Terdzo-RI-021

From Rinchen Terdzö
Revision as of 19:48, 22 December 2017 by Jeremi (talk | contribs) (Text replacement - " {{Header }}" to " {{Header}}")

མདོ་ལུང་ཆེན་པོ་ལྔའི་དགོངས་པ་ཕྱག་རྒྱ་གཅིག་པའི་དོན་དབང་གི་ཆོ་ག་ལུང་ཆོས་བདུད་རྩིའི་ཞུན་ཐིགས་

mdo lung chen po lnga'i dgongs pa phyag rgya gcig pa'i don dbang gi cho ga lung chos bdud rtsi'i zhun thigs

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  མདོ་ལུང་ཆེན་པོ་ལྔའི་དགོངས་པ་ཕྱག་རྒྱ་གཅིག་པ་ (Mdo lung chen po lnga'i dgongs pa phyag rgya gcig pa)
Volume 55 (རི) / Pages 547-562 / Folios 1a1 to 8b5

[edit]

༄༅། །མདོ་ལུང་ཆེན་པོ་ལྔའི་དགོངས་པ་ཕྱག་རྒྱ་གཅིག་པའི་དོན་དབང་གི་ཆོ་ག་ལུང་ཆོས་བདུད་རྩིའི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ཡ། འཁོར་འདས་ཐམས་ཅད་ཕྱག་རྒྱ་གཅིག་ཏུ་རྫོགས། །ཀུན་གྱི་སྤྱི་དཔལ་འགྲོ་དྲུག་ཐུགས་རྗེས་སྒྲོལ། །བཅོམ་ལྡན་ཆེ་མཆོག་མངོན་རྫོགས་རྒྱལ་པོ་ཉིད། །རྡོ་རྗེ་བླ་མའི་གར་གྱིས་རོལ་ལ་འདུད། །དེ་སྒྲུབ་རྒྱུན་གྱི་རྣལ་འབྱོར་ནི། །སྲིད་པ་གསུམ་ན་རྙེད་དཀའ་བའི། །སྨིན་བྱེད་གྲོལ་བ་བཞི་ལྡན་འདི། །བློ་ལྡན་མཆིས་ན་དོན་གཉེར་འོས། །གསང་ཆེན་ངེས་པའི་ཐིག་ལེའི་ཡང་བཅུད་ཀྱི་སྨིན་བྱེད་བདུད་རྩིའི་སྙིང་པོ་དོན་དུ་གཉེར་བའི་སྐལ་ལྡན་རྗེས་སུ་གཟུང་བར་སྤྲོ་ན། གནས་དབེན་པར་དུར་ཁྲོད་ཆས་ཀྱིས་བརྒྱན་ཏེ་གུང་དུ་རྟེན་བཀྲམ་པའི་མདུན། སྟེགས་བུའི་སྟེང་མཎྜལ་མེ་ཏོག་གི་ཚོམ་བུ་མཐིང་ནག་གཅིག་བཀོད་པའི་དབུས་སུ་ཁྲིའུ་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ནག་ཅན་གྱི་ཁར། ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་བཞག་པ་ལ། མེ་ལོང་སིནྡྷུ་ར་བརྡལ་ཏེ་ཨེ་ཝཾ་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་བཞག་ལ་དར་གུར་ཕུབ། བུམ་པའི་ཁ་རྒྱན་གསེབ་སྐུ་ཙཀ་བཙུགས་པའང་ལེན་བདེར་བཞག །མདུན་རྒྱབ་གང་བདེར་དཔལ་གཏོར། གཡས་གཡོན་སྨན་རཀ །སྤོས་མེ་ཏོག་མར་མེ་དྲི་ཆབ་སྟེ་བཞི་བསྣོལ་ཆ་བཞི་ཕྱོགས་བཞིར་བཤམ། ལས་བུམ་ཚོགས་མཆོད་སོགས་འདུ་བྱའོ། །དེ་ནས་དབང་དོན་སྒྲུབ་མཆོད་ནི། བརྒྱུད་པའི་གསོལ་འདེབས་སོགས་སྔོན་དུ་འགྲོ་བས། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པའི་དབུའི་བཀའ་བསྒོ་ནས་མཐར་ཆགས་སུ་གཏང་ཞིང་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྐྱེད་ལ། བསྟོད་བཤགས་འདོད་དོན་དམ་བཅའི་བར་བཏང་། དེ་ནས་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ཏེ་དམིགས་པའི་འཕྲོ་འདུ་གསལ་བཏབ་ལ་རུ་ལུའི་བཟླས་པ་ཅི་འགྲུབ་བྱ། བུམ་བཟླས་ཟུར་དུ་སྤྲོ་ན་གསལ་འདེབས་སྤྱི་མཐུན་དང་གཟུངས་ཐག་བླངས་ལ་རུ་ལུ་བཟླ། ལས་བུམ་ཀྲོ་དྷཱི་ཤྭ་རཱིའི་སྔགས་ཀྱིས་བརླབ། མཐར། ཨེ་མ་ཧོ༔ ཆོས་ཀུན་སྐུ་ལ་རྫོགས་པ་སོགས་ཀྱིས་གཞི་བསྟོད་དང་། ཧཱུྃ༔ ཡེ་ནས་གཉིས་མེད་སོགས་ཀྱིས་བཤགས་པ་འབུལ། བུམ་ལྷ་འོད་ཞུ་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དེ་ནས་དབང་གི་ཐོག་མར་ཟུང་དུ་མ་གྱུར་པའི་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་གཏང་། བཀའ་བསྒོ་ཞིང་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ་ལ། དེའང་འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པའི་སྙིང་པོ་ནང་པ་ཐབས་ཀྱི་རྒྱུད་ལའང་རྒྱུད་ལུང་མན་ངག་གི་རིམ་པ་གཙོར་བཏོན་པར་བྱེད་པའི་ཡོ་ག་རྣམ་པ་གསུམ་དུ་དབྱེ་བ་ལས། སྣོད་བཅུད་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དཀྱིལ་འཁོར་དུ་རང་ཤར་བར་བལྟ་ཞིང་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་བརྟེན་ནས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལམ་དུ་བྱེད་པ་ལུང་ཨ་ནུ་ཡོ་གའི་གསང་བ་ཟབ་མོ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་གཙོ་བོར་གྱུར་པའི་མདོ་ལུང་ཆེན་པོ་ལྔའི་དགོངས་པ་དང་འབྲེལ་བའི་སྨིན་གྲོལ་གྱི་རིམ་པ་ཟབ་ལ་རྒྱ་ཆེ་བ་རྣམས་བོད་ཡུལ་གྱི་ལྗོངས་འདིར། དཔལ་ཧེ་རུ་ཀ་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ་དང་། ས་གསུམ་པ་འོད་བྱེད་ལ་བཞུགས་པའི་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་རྣམས་ཀྱི་བཀའ་དྲིན་ལས་བྱུང་ཞིང་། དེང་སང་དུའང་བཀའ་མའི་དབང་གི་ཆུ་བོའི་རྒྱུན་མ་ཉམས་པར་བཞུགས་པ་ལས། གཏེར་མའི་ཕྱོགས་སུ་རྗེས་མཐུན་པའི་ལམ་གྱི་རིམ་པ་ཙམ་ལས་ཨ་ནུ་རང་རྐང་ཚུགས་པའི་ཆོས་སྡེ་སྔོན་ཆད་མ་བྱོན་ཀྱང་། སངས་རྒྱས་ཀྱི་ཐུགས་རྗེ་ལ་འཕེལ་འགྲིབ་དང་ཕྱོགས་ལྷུང་མ་མཆིས་པས་ཟླ་གཟུགས་དང་ཆུ་སྣོད་ཀྱི་ཉེར་ལེན་བཞིན་དུ། གདུལ་བྱའི་ཡུལ་དང་འདུལ་བྱེད་རྐྱེན་གྱི་རྟེན་འབྲེལ་ཚོགས་པ་ལས། ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་རྣམ་འཕྲུལ་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་༧མཆོག་གྱུར་བདེ་ཆེན་གླིང་པས་རྒྱུད་ལུང་མན་ངག་རང་སྐད་ཀྱི་གྲུབ་མཐའ་སློང་བའི་ཟབ་ཆོས་ངོ་མཚར་རྨད་དུ་བྱུང་བ་མང་དུ་སྤྱན་དྲངས་པ་ལས། སྐབས་སུ་བབས་པ་མདོའི་ལུང་ཆེན་པོ་ལྔའི་དགོངས་བཅུད་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་བ་ཕྱག་རྒྱ་གཅིག་པ་འདི་ནི་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན། ཡོན་ཏན་ཕྲིན་ལས་ཀྱི་གནས་མཆོག་སེང་ཆེན་གནམ་བྲག་ནས་དམ་ཆོས་ཤོག་སྡེ་དྲུག་པ་སྤྱན་དྲངས་པའི་སྐབས་སུ། གུ་རུ་རིན་པོ་ཆེ་དང་གནུབས་ཆེན་པོའི་ཕྱག་དཔེ་གསང་བའི་གླེགས་བམ་མཁའ་འགྲོས་དངོས་སུ་བསྩལ་པ་ལས་ཞལ་བཤུས་པའི་ངོ་མཚར་དང་བྱིན་རླབས་ཀྱི་ཚན་ཁས་ཁྱད་པར་དུ་བྱས་པ་སྟེ། དེ་ལྟ་བུའི་སྨིན་བྱེད་ཀྱི་རིམ་པ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་མཐུན་བྱས་ལ། ཨཱ་ཁཾ་བཱི་ར་ཧཱུྃ་གིས་གདོང་གཡོགས། འབྲུ་གསུམ་གྱིས་མེ་ཏོག་སྦྱིན། དེ་ནས་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྲག་འཐུང་གཙོ་བོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དམ་ཚིག་རིམ་པ་རྣམས། །མགོན་པོ་དཔའ་བོར་སྐྱབས་གསོལ་ཏེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། ཞེས་གསོལ་བ་བཏབ་པ་ལ་སྣོད་དུ་རིག་ནས་བཀའི་གནང་བ་བྱིན་པར་མོས་ཤིག །བུ་འདིར་ཤོག་ཅིག་ཅི་བདེ་བའི། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དང་ཡིད་ཀྱིས། །གཏོང་ཞིང་རང་སེམས་བརྟན་པར་གཟུང་། ཁྲོ་རྒྱལ་ཆེན་པོའི་དབང་རྫོགས་སྦྱིན། །ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་ཁྲག་འཐུང་ཀུན་གྱི་སྤྱི་དཔལ་ཆེན་པོ་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་རབ་འབྱམས་དཀྱིལ་འཁོར་ཀུན་འདུས་སུ་བཞུགས་པ་ལ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བསྒྲལ་བའི་ཆེད་དུ་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་གྱིས་གསག་སྦྱོང་སྤེལ་གསུམ་བགྱི་འོ་སྙམ་པས་དོན་རེ་རེ་ནས་གསལ་ཐོབས་ལ་འདིའི་རྗེས་ཟློས། ཨེ་མ་བདེ་གཤེགས་སྙིང་པོ་འདྲེན་པའི་གཙོ༔ ཡེ་ནས་དག་ལ་དམིགས་སུ་མེད་པ་ལ༔ ཕྱག་མཆོད་ལ་སོགས་ཡན་ལག་མ་མཆིས་ཀྱང༔ འཕྲལ་རྟོག་བསལ་ཞིང་ཚོགས་གཉིས་རྫོགས་པའི་ཕྱིར༔ ངོ་བོ་ཀ་ནས་དག་པ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྣ་ཚོགས་སྣང་བ་སྤྲུལ་པའི་སྐུ༔ སྐུ་གསུམ་བདག་ཉིད་ཆེན་པོར་ཕྱག་འཚལ་ལོ༔ ངོ་མཚར་ཀུན་བཟང་མཆོད་སྤྲིན་བསམ་མི་ཁྱབ༔ འདུ་འབྲལ་མེད་པའི་ངང་དུ་མཆོད་པ་འབུལ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་སྣ་ཚོགས་སྣང་བར་གྱུར༔ དེ་བཟློག་ཕྱིར་ན་རྒྱལ་བའི་དམ་མནོས་ཏེ༔ དེ་ལས་འགལ་བར་གྱུར་པ་ཅི་མཆིས་བཤགས༔ འགྲོ་བ་ཀུན་ལ་བདེ་བར་གཤེགས་པས་ཁྱབ༔ རང་རིག་བྱང་ཆུབ་སེམས་སུ་རྗེས་ཡི་རང༔ ངོ་བོ་གཅིག་ལ་སོ་སོར་མ་འདྲེས་དགུ༔ ཟབ་ལ་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་སྐོར༔ གཞི་དང་འབྲས་བུ་དབྱེ་བ་མེད་པ་ལས༔ ལམ་དུ་བགྲོད་རྒྱུ་མེད་པར་བཞུགས་སུ་གསོལ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་གང་རྫོགས་པ༔ འཁོར་འདས་དམིགས་མཐའ་བྲལ་བའི་ངང་དུ་བསྔོ༔ ཨེ་མ་ཧོ་བླ་མས་གཟུང་དུ་གསོལ༔ ལན་གསུམ། ལམ་གྱི་སྟེགས་སུ་གྱུར་པའི་ཐེག་རིམ་རྣམས་ལས་གོང་དུ་འཕགས་ཏེ་བླ་མེད་ཐུན་མོང་མ་ཡིན་པའི་ཐེག་པར་གཞུག་ཅིང་བསླབ་པའི་གནས་རྗེས་སུ་གདམས་པ་འདི་ལ་གསན་འཚལ། འཁོར་བ་ཐབས་ཀྱིས་རང་སངས་སྤང་བའི་ཕྱིར༔ ཡེ་ནས་མ་བཅོས་གཉུག་མའི་རང་བཞིན་ལ༔ ངོ་བོ་གསལ་བའི་ཆ་འདི་མ་རྟོགས་པས༔ ཐེག་པའི་རྣམ་པ་སྣ་ཚོགས་ཅིར་ཡང་བྱུང༔ འཁོར་བའི་རང་བཞིན་ཅི་ཡང་མི་སེམས་པ༔ མ་རིག་སྐྱེ་བོ་རྣམས་ལ་སྙིང་རེ་རྗེ༔ དགེ་བའི་བློ་སྐྱེས་ལྷ་མིའི་ཐེག་པ་ཡང༔ འཁོར་བའི་རང་བཞིན་ཉིད་ལས་མ་འཕགས་སོ༔ ལོག་པར་རྟོག་པའི་མུ་སྟེགས་རིགས་གསུམ་རྣམས༔ ལྟ་བར་བྱེད་ཀྱང་རྟག་ཆད་གཉིས་སུ་ལྷུང༔ སེམས་འདུལ་ལ་བརྩོན་ཉན་ཐོས་ཐེག་པ་ཡང༔ འཕགས་སར་བཞུགས་ཀྱང་གང་ཟག་ཉིད་ལ་གོལ༔ གཞན་ཕན་བྱང་ཆུབ་སེམས་ཀྱི་ཐེག་པ་རྣམས༔ བདག་གཉིས་རྟོགས་ཤིང་ཚོགས་གཉིས་རབ་རྫོགས་ཀྱང༔ བླ་ན་མེད་པའི་རང་བཞིན་མ་རྟོགས་སོ༔ ཆོས་ཀུན་རིགས་གསུམ་ལྟ་བ་ཀྲི་ཡ་ཡང༔ ཀུན་རྫོབ་སྔགས་དང་ཕྱག་རྒྱ་ཉིད་དུ་གོལ༔ སྣང་སྲིད་རིགས་བཞིར་ལྟ་བ་ཨུ་པ་ཡང༔ ཤེས་བྱའི་སྒྲིབ་པ་རྣམ་པར་མ་དག་གོ༔ རྡོ་རྗེ་དབྱིངས་སུ་ལྟ་བའི་རྣལ་འབྱོར་ཡང༔ ཇི་བཞིན་ཉིད་དུ་སྙིང་པོའི་དོན་མ་ལོན༔ ཡང་དག་ཉིད་དུ་འཇུག་པའི་སྒོ་དམ་པ༔ རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་སྟེ༔ སྙིང་པོ་བླ་མེད་ལུང་གི་དཀྱིལ་འཁོར་འདི༔ རྩ་རླུང་ཁམས་རྣམས་རྣམ་པར་དག་པའི་དལ༔ འདི་ནི་བཤད་ཀྱིས་བླ་ན་མེད་པར་ཉོན༔ ཁམས་དྲུག་དག་པ་རྡོ་རྗེའི་ལུས་མཆོག་འདི༔ བདེ་བར་གཤེགས་པའི་དཀྱིལ་འཁོར་ཉིད་དུ་ལྟོས༔ དེ་ལྟར་བསྒོས་པའི་དོན་བཞིན་ཐེག་པ་འོག་མའི་བསླབ་གཞི་མཐའ་དག་གོང་མ་བླ་ན་མེད་པར་ཡོངས་སུ་རྫོགས་པའི་ཚུལ་གྱིས་གཟུང་སྟེ། ལྷ་དང་སློབ་དཔོན་མི་སྤང་ཞིང་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་བལྟ་བ་སོགས་ཁྱད་པར་གྱི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བདེར་གཤེགས་སློབ་མར་བཅས་པ་བདག་ལ་དགོངས༔ བྱང་ཆུབ་སེམས་དཔའི་བླ་མ་བདག་ལ་དགོངས༔ རང་རིག་རྒྱལ་པོ་དཔལ་ཆེན་བདག་ལ་དགོངས༔ འདྲེན་པའི་བདག་ཉིད་དཀྱིལ་འཁོར་གཙོ་བོ་དགོངས༔ བདག་གིས་བླ་ན་མེད་པའི་དོན་རྟོགས་ཕྱིར༔ ཐེག་པ་བདུན་པོའི་ལྟ་སྤྱོད་ཕུགས་བཀྲོལ་ཞིང༔ ཐེག་པའི་རྩེ་མོའི་ཡང་དག་དོན་རྟོགས་ཕྱིར༔ སོ་སོ་ཐར་དང་བྱང་ཆུབ་སེམས་དཔའི་བསླབ༔ གསང་སྔགས་ཕྱི་ནང་དམ་ཚིག་གང་གསུངས་པ༔ འོག་མ་ཐམས་ཅད་གོང་མའི་ཀློང་ཆུབ་པར༔ གོང་ནས་གོང་འཕེལ་བདག་གིས་བླང་བར་བྱ༔ འཇིག་རྟེན་ཀུན་གྱི་གཤེད་མ་ཀུན་འདུས་ཏེ༔ བདག་གི་ལུས་འདི་དུམ་བུ་སྟོང་གཏུབས་ཀྱང༔ ཐར་པའི་སྲོག་འཛིན་བླ་མ་དེ་ཡི་ཡུམ༔ བྱང་ཆུབ་སེམས་དང་བསླབ་པ་ཤེས་རབ་དང༔ ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྤང༔ ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་མཆོག་འདི༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་རྫོགས་པར་བལྟ༔ ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གནད་ལེགས་པར་གཅུན་ལ་དམིགས་པ་རྩེ་གཅིག་ཏུ་གྱིས་ཤིག །སྣང་སྲིད་དག་པ་རྒྱལ་བའི་ཞིང་ཁམས་སུ་གདོད་ནས་རྫོགས་པའི་དབུས་སུ་པདྨ་ཉི་ཟླ་དྲེགས་པའི་གདན་ལ་ཧཱུྃ་མཐིང་ནག་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་ཧེ་རུ་ཀ་མཐིང་ནག་རྡོ་རྗེ་དང་དུང་ཁྲག་བསྣམས་ཤིང་རང་འོད་ཀྱི་ཡུམ་ལ་འཁྱུད་པ། གར་དགུའི་ཉམས་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་པའི་ཐུགས་ཀར་ཧཱུྃ་ཡིག་མར་མེ་ལྟར་འབར་བ་ལ་སེམས་གཏོད་ཅིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་མཁའ་དབྱིངས་ཁྱབ་པར་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་རབ་འབྱམས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིག་འབྲུ་འོད་ཟེར་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་གི་སྙིང་གའི་ཧཱུྃ་ཡིག་ལ་ཐིམ་པར་མོས་ཤིག །སྤོས་རོལ་དབྱངས་བཅས་བབ་དྲུག་འདས་བཞི་མའི་མཐར། རུ་ལུ་ལ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། མེ་ཏོག་གི་ཅོད་པན་ལྷག་པའི་ལྷ་ལ་ཕུལ་བའི་མོས་པས་སྔགས་འདིའི་རྗེས་ཟློས་བཅས་འདོར་བར་ཞུ། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དོར། དེ་ཉིད་དབང་རྟགས་ཀྱི་ཚུལ་དུ་སྤྱི་བོར་བྱིན་པར་མོས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་མགོར་བཞག །དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དྲི་མེད་རང་བྱུང་རིག་པའི་ཡེ་ཤེས་འདི༔ མ་རིག་གློ་བུར་དྲི་མའི་ཀུན་བརྟགས་ཀྱིས༔ ཡོངས་སུ་བསྒྲིབས་པ་རྒྱལ་བས་བསལ་ནས་ཀྱང༔ རིག་པའི་ཡེ་ཤེས་དཀྱིལ་འཁོར་མཐོང་བར་མཛོད༔ སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་ཡེ་ཤེས་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུས་མ་རིག་པའི་སྒྲིབ་གཡོགས་སྐད་ཅིག་གིས་བསལ་བར་མོས་ཤིག །བདེ་གཤེགས་རྒྱལ་བ་རྣམས་ཀྱི་མཛད་པ་བཞིན༔ ཐབས་ལ་མཁས་པས་བྱང་ཆུབ་སེམས་ཀྱི་ཐབས༔ ཤེས་རབ་དབྱེར་མེད་ཟུང་འཇུག་ཐུར་མ་ཡིས༔ ཁ་སྦྱོར་ཤེས་རབ་རྩ་ཡི་མ་རིག་དབྱེ༔ ཞེས་གདོང་གཡོགས་བསལ། དེ་ལྟར་དག་པ་ཡེ་ཤེས་ཀྱི་སྤྱན་དྲི་མ་མེད་པ་ཐོབ་པས་དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཕྱག་རྒྱ་གཅིག་པའི་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་མཇལ་བར་མོས་ལ་དད་སྤྲོ་སྐྱེད་ཅིག །བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདི༔ བདེ་བ་ཆེན་པོའི་རང་བཞིན་ལས་མ་འདས༔ མཐོང་བའི་མོད་ལ་བསྐལ་འབུམ་སྡིག་སྒྲིབ་འདག༔ ལམ་གྱི་ཡེ་ཤེས་མ་ལུས་ཐམས་ཅད་རྫོགས༔ དེ་རྣམས་ཀྱིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་རྒྱལ་བའི་ཚོགས་མ་ལུས༔ བདག་ཅག་རིག་འཛིན་རྣམས་ལ་ཉེ་བར་དགོངས༔ དཀྱིལ་འཁོར་ཆེན་པོ་འདི་ལ་བདག་གཞུག་སྟེ༔ གོ་འཕང་མཉམ་པའི་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། བཀྲ་ཤིས་དབང་གི་བུམ་པ་ཟླ་གམ་སྨུག་ནག་ཁ་སྦྱོར་དུ་གསལ་བ་ཕྱི་སྣོད་ཐམས་ཅད་ཐབས་དང་ཤེས་རབ་མཉམ་པའི་བརྡས་ཕྱི་དབང་ཕན་པའི་ཆུ་བོ། ནང་དུ་དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཡུམ་ཀྲོ་དྷཱི་ཤྭ་རཱི་དང་མཉམ་པར་སྦྱོར་ཏེ་བཞུགས་པ་ནང་བཅུད་སྐྱེ་འགྲོ་ཐབས་ཤེས་ཟུང་དུ་འབྲེལ་བའི་བརྡས་ནང་དབང་འབྱུང་བའི་ཆུ་བོ། ཡབ་ཡུམ་སྦྱོར་བའི་དཀར་དམར་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་སྣོད་བཅུད་ཐམས་ཅད་བྱང་ཆུབ་སེམས་སུ་རོ་མཉམ་པའི་བརྡའི་དབང་གིས་སྒྲུབ་དབང་གྲགས་པའི་ཆུ་བོ་བཅས་ཅིག་ཅར་དུ་རྫོགས་པར་མོས་ཤིག །བུམ་པ་ཁ་རྒྱན་སྐུ་གཟུགས་བཅས་པས་དབང་བསྐུར་ཞིང་བུམ་ཆུ་སྦྱིན་ལ། སྣོད་བཅུད་རྫོགས་པའི་བཀྲ་ཤིས་བུམ་པ་ནང༔ ཟླ་གམ་སྨུག་ནག་དཀར་དམར་ཁ་སྦྱོར་ནི༔ སྣོད་ཀྱི་ཐབས་དང་སྣོད་ཀྱི་ཤེས་རབ་ཚང༔ ཕྱི་སྣོད་ཐབས་དང་ཤེས་རབ་དཀྱིལ་འཁོར་དུ༔ རྟོགས་ཕྱིར་ཟླ་གམ་བུམ་པའི་དབང་བསྐུར་རོ༔ ཐེག་དགུ་རྫོགས་པའི་ཕྱག་ཆེན་ཧེ་རུ་ཀ༔ མངོན་རྫོགས་རྒྱལ་པོ་དཔལ་ཆེན་ཀུན་གྱི་གཙོ༔ གཉིས་མེད་དགྱེས་ཡུམ་ཀྲོ་དྷཱི་ཤྭ་རཱི་མ༔ ཐབས་དང་ཤེས་རབ་ཟུང་འཇུག་སྐུ་མངའ་བ༔ བཅུད་ཀྱི་སེམས་ཅན་ཕོ་རྣམས་ཐབས་ཀྱི་ཆ༔ མོ་རྣམས་ཐམས་ཅད་ཤེས་རབ་ཉིད་ཀྱི་དབྱིངས༔ བཅུད་ཀྱི་སེམས་ཅན་འགྲོ་བ་ཕོ་མོ་རྣམས༔ ཐབས་ཤེས་ལྷ་དང་ལྷ་མོར་རྟོགས་པའི་ཕྱིར༔ དཔལ་ཆེན་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་རོ༔ ཡབ་ཡུམ་གཉིས་མེད་མཉམ་སྦྱོར་བྱང་ཆུབ་སེམས༔ དཀར་དམར་རྒྱུན་མཆོག་བུམ་པའི་ནང་དུ་འཁྱིལ༔ འཇིག་རྟེན་ཕྱི་ཡི་སྣོད་དང་ནང་གི་བཅུད༔ ཐབས་ཤེས་བྱང་ཆུབ་སེམས་སུ་རྟོགས་བྱའི་ཕྱིར༔ བཀྲ་ཤིས་བུམ་པའི་བཅུད་ཀྱི་དབང་བསྐུར་རོ༔ ཞེས་དང་རུ་ལུ་བརྗོད། དེས་ཕྱི་ནང་སྒྲུབ་པ་གསུམ་གྱི་བརྡའ་མཚོན་པའི་དཀྱིལ་འཁོར་དུ་དབང་གི་ཆུ་བོ་གསུམ་ཐོབ། ལས་སྒྲིབ་དང་ལུས་ཀྱི་དྲི་མ་བཀྲུས། ཨ་ནུ་ཡོ་ག་མན་ཆད་ཀྱི་ཐེག་པ་ཕྱི་ནང་གི་ཆོས་རྣམས་ཉན་བཤད་སྒྲུབ་པ་ལ་དབང་། སྒོམ་ལམ་ལུང་ཆེན་ཐོབ་པ་དང་མཐར་ལམ་དང་པོ་རྩལ་ཆེན་རྫོགས་པ་དང་གཉིས་པ་བདེ་བ་ཆེན་པོའི་རྣལ་འབྱོར་གསུམ་དང་། མི་སློབ་ལམ་སྐུ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ། །བནྡྷ་ཟླ་གམ་ལྕང་ལོ་ཅན་གླིང་ལྔ་འདུས་པ་བྱང་སེམས་དཀར་དམར་གྱིས་བཀང་བའི་བརྡས། རང་ལུས་ཟླ་གམ་དབང་གི་ཕོ་བྲང་དུ་རྩ་ཁམས་འཁོར་ལོའི་གདན་དུ་རླུང་ལྔ་དབུ་མར་ཐིམ་ནས་དཀར་དམར་ཐིག་ལེ་ཐབས་ཤེས་ཨེ་ཝཾ་ཟུང་འཇུག་གི་ཕྱག་རྒྱ་བདེ་སྟོང་འགྱུར་མེད་གསང་བའི་དབང་རྫོགས་པར་མོས་ཤིག །བནྡྷས་དབང་བསྐུར་ཞིང་བདུད་རྩི་ཁར་སྦྱིན་ལ། ཕུང་པོ་ཟླ་གམ་གཞལ་ཡས་ལ་རྟོགས་ཕྱིར༔ ཟླ་གམ་བྷནྡྷ་འབར་བའི་དབང་བསྐུར་རོ༔ རྩ་ཁམས་འཁོར་ལོའི་གདན་དུ་རྟོགས་བྱའི་ཕྱིར༔ ལྕང་ལོ་གྱེན་དུ་འཁྱིལ་བའི་དབང་བསྐུར་རོ༔ རླུང་ལྔ་དབུ་མའི་དབྱིངས་སུ་བསྟིམ་པའི་ཕྱིར༔ གླིང་ལྔ་དབུས་སུ་འདུས་པའི་དབང་བསྐུར་རོ༔ ཐིག་ལེ་དཀར་ཆ་ཡབ་ཏུ་རྟོགས་བྱའི་ཕྱིར༔ བདུད་རྩི་བྱང་སེམས་ཆང་གི་དབང་བསྐུར་རོ༔ ཐིག་ལེ་དམར་ཆ་ཡུམ་དུ་རྟོགས་བྱའི་ཕྱིར༔ རཀྟ་པདྨ་རཀྟའི་དབང་བསྐུར་རོ༔ ཐབས་དང་ཤེས་རབ་གཉིས་མེད་རྟོགས་བྱའི་ཕྱིར༔ ཡབ་ཡུམ་ཁམས་གཉིས་འདྲེས་པའི་དབང་བསྐུར་རོ༔ ཨ་ལས་ཨེ་བྱུང་བདེ་དྲོད་འབར་བར་ཤོག༔ ཧཾ་ལས་ཝཾ་བྱུང་བདེ་བ་རྒྱས་པར་ཤོག༔ ཨེ་བཾ་གཉིས་མེད་བདེ་སྟོང་རྟོགས་པར་ཤོག༔ རུ་ལུ་བརྗོད། དྭངས་པའི་མེ་ལོང་གཟུགས་བརྙན་སྣང་སྟོང་དུ་འཆར་བ་ལ་སིནྡྷུ་རའི་དཀྱིལ་འཁོར་ཨེ་ཝཾ་ཡིག་འབྲུས་བརྒྱན་པའི་བརྡས། བདེ་སྐྱེད་རིག་མ་ལྷ་སྐུ་སྣང་སྟོང་སྒྱུ་མར་རྟོགས་པའི་ཆུ་སྐྱེས་དང་ཐབས་ཤེས་སུ་འབྲེལ་བས། རྒྱུ་ཀུན་རྫོབ་ཐིག་ལེ་འཕོ་མེད་དུ་བཅིངས་པའི་བདེ་བས་འབྲས་བུ་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་མངོན་དུ་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རྫོགས་པར་མོས་ཤིག །མེ་ལོང་སྙིང་གར་གཏད་ཅིང་སིནྡྷུ་ར་བྱུགས་ལ། བདེ་བ་སྐྱེད་པའི་ཡུམ་མཆོག་མཁའ་འགྲོ་མ༔ ལྷ་རུ་རྟོགས་ཤིང་ལྷ་ཡང་སྒྱུ་མར་མཐོང༔ མེ་ལོང་ཤེས་རབ་ཆེན་པོའི་དབང་བསྐུར་རོ༔ ཀུན་རྫོབ་ཐིག་ལེ་ཨར་ལ་གཏད་ནས་ཀྱང༔ དོན་དམ་ཐིག་ལེ་བསྐྱར་ལ་འདོན་པའི་ཕྱིར༔ ཤེས་རབ་ཡུམ་གྱི་མཁའ་དབྱིངས་ལ་མཚོན་པའི༔ སིནྡྷུ་ཨེ་ཝཾ་གཉིས་ཀྱི་དབང་བསྐུར་རོ༔ ལུས་ཀྱི་བདེ་བ་སེམས་ལ་འཆར་བར་ཤོག༔ བདེ་བ་སོ་སོར་རྟོག་པའི་ཡེ་ཤེས་ལ༔ གཉིས་སུ་མེད་པར་མདུང་ཚུགས་རྟོགས་པར་ཤོག༔ ཅེས་དང་རུ་ལུ་བརྗོད། ཤེལ་གྱི་ངོ་བོ་བབས་ཀྱིས་དྲི་མ་མེད་པ་གཞི་ཀ་དག །རང་བཞིན་མདངས་རྩལ་འཇའ་འོད་ལམ་ལྷུན་གྲུབ་ཀྱི་སྣང་བ། དེ་གཉིས་ཀྱང་ཐ་དད་མེད་པར་ཟུང་དུ་འཇུག་པ་ཉམས་ལེན་གྱི་གནད་དུ་ངོ་སྤྲོད་པ་བཞི་པའི་དབང་རྫོགས་པར་མོས་ཤིག །ཤེལ་རྡོ་ལ་འཇའ་ཚོན་ཤར་བར་བྱས་ལ། གཞི་ལ་བདེ་བ་ཆེན་པོ་ཀ་ནས་དག༔ ཡེ་ནས་དྲི་མེད་ཤེལ་གྱི་དབང་བསྐུར་རོ༔ བདེ་ཆེན་མདངས་རྩལ་ལྷུན་གྱིས་གྲུབ་པའི་ཕྱིར༔ ཡེ་ནས་ལྷུན་གྲུབ་འཇའ་ཡི་དབང་བསྐུར་རོ༔ ངོ་བོ་རང་བཞིན་གཉིས་སུ་མེད་པའི་ཕྱིར༔ འཇའ་ཤེལ་གཉིས་སུ་མེད་པའི་དབང་བསྐུར་རོ༔ རིག་པ་རྩལ་གྱི་དབང་དོན་ཞིབ་ཏུ་བཀྲོལ་ནས་ངོ་སྤྲོད་པ་རྡོ་རྗེའི་ཚིག་རྐང་ལ་ལེགས་པར་གསན་འཚལ། ཨ་ཧོ་ཡེ༔ གཞི་ནི་ཀ་ནས་དག་པ་ལ༔ རང་བཞིན་གསལ་བའི་ཆ་དེ་ལ༔ འཁྲུལ་དང་མ་འཁྲུལ་ཁྱད་པར་ཡོད༔ རྟོགས་པ་རྣམས་ཀྱི་ཡེ་ཤེས་ཡིན༔ མ་རྟོགས་རྣམས་ཀྱི་རྣམ་ཤེས་ཡིན༔ ཡུལ་དང་དབང་པོས་མཚམས་སྦྱར་ཏེ༔ འཁྲུལ་པའི་འཁོར་ལོར་འཁོར་བ་ཡིན༔ ངོ་བོ་དྭངས་གསལ་རྙོག་མེད་ལ༔ རང་རིག་བྱང་ཆུབ་སེམས་སུ་འདོགས༔ ཡུལ་ལ་ཞུགས་པའི་རྣམ་ཤེས་ལ༔ འཁྲུལ་པའི་སེམས་སུ་བཏགས་པ་ཡིན༔ ཐབས་ཤེས་མཉམ་པར་སྦྱོར་བའི་ཚེ༔ རིག་པ་གནད་དུ་མ་གཅུན་པའི༔ རྣམ་རྟོག་སྣ་ཚོགས་སེམས་ཡིན་ལ༔ རིག་པ་གནད་ལ་གཅུན་པ་ཡི༔ བདེ་སྟོང་དབྱེར་མི་ཕྱེད་པ་ཡི༔ དམིགས་མེད་བརྗོད་བྲལ་མྱོང་བ་ཅན༔ གཙང་རྟག་བདེ་བ་འདི་ཁོ་ན༔ རང་རིག་བྱང་ཆུབ་སེམས་ཡིན་ནོ༔ རང་རིག་ནམ་མཁའ་དྲི་མེད་ལྟར༔ སེམས་ནི་ཁུ་རླངས་སེར་བུ་འདྲ༔ ནམ་མཁའི་ཀློང་དུ་འབྱུང་ལགས་ཀྱང༔ ནམ་མཁའ་ལས་ནི་བྱུང་བ་མེད༔ ནམ་མཁའ་ལས་ཀྱང་མ་འདས་སོ༔ གློ་བུར་སྣང་བའི་ཆོས་ཐམས་ཅད༔ རྟག་པ་མིན་ཏེ་ནམ་མཁར་ཐིམ༔ ཀུན་ཀྱང་དངོས་པོའི་ཆོས་མིན་ནོ༔ གང་ལས་མ་བྱུང་མ་སྐྱེས་སོ༔ འདི་ནི་ཀུན་བཟང་དགོངས་ཀློང་ངོ༔ རྒྱལ་བ་རྣམས་དང་དགོངས་པ་གཅིག༔ ཚུལ་བཞིན་རྟོགས་པར་བྱ་བ་འོ༔ ཞེས་གསུངས་པའི་དོན་ལ་རྟག་ཏུ་རྣལ་འབྱོར་དུ་བྱ་བས་རྟོགས་གོམས་གདིང་ཁེལ་དུ་མཛད་པར་ཞུ། དེ་རྣམས་ཀྱིས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་རྫོགས་པའི་ཆུ་བོ་གསུམ་ཐོབ། ཉོན་ཤེས་བག་ཆགས་ཀྱི་སྒྲིབ་པ་དང་། ངག་ཡིད་འཕོ་བའི་ཐིག་ལེའི་དྲི་མ་འཁྲུད། ཨ་ནུ་ཡོ་ག་ཐུན་མོང་མིན་པའི་གསང་བ་ཉན་བཤད་སྒྲུབ་པ་ལ་དབང་། མཐར་ལམ་གསུམ་པ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། མི་སློབ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་ལ་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། དམ་ཚིག་བསྒྲག་གཟུང་ཕྱིན་གྱི་དབང་གི་རྗེས་ཆོག་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ཀྱི་དཀྱིལ་འཁོར་སྔགས་ཀྱིས་གསལ་གདབ་ཅིང་བྱིན་རླབས་ནས་བརྩམ། ལྷག་ཆོག་གི་བར་དུ་གཏང་། སྤྲོ་ན་གཏོར་སྐྱོང་རྡོ་རྗེ་བཀོད་པ་ལྟར་བྱ། མཆོད་བསྟོད་ནོངས་བཤགས་ལུགས་འདིར་དམིགས་བསལ་མ་གསུངས་ཀྱང་། བོར་མ་ནུས་ན་སྤྱི་ལྟར་བྱས་པ་ལ་འགལ་བ་མེད་ཅིང་། བསྡུ་ལྡང་ཤིས་བརྗོད་ཀྱི་བར་ཡང་རྡོ་རྗེ་བཀོད་པ་དང་མཚུངས་སོ། ཁམས་གསུམ་སྒྲོལ་མཛད་དཔལ་ཆེན་གཟི་བརྗིད་ཀྱིས། །རྟོག་འཁྲུལ་འགྲོ་ཀུན་མ་རིག་གཉིད་སད་དེ། །ཡེ་ཤེས་དགུ་ཀློང་ཉི་མ་སྙིང་ལ་ཤར། །བྱ་རྩོལ་བྲལ་བའི་དབྱིངས་སུ་འུབ་ཆུབ་ཤོག །ཚུལ་འདིའང་སྨིན་གྲོལ་གཉིས་ཀ་ཁུངས་བཙུན་ཞིང་ཁྱེར་བདེ་བའི་ཟབ་ཆོས་སྔ་ན་མེད་པ་དུས་ཞབས་ཀྱི་རིག་པ་འཛིན་པ་ཡོངས་ཀྱི་སྙིང་གི་བཅུད་དུ་འོས་པར་མཐོང་ནས་མཚམས་སྦྱོར་མདོར་བསྡུས་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).