Terdzo-AA-091

From Rinchen Terdzö
Revision as of 18:04, 15 December 2017 by Jeremi (talk | contribs) (Text replacement - "{{UnderConstruction}} " to "")

སེམས་སྡེའི་ཉམས་ལེན་ཨ་དོན་རབ་གསལ་དང་། ཀློང་སྡེ་བརྡ་བཞིའི་ཉམས་ལེན་བདེ་གསལ་མི་རྟོག་རབ་འབར། མན་ངག་སྡེའི་ཉམས་ལེན་སྙིང་པོ་སྒྲོན་མ་རབ་གསལ། བོགས་འདོན་ཉམས་དབྱངས་བྱིན་རླབས་ཆར་འབེབ། བླ་མ་ཆོས་སྐུའི་དོན་ཁྲིད་སྙིང་པོ་སངས་རྒྱས་མཛུབ་ཚུགས། ཤྲཱི་སིཾ་ཞལ་གདམས་ཀྱི་དྲིས་ལན་བཅས་དཀྱུས་བཀོད་

sems sde'i nyams len a don rab gsal dang /_klong sde brda bzhi'i nyams len bde gsal mi rtog rab 'bar/_man ngag sde'i nyams len snying po sgron ma rab gsal/_bogs 'don nyams dbyangs byin rlabs char 'beb/_bla ma chos sku'i don khrid snying po sangs rgyas mdzub tshugs/_shrI siM zhal gdams kyi dris lan bcas dkyus bkod

by  རིན་ཆེན་དར་རྒྱས་ (Karmai Khenpo Rinchen Dargye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (Dam chos rdzogs pa chen po sde gsum)
Volume 62 (ཨཱཿ) / Pages 483-500 / Folios 1a1 to 9b2

[edit]
༄༅། །སེམས་སྡེའི་ཉམས་ལེན་ཨ་དོན་རབ་གསལ་བཞུགས་སོ། ། སྡེ་གསུམ་སྤྱི་འདུས་སྐོར།

ན་མོ་གུ་རུ་བཛྲ་སཏྭ་བྷྱཿ སེམས་སྡེའི་ཨ་དོན་ཉམས་སུ་ལེན་པ་ལ། གཞི་ཐིག་ལེ་མཐིང་ག་ཟླུམ་པོའི་དབུས་སུ་ཨ་ཡིག་དཀར་པོ་བྲིས་པ་མདུན་དུ་བཀོད། རང་ཉིད་བསམ་གཏན་གྱི་གདན་ལ་ལུས་གནད་བསྲང་སྟེ་འཁོད། མིག་ཨ་ཡིག་ལ་གཅེར་གྱིས་གཏད་ལ། ངག་ཏུ། སེམས་དང་པོ་སྐྱེ་བ་མེད་དོ་ཨ། བར་དུ་གནས་པ་མེད་དོ་ཨ། ཐ་མར་འགག་པ་མེད་དོ་ཨ། སྐྱེ་འགག་གནས་གསུམ་དང་བྲལ་ལོ་ཨ། ཞེས་བརྗོད་ལ་མིག་མ་སྦྲིད་ཀྱི་བར་དུ་བལྟ། མིག་བཙུམ་པའི་ཚེ་ཨ་བཀྲ་ལམ་མེ་མ་ཤར་བར་དུ་སྦྱང་། དེ་ནས་མིག་ནམ་མཁར་གཏད་དེ་ཡང་ཡང་སྒོམ། ཡང་ཨ་དེ་ལས་ཨ་གྲངས་མེད་པ་ནམ་མཁའ་ས་གཞི་བར་སྣང་གང་བར་དམིགས་ལ་ངག་ཏུ། སྣང་སྲིད་ཁྱབ་བརྡལ་ཆེན་པོ་ཨ། ཞེས་བརྗོད་ཅིང་བསྒོམ་པར་བྱའོ། །ཡང་ཨ་དེ་ཐམས་ཅད་རྩ་བའི་ཨ་གཅིག་པོ་ལ་བསྡུས་ཏེ་ངག་ཏུ། ཆོས་སྐུ་ཐིག་ལེ་ཉག་གཅིག་ཨ། ཞེས་བརྗོད་ཅིང་སྒོམ་མོ། །ལྟ་བའི་ཡུལ་མེད་དོ་ཨ། སྒོམ་པ་བློ་ལས་འདས་སོ་ཨ། སྤྱོད་པ་རྩིས་གདབ་དང་བྲལ་ལོ་ཨ། འབྲས་བུ་འོད་གསལ་སྙིང་པོའི་ཀློང་དུ་གྲོལ་ལོ་ཨ། ཞེས་བརྗོད་ལ་མིག་མི་འགུལ་བར་བར་སྣང་ལ་གཏད་དེ་བཞག་པས་བློ་བྲལ་གྱི་དོན་རྗེན་པར་འཆར་རོ། །རིག་འཛིན་དགའ་རབ་རྡོ་རྗེས་ཆོས་ཀྱི་དབྱིངས་ནས་རྡོ་རྗེ་སེམས་དཔའི་དྲུང་དུ་སེམས་ཉིད་འོད་གསལ་བའི་དུས་སུ༔ ང་ནི་མི་ཡི་རིག་འཛིན་དགའ་རབ་རྡོ་རྗེ་སྟེ༔ སེམས་ལ་བལྟ་བའི་ཡུལ་མེད་འཛིན་པ་རང་སར་དག༔ སྒོམ་པའི་བློ་དང་བྲལ་ནས་གསལ་དང་མི་གསལ་མེད༔ སྤྱོད་པ་ཅི་དགར་བཏང་བས་རེ་དོགས་རྩིས་གདབ་བྲལ༔ འབྲས་བུ་འོད་གསལ་སྙིང་པོའི་ཀློང་དུ་རང་བཞིན་གྲོལ༔ ཞེས་བརྗོད་ཅིང་མཉམ་པར་གཞག་གོ །ཡང་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དུར་ཁྲོད་ཧེ་ཆེན་བརྡལ་དུ་མཆོད་རྟེན་ལ་སྐུ་རྒྱབ་བརྟེན་ཏེ་སྒྲུབ་པའི་ཚེ་སྲོད་ཀྱི་དུས་སུ་དགོངས་པ་རང་བྱུང་གི་གླུ་བླངས་པ་ནི༔ དགའ་རབ་རྡོ་རྗེའི་ཐུགས་སྲས་འཇམ་དཔལ་བཤེས་གཉེན་བདག༔ གདམས་ངག་སྒོམ་མཁན་མི་སྣང་འོད་གསལ་ཀུན་ལ་ཁྱབ༔ དེ་ཉིད་དམིགས་སུ་མ་མཆིས་དམིགས་ཡུལ་རྡུལ་ཙམ་མེད༔ སྟོང་ཉིད་ཀ་ནས་དག་ཀྱང་སྐུ་དང་ཡེ་ཤེས་གསལ༔ ཞེས་གསུངས་སོ། །ཞེས་རྡོ་རྗེའི་གླུ་བླངས་ཤིང་སེམས་ཉིད་བརྗོད་བྲལ་གྱི་གཤིས་ལུགས་ལ་བཟོ་བཅོས་རྩིས་གདབ་མེད་པའི་ངང་ནས་ཕཊ྄་བརྗོད་ལ། ཨ་ཡིག་མཁའ་ལ་འཇའ་ལྟར་ཡལ། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་དགེ་བ་བསྔོ་བས་རྒྱས་གདབ་བོ། །ཞེས་པའང་རི་རྒྱལ་གྱི་ཉམས་ལེན་ཆེད་དུ་ཆུ་ཡོས་ཧོར་ཟླ་ལྔ་པའི་ཚེས་བཅུ་ལ་གཏེར་སློབ་རཏྣས་བྲིས་པ་དགེ། །། ༄༅། །ཀློང་སྡེའི་བརྡ་བཞིའི་ཉམས་ལེན་བདེ་གསལ་མི་རྟོག་རབ་འབར་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡ། ཀློང་སྡེའི་བརྡ་བཞིའི་ཉམས་སུ་ལེན་པའི་ཚུལ། །དབང་ཐོབ་དམ་ལྡན་རྣལ་འབྱོར་པས། །བདེ་བའི་སྟན་འདུག་རླུང་རོ་བསལ། །སྨོན་འཇུག་བྱང་ཆུབ་སེམས་གཉིས་བསྐྱེད། །བླ་མར་མོས་གུས་གསོལ་བ་གདབ། །ཅེས་པ་ནི་སྔོན་དུ་འགྲོ་བའི་རིམ་པ་འོ།། །།གཉིས་པ་དངོས་གཞི་ནི། ལུས་རྣམ་སྣང་ཆོས་བདུན་དང་ལྡན་པས། དང་པོ་གསལ་བ་གནད་ཀྱི་བརྡ་ནི། དབང་པོ་མ་བཀག་པ་སྟེ་མིག་སྣ་རྩེའི་མཐོ་གང་ཙམ་གྱི་ཐད་ཀར་བལྟ། དེས་རྒྱུད་ལ་སེམས་ཉིད་རང་གི་ངོ་བོ་རང་གསལ་ཞིག་འོང་ངོ་། །གཉིས་པ་མི་རྟོག་པ་གནད་ཀྱི་བརྡ་ནི། དབང་པོ་མི་གཡོ་བ་སྟེ་མིག་གི་འབྲས་བུ་མི་གཡོ་མི་འགུལ་བར་བཞག །དེ་ལ་ཇི་ལྟར་འཆར་ན་སེམས་ཉིད་རང་གསལ་ཅི་ཡང་མི་རྒྱུ་བ་ཞིག་འོང་ངོ་། །དེ་ནི་གསལ་བ་ལ་སྟོང་པས་རྒྱས་ཐེབས་པ་ཞེས་བྱའོ། །གསུམ་པ་བདེ་བ་གནད་ཀྱི་བརྡ་ནི། འོག་རླུང་ཅུང་ཞིག་འཐེན། དེས་ནི་ལུས་པོ་ཡོད་དུ་མི་ཚོར་བའི་བདེ་ཉམས་སྐྱེ། བཞི་པ་དབྱེར་མི་ཕྱེད་པའི་བརྡ་ནི། ལྕེ་རྩེ་གང་དུའང་མི་རེག་ཅིང་དབང་པོ་མ་གཡོས་པར་བཞག་གོ །དེས་བདེ་གསལ་མི་རྟོག་པ་དབྱེར་མི་ཕྱེད་པ་ཉིད་ཀྱི་མཐའ་ལ་མི་གནས་པ་རྒྱུད་ལ་འཆར་རོ། །དེ་ཇི་ལྟ་བུ་ཞེ་ན་ངོ་བོ་ཅི་ཡང་མ་གྲུབ། རྒྱ་གང་དུའང་མ་ཆད། ཕྱོགས་གང་དུའང་མ་ལྷུང་བ་སྟེ། ཆོས་རྗེ་རང་བྱུང་རྡོ་རྗེས། རྒྱུ་ནི་སེམས་ཉིད་ཐོགས་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིར་ཡང་འཆར། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུ་བརྡ་བཞི་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། རྫོགས་པ་ཆེན་པོ་ལས། མིག་མ་བཙུམ་པའི་རྣལ་འབྱོར་ནི། །རྣལ་འབྱོར་ཀུན་ལས་ཁྱད་པར་འཕགས། །སེང་གེའི་ལྟ་སྟངས་ཞེས་སུ་བརྗོད། །ཅེས་དང། ཀ་ར་ཎ་བཅིངས་ཡོན་ཏན་གྱིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །བདེ་བའི་ལུས་ནི་ཡོད་མི་ཚོར། །བདེ་གསལ་མི་རྟོག་ཕ་མཐར་ཕྱིན། །ཅེས་དང་། གང་དུའང་ལུས་མི་ཚོར་བའི་བདེ་བ་དེ་ནི། ཟག་པ་མེད་པའི་བདེ་བ་འོ། །བླ་ན་མེད་པའི་བདེ་བ་འོ། །བདེ་བ་ཆེན་པོ་འོ། །ཞེས་བཤད་དོ། །གསུམ་པ་བློ་སྦྱོང་བ་དེ་ལྟ་བུའི་དོན་ཉམས་སུ་ལེན་པ་ལ། ཚུགས་པ་དྲུག་དང་ལྡན་དགོས་ཏེ། རྒྱལ་བ་རྒོད་ཚང་པས། ཕྱི་མཚམས་རི་ཁྲོད་དུ་སྡོད་ཚུགས་པ། ནང་མཚམས་སྤྱིལ་པོར་སྡོད་ཚུགས་པ། གསང་མཚམས་མལ་དུ་སྡོད་ཚུགས་པ། གཉིས་མེད་ལྟ་བའི་སྟེང་དུ་སྡོད་ཚུགས་པ། ཡེངས་མེད་སྒོམ་པའི་སྟེང་དུ་སྡོད་ཚུགས་པ། ཆགས་མེད་སྤྱོད་པའི་སྟེང་དུ་སྡོད་ཚུགས་པ་དྲུག་དང་ལྡན་པ་ཞིག་དགོས་སོ། །ཞེས་པའང་ཀརྨ་ལུང་རིགས་ཡར་འཕེལ་གྱི་མི་བརྗེད་ཐོར་མཁན་རཏྣས་བྲིས་པ་དགེ། །། ༄༅། །མན་ངག་སྡེའི་ཉམས་ལེན་སྙིང་པོ་སྒྲོན་མ་རབ་གསལ་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ནི་དྷི་པ་དཱ་ཡ། མན་ངག་སྡེའི་ཉམས་ལེན་སྙིང་པོ་ལ། གཞི་ཀ་དག །ལམ་ཁྲེགས་ཆོད། འབྲས་བུ་ཐོད་རྒལ་སྣང་བཞི་འཆར་ཚུལ་གཏན་ལ་དབབ་པ་ལ། སེམས་ཀློང་གཉིས་ཀྱི་དོན་ཁྲིད་ངོ་སྤྲོད་ལ་བརྟེན་ནས་ཀ་དག་གི་གནས་ལུགས་ཁྲེགས་ཆོད་སྒོམ་པའི་རྩལ་རྫོགས་ནས། མན་ངག་སྡེའི་ཁྱད་ཆོས་བོགས་འདོན་ཐོད་རྒལ་སྒོམ་པ་ལ། དང་པོ་སྒྲོན་མ་གཏན་ལ་དབབ་པ་ནི། དང་པོ་སྦྱང་གཞི་རྡོ་རྗེའི་ལུས་ལ། གཡས་རོ་མ་ལ་བདེ་བའི་ཡེ་ཤེས། གཡོན་རྐྱང་མ་ལ་གསལ་བའི་ཡེ་ཤེས། དབུས་ཨ་ཝ་དྷཱུ་ཏི་ལ་མི་རྟོག་པའི་ཡེ་ཤེས་འཆར་བའི་རྟེན་དང་། ཙིཏྟ་ཤ་ཡི་སྒྲོན་མ། དེ་ལ་གནས་པའི་དཀར་འཇམ་རྩའི་སྒྲོན་མ་ཀ་ཏི་ཤེལ་གྱི་སྦུ་གུ། རྒྱང་ཞགས་ཆུའི་སྒྲོན་མ་གསུམ་ནི་ནང་གི་སྒྲོན་མ་གསུམ། དབྱིངས་རྣམ་དག་གི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མ་གསུམ་ནི་ཕྱིའི་སྒྲོན་མ་གསུམ། ཕྱི་ནང་གཉིས་བསྡོམས་པས་སྒྲོན་མ་དྲུག་གོ །རྒྱང་ཞགས་ལ་དབྱེ་ན་གསུམ། འབྱུང་བ་འདུས་པའི་རྒྱང་ཞགས་མིག་གི་དབང་རྟེན། དབང་པོ་འདུས་པའི་རྒྱང་ཞགས་དབང་ཤེས། ཡེ་ཤེས་འདུས་པའི་རྒྱང་ཞགས་འོད་རྩ་དྭངས་པའི་སྒོའོ། །དགུར་དབྱེ་ན་བར་དོ་དུས་ཀྱི་སྒྲོན་མ་བར་དོའི་འཆར་ཚུལ། མཐར་ཐུག་འབྲས་བུའི་སྒྲོན་མ་སྐུ་དང་ཡེ་ཤེས། དེ་གཉིས་ཤུགས་ལས་འབྱུང་བ་དང་། གནས་པ་གཞིའི་སྒྲོན་མ་གཞི་ལམ་འབྲས་གསུམ་དབྱེར་མེད་པའི་ཡེ་ཤེས་ཀུན་ལ་ཁྱབ་པ་དང་དགུའོ། །བཞིར་བསྡུ་ན། ཤེས་རབ་རང་བྱུང་གི་སྒྲོན་མ། རྒྱང་ཞགས་ཆུ་ཡི་སྒྲོན་མ། དབྱིངས་རྣམ་དག་གི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ་དང་བཞི་སྟེ། རྗེ་ཤེས་རབ་འོད་ཟེར་གྱིས། ཤེས་རབ་རང་བྱུང་སྒྲོན་མའི་དབྱིངས་རུམ་ནས། །རྒྱང་ཞགས་སྒྲོན་མས་རིག་གདངས་སྒོ་ཕྱེ་ནས། །དག་དབྱིངས་སྒྲོན་མས་སྣ་ཚོགས་རྒྱན་བཀྲམ་སྟེ། །ཐིག་ལེ་སྟོང་སྒྲོན་ཞི་ཁྲོའི་དཀྱིལ་འཁོར་འཆར། །ཞེས་གསུངས་པ་ལྟར་རོ།། །།དེ་དག་གི་དོན་ཉམས་སུ་ལེན་པའི་ཚུལ་ལ་བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་གྱི་གནད་བཅུན་དགོས་པ་ཡིན་ཏེ། སེང་གེ་གླང་ཆེན་དྲང་སྲོང་ཚུལ། །ལྟ་སྟངས་ཟུར་དང་འོག་ཏུ་ཕབ། །ཅེས་གསུངས་པ་ལྟར་ལས། དང་པོ་ནི། ལག་བསྣོལ་རྐང་པའི་བར་དུ་བཞག །མིག་གཉིས་གཙུག་ཏོར་ཐད་དུ་བལྟ། །ཆོས་སྐུ་སེང་གེའི་ལྟ་སྟངས་ཀྱིས། །སྟོང་ཉིད་དབྱིངས་ལ་རྣམ་པར་སྦྱངས། །ཞེས་དང་། གཉིས་པ་གླང་ཆེན་ཚུལ་ནི། ཡན་ལག་བཞི་ནི་ས་ལ་ཕབ། །ལག་གཉིས་འགྲམ་སྐྱོར་ཨོག་མ་བཏེགས། །མིག་གཉིས་ཟུར་ལ་ཁྲིད་ནས་སུ། །ལོངས་སྐུ་གླང་པོའི་གཟིགས་སྟངས་ཀྱིས། །རང་གསལ་ཐིག་ལེ་རྩལ་ལ་སྦྱངས། །གསུམ་པ་དྲང་སྲོང་ཚུལ་ནི། ལག་གཉིས་པུས་མོར་འཁྱུད་ནས་སུ། །ཙོག་པུར་ལུས་བསྲང་ཐད་དུ་བལྟ། །སྤྲུལ་སྐུ་དྲང་སྲོང་གཟིགས་སྟངས་ཀྱིས། །ཟུང་འཇུག་རིག་པའི་རྩལ་ལ་སྦྱངས། །ཞེས་གསུངས་པ་ལྟར་བཞུགས་སྟངས་གཟིགས་སྟངས་གསུམ་གྱིས་རྩལ་སྦྱངས། གཞན་ཡང་ཉི་ཟླ་མར་མེ་མེ་ལོང་ལ་ཉི་འོད་ཕོག་པ་དང་གསལ་ཁུང་སོགས་ལ་གཏད་དེ་འཛིན་མེད་ཀྱི་ངང་ལ་བློ་སྦྱངས། རེས་འགའ་ཉི་མ་ལ་རྒྱབ་གཏད་དེ་སྤྲིན་མེད་པའི་ནམ་མཁའ་ལ་གཏད་དེ་ནམ་མཁའ་སུམ་ཕྲུགས་ཀྱི་གདམས་ངག་ཉམས་སུ་བླངས། ཉིན་མོ་ཉི་ཟེར་ལ་རྩལ་སྦྱོང་བས་མིག་ལ་གནོད་དུ་དོགས་ན་མཚན་མོ་ཟླ་ཟེར་ལ་ཡུན་རིང་དུ་བལྟ། གནམ་སྟོང་ལ་མིག་ལ་དྲུས་པའི་ཟན་གྱི་ཆངས་བུ་འབྲུ་གསུམ་གྱིས་བྱིན་བརླབས་ལ། དེ་བཞིན་གཤེགས་པ་བཞིའི་མཚན་དང་སམྦྷ་རས་བསྔོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བསྔོ་སྨོན་བྱ། འཆར་ཚུལ་ཐོད་རྒལ་པའི་རིགས་ཅན་ལ་ངེས་པ་ཆེར་མེད་ཀྱང་། ནང་གི་རིག་པ་ཇི་ཙམ་བརྟན་ན་ཕྱིའི་འཆར་སྒོ་དེ་ཙམ་བརྟན་པས་དུས་རྒྱུན་མ་ཡེངས་པའི་ཉམས་ལེན་གལ་ཆེ། འཆར་ཚུལ་ལ། ཆོས་ཉིད་མངོན་སུམ་མཐོང་བའི་ཚེ། དབྱིངས་རྣམ་དག་ནང་ནས་ཐིག་ལེ་ཕྲན་བུ་དང་ལུ་རྒྱུད་ཕྲན་བུ་འཆར་ཡང་ཆེར་མི་བརྟན། ཉམས་གོང་འཕེལ་ལ། ཐིག་ལེ་ལྔ་ཚོམ་དུ་སྐུ་གཟུགས་ཡིན་ནམ་མིན་ནམ་བསམ་པ་འཆར། རིག་པ་ཚད་ཕེབས་ལ། ལྷ་སྐུ་སྤྱན་ཤངས་སོགས་བཀྲ་ལམ་མེར་ཤར་ཡང་དང་པོ་རྡོ་རྗེ་སེམས་དཔའ་སོགས་ཀྱི་ཕྱེད་སྐུ་ཞེས་སྐུའི་སྟོད་དང་། དེ་ནས་སྐུ་ཡོངས་རྫོགས། རྒྱལ་བ་རིགས་ལྔ་སོགས་དང་རང་གི་ལྷག་པའི་ལྷ་ཡི་དམ་གང་ཡིན་འཆར་ཞིང་ཤིན་ཏུ་བརྟན། ཆོས་ཉིད་ཟད་པའི་སྣང་བ་ལ། འཕེལ་ཁ་ཐམས་ཅད་རྫོགས་ནས་ཐིག་ལེ་དཀར་པོ་སྲན་མ་ཙམ་འཆར་བར་བཞེད། གཏེར་ཆེན་བླ་མས་ནཱ་རོ་བདུན་བརྩེགས་ཀྱི་རེ་ཁཱ་འཆར་བར་གསུངས། ༈ གོང་བཤད་ནམ་མཁའ་སུམ་ཕྲུགས་ཀྱི་གདམས་ངག་ནི། དབྱིངས་གསུམ་བསྲེ་བའི་གདམས་ངག་ལ། །ཕྱི་དབྱིངས་སྤྲིན་མེད་ནམ་མཁའི་དབྱིངས། །ནང་དབྱིངས་རང་སེམས་སྟོང་པའི་བབ། །གསང་དབྱིངས་རིག་པ་ལུ་གུ་རྒྱུད། །ནམ་མཁའ་སུམ་ཕྲུགས་གདམས་ངག་སྐབས། །ལུ་གུ་རྒྱུད་ལ་རིག་པ་གཏད། །རིམ་གྱིས་གཡོ་བ་བརྟན་ཅིང་དག །ཅེས་གསུངས་པ་ལྟར་རོ།། ༈ དེ་དག་གི་སྐབས་སུ་ཚད་བཞི་དང་ལྡན་པ་གཅེས་ཏེ། སྒྲོན་མ་སྣང་མཛད་ལས། བཞུགས་སྟངས།་་་རི་བོ་ཅོག་གཞག་ལྟ་བའི་ཚད། །མིག་མི་འགུལ་བ།་་་རྒྱ་མཚོ་ཅོག་གཞག་སྒོམ་པའི་ཚད། །དེར་འཛིན་མེད་པ།་་་སྣང་བ་ཅོག་གཞག་སྤྱོད་པའི་ཚད། །ཐ་མལ་གྱི་ཤེས་པ།་་་རིག་པ་ཅོག་གཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་གསུངས་པ་ལྟར། མི་འགུལ་བ་གསུམ་ལ་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་གཟུང་། ཐོབ་པ་གསུམ་གྱིས་གཟེར་གདབ། གདེང་བཞིའི་གྲོལ་ཚད་དུ་བསྟན་པ་བཞི་ལས། དང་པོ་ནི། ལུས་མི་འགུལ་བ་བཞུགས་སྟངས་གསུམ་དང་། རྣམ་སྣང་གི་ཆོས་བདུན། མིག་མི་འགུལ་བ་གཟིགས་སྟངས་གསུམ། རླུང་རིག་མི་འགུལ་བ་དལ་ཞིང་བཅོས་བསླད་མེད་པས་དབྱིངས་སྣང་ལས་མི་འདའ་བའོ། །གཉིས་པ་སྡོད་པ་གསུམ་ནི། ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་ཕུང་པོ་སྡོད་པས་འཁྲུལ་པའི་བྱ་བ་དང་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་རང་འགག་ཏུ་འགྲོ། གསུམ་པ་ཐོབ་པ་གསུམ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་གདོས་བཅས་འོད་ལུས་སུ་གྲོལ། གསང་བ་རླུང་སེམས་ལ་དབང་ཐོབ་པས་ཉོན་མོངས་ཡེ་ཤེས་སུ་གྲོལ་ལོ། །བཞི་པ་གདེང་བཞིའི་གྲོལ་ཚད་ནི། ཡར་སངས་རྒྱས་ཐོབ་ཏུ་རེ་བ་དང། མ་འཐོབ་ཀྱི་དོགས་པ་དང་བྲལ་བ་སྟེ་ཡར་གྱི་གདེང་གཉིས། མར་འཁོར་བ་ལ་ལྷུང་གི་དོགས་པ་དང་། མི་ལྷུང་གི་རེ་བ་ལས་གྲོལ་བ་ནི་མར་གྱི་གདེང་གཉིས་ཏེ་བསྡོམས་པས་བཞིའོ། །བོགས་མོས་གུས་ཀྱིས་འདོན་པ་ནི། གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་བླངས་ཤིང་ཉམས་བསྐྱང་ངོ་།། །། ༄༅། །བོགས་དོན་ཉམས་དབྱངས་བྱིན་རླབས་ཆར་འབེབ་བཞུགས་སོ། །ན་མོ་གུ་རུ་པདྨ་སམྦྷ་ཝཱ་ཡ། འོག་མིན་ཆོས་སྐུའི་ཞིང་ན་རིགས་དྲུག་གི་ཁྱབ་བདག །ཀུན་བཟང་རྡོ་རྗེ་འཆང་དབང་དྲིན་ཆེན་གྱི་བླ་མ། །སྙིང་ནས་དྲན་པས་གསོལ་འདེབས་ཐུགས་རྗེ་ཡིས་དགོངས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །ངེས་པ་ལྔ་དང་ལྡན་པ་ལོངས་སྐུ་ཡི་ཞིང་ན། །རྒྱལ་ཚབ་སྟོན་པ་རིགས་ལྔ་དྲིན་ཆེན་གྱི་བླ་མ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་དགོངས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །ཟངས་མདོག་དཔལ་གྱི་རི་བོ་མཁའ་འགྲོ་ཡི་གླིང་ན། །སློབ་དཔོན་པདྨ་འབྱུང་གནས་དྲིན་ཆེན་གྱི་བླ་མ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་དགོངས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །པདྨས་ཡོངས་སུ་ཁེབས་པ་མཁའ་སྤྱོད་ཀྱི་ཞིང་ན། །རྒྱལ་སྲས་པདྨའི་མྱུ་གུ་དྲིན་ཆེན་གྱི་བླ་མ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་དགོངས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །སྙིང་དབུས་དྭངས་མ་ལྔ་ལྡན་འོད་ལྔ་ཡི་ཀློང་ན། །བདེ་བར་གཤེགས་པའི་སྙིང་པོ་དྲིན་ཆེན་གྱི་བླ་མ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་དགོངས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །ཙིཏྟ་ཤ་ཡི་སྒྲོན་མ་སེམས་ཉིད་ཀྱི་ཕོ་བྲང་། །དཀར་འཇམ་རྩ་ཡི་སྒྲོན་མ་ཀ་ཏི་ཡི་ཤེལ་སྦུག །རྒྱང་ཞགས་ཆུ་ཡི་སྒྲོན་མ་མིག་དབང་གི་འཆར་སྒོ། །དག་པ་དབྱིངས་ཀྱི་སྒྲོན་མ་འོད་ཁྱིམ་གྱི་ནང་ན། །ཐིག་ལེ་སྟོང་པའི་སྒྲོན་མ་ལྔ་ལྡན་གྱི་ཚོམ་བུ། །རང་བྱུང་རིག་པའི་སྒྲོན་མ་འགྱུར་མེད་དུ་བརྟན་ཅིང་། །ཆོས་ཉིད་རིག་པའི་རང་མདངས་མངོན་སུམ་དུ་མཐོང་ནས། །ཉམས་སྣང་ལྷ་སྐུའི་སྣང་བ་གོང་འཕེལ་དང་ཇེ་བརྟན། །རིག་གདངས་འཆར་སྒོ་མ་ལུས་ཚད་དུ་རང་ཕེབས་པས། །ཆོས་ཉིད་ཟད་པའི་སྣང་བ་ཡིད་དཔྱོད་དང་བྲལ་ནས། །སྐུ་གསུམ་ཡན་ལག་བདུན་ལྡན་མཐར་ཐུག་གི་འབྲས་བུ། །ཚེ་འདིར་མངོན་དུ་འགྱུར་ནས་མ་གྱུར་གྱི་འགྲོ་བ། །མཐར་ཐུག་བླ་མེད་ས་ལ་འགོད་ནུས་སུ་གྱུར་ཅིག །ཅེས་བོགས་འདོན་གྱི་ཉམས་མགུར་འདི་ལྟར་དགོས་ཞེས་རིགས་དབོན་ཀརྨ་ལུང་རིགས་ཡར་འཕེལ་བཟང་པོས་བསྐུལ་ངོར་གཏེར་སློབ་བན་རྒན་རཏྣས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །མངྒ་ལཾ།། །། ༄༅། །མན་ངག་སྡེ་གསང་སྐོར།་་་བླ་མ་ཆོས་སྐུའི་དོན་ཁྲིད་སྙིང་པོ་སངས་རྒྱས་མཛུབ་ཚུགས་བཞུགས། །ན་མོ་གུ་རུ། ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་གར། །དབྱེར་མེད་ངོ་བོ་ཉིད་སྐུར་འདུད། །བླ་མ་ཆོས་སྐུའི་དོན་གྱི་ཁྲིད། །སྙིང་པོ་སངས་རྒྱས་མཛུབ་ཚུགས་ལ། །དེ་ཡང་སེམས་ཞེས་པ་ནི་ཕྱི་ནང་གང་དུའང་དངོས་པོར་མ་གྲུབ་པ་ཟང་ཐལ་ལེ་བ། གཞི་ངོ་བོ་ཀ་ནས་དག་པ། རང་བཞིན་གསལ་བ་ལྷུན་གྲུབ། ཐུགས་རྗེ་སྣ་ཚོགས་ཅིར་ཡང་སྣང་བ། དེ་དག་མ་བཅོས་བྱར་མེད་ཀྱི་ངང་དུ་མཉམ་པར་བཞག་པའི་ཚེ་ཅི་ཡང་མི་སེམས་པ་སྟོང་སང་ངེ་བ་དེ་ནི་ངོ་བོ་སྟོང་པ་ཆོས་ཀྱི་སྐུའོ། །ཉམས་སུ་མྱོང་བ་བརྗོད་མི་ཤེས་པ་ལོངས་སྐུ། ཡུལ་ལ་དབང་པོས་མཚམས་སྦྱར་ནས་རྟོག་ཚོགས་ཅིར་ཡང་སྣང་བ་ནི་ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་སྐུ་སྟེ། འདི་ནི་ངོ་རང་ཐོག་ཏུ་འཕྲོད་ཅིང་སྐུ་གསུམ་དུ་ལ་བཟླ་བ་སྟེ་ཐག་གཅིག་ཐོག་ཏུ་གཅོད་པའོ། །སེམས་དང་རིག་པའི་ཤན་འབྱེད་ཅིང་གདེང་གྲོལ་ཐོག་ཏུ་བཅའ་བ་ནི། དཔེར་ན་རིག་པ་ནི་ནམ་མཁའ་སྟོང་པ་ལྟ་བུ། སེམས་ནི་སྤྲིན་དང་ན་བུན་འཇའ་ཚོན་ལྟ་བུ་གཞི་མེད་རྩ་བྲལ་རིག་པའི་ཀློང་དུ་ཐིམ་པའི་གྲོལ་བའི་རང་བཞིན་ཤེས་པར་བྱའོ། །དེ་ལྟ་བུའི་ལྟ་སྒོམ་སྤྱོད་འབྲས་ནི། ཨོ་རྒྱན་ཆེན་པོས། ལྟ་བ་རང་ལུགས་ངང་དུ་གཞག །སྒོམ་པ་བྱར་མེད་ངང་དུ་གནས། །སྤྱོད་པ་སྤང་བླང་བྲལ་བ་ཡིན། །འབྲས་བུ་རེ་དོགས་མེད་པར་འགྲུབ། །ཅེས་གསུངས་པ་ལྟར་རོ། །གཅེར་མཐོང་རང་གྲོལ་ལས། སྔར་རྗེས་མི་གཅད་འདས་པའི་འདུ་ཤེས་དོར། །ཕྱི་སྔོན་མི་བསུ་ཡིད་ཀྱི་འབྲེལ་ཐག་གཅད། །ད་ལྟ་འཛིན་མེད་ནམ་མཁའི་ངང་ལ་གཞག །སྒོམ་དུ་མེད་ཅིང་ཅི་ཡང་མི་སྒོམ་ཞིང་། །ཡེངས་སུ་མེད་ཅིང་ཡེངས་མེད་དྲན་པ་བརྟན། །སྒོམ་མེད་ཡེངས་མེད་ངང་ལ་གཅེར་གྱིས་ལྟོས། །རང་རིག་ཤེས་པ་རང་གསལ་ལྷང་ངེ་བ། །ཤར་བ་དེ་ནི་བྱང་ཆུབ་ཅེས་བྱ་འོ། །ཞེས་གསུངས་པ་ལྟར། སེམས་ཉིད་མ་བཅོས་གནས་ལུགས་ཀྱི་རང་ངོ་སྐྱོང་བའི་ཚུལ་ལ། གསལ་བ་གཙོ་བོར་སྟོན་པ་སེམས་སྡེ། སྟོང་པ་གཙོ་བོར་སྟོན་པ་ཀློང་སྡེ། ཟུང་འཇུག་གཙོ་བོར་སྟོན་པ་མན་ངག་གི་སྡེ་ཞེས་ཡོངས་སུ་གྲགས་ཀྱང་། མཉམ་གཞག་ཉམས་ལེན་གྱི་སྐབས་སུ། གསལ་སྟོང་སེམས་ཉིད་ཀྱི་ངང་དུ་འཇོག་པ་སེམས་སྡེ། རིག་སྟོང་ཆོས་ཉིད་ཀྱི་ཀློང་དུ་འཇོག་པ་ཀློང་སྡེ། ཆོས་ཉིད་བྱ་རྩོལ་དང་བྲལ་བའི་ངང་ལ་བཞག་པ་མན་ངག་སྡེ་ཞེས་གསུངས་ལ། དང་པོ་བལྟ་བྱའི་ཡུལ་དང་། གཉིས་པ་ལྟ་བྱེད་རིག་པའི་ངང་ལ། གསུམ་པ་བལྟ་བྱ་ལྟ་བྱེད་ཀྱི་བྱ་རྩོལ་དང་བྲལ་བའི་ངང་ལ་གཞག་པའོ། །རིག་འཛིན་ཤྲཱི་སིང་ཧའི་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་གསུམ་ནི། དང་པོ་ཐུག་སར་གཏུགས། བར་དུ་གཞག་སར་ཞོག །ཐ་མ་འགྲོ་སར་ཐོངས། ཞེས་པའི་དོན། དང་པོ་ལྟ་བའི་ཕུ་ཐག་ཆོད་ཅིང་སྒོམ་པ་ཉམས་མྱོང་དང་ལྡན་པའི་སློབ་དཔོན་མཁས་པ་ལ་གཏུགས་ནས། སེམས་བྱུང་གནས་འགྲོ་གསུམ་གྱི་རྩད་བརྡར་བཅད་དེ་ཞུ་གཏུག་བྱེད། གཉིས་པ་གཞག་སར་འཇོག་པ་ནི། གང་ཤར་ལ་སྤང་བླང་བཟོ་བཅོས་མེད་པར་གཞག་གོ །གསུམ་པ་འགྲོ་སར་གཏོང་བ་ནི། ཉམས་སུ་མྱོང་བའི་རྗེས་ཏིང་ངེ་འཛིན་གྱི་རོ་ལ་ཞེན་འཛིན་མེད་པར་གཏོང་བའོ། །དེ་ལྟ་བུའི་དོན་ལ་ཧྲིལ་གྱིས་དྲིལ་ཏེ་འཆི་ཁ་མི་འགྱོད་པ་རང་གིས་རང་མ་ཁྲེལ་བ་ཞིག་དགོས་པ་ཡིན་ཏེ། རྗེ་མི་ལ་རས་པས། ང་མི་ལ་རས་པའི་ཆོས་ལུགས་ལ། །མི་མེད་ལུང་པའི་བྲག་ཕུག་ཏུ། །བླ་མའི་གདམས་ངག་རྩེ་གཅིག་སྒོམ། །འཆི་ཁ་འགྱོད་པ་མེད་པ་དང་། །རང་གིས་རང་ལ་མ་ཁྲེལ་བ་འོ། །ཞེས་དང་། ཆོས་རྗེ་ཡང་དགོན་པས། འཆི་བ་སྙིང་ཟུག་གི་དབེན་གནས་སུ། །ཞེན་པ་གཏིང་ལོག་གི་སྒྲུབ་པ་པོས། །ཚེ་འདི་བློས་བཏང་གི་སྒྲུབ་མཚམས་བཅད། །སེམས་ཆོས་བརྒྱད་ཀྱི་མི་ལ་ཐུག་ཕྲད་མེད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་གྲུབ་བརྙེས་རིག་འཛིན་གོང་མ་རྣམས་ཀྱི་ཞལ་སྔ་ནས། ཚིག་ཤེས་པ་ལ་ཚིག་ཁྲིད། དོན་ཤེས་པ་ལ་དོན་ཁྲིད། ཉམས་མྱོང་སྐྱེ་བ་ལ་སྒོམ་ཁྲིད། མཐར་ཕྱིན་པ་ལ་འབྲས་བུའི་ཁྲིད་དགོས་པ་ཡིན། འཁྲུལ་སྣང་དུ་གཏེར་ཆེན་བླ་མའི་ཞལ་ནས། ད་མགར་རིན་པོ་ཆེ་ལ་ང་རང་གིས་གནམ་ཆོས་རྫོགས་ཆེན་གྱི་ཁྲིད་ཞུ་གི་ཡོད་པ་དང་ལྷན་ཅིག་ཏུ་ཞུ་དགོས་གསུངས་སྣང་ཤར། ཞེས་པ་འདིའང་དགེ་བྱེད་ཆུ་སྟག་ལོའི་ཆུ་སྟོད་ཟླ་བར་རྫོགས་ཆེན་སྡེ་གསུམ་གྱི་དབང་ལ་ཙཀ་ལི་ཅི་དགོས་སོགས་དཔྱད་ཅིང་དཔེ་ཆ་མཇལ་ནས་མི་བརྗེད་ཐོ་བྲི་བའི་སྐབས། དཀར་ཕྱོགས་ཀྱི་བཟང་པོ་གསུམ་པའི་ཐོ་རངས་སུ་༧སྐྱབས་མགོན་གཏེར་ཆེན་རྡོ་རྗེ་འཆང་གི་ཞལ་སྔ་ནས་བླ་མ་ཆོས་སྐུའི་དོན་ཁྲིད་གནང་གསུངས་ནས་ཁྲིད་རིམ་རྒྱས་པར་གནང་བ་རྨིས་པས། ཕྱིར་ནངས་ཚེས་བཅུ་གསུམ་དང་བཅུ་བཞི་ལ་བློ་ནས་གང་དྲན་བག་ཆགས་དགེ་ཕྱིར་གཏེར་སློབ་བན