Terdzo-NGI-076

From Rinchen Terdzö
Revision as of 16:59, 28 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")

མཁའ་འགྲོ་གསང་བ་ཀུན་འདུས་ལས། སྔོན་འགྲོ་དང་བཅས་པའི་རིམ་གཉིས་རྒྱུན་གྱི་རྣལ་འབྱོར

mkha' 'gro gsang ba kun 'dus las/_sngon 'gro dang bcas pa'i rim gnyis rgyun gyi rnal 'byor

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jomo MenmoJamyang Khyentse Wangpo)
in cycle  མཁའ་འགྲོ་གསང་བ་ཀུན་འདུས་ (Mkha' 'gro gsang ba kun 'dus)
Volume 34 (ངི) / Pages 1025-1042 / Folios 1a1 to 9b6

[edit]

༄༅། །མཁའ་འགྲོ་གསང་བ་ཀུན་འདུས་ལས། སྔོན་འགྲོ་དང་བཅས་པའི་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་བཞུགས་སོ། ། ན་མོ་གུ་རུ་བཛྲ་བྷ་ར་ཧི། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཉམས་ལེན་རྒྱུན་གྱི་རྣལ་འབྱོར་ལ་གཉིས། རྒྱུད་སྦྱོང་བ། ཉམས་སུ་བླང་བའོ། །དང་པོ་ལ་གསུམ། ཐུན་མོང་བློ་སྦྱོང་། ཐུན་མིན་སྔོན་འགྲོ། ཁྱད་པར་བྱིན་རླབས་འབེབ་པའོ། །དང་པོ་ནི། དབེན་པར་བདེ་བའི་སྟན་ལ་རླུང་རོ་ལན་གསུམ་བསལ་ནས་འདི་ལྟར་བསམ་པར་བྱ་སྟེ། དལ་འབྱོར་གྱི་རྟེན་རྙེད་པར་དཀའ་ཞིང་ཡུན་དུ་མི་རྟག་པས་དམ་པའི་ཆོས་ལ་མྱུར་དུ་འཇུག་དགོས། ཆོས་ཀྱི་རྩ་བ་ལས་འབྲས་བླང་དོར་ཚུལ་བཞིན་བྱ་བ་དང་། འཁོར་བའི་གནས་མཐའ་དག་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་སོ་སྙམ་པས་ངེས་པར་འབྱུང་བའི་བློ་ཤུགས་དྲག་ཏུ་བསྐྱེད་དོ། །གཉིས་པ་ལ་བཞི། དང་པོ་ལམ་གྱི་གཞི་རྟེན་སྐྱབས་འགྲོ་ནི། ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་མདུན་གྱི་ནམ་མཁར་པདྨ་ཉི་མ་བམ་རོའི་སྟེང་དུ་རྩ་བའི་བླ་མ་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོའི་སྐུ་ཞལ་ཕྱག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་མེ་དཔུང་འབར་ཞིང་འོད་ཟེར་བསམ་གྱིས་མི་ཁྱབ་པའི་ཀློང་ན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་རང་གཞན་སེམས་ཅན་ཐམས་ཅད་ཅི་མཛད་ཁྱེད་མཁྱེན་གྱི་མོས་གུས་དྲག་ཏུ་སྐྱེད་ལ། ན་མོ༔ བདག་དང་ཁམས་གསུམ་འགྲོ་བ་ཀུན༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ རྩ་བ་གསུམ་གྱིས་བྱིན་གྱིས་རློབས༔ སྐུ་གསུམ་ངང་དུ་གནས་གྱུར་ཅིག༔ ཅེས་པ་ལན་ཅི་ནུས་བརྗོད། གཉིས་པ་ཐེག་ཆེན་རྩ་བ་སེམས་བསྐྱེད་པ་ནི། འཇིགས་རུང་འཁོར་བའི་རྒྱ་མཚོར་སྡུག་བསྔལ་རྟག་ཏུ་མྱོང་བའི་ཕ་མ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བའི་ཆེད་དུ། གསང་ཆེན་མྱུར་ལམ་ཟབ་མོ་འདི་ལ་ཞུགས་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱའོ་སྙམ་པ་དང་། བདག་གིས་སེམས་ཅན་ཐམས་ཅད་རྣམས༔ སངས་རྒྱས་ས་ལ་འགོད་པའི་ཕྱིར༔ མཁའ་འགྲོ་མ་ཡི་བསྐྱེད་བཟླས་དང༔ མཆོད་བསྟོད་སྒྲུབ་ལ་བརྩོན་པར་བགྱི༔ ཞེས་ལན་གསུམ་ལ་སོགས་པ་བརྗོད། གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་ནི། ཨཱ༔ བདག་གི་སྤྱི་བོར་པད་ཟླའི་སྟེང༔ དྲིན་ཆེན་རྩ་བའི་བླ་མ་ཉིད༔ རྣམ་པ་རྡོ་རྗེ་སེམས་དཔའི་སྐུ༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ དར་དང་རིན་ཆེན་རུས་པས་བརྒྱན༔ སྙེམས་མ་གྲི་ཐོད་འཛིན་པས་འཁྱུད༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ཟེར་ཀློང་ན་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་གསལ༔ ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ གསུང་གི་བྱིན་རླབས་འདུས་པར་བསམ༔ ཞེས་སྡིག་ལྟུང་བཤགས་པའི་རྟེན་གསལ་བཏབ་ནས༔ སྔར་བྱས་ཀྱི་ཉེས་པ་ལ་གནོང་འགྱོད་དང༔ ཕྱིན་ཆད་མི་བྱེད་སྙམ་པའི་སྡོམ་སེམས་དྲག་པོས༔ ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མགོན་མེད་བདག་ལ་དགོངས་སུ་གསོལ༔ བདག་གིས་ཚེ་རབས་ཐོག་མེད་ནས༔ ཐ་མ་ད་ལྟར་ཐུག་གི་བར༔ སྡིག་ལྟུང་ལས་རྣམས་ཅི་བསགས་ཀུན༔ གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ ཕྱིན་ཆད་མི་བགྱིད་དམ་བཅའ་ན༔ དག་ཚངས་ཆེན་པོའི་དངོས་གྲུབ་སྩོལ༔ ཅེས་གསོལ་བ་བཏབ་པས་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་སྐྱ་ནར་གྱིས་བབས༔ སྦྱོར་མཚམས་ནས་བྱུང༔ རང་གི་ཚངས་བུག་ནས་ཞུགས༔ ལུས་ཀྱི་ནང་ཐམས་ཅད་གང༔ ནད་གདོན་སྡིག་ལྟུང་ཐམས་ཅད་ལྷག་མེད་དུ་སྦྱངས་པར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ༔ མཐར་སྡིག་སྒྲིབ་དག་པའི་གནང་བ་བྱིན་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་ཉིད་ལ་ཐིམ་པར་བསམ་ལ་རིག་པ་སྤྲོ་བསྡུ་མེད་པའི་ངང་དུ་མཉམ་པར་གཞག་གོ༔ བཞི་པ་མཐུན་རྐྱེན་ཚོགས་གསག་པ་ནི། སྔར་བསྒོམས་པའི་སྐྱབས་ཡུལ་ཚོགས་ཞིང་དུ་བྱས་ཏེ། ཨོཾ་ཨཱཿཧཱུྃ༔ རི་རབ་གླིང་བཞི་མུ་ཁྱུད་བཅས༔ སྟོང་གསུམ་བྱེ་བ་ཕྲག་བརྒྱའི་ཞིང༔ འདོད་རྒུའི་འབྱོར་ཚོགས་བསམ་མི་ཁྱབ༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རང་བྱུང་ལྷུན་གྲུབ་ཡིད་བཞིན་གཏེར༔ བཀོད་པ་ཚད་མེད་ཡོན་ཏན་རྒྱན༔ བླ་མ་ལོངས་སྤྱོད་རྫོགས་ལ་འབུལ༔ དབྱིངས་ཉིད་གདོད་ནས་རྣམ་པར་དག༔ རིག་པ་མི་འགྱུར་འོད་ལྔར་ཤར༔ འཁོར་འདས་ཀུན་ཁྱབ་མཆོད་པའི་སྤྲིན༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ བླ་མ་སྐུ་གསུམ་ལྷ་ཚོགས་རྣམས༔ ཟག་མེད་བདེ་བས་རབ་མཉེས་ནས༔ བདག་དང་སེམས་ཅན་ཐམས་ཅད་ཀུན༔ ཚོགས་གཉིས་རྫོགས་པའི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་ཕྱི་སྣོད་བཅུད་ཀྱི་འབྱོར་པ༔ ནང་རང་ལུས་ཕུང་ཁམས༔ གསང་བ་དབྱིངས་རིག་དབྱེར་མེད་མཎྜལ་གྱི་ཚུལ་དུ་ཕུལ་བས་བླ་མ་སྐྱབས་གནས་ཀུན་འདུས་ཀྱིས་དགྱེས་པ་ཆེན་པོས་བདག་གིར་མཛད༔ རང་གཞན་སེམས་ཅན་ཐམས་ཅད་སྐུ་གསུམ་ཞིང་ཁམས་རྒྱ་མཚོ་ལ་ལོངས་སྤྱོད་པའི་ཚོགས་གཉིས་ཀྱི་ས་བོན་ཐེབས་པར་བསམ༔ མཐར་ཚོགས་ཞིང་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པར་མོས་ལ༔ དོན་དམ་ཡེ་ཤེས་ཀྱི་ངང་དུ་མཉམ་པར་གཞག་གོ༔ གསུམ་པ་བྱིན་རླབས་ཀྱི་ཡེ་ཤེས་འབེབ་པ་ལ། རྟེན་བསྐྱེད་པ་ནི། ཧཱུྃ༔ རང་ལུས་དེར་འཛིན་མེད་པའི་ངང༔ སྣང་སྲིད་རྣམ་དག་འོག་མིན་ཞིང༔ བཀོད་པ་ཚད་མེད་ཡོན་ཏན་རྫོགས༔ མདུན་གྱི་ནམ་མཁར་འཇའ་ཟེར་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ ཧེ་རུ་ཀ་དཔལ་པདྨ་འབྱུང༔ དམར་སྨུག་རྣལ་འབྱོར་སྤྱོད་པའི་ཚུལ༔ སྣང་སྲིད་ཟིལ་གནོན་གཟི་བརྗིད་འབར༔ ཕྱག་གཉིས་རྡོ་རྗེ་ཐོད་ཞལ་བསྣམས༔ གྲུ་མོ་གཡོན་ན་ཁ་ཊྭཱཾ་བསྒྲེངས༔ དར་གྱི་ན་བཟའ་རིན་ཆེན་རྒྱན༔ རུས་རྒྱན་སྟག་ཤམ་དྲིལ་གཡེར་འཁྲོལ༔ ཐོད་སྐམ་དབུ་རྒྱན་རལ་པའི་རྩེར༔ རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན༔ སྤྱན་གསུམ་ཉི་ཟླ་ལྟ་བུར་འཁྱིལ༔ ཞལ་རས་ཁྲོ་འཛུམ་གཟི་བརྗིད་འབར༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྐྱབས་ཀུན་འདུས་པའི་ངོ་བོར་གྱུར༔ ཅེས་གསལ་བཏབ་ལ༔ རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཁ་ཙམ་མིན་པའི་མོས་གུས་གདུང་ཤུགས་དྲགས་པོས་ཡན་ལག་བདུན་པ་འབུལ་ཞིང་གསོལ་བ་འདེབས་པར་བསམ་ལ་ངག་ཏུ༔ ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་ཀུན་འདུས་ཨོ་རྒྱན་བླ་མ་ལ༔ སྒོ་གསུམ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་ལྟོས་མེད་མཆོད་སྤྲིན་འབུལ༔ སྡིག་ལྟུང་དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས༔ ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང༔ སྙིང་པོ་དོན་གྱི་ཆོས་འཁོར་བསྐོར་བར་བསྐུལ༔ རྟག་པར་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་འདི་དང་དགེ་བའི་རྩ་བ་ཀུན༔ འགྲོ་རྣམས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཨེ་མ་ཧོ༔ ངོ་བོ་བློ་འདས་འོད་གསལ་ཆོས་ཀྱི་སྐུ༔ རང་བཞིན་ཟུང་འཇུག་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཐུགས་རྗེ་འགྲོ་འདུལ་སྤྲུལ་སྐུ་པདྨ་འབྱུང༔ སྐུ་གསུམ་དབྱེར་མེད་དྲིན་ཆེན་བླ་མ་ལ༔ མོས་གུས་གདུང་ཤུགས་དྲགས་པོས་གསོལ་བ་འདེབས༔ མགོན་མེད་བདག་ལ་རེ་ལྟོས་ཁྱེད་ལས་མེད༔ ཐུགས་རྗེས་གཟིགས་ཤིག་འགལ་རྐྱེན་བར་ཆད་སོལ༔ བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་མོས་གུས་ཀྱི་གདུང་བ་དྲགས་པོས་ཐུགས་རྒྱུད་བསྐུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་རྩེ་གཅིག་ཏུ་བསྙེན༔ མཐར་དབང་བླང་བ་ནི༔ མཁའ་ཁྱབ་སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང༔ ཡེ་ཤེས་མཆོག་གི་ཐུགས་རྗེའི་ཤུགས་ཕྱུངས་ལ༔ འོད་ཟེར་ཆེན་པོའི་ཆོ་འཕྲུལ་རྨད་བྱུང་བས༔ དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་བྱུང་བ་རང་གི་གནས་གསུམ་དུ་རིམ་དང་གཅིག་ཅར་དུ་ཞུགས་ཤིང་ཐིམ༔ དབང་བཞིའི་ནུས་པ་རྒྱུད་ལ་སྨིན༔ མཐར་བླ་མ་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ༔ རང་ལ་ཐིམ་པས་རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཁྲོས་མ་ནག་མོའི་སྐུར་གྱུར་པར་བསམ་ལ་ཐུགས་ཡིད་བསྲེས་ཏེ་བླ་མ་ཆོས་སྐུའི་རང་ཞལ་བལྟ་བའི་ངང་དུ་མཉམ་པར་གཞག་གོ༔ གཉིས་པ་དངོས་གཞི་ཉམས་སུ་བླང་བ་ལ་བཞི། བུམ་པ། གསང་བ། ཤེར་ཡེ། དབང་བཞི་པ་ལམ་དུ་བྱེད་པའོ། །དང་པོ་སྐུ་རྡོ་རྗེ་ཁྱད་པར་གྱི་བསྐྱེད་རིམ་བཟླས་པ་དང་བཅས་པ་ནི། གོང་གི་སྔོན་འགྲོ་རྣམས་ཚང་བར་བཏང་བའི་འཕྲོས་སམ། སྐྱབས་སེམས་ཙམ་སྔོན་དུ་འགྲོ་བས། ཨ༔ གདོད་ནས་རྣམ་དག་རང་རིག་པ༔ སྟོང་ཆེན་དེ་བཞིན་ཉིད་དབྱིངས་ལས༔ རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་ཚུལ༔ གསལ་བའི་ཡེ་ཤེས་ཀུན་ཏུ་སྣང༔ དབྱེར་མེད་ཟུང་འཇུག་གཉུག་མའི་རྩལ༔ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ མེ་ཕུང་རྡོ་རྗེའི་སྲུང་འཁོར་དང༔ དུར་ཁྲོད་གཞལ་མེད་ཁང་ཆེན་དབུས༔ རང་ལུས་ལྷུན་གྲུབ་ཕོ་བྲང་ཆེ༔ རང་སེམས་དག་པ་བྷ་ར་ཧི༔ དུས་ཀྱི་མུན་པ་ལྟ་བུར་གནག༔ སྤྱན་གསུམ་མཆེ་གཙིགས་བཞད་འཛུམ་སོགས༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་འབར༔ རྣ་ལྟག་རྡོ་རྗེའི་ཕག་ཞལ་ངུར༔ རལ་པ་དམར་ནག་སྤྲིན་ལྟར་གཏིབས༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་འཆང༔ ཕྱག་རྒྱ་ལྔ་དང་མགོ་བོས་བརྒྱན༔ བརྐྱང་བསྐུམ་གར་སྟབས་རོལ་པ་ཡིས༔ པདྨ་ཉི་མ་བམ་རོའི་སྟེང༔ ཡེ་ཤེས་མེ་ཕུང་ཀློང་ན་བཞུགས༔ ཕྱི་གསལ་ནང་གསལ་འོད་ཀྱི་སྐུ༔ འཇའ་ཚོན་ལྟ་བུའི་ལུས་དབུས་སུ༔ རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི༔ སྤྱི་བོར་རྩེ་མོ་རྣམ་པར་བཀོད༔ རྩ་འདབ་སོ་གཉིས་ལྟེ་བ་རུ༔ སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར༔ ཕྱག་གཡས་འཁོར་ལོའི་གྲི་གུག་འཕྱར༔ མགྲིན་པར་རོ་རྣམས་འདུས་པ་ཡི༔ འཁོར་ལོ་རྩ་འདབ་བཅུ་དྲུག་པའི༔ ལྟེ་བར་པདྨ་མཁའ་འགྲོ་དམར༔ ཕྱག་གཡས་པདྨའི་གྲི་གུག་འཕྱར༔ སྙིང་གར་དྲན་པ་རྣམ་བཀོད་ཀྱི༔ འཁོར་ལོ་རྩ་འདབ་བརྒྱད་པ་ཡི༔ ལྟེ་བར་རྡོ་རྗེ་མཁའ་འགྲོ་མཐིང༔ ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར༔ ལྟེ་བར་སྲིད་པ་སྐྱེད་བྱེད་ཀྱི༔ འཁོར་ལོ་རྩ་འདབ་རེ་བཞི་པའི༔ ལྟེ་བར་རིན་ཆེན་མཁའ་འགྲོ་སེར༔ ཕྱག་གཡས་རིན་ཆེན་གྲི་གུག་འཕྱར༔ གསང་གནས་བདེ་བ་མྱོང་བྱེད་ཀྱི༔ འཁོར་ལོ་རྩ་འདབ་སོ་གཉིས་དབུས༔ ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང༔ ཕྱག་གཡས་རལ་གྲིའི་གྲི་གུག་འཕྱར༔ ཀུན་ཀྱང་གཡོན་པས་ཐོད་ཁྲག་དང༔ གྲུ་མོ་གཡོན་ན་ཁ་ཊྭཱཾ་འཁྱུད༔ རྒྱན་དང་ཆ་ལུགས་གཙོ་མོ་ལྟར༔ འོད་ཟེར་གཟི་བརྗིད་འབར་བ་ཡི༔ རྩ་འདབ་རྣམས་སུ་རང་འདྲའི་འཁོར༔ མ་འགགས་བདེ་ཆེན་རོལ་པར་ཤར༔ སྨིན་མཚམས་པུལླི་ར་མ་སོགས༔ ཡུལ་ཆེན་ཉེར་བཞིའི་རྩ་མདུད་རྣམས༔ ཞིང་ལས་སྐྱེས་པའི་དཔའ་བོ་དང༔ དཔའ་མོ་ཉེར་བཞིས་སྙོམས་འཇུག་སྦྱོར༔ ཡན་ལག་བཞི་དང་ཚིགས་ཆེན་བཞི༔ ཕྲ་མེན་ལས་ཀྱི་དྷཱ་ཀི་དང༔ དམ་ཚིག་འབྱུང་བའི་མཁའ་འགྲོ་རྣམས༔ བདེ་བའི་གར་སྟབས་ཅིར་ཡང་སྒྱུར༔ ཀུན་ཀྱང་ཉི་དང་འོད་ཟེར་བཞིན༔ རིགས་ཀྱི་ཚོམ་བུ་འབུམ་སྡེ་སྤྲོ༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ རྩ་གསུམ་ལྷ་ཚོགས་ངོ་བོར་བཞུགས༔ རྡོ་རྗེ་གསུམ་དུ་གདོད་ནས་དག༔ ཡེ་ཤེས་ལྔ་ལྡན་རང་དབང་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཨཱཏྨ་ཀོ྅་ཧཾ༔ ལྷུན་གྲུབ་དམ་ཚིག་དཀྱིལ་འཁོར་ཆེ༔ ཡེ་ཤེས་འཁོར་ལོ་དབྱེར་མེད་གཤེགས༔ འདུ་འབྲལ་མེད་པའི་ངང་དུ་བཞུགས༔ གཉིས་མེད་བརྡ་ཡིས་ཕྱག་བགྱི་འོ༔ ཨོཾ་ཛྙཱ་ན་བྷ་ར་ཧི་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཡུལ་ཀུན་སྟོང་གཟུགས་མཆོད་པའི་སྤྲིན༔ དབང་པོ་སྒྱུ་མའི་བདེ་བས་རོལ༔ བདེ་སྟོང་དབྱེར་མེད་ཐིག་ལེའི་སྐུ༔ རྡོ་རྗེ་བཙུན་མོར་ཕྱག་འཚལ་བསྟོད༔ ཅེས་ལས་ཀྱི་རིམ་པ་མདོར་བསྡུས་པས་གསལ་བཏབ་ནས༔ གཙོ་མོ་དང་ལུས་དཀྱིལ་གྱི་ལྷ་ངོ་བོ་སྟོང་པ༔ རང་བཞིན་བདེ་བ༔ རྣམ་པ་གསལ་བ༔ བདེ་སྟོང་གི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་རྩེ་གཅིག་ཏུ་སེམས་གཟུང༔ ཆེ་བའི་ང་རྒྱལ་སྐྱེད༔ ཡེ་ཤེས་ཀྱི་དག་པ་དྲན་པས་ཅིར་སྣང་ལྷ་སྐུ་བདེ་བ་ཆེན་པོའི་རོལ་མོར་འཆར་བ་ལ་བསླབ་པར་བྱའོ༔ ཞར་བྱུང་བཟླས་པ་བྱ་བར་འདོད་ན༔ གནས་ལྔའི་ཕག་མོའི་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ཐུགས་སྲོག་་་་བཾ་ནི་ཧ་རི་ས།མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ ཐ་མལ་སྣང་ཞེན་ཀུན་སྦྱངས་ཏེ༔ བདེ་ཆེན་ཡེ་ཤེས་བརྟན་པར་གྱུར༔ ཅེས་གསལ་བཏབ་ལ༔ ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་བཟླས་བརྗོད་ཆུ་བོའི་རྒྱུན་ལྟར་བྱའོ༔ འདིར་ཡེ་ཤེས་ལ་བརྟན་པ་ཐོབ་ཀྱི་བར་དུ་བཟླས་བསྒོམ་བྱ་བ་ཡིན་པས་བསྙེན་ཚད་མེད་ཀྱང་གྲངས་བསྙེན་ཙམ་བྱེད་ན་འབུམ་ཕྲག་བཞིའམ་བདུན་ལ་སོགས་པའོ། །ཐུན་མཐར་ལྷ་དང་སེམས་ཉིད་དབྱེར་མེད་ཀྱི་ངང་དུ་ཡུན་རིང་བསྐྱང་། མཆོད་བསྟོད་བྱ། ཡིག་བརྒྱ་བཟླས་ལ། རྟག་ཆད་ཀྱི་མཐའ་བསལ་བའི་ཕྱིར་འོད་གསལ་མཁའ་ཁྱབ་ཀྱི་དགོངས་པར་ལ་བཟླ་ཞིང་། ཟུང་འཇུག་སྒྱུ་མའི་ཕྱག་རྒྱར་ལྡང་བ་ནི། ཧཱུྃ་ཧཱུྃ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ མཁའ་ལ་སྤྲིན་ལྟར་དབྱིངས་སུ་ཐིམ༔ གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང༔ དོན་གྱི་ཕག་མོའི་རང་ཞལ་བལྟ༔ ཨ་ཨ་ཨ༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་གཟུགས་སྒྲ་དྲན་རྟོག་ཀུན༔ རྡོ་རྗེ་ཁྲོས་མའི་སྐུ་གསུང་ཐུགས༔ ཡེ་ཤེས་སྒྱུ་མར་མཉམ་སྦྱར་བས༔ མཐའ་ཡས་འགྲོ་བའི་དོན་ལ་འཇུག༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྨོན་ལམ་ནི། བརྟན་གཡོའི་དངོས་ཀུན་བདེ་ཆེན་ལྷ་སྐུར་དག༔ ལྡང་འཇུག་རླུང་རྣམས་སྐྱེ་མེད་སྔགས་སུ་རྫོགས༔ དྲན་རྟོག་འོད་གསལ་ཐིག་ལེ་ཆེན་པོར་སྨིན༔ རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་ཐོབ་ཤོག༔ ཤིས་བརྗོད་ནི། ཨོཾ༔ མཆོག་གསུམ་དབྱེར་མེད་རྩ་གསུམ་རྒྱ་མཚོའི་བདག༔ བདེ་ཆེན་དཔལ་སྟེར་རྡོ་རྗེ་རྣལ་འབྱོར་མས༔ འགྲོ་ཀུན་ཁ་སྦྱོར་བདེ་བས་རྗེས་བཟུང་ནས༔ དངོས་གྲུབ་དགའ་སྟོན་འཕེལ་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད། འདིའི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གཞུང་བཞིན་གྲུབ་ན་རབ། མ་གྲུབ་ན་འདི་ཙམ་ཉམས་ལེན་བགྱིས་པས་ཀྱང་བར་དོར་རྣལ་འབྱོར་མས་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་འགྱུར་རོ།། ༈ །།གཉིས་པ་གསུང་རྡོ་རྗེ་རྫོགས་རིམ་སྔོན་འགྲོ་ཐབས་ཀྱི་ཉམས་ལེན་ལ་དྲུག །དང་པོ་གཏུམ་མོས་གཞི་བཅའ་བ་ནི། ལུས་གནད་བསྲང་རླུང་རོ་བསལ། རང་ཉིད་ཕྱི་དབྱིབས་ཀྱི་ཕག་མོ་རྩ་གསུམ་འཁོར་ལོ་ལྔ་ལྷ་དང་བཅས་པ་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་ལྟར་གསལ་གདབ། སེམས་ཟིན་པ་ན་སྦྱོར་བ་བཞི་ལྡན་གྱི་བུམ་ཅན་གཟུང་། རླུང་གི་རེག་བྱས་ལྟེ་བའི་མཁའ་འགྲོ་རྣམས་བསྐུལ་བའི་འོད་ཟེར་གྱིས་ལྟེ་འོག་འདུས་མདོར་ཨ་ཐུང་ལ་རེག་པས་དམར་ཁྱུག་གིས་འབར། བདེ་གསལ་དྲོད་ཀྱི་རང་བཞིན་ཅན་གྱིས་ལྟེ་བའི་ལྷ་ཚོགས་རྣམས་ལ་རེག་པས་འབར་འཛག་གི་ཡེ་ཤེས་སྐྱེས། ཁམས་སྙིགས་མ་བསྐམས། དྭངས་མ་ཆེར་འཕེལ། རིམ་པ་དེ་ཉིད་ཀྱིས་སྙིང་མགྲིན་སྤྱི་བོ། མེ་ལྕེ་མར་འཕྲོས་པས་གསང་གནས་རྣམས་སུ་ཞུགས། དེ་ལས་ཆེར་འབར་བས་རྩ་ཁམས་ཐམས་ཅད་དང་། བ་སྤུའི་བུ་ག་ཚུན་ཁྱབ། དྲོད་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པར་བསམ། དེ་ནས་མེ་ལྕེ་སྤྱི་བོའི་རྩ་འཁོར་སྟེང་གི་ཧཾ་ཐུར་བསྟན་ལ་རེག་པས་བདེ་བའི་རྒྱུན་བབས། རིམ་པར་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཞུགས། སྐུའི་ནང་གང་། བདེ་ཆེན་གྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས། དབང་བཞི་རིག་པ་རྩལ་དབང་བཅས་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དམ་ཚིག་ཉམས་ཆག་བྱང་ཞིང་བྱིན་རླབས་ཞུགས་པར་བསམ། སོ་སོར་བུམ་པ་ཅན་གྱིས་བརྟན་པར་བྱ། མཐར་བྱང་ཆུབ་སེམས་ཀྱིས་ལུས་དཀྱིལ་ཐམས་ཅད་ལ་ཁྱབ་པས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་བསམ་ལ། བདེ་རླུང་སེམས་དང་ལྷ་སྐུ་དབྱེར་མེད་པའི་ངང་དུས་གསུམ་གྱི་སྤྲོས་པ་བཅད་ལ་སེམས་བཟུང་བས་རླུང་དང་བདེ་དྲོད་མི་རྟོག་པའི་ཉམས་ལེན་ཚང་ངོ་། །གཉིས་པ་སྒྱུ་ལུས་ཀྱི་རྩལ་སྦྱོང་བ་ནི། བུམ་པ་ཅན་གྱི་རླུང་སྦྱོར་བཅས་སྤྱི་བོའི་ལྷ་ཚོགས་ལ་སེམས་གཏད་པས། དེ་རྣམས་ལས་འོད་ཟེར་འཇའ་ཚོན་ལྟ་བུ་མེའི་རང་བཞིན་ཅན་བྱུང་། ཞུ་བདེ་དང་དབྱེར་མེད་པའི་ལུས་དཀྱིལ་གྱི་ལྷ་རྣམས་ལ་རེག་པ་ཙམ་གྱིས་སྒྱུ་མ་འཇའ་ཚོན་ལྟ་བུར་གྱུར། སླར་ཡང་འོད་ཟེར་དེས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས། བདེ་ཆེན་སྒྱུ་མ་མཁའ་འགྲོའི་དཀྱིལ་འཁོར་དུ་ལམ་ལམ་ཤར་བ་ལ་སེམས་གཏད། རླུང་ཡིད་སེམས་གསུམ་གཅིག་ཏུ་དྲིལ། མཐར་དེ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ཡལ་བ་ལྟར་སྣོད་བཅུད་གཞི་ལུས་དང་བཅས་པ་འོད་གསལ་དུ་བསྡུ། ཡང་སྒྱུ་མའི་སྐུར་ལྡང་། དགྲ་གཉེན་བར་མའི་སྣང་བ་ཆགས་སྡང་རྨོངས་པའི་རྟོག་པ་གང་ཤར་ཡང་སྒྱུ་མ་ལྟ་བུའི་ལྷ་སྐུ །རྨི་ལམ་གྱི་རང་གཟུགས། སྣང་སྟོང་དབྱེར་མེད་ཀྱི་ངང་དུ་རྩལ་སྦྱང་ཞིང་ལམ་དུ་བསླང་ངོ་། །གསུམ་པ་འོད་གསལ་མངོན་དུ་བྱ་བ་ནི། རླུང་སྦྱོར་དང་བཅས་སྙིང་གའི་ལྷ་ཚོགས་རྣམས་ལ་སེམས་གཏད་པས་འཁོར་རྣམས་བདེ་ཆེན་གྱི་ངོ་བོར་ཞུ། གཙོ་མོ་ལ་ཐིམ་གཙོ་མོའི་ཐུགས་ཀར་ཨ་ཡིག་མཐིང་ག་ཤིན་ཏུ་ཕྲ་བ་ལ་སེམས་གཏད། རླུང་ཡིག་སེམས་གསུམ་བརྒྱལ་ཐབས་སུ་བཞག་པ་ལ་བརྟེན་ནས་རྟོག་པ་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བའང་འགགས་ནས་རིག་པ་མ་བཅོས་པའི་ངོ་བོར་རྗེན་ལྷང་གིས་ཤར་བའི་ངང་དུ་བཞག །དེ་ལྟར་ཡང་ཡང་གོམས་པས་གཉིད་དུ་འགྲོ་ཁར་ལུས་གནད་ཙོག་པུར་བྱས་ལ་དམིགས་པ་དྲག་ཏུ་གཅུན་པས་ཉམས་དང་རྟོགས་པའི་ཡེ་ཤེས་འཆར་བར་འགྱུར་རོ། །བཞི་པ་རྨི་ལམ་གྱི་ཚད་གཟུང་བ་ནི། སྣང་བ་ཐམས་ཅད་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་ཏུ་བྱ། ཉམས་སྐྱེས་པ་ན་སྒྱུ་ལུས་ཀྱི་རྩལ་སྦྱང་། ཁྱད་པར་གཉིད་དུ་འགྲོ་ཁར་ལུས་ཙོག་པུར་བྱས་ལ། རླུང་སྦྱོར་དང་བཅས་པས་མགྲིན་པའི་ལྷ་ཚོགས་ལ་སེམས་གཏད་པས། འཁོར་རྣམས་བདེ་གསལ་གྱི་ངོ་བོར་འོད་དུ་ཞུ། གཙོ་མོ་ལ་ཐིམ། གཙོ་མོའི་མགྲིན་པར་ཐིག་ལེ་དམར་པོ་ཤིན་ཏུ་ཕྲ་བ་བདེ་གསལ་གྱི་རང་བཞིན་ཅན་ལ་སེམས་གཏད། འདི་རྨི་ལམ་རྨི་བ་ཡིན་འདུག་སྙམ་དུ་བསམ། མཐར་ཐིག་ལེ་ཁོ་ན་ལ་སེམས་གཟུང་ཞིང་། འཇམ་རླུང་བཅས་གཉིད་ལོག་པས་དང་པོ་རྨི་ལམ་ནམ་འདོད་དུ་ངོ་ཤེས་པ་འབྱུང་། དེ་ནས་སྒྱུ་ལུས་དང་བསྲེས་ཏེ་ལྷ་སྐུར་ལྡང་། འོད་གསལ་དང་བསྲེས་ཏེ་མི་རྟོག་པའི་ངང་དུ་བཞག །སྤྲུལ་སྒྱུར་དང་བསྲེས་ཏེ་ཞིང་ཁམས་བལྟ་བ་སོགས་བསླབ་པར་བྱའོ། །ལྔ་པ་འཕོ་བའི་ཉམས་ལེན་ནི། དབུ་མའི་ནང་ལྟེ་འོག་སོར་བཞིའི་ཐད་སྨྱུག་མའི་ཚིགས་པ་ལྟར་ཟླ་དཀྱིལ་གྱིས་ཁྲིགས་སེ་བཀག་པའི་སྟེང་དུ་རིག་པའི་ངོ་བོ་ཐིག་ལེ་དཀར་པོ། རླུང་གི་རང་བཞིན་སྔོ་མདངས་ཆགས་པ་འཕར་ལིང་ལིང་བྱེད་པ་ལ་སེམས་གཏད། ཟིན་པ་ན་རླུང་སྦྱོར་གྱིས་བསྐུལ་བས་གསང་གནས་ཀྱི་ལྷ་ཚོགས་རླུང་འོད་ཟེར་དང་བཅས་པ་ཤུགས་དྲག་ཏུ་ལངས། ཟླ་དཀྱིལ་གྱི་འོག་ལ་རེག་པས་རྐྱེན་བྱས། ཐིག་ལེ་སྤར་ཏེ་འཕར། འཁོར་ལོ་བཞིའི་གཙོ་མོ་རྣམས་ལ་གཡོན་དུ་བསྐོར་ཏེ་སྤྱི་བོའི་སངས་རྒྱས་མཁའ་འགྲོའི་ཐུགས་ཀར་ཐིམ་པར་བསམ། འོག་རླུང་བསྐྱོད། སྟེང་རླུང་ཕྱིར་གཏང་། མིག་གྱེན་དུ་ལྡོག །ཕཊ་ཅེས་བརྗོད། རླུང་སེམས་བསྲེས་ཏེ་མཉམ་པར་གཞག །ཡང་ཨ་ཞེས་བརྗོད་པས་ཐིག་ལེ་མར་བྱུང་ལྟེ་བར་ལྕི་ཐིང་ངེ་གནས་པར་མོས། དེ་ལྟར་ཡང་ཡང་དུ་རྩལ་སྦྱང་། རྟགས་མ་བྱུང་གི་བར་འབད། ལས་ལ་སྦྱར་བའི་ཚེ་ཐིག་ལེ་སྤར་བ་དང་ལྷན་ཅིག་ཏུ་གཞི་ལུས་ལྷ་དང་བཅས་པ་སངས་རྒྱས་མཁའ་འགྲོ་མ་ལ་ཐིམ། དེ་ཚངས་བུག་རྒྱ་མཐོངས་ཁ་བྱེ་བ་ལྟར་ཡོད་པ་ནས་བྱ་འཕུར་བ་བཞིན་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས་པར་བསམ་ལ་རིག་པ་སྤྲོ་བསྡུ་མེད་པའི་ངང་དུ་མཉམ་པར་ གཞག་གོ །དྲུག་པ་བར་དོའི་ཉམས་ལེན་ནི། སྣང་བ་འདི་ཐམས་ཅད་བར་དོའི་གནས་སྐབས་ཡིན་སྙམ་དུ་བསམ། དེ་ལ་ཉམས་སྐྱེས་པ་ན། རང་ཉིད་བར་དོའི་རླུང་སེམས་ཙམ་དང་དབྱེར་མི་ཕྱེད་པའི་རྡོ་རྗེ་ཕག་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ལ་སེམས་གཏད་པས། བདེ་སྟོང་གི་རང་བཞིན་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ། ཆགས་སྡང་རྨོངས་པའི་རྟོག་པ་སྦྱངས། སེམས་ཀྱི་ངོ་བོ། རླུང་གི་རང་བཞིན། བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བའི་མཁའ་འགྲོ་མའི་སྐུ་སྣང་སྟོང་། གསུང་གྲགས་སྟོང་། ཐུགས་རིག་སྟོང་གི་རང་བཞིན་དུ་ལམ་གྱིས་ཤར་བར་བསམ་ལ་སེམས་གཟུང་། རྟོག་པ་ཐམས་ཅད་རྡོ་རྗེ་གསུམ་དང་བསྲེ་ཞིང་འཕོ་བས་རྩལ་སྦྱང་། དེ་ལྟ་བུ་བསྒོམ་མི་དགོས་པར་ཤུགས་ཀྱིས་འཆར་ན་བར་དོ་འབྱོངས་པ་ཡིན་ནོ།། །།གསུམ་པ་ཐུགས་རྡོ་རྗེ་རྫོགས་རིམ་དངོས་གཞི་བདེ་བ་ཆེན་པོའི་ཉམས་ལེན་ལ་བཞི། དང་པོ་ཆོས་ཀྱི་ཕྱག་རྒྱ་ནི། རང་ཉིད་དཔལ་ཧེ་རུ་ཀ་དམར་པོ་རྡོར་དྲིལ་བསྣམས་པ། ཁྲོ་ཆགས་སྒེག་པའི་ཉམས་ཅན་དར་དང་རིན་ཆེན་རུས་རྒྱན་གྱིས་སྤྲས་ཤིང་པད་ཉིའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པའི་སྐུའི་ནང་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ། སྤྱི་བོའི་རྩ་འཁོར་གྱི་སྟེང་དུ་ཧཾ་མགོ་ཐུར་བསྟན་བྱང་ཆུབ་སེམས་ཀྱི་རང་བཞིན་ཅན་དབུས་སུ་ཧཾ་མགོ་གྱེན་བསྟན་དཀར་པོ། མགྲིན་པར་ཨོཾ་དམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཨཱཿདམར་སེར། གསང་གནས་སུ་ཧོཿལྗང་གུ །ནོར་བུའི་རྩ་བར་ཨཱཿ སྐེད་པར་ཧཱུྃ། རྩེ་མོར་ཨོཾ་ཡིག་འོད་འབར་བ། རྩ་འདབ་དང་ཡུལ་ཉེར་བཞིའི་རྩ། རྐང་ལག་བཞི་དང་ཚིགས་ཆེན་བཞི་རྣམས་ལ་ལྷའི་ངོ་བོ་བདེ་བའི་རང་བཞིན་བཾ་ཡིག་དཀར་དམར་འབར་བ་རེས་མཚན་པ་ལས་རྩ་ཁམས་ཐམས་ཅད་བདེ་བའི་རང་བཞིན་དུ་ཕྲིལ་གྱིས་སོང་བར་བསམ་ལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཛྙཱ་ན་ཨཱ་བེ་ཤ་ཡ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བཟླ། བདེ་ཉམས་སྦར། སྟོང་ཉིད་ལ་བློ་བཞག །གཉིས་པ་དམ་རྒྱ་ནི། རང་གི་མདུན་དུ་སྔར་འདྲིས་ལྟ་བུའི་བུ་མོ་གཞོན་ནུ་ཡིད་དུ་འོང་བ་ཞིག་བསམ་ལ་ཆགས་པའི་བརྡ་བཞིས་བསྐུལ་ཏེ་པང་དུ་བྱུང་བ་དང་། སྐད་ཅིག་གིས་རྡོ་རྗེ་ཕག་མོ་དམར་མོ་ཆགས་པའི་ཉམས་དང་རྒྱན་གྱིས་བརྒྱན་པ་ལུས་ནང་རྩ་འཁོར་ཡི་གེ་དང་བཅས་པ། པདྨོའི་ཟེའུ་འབྲུར་ཨ་ཡིག་གིས་མཚན་པར་གསལ་བཏབ། ཐབས་འདི་ཁོ་ནས་སེམས་ཅན་རྣམས་ཀྱི་དོན་དུ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མངོན་དུ་བྱ་བར་སེམས་བསྐྱེད་ལ་རྒྱ་བཞིས་སྙོམས་པར་ཞུགས་པས་སྤྱི་བོའི་ཧཾ་ལས་བདེ་བ་ཆེར་གཡོས་ཏེ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས། རྩ་ཁམས་གཞན་གྱི་དྭངས་མ་རྣམས་ཀྱང་ལྷན་ཅིག་ཏུ་འདུས། སྤྱི་བོའི་རྩ་འཁོར་ཁྱབ་པས་དགའ་བ། མགྲིན་པར་མཆོག་དགའ། སྙིང་གར་ཁྱད་པར་གྱི་དགའ་བ། ལྟེ་གསང་གི་རྩ་འཁོར་བརྒྱུད་ནས་ནོར་བུའི་རྩེ་མོའི་བར་སོན་པས་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱངས། སླར་ཧཱུྃ་དང་རླུང་རྩོལ་འཕྲུལ་འཁོར་གྱི་སྦྱོར་བས་གྱེན་དུ་དྲངས་པས་མས་བརྟན་གྱི་དགའ་བཞི་རིམ་པར་སྐྱེས། སྤྱི་བོའི་ཧཾ་ཡིག་གི་བར་དུ་སོན་པས་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱང་། ཁྱབ་ཅིང་བརྟན་པར་བསམ་ལ་འཁོར་ལོ་སོ་སོར་བུམ་པ་ཅན་གཅུན། མཐར་འཕྲུལ་འཁོར་གྱིས་དགྲམ་ཞིང་མི་ལྡོག་པའི་ངང་དུ་བཞག །གསུམ་པ་ལས་རྒྱ་ནི། རང་ལུས་ལ་བརྟན་པ་ཐོབ་ནས་ལྷ་དང་བླ་མས་ལུང་བསྟན་ཐོབ་པའི་ཞིང་སྐྱེས་དང་སྔགས་སྐྱེས་ཀྱི་རིག་མ་ལ་བརྟེན་ནས་དཔེའི་ཡེ་ཤེས་མངོན་དུ་བྱས་ཏེ་བཞི་པ་ཕྱག་རྒྱ་ ཆེན་པོ་དོན་གྱི་ཡེ་ཤེས་ལ་བསླབ་པར་བྱའོ། །བཞི་པ་ཡེ་ཤེས་རྡོ་རྗེ་མཐར་ཐུག་གི་རྫོགས་རིམ་ལ་གསུམ། ལྟ་བས་ཆོས་སྐུར་ཐག་བཅད། སྒོམ་པས་ལོངས་སྐུར་ཉམས་སུ་བླང་། སྤྱོད་པས་སྤྲུལ་སྐུར་རྩལ་སྦྱང་བའོ། །དང་པོ་ནི། ཕྱི་རོལ་གྱི་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མའི་རང་གཟུགས་སེམས་ཀྱི་སྣང་བ་ཙམ་དུ་ཐག་བཅད། ནང་གི་སེམས་ཀྱི་འགྱུ་བ་བདག་འཛིན་གྱི་རྟོག་པ་ནམ་ཤར་ཡང་རྩད་གཅད། མཚང་བཙལ། ཅིའང་མ་རྙེད་ན་དེ་ཉིད་དུ་ཐག་བཅད། གཟུང་འཛིན་གཉིས་མེད་སེམས་ཀྱི་ངོ་བོ་རིག་པའི་གནས་ལུགས་སྤྲོས་བྲལ་སྨྲ་བསམ་བརྗོད་མེད། ཐ་མལ་གྱི་ཤེས་པ་མ་བཅོས་པའི་རིག་པ་སྐད་ཅིག་མ་འདི་ཉིད་ཀ་དག་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཐག་བཅད། ངེས་ཤེས་བསྐྱེད། ཉམས་ཀྱི་ཤུན་པ་དང་ཕྲལ་ལ་བཞག་གོ །གཉིས་པ་སྒོམ་པས་ལོངས་སྐུར་ཉམས་སུ་བླང་བ་ནི། གནས་ལུགས་རིག་པ་དྲི་མེད་ཀྱི་གསལ་བའི་མདངས་མ་འགགས་པར་ཤར་བ་ལ་ལམ་དུ་བྱ་སྟེ། རྣམ་རྟོག་གང་ཤར་ཡང་། འདས་པ་ལ་བློ་མི་འཕྲེང་། མ་འོངས་པ་ལ་བློས་མི་བསུ། ད་ལྟའི་ཤེས་པ་ལ་བློ་མ་བཅོས་པར་འགྱུ་བ་རང་ཐོག་ཏུ་བཞག །ཉམས་མྱོང་ཡིད་དཔྱོད་དང་ཕྲལ། ལྟ་སྒོམ་གྱི་ཞེན་པས་མ་བསླད་པའི་རང་རིག་པའི་ངང་བསྐྱང་། སྐབས་སུ་ཆོས་ཉིད་ཀྱི་དྲན་པས་གསལ་འདེབས་པ་ཙམ་ལས་སྤྲོས་པ་གཞན་ཐམས་ཅད་བཅད་དེ་མཉམ་རྗེས་ཀུན་ཏུ་བསླབ་པར་བྱའོ། །གསུམ་པ་སྤྱོད་པས་སྤྲུལ་སྐུར་རྩལ་སྦྱང་བ་ནི། རང་དང་སྣང་བ་ཐམས་ཅད་ལྷ་སྐུ་སྒྱུ་མ་ལྟ་བུར་གསལ་བ་སེམས་ཉིད་དང་དབྱེར་མེད་དུ་བསྲེས་ལ་སྣང་སྟོང་གི་ངང་བསྐྱང་། རླུང་བཟུང་བས་རོ་རྐྱང་གི་ལམ་བརྒྱུད། དབུ་མའི་ནང་དུ་འོད་ཟེར་ལྔ་ལྡན་ཤིན་ཏུ་ཕྲ་བ་སོང་ནས་སྙིང་གའི་ཨ་ཡིག་ལ་ཐིམ། འབྱུང་འཇུག་གནས་གསུམ་ཨའི་རང་བཞིན་དུ་བསམ་ལ་ཡིད་བཟླས་བྱ་ཞིང་རླུང་སེམས་དབྱེར་མེད་དུ་བསྲེས་ལ་མཉམ་པར་གཞག །དངོས་ཡིད་གང་རུང་གི་རིག་མའི་བདེ་བ་དང་བསྲེས་ལ་བདེ་སྟོང་དབྱེར་མེད་དུ་བསྐྱང་། མཐར་ཐིག་ལེ་བདེ་བ་དང་བཅས་པའི་དྭངས་མ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་ཨ་ཡིག་ལ་བསྡུས་ཏེ་བྱར་མེད་དུ་འཇོག་ལ་བསྲེ་བ་གསུམ་གྱིས་རྩལ་འབྱོངས་པར་བྱའོ། །གཞན་ཡང་གཞུང་ཉིད་ལས། དུས་དང་རྣམ་པ་ཐམས་ཅད་དུ་ཚོགས་དྲུག་གི་སྣང་བར་ཅི་ཤར་ནའང་ཡུལ་ལ་མི་འཛིན༔ ཡུལ་ཅན་ལ་མི་རྟོག༔ སྣང་ཤེས་དབྱེར་མེད་ཕྱི་ནང་ཟང་ཐལ་ཆེན་པོར་ལ་བཟླས་པས༔ ཡུལ་གྱི་སྣང་བ་མ་འགགས་ཀྱང༔ སྣང་བས་ཤེས་པ་ལ་མ་གོས༔ ཤེས་པའི་གྲྭ་ཟུར་མ་ཉམས་ཀྱང༔ ཤེས་པས་ངོ་བོ་ལ་མ་བཅིངས༔ གཟུང་འཛིན་གྱི་སྤྲོས་པ་ཇི་ལྟར་ཤར་ཡང་ངོ་བོ་སྤྲོས་བྲལ་གྱི་ངང་ལས་མི་འདའ་བ་རང་བཞིན་རྫོགས་པ་ཆེན་པོའི་གསང་ལམ་མཐིལ་ཕྱིན་པ་ཡིན་པས་དུས་གསུམ་དུས་མེད་ཐམས་ཅད་དུ་ཉམས་སུ་ལེན་པར་གྱིས་ཤིག༔ ཅེས་གདམས་པར་མཛད་པ་ལྟར་ཉམས་སུ་བླངས་ཏེ། འཁོར་འདས་དབྱེར་མེད་འོད་གསལ་རྫོགས་པ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ་པའི་ཐབས་ལ་བརྩོན་པར་འཚལ་ལོ། །ཞེས་རྒྱུན་གྱི་ཉམས་ལེན་སྙིང་པོའི་གནད་བསྡུས་ཁྱེར་བདེ་བའི་ཆེད་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་གཏེར་གཞུང་ནས་བཏུས་ཏེ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀོད་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).