Terdzo-MA-022

From Rinchen Terdzö
Revision as of 22:08, 22 December 2017 by Jeremi (talk | contribs) (Text replacement - " {{Header }}" to " {{Header}}")

ཁྲག་འཐུང་བདེ་གཤེགས་འདུས་པ་ལས། རིམ་ལྔའི་ཁྲིད་ཡིག་ཟབ་ལམ་སྙིང་པོ་

khrag 'thung bde gshegs 'dus pa las/_rim lnga'i khrid yig zab lam snying po

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle  ཁྲག་འཐུང་བདེ་གཤེགས་འདུས་པ་ (Khrag 'thung bde gshegs 'dus pa)
parent cycle  གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ (Grub thob chen po'i thugs tig)
Volume 16 (མ) / Pages 577-598 / Folios 1a1 to 11b6

[edit]

༄༅། །ཁྲག་འཐུང་བདེ་གཤེགས་འདུས་པ་ལས། རིམ་ལྔའི་ཁྲིད་ཡིག་ཟབ་ལམ་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སརྦ་གུ་རུ་བུདྡྷཱ་ཡ་ན་མོ་ན་མཱ་མི། ཧེ་རུ་ཀ་དཔལ་གདོད་མའི་མགོན། །བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་པར། །བཏུད་ནས་རྫོགས་རིམ་ཟབ་དགུའི་བཅུད། །སྟན་ཐོག་གཅིག་ཏུ་བསྒོམ་ཚུལ་འཆད། །རྒྱུད་མ་ཧཱ་ཡོ་གའི་ཡི་དམ་དཀྱིལ་འཁོར་ཀུན་འདུས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་གཞུང་གི་གཙོ་བོ་བདེ་གཤེགས་འདུས་པ་ལ་རྩ་རླུང་ཐིག་ལེ་སེམས་དང་ཡེ་ཤེས་ལ་བརྟེན་པའི་ཁྲིད། གསང་རྫོགས་རིམ་པ་ལྔ་པ། རང་ཤར་གནམ་ཞལ་དོན་ཁྲིད་རྣམས་མཚན་གྱི་བྱེ་བྲག་ཙམ་ལས་དོན་གཅིག་ཅིང་། འདིར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གུ་རུ་པདྨ་འབྱུང་གནས་ལས་དངོས་སུ་གསན་ཅིང་། བཀའ་བབས་བདུན་ལྡན་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་འོད་གསལ་སྤྲུལ་པའི་རྡོ་རྗེས་ཉེ་བརྒྱུད་དུ་བསྩལ་པའི་ཁྲག་འཐུང་བདེ་གཤེགས་འདུས་པའི་རིམ་པ་གསུམ་པ་ཐུགས་རྫོགས་པའི་སྒྲུབ་ཐབས་འདི་ཉིད་ཆོས་དབང་རིན་པོ་ཆེའི་གསང་རྫོགས་དང་ཚིག་དོན་གཉིས་ཀ་་་མཚུངས་ཤིང་། བཀའ་བརྒྱད་རྣམ་པ་གསུམ་ཀའི་ཁྲིད་རྒྱུན་གྱི་བྱིན་རླབས་ཆུ་བོ་གཅིག་ཏུ་འདུས་པ་སྔ་ན་མེད་པའི་ངོ་མཚར་རྨད་དུ་བྱུང་བའི་ཟབ་ཆོས་ཁྱད་པར་ཅན་ཡིན་པས་འདི་ཉིད་འཆད་པ་ལ་དོན་གསུམ། སྔོན་འགྲོ་དཔྱིད་ལས་དང་འདྲ་བ་སེམས་ཀྱི་གདར་ཤ་གཅོད་པའི་ཁྲིད། དངོས་གཞི་དབྱར་ལས་དང་འདྲ་བ་ལམ་གྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་སྒྲིག་པའི་ཁྲིད། རྗེས་སྟོན་ལས་དང་འདྲ་བ་ཡེ་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པའི་ཁྲིད་དོ། །དང་པོ་ལ་གཉིས། ཐུན་མོང་དང་། ཐུན་མིན་ནོ། །དང་པོ་ལ་ལྔ། བློ་ཆོས་ལ་བསྐུལ་བ། འཇུག་སྒོ་སྐྱབས་སེམས། རྒྱུད་སྦྱོང་བ། ཚོགས་གསོག་པ། བྱིན་རླབས་བསྐུལ་བའོ། །དང་པོ་ནི། མཚན་ཉིད་དང་ལྡན་པའི་བླ་མ་ལས་འདི་ཉིད་ཀྱི་སྨིན་གྲོལ་ལེགས་པར་ནོས་ཤིང་དམ་ཚིག་མ་ཉམས་པའི་སྒྲུབ་