིང་གི་བཀོད་པ་རབ་འབྱམས་རྒྱ་མཚོ་མཐའ་དག་རང་ལུས་འོད་གསལ་རྡོ་རྗེའི་སྐུ་དང་དབྱེར་མེད་གདོད་ནས་ཟུང་འཇུག །སྐུའི་རྣམ་འགྱུར་ཆེ་ཆུང་མ་ངེས་པ་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་མཉམ་པར་བཞག་ལ་རླུང་འབྱིན་འཇུག་གནས་གསུམ་དང་སྦྱར་བའི་རྩ་བསྙེན་ནམ་འབྲུ་གསུམ་ལ་རྡོར་བཟླས་བྱ་བའམ། བར་རླུང་བཟུང་བའི་ཡིད་བཟླས་དང་། རླུང་རང་བབ་ཏུ་བཞག་ནས་སེམས་མ་ཡེངས་པར་རང་བྱུང་རྡོ་རྗེའི་སྒྲ་སྔགས་རྩོལ་བྲལ་ལྷུན་གྲུབ་ཏུ་བཟླ་སྟེ་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པར་ལ་བཟླ། མཐར་ཞིང་ཁམས་འོད་སྣང་དང་བཅས་པ་ལྷ་སྐུ་ལ་བསྡུ། དེ་འབྲུ་གསུམ། དེའང་ཨོཾ་ཨཱཿལ། དེ་ཧཱུྃ་ལ། ཧཱུྃ་ནཱ་ད། ནཱ་ད་སྟོང་ཉིད་དུ་ཡལ་བ་ལ་ཅི་ནུས་སུ་བཞག །སྟོང་པའི་ངང་ལས་ལྷར་ཝལ་གྱིས་ལྡངས་ཏེ་སྐུ་དང་ཞིང་ཁམས་རོ་མཉམ་ལ་བློ་བཞག་ནས་ཟུང་འཇུག་ལམ་དུ་བྱེད་པ་རྣམས་ནི་ཨ་ནུའི་དགོངས་པ་དང་། སེམས་ཉིད་སྟོང་པ་ཉིད་ཀྱི་རང་མདངས་གུ་རུ་པདྨའི་སྐུར་ཝལ་གྱིས་ཤར། ཤར་བ་དེའང་སེམས་ལས་གཞན་དུ་མ་གྲུབ། སེམས་ཉིད་ངོ་བོ་སྟོང་པ་དང་། སྣང་བའི་རང་མདངས་གུ་རུའི་སྐུ་གཉིས་གདོད་ནས་དབྱེར་མེད་སྐུ་གསུམ་ལྷུན་གྲུབ་ཀྱི་གནས་ལུགས་རྟོགས་པས་རིག་སྟོང་ལྷུན་གྲུབ་ཟང་ཐལ་ཨ་ཏི་ཁྱབ་བརྡལ་ཆེན་པོའི་དགོངས་ཉམས་སྐྱོང་བ་སྟེ། དེ་དག་ནི་བསྙེན་སྒྲུབ་དངོས་གཞིའི་སྐབས་སུའང་བསྐྱེད་རིམ་སྤྱིའི་རྒྱས་འདེབས་ཀྱི་ཚུལ་དུ་བསྒོམ་པ་གལ་ཆེ་ཞིང་གྲངས་བསྙེན་སོགས་ཐེམས་ནས་རྒྱུན་དུ་ཉམས་སུ་ལེན་བྱའི་སྙིང་པོ་ནི་འདི་ཉིད་དོ། །ལས་དང་པོ་པ་གཉིས་འཛིན་ལ་ཨ་འཐས་པ་རྣམས་ཀྱིས་སྣང་སྲིད་དག་པ་རབ་འབྱམས་ཀྱི་འཁོར་ལོ་གོ་བ་ཙམ་ཡང་གནད་དུ་མི་འབྱོར་བས་ཚོགས་མཆོད་སོགས་ཀྱི་སྐབས། མདུན་བསྐྱེད་གཙོ་བོ་པདྨ་འོད་འབར་ལ་རྩ་བརྒྱུད་བླ་མ། གཡས་སུ་གུ་རུ་དྲག་པོ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག །གཡོན་དུ་སེང་གེའི་གདོང་ཅན་ལ་དཔའ་བོ་མཁའ་འགྲོ །མཐའ་སྐོར་དུ་འདོད་ལྷ་སྐབས་སྦྱར་དང་དམ་ཅན་ཆོས་སྐྱོང་གསལ་གདབ་པའང་རིག་འཛིན་ཆེན་པོ་ཉིད་ཀྱི་གསུང་ལས་འབྱུང་ངོ་། །སྔགས་ཀྱི་རྣལ་འབྱོར་པས་རྡོ་རྗེ་ཐེག་པའི་དམ་ཚིག་ཕྲ་རགས་རྣམས་དུས་རྟག་ཏུ་སྲོག་བཞིན་བཙའ་བ་ཁོ་ན་གལ་ཆེ་བ་གཞིར་བཞག །ཁྱད་པར་འདི་ཉིད་ཀྱི་དམ་ཚིག་ཟབ་གནད་ཡོ་ག་གསུམ་གྱི་སྒྲུབ་ཐབས་ལས། སྐུའི་དམ་ཚིག་ཏུ་གུ་རུ་པདྨའི་སྐུ་ཆེ་ཆུང་གང་ཡིན་གཅིག་དང་མི་འབྲལ༔ གསུང་གི་དམ་ཚིག་ཏུ་དཀོན་མཆོག་སྤྱི་འདུས་ཀྱི་ཡི་གེ་དང་མི་འབྲལ༔ ཐུགས་ཀྱི་དམ་ཚིག་ཏུ་ཐུན་དྲུག་གམ་གསུམ་མམ་ཐ་ནའང་ཉི་ཤར་གྱི་དུས་སུ་སྤྱན་འདྲེན་བཟླས་པ་དང་མི་འབྲལ་བར་བྱའོ༔ ཞེས་གསུངས་པའང་དགོས་པ་ཁྱད་པར་ཅན་དང་འབྲེལ་བས་ལག་ལེན་དུ་གདབ་པ་གལ་གནད་ཆེ། མཚམས་ཀྱི་སྤང་བླང་སོགས་བསྙེན་སྒྲུབ་སྤྱིའི་གནད་རྣམས་ནི་འབྲིར་མ་ལངས་པས་འདི་ཉིད་ཀྱི་བསྙེན་ཡིག་རྒྱས་པ་སོགས་ལས་རྟོགས་པར་བྱ་དགོས་སོ། །ཚེ་གཅིག་སྤྱི་འདུས་ཀློག་ལ་བརྩོན་རྣམས་ཀྱང་། །ལྟ་དགོངས་གནད་ཀྱི་གཟེར་བུ་ལྟ་ཅི་ཞིག །སྤྲོ་བསྡུའི་ཏིང་འཛིན་ཇི་བཞིན་མི་གསལ་བ། །འདབ་ཆགས་ནེ་ཙོའི་བཟླས་པའི་རྗེས་འགྲོར་མཐོང་། །དེས་ན་མཁས་པའི་སྤྱན་སྔར་མི་བྲིམས་ཀྱང་། །བློ་དམན་ཉམ་ཆུང་རང་འདྲའི་གསལ་འདེབས་བཀོད། །འདི་ལྟར་ཚུལ་བཞིན་སྒྲུབ་རྣམས་ཚེ་གཅིག་ཏུ། །པདྨའི་གསང་གསུམ་ཕྲིན་ལས་ཀུན་འགྲུབ་ཤོག །ཅེས་བློ་དམན་ཉམས་ལེན་འདོད་པ་ལ་ཕན་པའི་སེམས་ཀྱིས་རང་ཉིད་ཀྱིས་སྔར་བཀོད་པའི་བསྙེན་ཡིག་རྒྱས་པ་ལས་ཉེར་མཁོའི་ལག་ལེན་དང་དམིགས་རིམ་རྣམས་ཁོལ་དུ་ཕྱུངས་ཏེ། ཨོ་རྒྱན་སངས་རྒྱས་གཉིས་པའི་རིག་པ་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).