་རྒན་ཀརྨ་རཏྣས་བྲིས་པ་མི་ཆོས་བླ་མའི་རྫུན་དུ་འགྱུར་ན་རྩ་བ་གསུམ་གྱི་ལྷ་ལ་བཤགས་ཤིང་རྣམ་དཀར་དགེ་བའི་ས་བོན་མཆིས་ན་མ་རྒན་འགྲོ་བ་སེམས་ཅན་གྱི་དོན་དུ་བསྔོ་ཞིང་། མཆོག་གཏེར་ཟབ་གསང་རྫོགས་པ་ཆེན་པོའི་རིང་ལུགས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་ཝནྟུ།། །། ༄༅། །སངས་གླིང་བཀའ་ཐང་གི་ཤྲཱི་སིཾ་ཧའི་ཞལ་གདམས་ཀྱི་དྲིས་ལན་ཉུང་ངུ་རྣམ་གསལ་བཞུགས་སོ། །ཤྲཱི་སིཾ་ཧའི་ཞལ་གདམས་ཀྱི་དོན་ལ། གང་ཤར་མ་ཞེན་གང་ཤར་མ་ཞེན་ཅིག་གཉིས་ནི། ཕྱི་གཟུང་བའི་ཡུལ་ནང་འཛིན་པའི་སེམས་གཉིས་ལ་རྣམ་རྟོག་བཟང་ངན་གང་ཤར་ལ་ཞེན་པ་མ་ཞུགས་ཅིག་ཞེས་པའི་དོན་ཏེ། སེམས་སྣང་བས་ནི་མི་འཆིང་ཞེན་པས་འཆིང་། །ཞེན་པ་འདི་དུག་གི་རོ་ལྟར་སྤོངས། །ཞེས་སོ། །མ་ཤར་མ་ཤར་གཉིས་ནི། མ་འཁྲུལ་པའི་ཤེས་པ་གཏད་མེད་དེ། ཏཻ་ལོ་པས། སེམས་ལ་གཏད་སོ་མེད་ན་ཕྱག་ཆེན་ཡིན། །འདི་ལ་གོམས་ཤིང་འདྲིས་ན་བྱང་ཆུབ་ཐོབ། །ཅེས་སོ། །ཤར་ཤར་ཞེས་པ་གཉིས་ནི། འགྱུར་མེད་ཡོངས་གྲུབ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་དུ་གྱུར་པ། ཤར་མ་ཞེན་ཞེས་པ་ནི། ཆོས་རྗེ་འཇིག་རྟེན་གསུམ་གྱི་མགོན་པོས། ཆེན་པོ་གསུམ་གྱིས་མ་རེག་རྟོག་པའི་མཆོག །ཅེས་གསུངས་པ་ལྟར། གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་སྟེ། ཆེན་པོ་གསུམ་གྱིས་ཀྱང་མ་རེག་པ་དེ་ནི་རྟོགས་པའི་མཆོག་ཡིན་ནོ། །ཞེས་གསུངས་པ་དེའོ། །ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོ༔ ཞེས་པ་གཉིས་ནི། སྒོམ་རབ་ལ་རྣམ་རྟོག་སྒོམ་དུ་ཤར་བ་རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་དེའོ། །སྟོང་སྟོང་གཉིས་ནི། ཐག་ཁྲའི་སྦྲུལ་ལྟར་མེད་སྣང་གློ་བུར་བ། མི་སྟོང་མི་སྟོང་རྣམ་པར་སྟོང་ནི། མ་ཡིན་དགག་བླ་མེད་ཆོས་ཀྱི་གནས་ལུགས་མཐར་ཐུག་པ་ཡིན་ཏེ། རྒྱུད་བླ་མ་ལས། གློ་བུར་དག་གི་ཁམས་སྟོང་གི །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པ་ལྟར་རོ། །མ་འགགས་མ་འགགས་ནི་སྐུ་དང་ཡེ་ཤེས། འགག་འགག་ནི་གཉིས་འཛིན་གྱི་འཁྲུལ་སྣང་། འགག་པ་མེད་ནི་རང་བྱུང་ལྷུན་གྲུབ་ཀྱི་ཆོས་རྣམས། ཡེ་སྟོང་ཡེ་སྟོང་རྣམ་སྟོང་རྣམ་པར་སྟོང་ནི། ཡེ་གདོད་མ་ནས་དངོས་པོར་གྲུབ་མ་མྱོང་བ་གཞི་མེད་རྩ་བྲལ་འཁོར་འདས་ཀུན་ཁྱབ་བོ། །སྟེང་འོག་བར་མཚམས་ཕྱོགས་མེད་ཀུན་ཤར་འདི་ནི། ཆོས་ཉིད་རིས་མེད་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་སོ། །ཞེས་པ་བཀྲ་ཤིས་ཟུར་མང་གླིང་གི་དགེ་སློང་ཀརྨ་ཚེ་བརྟན་གྱིས་བསྐུལ་ངོར། མཁན་པོ་འབར་བ་ཆེན་པོས་བཀའ་བཀྱོན་དང་བཅས་ཏེ་བྲིས་པའི་ཡི་གེ་པ་ནི་ཞུ་བ་པོ་ཉིད་ཀྱིས་བགྱིས་པ་འགྲོ་རྣམས་བདུད་བཞིའི་གཡུལ་ལས་རྒྱལ་ཞིང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མངའ་བརྙེས་པར་གྱུར་ཅིག །བི་ཛ་ཡནྟུ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).