པ་པོས་་དབེན་པའི་གནས་སུ་ལུས་གནད་བསྲང་། རླུང་རོ་བསལ། རྣམ་རྟོག་གི་སྤུན་ཐག་བཅད་དེ་འདི་ལྟར་བསམ། བདག་གིས་ད་རེས་དལ་འབྱོར་གྱི་མི་ལུས་རྙེད་དཀའ་ཞིང་ཕན་འདོགས་ཆེ་བ་ཐོབ། བླ་མ་དགེ་བའི་བཤེས་གཉེན་དང་མཇལ། དམ་པའི་ཆོས་ཟབ་མོ་ཐོབ་པའི་སྐབས་སུ། ལེ་ལོ་དང་ཕྱི་བཤོལ་དུ་མ་བཞག་པར་རྟེན་འདི་ལ་སྙིང་པོ་ལོངས་ངེས་ཤིག་མ་བྱས་ན། ཕྱི་ནམ་ཟླ་དུས་བཞི། ནང་དགྲ་གཉེན་སྐྱེ་འཆི། གསང་བ་རང་གི་རྣམ་པར་རྟོག་པ་སྐད་ཅིག་མ་གང་ལ་བརྟགས་ཀྱང་མི་རྟག་ཅིང་མི་བརྟན། མྱུར་དུ་འཇིག །ངེས་པ་མེད། འཆི་བ་ལ་ཅིས་ཀྱང་མི་སྟོངས། ཤི་ནས་ལུས་དང་། ལོངས་སྤྱོད་དང་། ཉེ་དུ་སོགས་གང་ཡང་རྗེས་སུ་མི་འབྲང་། དེ་དག་གིས་བདག་འདོར། བདག་གིས་དེ་དག་བསྐྱུར་ནས་ག་ཤེད་གཅིག་ཏུ་ཆ་མེད་སར་འགྲོ་བའི་དུས་ལས་འབའ་ཞིག་རྗེས་སུ་འབྲངས་ཏེ། སྡིག་པ་མི་དགེ་བའི་ལས་ཀྱིས་དམྱལ་བར་སྐྱེས་ན་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད་སོགས་དྲན་པས་ཀྱང་སྐྱི་གཡའ་བའི་སྡུག་བསྔལ་ཉམས་སུ་དངོས་སུ་མྱོང་ན་ཅི་ཙུག་བྱེད། དེར་མ་ཟད་མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་དང་། བལྟར་མི་མངོན་པར་འགྱུར་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ། དེ་བས་ན་འཁོར་བའི་གནས་ཐམས་ཅད་མེའི་འོབས། སྤུ་གྲིའི་ཚལ། རལ་གྲིའི་ནགས་ལྟར་ཤེས་པས་ཡིད་ངེས་པར་འབྱུང་བའི་བློ་དྲག་ཏུ་བསྐྱེད་པར་བྱའོ། །གཉིས་པ་འཇུག་སྒོ་སྐྱབས་སེམས་ནི། འཁོར་བའི་སྡུག་བསྔལ་དེ་ལས་ངེས་པར་སྐྱོབ་ནུས་པ་བླ་མ་དཀོན་མཆོག་རིན་པོ་ཆེ་ཡིན་པས་དེ་ལ་སྐྱབས་སུ་འགྲོའོ་སྙམ་པས། མདུན་གྱི་ནམ་མཁར་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་མངོན་སུམ་བཞིན་དུ་བཞུགས་པ་ལ། བདག་གཞན་སེམས་ཅན་ཐམས་ཅད་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པ་རྩེ་གཅིག་པས། ན་མོ༔ བྱིན་རླབས་རྩ་བ་བླ་མ་དང༔ བསླུ་མེད་དཀོན་མཆོག་རྣམ་པ་གསུམ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་ལ༔ སྙིང་ནས་གུས་པས་སྐྱབས་སུ་མཆི༔ ཞེས་དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པས་སྙིང་ཐག་པ་ནས་སྐྱབས་འགྲོ་ཅི་ནུས་སུ་བྱའོ། །སེམས་བསྐྱེད་པ་ནི། སྡུག་བསྔལ་ཅན་གྱི་འཁོར་བ་དེ་ཐམས་ཅད་རང་གི་ཕ་མ་དྲིན་ཅན་ཡང་དང་ཡང་དུ་བྱས་པར་ཤེས་པས། བདེ་བ་དང་འཕྲད་འདོད་ཀྱི་བྱམས་པས་མདུན་བསུ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེས་གཞུང་བསྲང་། ཕན་བདེ་བླ་ན་མེད་པ་ལ་བདག་གིས་འགོད་པར་བགྱིའོ་སྙམ་དུ་སྨོན་པ་དང་། དེའི་ཆེད་དུ་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་རླབས་པོ་ཆེ་ལ་བསླབ་པ་འཇུག་པ་སྟེ་ཀུན་རྫོབ་བྱང་ཆུབ་སེམས་རྩལ་དུ་བཏོན་ལ། ངག་ཏུའང་། མ་གྱུར་རིགས་དྲུག་སེམས་ཅན་ལ༔ བྱམས་དང་སྙིང་རྗེས་ཀུན་བསླངས་ཏེ༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི༔ ཞེས་ལན་མང་དུ་བརྗོད་ཅིང་བློ་སྦྱང་བར་བྱའོ། །གསུམ་པ་རྒྱུད་སྦྱོང་བ་ནི། རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ༔ རྡོ་རྗེ་དྲིལ་འཛིན་དར་དང་རིན་ཆེན་བརྒྱན༔ པད་ཟླའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དཀར་པོས་མཚན༔ སྡིག་ལྟུང་ལ་འགྱོད་སྐྱབས་གསོལ་སྔགས་བཟླས་པས༔ ཧཱུྃ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་རྒྱུན༔ ཞབས་ཀྱི་མཐེ་བོང་ལས་བརྒྱུད་རང་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པར་གྱུར༔ ཡི་གེ་བརྒྱ་པ་བརྒྱ་སྟོང་ཁྲི་འབུམ་དུ་བཟླ༔ མཐར་རང་ལ་བསྟིམ༔ རང་རྡོ་རྗེ་སེམས་དཔར་གསལ་ལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་བཟླས་པའི་མཐར་ཐོག་མ་དང་མཐའ་མ་མེད་པའི་བྱང་ཆུབ་སེམས་རྡོ་རྗེ་སེམས་དཔའི་ངང་ལ་བཞག་གོ །འདི་ཉིད་སྒྲིབ་པ་བྱང་བའི་རྟགས་ཡང་ཡང་མ་བྱུང་བའི་བར་དུ་འབད་པ་གལ་ཆེའོ། །བཞི་པ་ཚོགས་གསོག་པ་ནི། སྣོད་དག་པའི་ཞིང་ཁམས། གནས་ཁང་རིན་པོ་ཆེའི་གཞལ་མེད་ཁང་། ཡོ་བྱད་བྱང་ཆུབ་སེམས་དཔའི་མཆོད་སྤྲིན་དུ་དམིགས། མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཀོན་མཆོག་རྒྱ་མཚོ་མངོན་སུམ་བཞིན་དུ་བཞུགས་པར་བསམ། བདག་གཞན་སེམས་ཅན་ཐམས་ཅད་ཐབས་གཅིག་ཏུ་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་པ་བགྱིད་པར་བསམ་ལ། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ ཞིང་རྡུལ་སྙེད་ཀྱི་ལུས་སྤྲུལ་ཏེ༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད༔ སྡིག་ལྟུང་འགྱོད་པས་སྙིང་ནས་བཤགས༔ བྱང་ཆུབ་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ ཅེས་ལན་གྲངས་མང་དུ་བརྗོད། མཆོད་པའི་མཎྜལ་ཚོམ་བུ་སོ་བདུན་མ་སོགས་སྤྱི་ལྟར་བཀོད་ཅིང་འབུལ་བ་དང་། ཁྱད་པར་རང་གཞན་གྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་མཎྜལ་དུ་ཕུལ་ལ། ཨོཾ་ཨཱཿཧཱུྃ༔ བདག་གཞན་ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ བཀོད་པ་རབ་རྫོགས་ཞིང་ཁམས་འབྱོར་པའི་སྤྲིན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་རྡོ་རྗེའི་ཞིང་ལ་སྤྱོད་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བྷྱཿམཎྜ་ལ་པཱུ་ཛ་ཧོ༔ མཐར་ཚོགས་ཞིང་རང་ལ་བསྟིམ༔ འདིའང་ཚོགས་རྫོགས་པའི་རྟགས་མ་མཐོང་གི་བར་དུ་འབད་དོ། །ལྔ་པ་བྱིན་རླབས་བསྐུལ་བ་ནི། ཐོག་མར་རྟེན་གསལ་གདབ་སྟེ། ཨོཾ་ཨཱཿཧཱུྃ༔ དབྱིངས་ནི་རྣམ་པར་དག་པ་ཆོས་ཀྱི་སྐུ༔ རིག་པ་ཡེ་ཤེས་འོད་ལྔ་ལོངས་སྤྱོད་རྫོགས༔ ཐུགས་རྗེས་འགྲོ་བའི་དོན་མཛད་སྤྲུལ་པའི་རྩལ༔ སྐུ་གསུམ་དབྱེར་མེད་ཀུན་ཏུ་འཆང་ཆེན་པོ༔ ནམ་མཁའི་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན༔ རང་འོད་ཡུམ་འཁྱུད་དར་དང་རིན་ཆེན་བརྒྱན༔ སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་འོད་ཟེར་འཕྲོ་བའི་ཀློང་ན་རོལ༔ བརྒྱུད་གསུམ་རིག་འཛིན་བླ་མ་སྤྲིན་ལྟར་གཏིབས༔ ཡི་དམ་ཞི་ཁྲོ་རབ་འབྱམས་འཇའ་ལྟར་ཤར༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཟེར་ལྟར་འཕྲོ༔ མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པར་གྱུར༔ ཅེས་དམིགས་ལ་བྱང་གཏེར་བླ་མ་སྐུ་གསུམ་མའི་གསོལ་འདེབས་དང་། སྤྲོས་བྲལ་བདེ་ཆེན། འདི་ཉིད་ཀྱི་བརྒྱུད་པའི་གསོལ་འདེབས་རྣམས་ཀྱང་བྱ། མདོར་བསྡུས། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ བདག་ལ་རེ་ལྟོས་ཁྱེད་ལས་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔ སྡུག་བསྔལ་འཁོར་བའི་འདམ་ནས་དྲོངས༔ ཞི་བསིལ་བདུད་རྩིའི་ཆར་ཆེན་ཕོབ༔ སྐུ་གསུང་ཐུགས་ཀྱིས་རྗེས་སུ་ཟུངས༔ སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཞེས་མོས་གུས་གདུང་ཤུགས་དྲག་པོས་བྱིན་རླབས་ཞུགས་པའི་ཉམས་མ་སྐྱེས་བར་ཅི་ནུས་སུ་གསོལ་བ་བཏབ་ལ། མཐར་ཨོཾ་ཨཱཿཧཱུྃ༔གིས་ཐུགས་དམ་བསྐུལ་བས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་སྤྲོས། རང་གི་གནས་གསུམ་དུ་རིམ་དང་གཅིག་ཅར་དུ་ཞུགས་ཤིང་ཐིམ་པས་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། མཐར་ཤེལ་འོད་ནང་དུ་ནུབ་པ་བཞིན་འཁོར་རྣམས་བླ་མ་ཡབ་ཡུམ་ལ་ཐིམ། བླ་མ་ཡབ་ཡུམ་རང་རིག་པ་སྐྱེ་མེད་ཀྱི་ངང་དུ་ཐིམ་པར་བསམས་ལ་དགོངས་པ་བསྐྱང། ཐུན་འཇོག་པ་ན་བསྔོ་བས་རྒྱས་གདབ། སྣང་གྲགས་རིག་གསུམ་བླ་མའི་དཀྱིལ་འཁོར་ལམ་དུ་ཁྱེར་རོ། །གཉིས་པ་ཐུན་མིན་གྱི་སྔོན་འགྲོ་ནི། གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས་བསྐྱེད་རིམ་ལ་རྟེན་བྱས་ནས་རིམ་ལྔ་སྟན་གཅིག་ཏུ་བསྒོམ་ཚུལ་གསལ་བར་བསྟན་པ་ལྟར་གཞུང་འདི་ཉིད་ལས་ཀྱང་ཐོག་མར་ཕྱི་དཀྱིལ་ལ་རྟེན་བྱས་ནས་གསལ་བརྟན་དག་གསུམ་དང་ལྡན་པའི་ཏིང་ངེ་འཛིན་ཡུལ་གསུམ་གསལ་བར་མ་གྱུར་གྱི་བར་་དུ་བསྒོམས་ལ་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་མཐར་ཕྱིན་བར་བྱ་བར་གསུངས་པ་ལྟར་གྲུབ་ན་མཆོག་ཏུ་འགྱུར། དེ་ལྟར་མི་འགྲུབ་པའམ་གྲུབ་ཀྱང་རྫོགས་རིམ་གྱི་རྟེན་དུ་གྱུར་པ་ནི་ནང་ལུས་ཀྱི་དཀྱིལ་འཁོར་ཉིད་ཡིན་པས་འདི་ལྟར་བསྒོམ་པར་བྱ་སྟེ། ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ངང་ལས། སྐད་ཅིག་གིས་པདྨ་ཉི་ཟླ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ། རང་རིག་སྐད་ཅིག་གིས་དཔལ་ཆེན་པོ་སྐུ་མདོག་མཐིང་ནག་ནམ་མཁའ་དྭངས་པའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་སྒེག་པ་ལ་སོགས་པའི་ཉམས་དགུས་བརྗིད་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་པས་དུང་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ་དཔལ་གྱི་ཆས་བཅུ། དུར་ཁྲོད་རུས་པའི་རྒྱན་གྱིས་བརྒྱན་ཅིང་ཞབས་བརྐྱང་བསྐུམ་བཞེངས་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གསལ་བའི་སྤྱི་གཙུག་ཏུ་བླ་མ་རྡོ་རྗེ་ཆོས་དཀར་དམར། དཔྲལ་བར་འཇམ་དཔལ་གཤིན་རྗེའི་གཤེད། མགྲིན་པར་དབང་ཆེན་རྟ་མགྲིན་དམར་སྨུག །ཐུགས་ཀར་དཔལ་ཆེན་ཡང་དག །ལྟེ་བར་རྡོ་རྗེ་གཞོན་ནུ། གསང་བར་མངོན་རྫོགས་རྒྱལ་པོ། བརླ་གཡས་དྲེགས་པ་ཀུན་འདུལ། བརླ་གཡོན་སྟོབས་ལྡན་ནག་པོ། ཐམས་ཅད་ཀྱང་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཕྱག་མཚན་དང་རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པར་གསལ་བཏབ་ལ་ཐ་མལ་ལུས་སེམས་ཀྱི་སྣང་ཞེན་དཔལ་ཆེན་པོའི་སྐུ་དང་ང་རྒྱལ་དུ་ཤར་བ་དང་། ཅིར་སྣང་ཐམས་ཅད་ཀྱང་ལྷའི་སྐུ་སྒྱུ་མ་ལྟ་བུར་ཐོག་མར་བཅོས་ཏེ་བསྒོམ། མཐར་བཅོས་མེད་རང་ཤར་འབྱུང་བའི་ཏིང་ངེ་འཛིན་རྩེ་གཅིག་པ་ལ་བསླབ། གཙོ་བོའི་ཐུགས་ཀར་མི་འགྱུར་བའི་ཐུགས་སྲོག་ཧཱུྃ་ཡིག་མཐིང་ནག་མར་མེ་འབར་བ་ལྟ་བུའི་འོད་འཕྲོ་བ་ལ་སེམས་བཟུང་། སྒྲར་གྲགས་པ་ཐམས་ཅད་ཧཱུྃ་གི་རང་སྒྲ་དིར་དིར་སྒྲོག་པར་དམིགས་ལ་ཧཱུྃ་བཟླས་ཅི་རིགས་བྱ། དེ་དག་གཞུང་ཚིག་གིས་གསལ་འདེབས་པར་སྤྲོ་ན། རང་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཕྱག་རྒྱ་གཅིག་པའི་སྐུར་གསལ་བའི༔ ཕྱི་དབྱིབས་ལུས་ནི་གཞལ་མེད་ཁང༔ ནང་གི་རྩ་རླུང་ཐིག་ལེའི་ཁམས༔ སེམས་དང་དབྱེར་མེད་དཀྱིལ་འཁོར་ཏེ༔ སྤྱི་གཙུག་བླ་མ་རྡོ་རྗེ་ཆོས༔ གནས་ལྔར་གཤིན་རྗེ་རྟ་མཆོག་དཔལ༔ ཡང་དག་ཆེ་མཆོག་ཀཱི་ལ་ཡ༔ ནོར་བུར་བླ་མེད་བརླ་གཡས་གཡོན༔ དྲེགས་པ་དྲག་སྔགས་ལྷ་ཚོགས་གསལ༔ ཐུགས་སྲོག་ཧཱུྃ་ལ་སེམས་གཏད་བཟླ༔ ཞེས་སོ། །དེ་ལ་གོམས་ན་སྣང་སྲིད་གཞིར་བཞེངས་ཡོངས་གྲུབ་རྫོགས་པའི་བསྐྱེད་ཚུལ་ལ་བརྟེན་ནས་ལུས་དབེན་མཐར་ཕྱིན་པ་འགྲུབ་བོ། །གཉིས་པ་དངོས་གཞིའི་ཁྲིད་ལ་རིམ་པ་ལྔ་སྟེ། སྔགས། སེམས། སྒྱུ་ལུས། འོད་གསལ། ཟུང་འཇུག་གི་རིམ་པའོ། །དང་པོ་སྔགས་ཀྱི་རིམ་པ་ནི། སྣང་བ་ཙམ་འདི་ལྷའི་སྐུར་རང་ཤར་བའི་ལུས་དབེན་ནམ། ཚུལ་བཞིན་མ་གྲུབ་ན་རྫོགས་པའི་བསྐྱེད་རིམ་དེ་ཉིད་ལ་རྟེན་བྱས་ཏེ་ལུས་གནད་ལེགས་པར་བསྲང་། སྣ་བུག་གཡས་གཡོན་དབུས་གསུམ་ནས་རླུང་རོ་ལན་གསུམ་བསལ་བས་དུག་དབྱུང་། རང་ལུས་དཔལ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུའི་སྐུར་གསལ་བའི་ལུས་ནང་སྟོང་སང་ངེ་བའི་དབུས་སུ། རྩ་དབུ་རྐྱང་རོ་མ་གསུམ། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི་རྣམས་དྭངས་གསལ་རྙོགས་པ་མེད་པ་སྤྱི་ལྟར་བསྒོམས་ལ་གསལ་སྣང་ཐོན་པར་བྱ། སླར་རླུང་རོ་ལན་གཅིག་དལ་ལ་རིང་བ་བསལ་ལ་ཡུན་གཅིག་རང་གར་བཞག །དེ་ནས་རླུང་ནང་དུ་འཇུག་པ་ཉིད་ཨོཾ་གྱི་གདངས་སུ་དྲན་པར་བྱས་ཏེ་སྣའི་སྒོ་ནས་རོ་རྐྱང་གཉིས་བརྒྱུད། དབུ་མའི་ནང་དུ་ཞུགས་པར་བསམ། གནས་པའི་ཚེ་ཨཱཿའི་གདངས་སུ་དྲན་པར་བྱས་ལ་ཡུན་རིང་བསྲིང་ཞིང་བཟུང་། ཕྱིར་ལྡང་བ་ན་ཧཱུྃ་གི་གདངས་སུ་དྲན་པར་བྱས་ལ་ནར་གྱིས་འཕེན། དེ་ལྟར་འཇུག་གནས་ལྡང་གསུམ་འབྲུ་གསུམ་དང་སྦྱར་བའི་རྡོ་རྗེའི་བཟླས་པ་ཉིད་རྩེ་གཅིག་ཏུ་བྱས་པས། རླུང་རྒྱུ་བའི་གྲངས་དང་ཁ་དོག་དང་རེག་བྱའི་མཚན་མ་ཡིད་ཡུལ་དང་མངོན་སུམ་དུ་གསལ་བའི་རྟགས་མཐོང་། མཐར་སྒྲ་མཐའ་ནཱ་ད་མི་ཤིགས་རང་བྱུང་རྡོ་རྗེའི་སྔགས་སུ་སྨིན་ནས་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །དེའི་བོགས་འདོན་པའི་སླད་དུ་རླུང་སྟེང་འོག་ཁ་སྦྱོར་དུ་དགང་ཞིང་གཞིལ། མི་ཐུབ་པའི་ཚེ་ཕྱིར་ལྷག་མེད་དུ་འབུད་པ་བུམ་པ་ཅན་སྦྱོར་བ་བཞི་ལྡན་ལ་སྦྱོང་། དེ་ལ་བྱང་ནས་གཏུམ་མོ་སྦར་བས་དྲོད་སྐྱེད་པ་ནི། ལུས་གནད་ཐབ་འགལ་དྲུག་འཆིང་བྱ། རང་ལུས་དཔལ་ཆེན་པོ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པར་གསལ་བའི་ལྟེ་བའི་རྩ་འཁོར་གྱི་དབུས་སུ་ཡུམ་གནམ་ཞལ་མའི་ངོ་བོ་རཾ་ཡིག་དམར་ལ་འཚེར་བ་གསལ་གདབ། བུམ་པ་ཅན་གྱི་རླུང་སྦྱོར་གྱིས་བསྐུལ་བས་རཾ་ཡིག་ལས་ནཱ་ད་ཤིན་ཏུ་ཕྲ་བའི་མེ་ལྕེ་དམར་ཁྱུག་གིས་བྱུང་། ལྟེ་སྙིང་མགྲིན་པ་སྤྱི་བོའི་བར་དུ་འཁྱུག་ཅིང་འབར་བས་འཁོར་ལོའི་གནས་ཐམས་ཅད་གང་མཐར་ལུས་ཐམས་ཅད་གང་བས་ལྕགས་གོང་མེར་བསྲེགས་པ་ལྟར་གྱུར། ཕྱི་ནང་ཐམས་ཅད་གཏུམ་མོའི་མེ་དྲོད་ཀྱིས་ཁྱབ་ནས་ཚ་འུར་གྱིས་བྱུང་བར་བསམས་ལ་འབར་སྣང་གསལ་ལ་བརྟན་པར་བྱ། དེ་ལ་གོམས་པས་དྲོད་རྩོལ་མེད་དུ་ཐོབ་པ་ན་བདེ་བས་བསྐུལ་བ་ནི། སྤྱི་བོའི་འཁོར་ལོའི་དབུས་སུ་ཧེ་རུ་ཀ་ཡི་ངོ་བོ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་བདེ་བའི་ངང་དང་ལྡན་པ་གསལ་གདབ། རླུང་བུམ་ཅན་བཟུང་། གཏུམ་མོ་སྔར་བཞིན་སྦར་བས་མེ་ལྕེས་སྤྱི་བོའི་ཧཾ་ལ་རེག་པས་ཐིག་ལེ་ཕྲ་མོའི་རྒྱུན་དཀར་ནར་གྱིས་དྲང་། ཐོག་མར་སྤྱི་བོའི་འཁོར་ལོ་གང་། དགའ་བའི་ཡེ་ཤེས་སྐྱེས་པར་བསམ། རིམ་གྱིས་མགྲིན་པར་མཆོག་དགའ། སྙིང་གར་ཁྱད་དགའ། ལྟེ་བར་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པར་མོས་ལ་རེ་རེ་བཞིན་བདེ་བའི་རང་ངོར་བལྟས་ལ་རྣམ་པར་མི་རྟོག་པ་ཀ་དག་གི་ངང་དུ་བཞག །དེ་ལྟར་འབད་པས་བདེ་དྲོད་གཉིས་ཀྱིས་ཐབས་བྱས་ཏེ། རླུང་དབུ་མར་ཟིན། རྟོག་མེད་ལ་ཤུགས་ཀྱིས་གནས་པས་རླུང་དང་ངག་དབེན་མཐར་ཕྱིན་པ་འགྲུབ་བོ། །གཉིས་པ་སེམས་ལ་དམིགས་པའི་རིམ་པ་ནི། རང་ལུས་ལྷ་སྐུ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་སྔར་བཞིན་གསལ་གདབ། སྙིང་གའི་རྩ་འཁོར་འདབ་མ་བརྒྱད་པའི་དྷཱུ་ཏིའི་དབུས་སུ་ཨ་ཡིག་དཀར་ལ་འཚེར་བ། དེའི་མཐའ་སྐོར་དུ་དབྱངས་ཡིག་བཅུ་དྲུག །དེ་རྒྱབ་གསལ་བྱེད་སོ་གཉིས་ཀྱི་ཕྲེང་བས་བསྐོར་བ། ཐམས་ཅད་ཀྱང་དངུལ་དཀར་ལུགས་སུ་བླུགས་པ་ལྟ་བུའི་ཁ་དོག་དཀར་ཙེ་རེ་བ་གསལ་བཏབ་ལ་རླུང་སྙིང་གའི་བུམ་ཅན་བཟུང་ནས་ཐོག་མར་གསལ་བྱེད་ལ་སེམས་བཟུང་བས་སྣང་བའི་ཡེ་ཤེས་དམར་ལམ་ཉི་ཟེར་ལྟ་བུ་འཆར། དེ་ནས་དབྱངས་ཡིག་ལ་སེམས་བཟུང་བས་སྣང་བ་མཆེད་པའི་ཡེ་ཤེས་དཀར་ལམ་ཟླ་འོད་ལྟ་བུ་འཆར། མཐར་དབུས་ཀྱི་ཨ་ཡིག་ལ་སེམས་བཟུང་བས་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་ནག་ལམ་མུན་པ་ལྟ་བུ་འཆར། གོམས་ན་བདེ་སྟོང་མི་རྟོག་པའི་ཏིང་ངེ་འཛིན་མངོན་དུ་གྱུར་ནས་ཡིད་དབེན་མཐར་ཕྱིན་པར་འགྲུབ་བོ། །གསུམ་པ་སྒྱུ་ལུས་ཀྱི་རིམ་པ་ནི། རང་གི་སྙིང་ནང་ཨ་དཀར་པོ་གསལ། དེ་ལས་འོད་ཟེར་འཕྲོས། ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་པས་སྒྲིབ་པའི་དྲི་མ་སངས་ཀྱིས་དག །རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་ཅན། ཞབས་སྐྱིལ་ཀྲུང་སེང་ཁྲི་པད་ཉི་ཟླ་བའི་སྟེང་དུ་ཡེ་ཤེས་ཀྱི་འོད་ལྔ་འཁྱིལ་པའི་ཀློང་ན་བཞུགས་པ་ཆུ་ཟླ་འཇའ་ཚོན་ལྟ་བུ་སྣང་བ་དངོས་པོ་མེད་པར་གསལ་གདབ། དེ་ལ་ཟིན་པ་དང་ལུས་ནང་རྩ་གསུམ་འཁོར་ལོ་བཞི་གསལ་བའི་སྤྱི་བོའི་འཁོར་ལོའི་དབུས་སུ་ཨ་ཡིག་དཀར་པོ་ལ་སེམས་གཏད། དེ་ལས་འོད་ཟེར་བྱུང་རང་དང་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ལ་ཁྱབ་པས་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་སྒྱུ་མ་དང་རྨི་ལམ་ཆུ་ཟླ་ལྟ་བུའི་ལྷའི་སྐུ་དང་སྣང་སྲིད་དག་པ་རབ་འབྱམས་ཀྱི་རང་བཞིན་དུ་དམིགས་ལ་རྩེ་གཅིག་ཏུ་བསྒོམ། གསལ་སྣང་སྐྱེས་ན་དེ་ལ་ཞེན་པ་སྤང་ཞིང་བོགས་དབྱུང་བའི་སླད་དུ་སྤྱི་བོའི་བུམ་པ་ཅན་བཟུང་། མི་རྟོག་པའི་ངང་དུ་ཆམ་མེར་བཞག །ཐམས་ཅད་སྒྱུ་མར་ཤེས་པས་མི་ཕོད་པ་ལ་ཐོག་བརྫིས་སོགས་བདེན་ཞེན་མེད་པའི་བརྟུལ་ཞུགས་སྤྱད་པས་ཏིང་ངེ་འཛིན་རིམ་པར་བརྟན་ཅིང་རླུང་སེམས་སྒྱུ་མ་ལྟ་བུའི་ཕྱག་རྒྱའི་ཡེ་ཤེས་འགྲུབ་པར་འགྱུར་རོ། །དེའི་ཡན་ལག་རྨི་ལམ་ལམ་དུ་ཁྱེར་བ་ལ། མགྲིན་པའི་རྩ་འཁོར་གྱི་དབུས་སུ་ཨ་ཡིག་དམར་པོ་གསལ་བཏབ་ལ་མགྲིན་པའི་བུམ་ཅན་འཆིང་ཞིང་དེ་ལ་རླུང་སེམས་བསྡུ། འདི་ཐམས་ཅད་རྨི་ལམ་ཡིན་སྙམ་པའི་འདུ་ཤེས་དང་མ་བྲལ་བར་བྱ། ཉལ་ཁར་དམིགས་པ་དང་རླུང་སྦྱོར་བྱས་པའི་མཐར་དོ་ནུབ་ཅིས་ཀྱང་རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་བཏང་ལ་རྟོག་མེད་ངང་དུ་གཉིད་ལོག་པ་ལ་སྦྱངས་པས་ནམ་འདོད་དུ་རྨི་ལམ་ཟིན་པ་བྱུང་ན་ཉིན་གྱི་སྒོམ་ཚུལ་ལྟར་རྨི་ལམ་ཉིད་ལྷ་སྐུ་སྒྱུ་མར་ལྡང་ཞིང་མཐར་མི་རྟོག་པའི་དབྱིངས་སུ་བསྟིམ་ལ་མཉམ་པར་བཞག །དེ་ལ་གོམས་འདྲིས་བརྟན་པ་ཐོབ་ནས་དབྱིངས་སུ་བསྡུས་ནས་སླར་ལྷ་སྐུ་སྒྱུ་མར་ལྡང་བ་དང་། སྣ་ཚོགས་སུ་སྤྲུལ་ཞིང་གཞན་དང་གཞན་དུ་སྒྱུར་བ་སོགས་ལ་རིམ་པར་སྦྱངས་པས་རྩལ་ལེགས་པར་འབྱོངས་པའི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པ་ཉིན་དང་མཚན་དུ་བརྟན་པས་འཁོར་འདས་ཐམས་ཅད་ལ་རྒྱས་ཐེབས་པར་འགྱུར་རོ། །བཞི་པ་འོད་གསལ་གྱི་རིམ་པ་ནི། རང་གི་གཞི་ལུས་རྡོར་སེམས་སམ་ཧེ་རུ་ཀའི་སྐུར་གསལ་བའི་ལུས་ཀྱི་ནང་ཨ་བ་དྷཱུ་ཏི་དཀར་པོ་གསལ་བའི་སྙིང་གའི་སྦུབས་སུ་ཨ་ཡིག་དཀར་གསལ་འོད་ཟེར་ཁ་དོག་ལྔ་ལྡན་གྱི་གོང་བུ་རྒྱ་སྲན་ཙམ་བསྒོམ། དེ་ལ་སེམས་རྩེ་གཅིག་ཏུ་བཟུང་ཞིང་སྙིང་གའི་བུམ་ཅན་འཆིང་། གསལ་སྣང་སྐྱེས་པ་དང་མི་རྟོག་པའི་ངང་དུ་བསྲེས་ལ་རང་བཞིན་གྱིས་འོད་གསལ་བའི་ངང་དུ་ཡུན་རིང་མཉམ་པར་བཞག །མཐར་ཨ་ཡིག་ལས་འོད་ཟེར་འཕྲོས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་མེར་མེར་ཤིག་ཤིག་གཡོས། ཐམས་ཅད་ཀྱང་སྨིག་རྒྱུ་བཞིན་དུ་ཡལ་ནས་ཨ་ལ་ཐིམ། ཨ་ཡིག་སྐྱེ་བ་མེད་པའི་དོན་དྲན་པར་བྱས་ལ་སེམས་བཟུང་ནས་སྣང་བའི་ཡེ་ཤེས་དྲན། དེ་མཆེད་པ། དེ་ཉེར་ཐོབ། དེ་འོད་གསལ་བའི་སེམས་ཉིད་ཨ་ལ་ཐིམ། དེའང་མི་དམིགས་པ་གཉུག་མའི་ངང་དུ་བཞག །དེ་ལ་ཡུན་རིང་སྦྱངས་ནས་གོམས་པར་གྱུར་པ་ན་མཚན་མོ་གཉིད་ཁར་དེ་ཉིད་བསྒོམས་ལ་སྣང་མཆེད་ཐོབ་གསུམ་ངོས་ཟིན་པར་བྱ། མཐར་རྟོག་མེད་འོད་གསལ་གྱི་ངང་དུ་ཉལ་བས་སྲབ་འཐུག་གི་འོད་གསལ་རིམ་གྱིས་ཟིན། ཉིན་མཚན་གཉིས་ཀྱི་འོད་གསལ་ཁ་སྦྱོར་དུ་འཆར། དེ་དག་བརྟན་ནས་ཆོས་ཐམས་ཅད་འོད་གསལ་གཉུག་མའི་རང་བཞིན་ལས་མ་གཡོས་པའི་དགོངས་པའི་གདིང་ཆེན་ཐོབ་པར་འགྱུར་རོ། །དེའི་བོགས་དབྱུང་བའི་སླད་དུ་ཐོག་མར་ཡིད་རིག་ཡེ་རྒྱ་དང་འབྱོངས་ནས་དངོས་རིག་ལས་རྒྱ་ལ་སློབ་ཚུལ་གསང་བ་སྤྱི་བཞིན་བྱས་པས་སྙོམས་འཇུག་གི་ཐབས་མཁས་ལ་བརྟེན་ནས་བདེ་རླུང་སེམས་གསུམ་དབྱིངས་སུ་ཐིམ་པ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་བཙན་ཐབས་སུ་འབྱུང་བར་འགྱུར་རོ། །ལྔ་པ་ཟུང་འཇུག་གི་རིམ་པ་ནི། གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། སྣང་བའི་ཆ་ནས་སྒྱུ་ལུས་དང་། །རང་བཞིན་ཆ་ནས་འོད་གསལ་གཉིས། །ཟུང་འཇུག་དབྱེར་མེད་སྐུ་ཡིན་ཏེ། །སྟོང་པ་ཉིད་ལས་གཟུགས་གཞན་མེད། །གཟུགས་ལས་གུད་པའི་སྟོང་པ་མེད། །ནམ་མཁའི་ངང་ནས་འཇའ་སྤྲིན་བཞིན། །ཟུང་འཇུག་མཉམ་བཞག་དེ་ལྟར་བསྒོམ། །ཞེས་གསུངས་ཏེ། སྒྱུ་མའི་རིམ་པ་བསྒོམས་པའི་གྲུབ་འབྲས་སྒྱུ་མའི་སྣང་བ་ཐམས་ཅད་མི་རྟོག་པ་སྟོང་པའི་དབྱིངས་སུ་བསྡུ། དེའི་ངང་ལ་རླུང་སེམས་ཙམ་ལས་གྲུབ་པའི་ལྷའི་སྣང་བར་ལྡང་། དེ་ལྟ་བུའི་ཏིང་ངེ་འཛིན་ལ་རྩལ་སྦྱང་ཞིང་དེ་ལའང་འཛིན་ཞེན་མེད་པར་བསྐྱངས་པས་རྣམ་པ་སྒྱུ་མའི་རང་བཞིན་གྱི་ལྷ་སྐུ་དང་། ངོ་བོ་རྟོག་མེད་འོད་གསལ་བའི་སེམས་ཉིད་གཉིས་འབད་རྩོལ་བཅོས་བསླད་མེད་པར་ངང་ངམ་ཤུགས་ཀྱིས་ཟུང་དུ་འཇུག་པ་ནི་སློབ་པའི་ཟུང་འཇུག་གི་ངོ་བོ་ཡིན་ནོ། །དེའི་སྐབས་སུ་ལྟ་བ་ཀ་དག་སྤྲོས་བྲལ་རང་བཞིན་རྫོགས་པ་ཆེན་པོ་གདོད་མའི་གཤིས་རང་བབས་ཀྱི་གནས་ལུགས་ཡེ་གྲོལ་ཅོག་གཞག་གི་ངང་དུ། སྒོམ་པ་སྣང་སྟོང་རང་བྱུང་གི་རིག་པ་མ་བཅོས་གཉུག་མ་ཟང་ཐལ་ཉིད་ཆོས་ཉིད་ཀྱི་དྲན་པས་བསྐྱང་ཞིང་། སྤྱོད་པ་ཚོགས་དྲུག་གི་ཡུལ་སྣང་གང་ཤར་ཡང་རང་ངོ་ཤེས་པས་བཟོ་མེད་ལྷུག་པར་སྤྱད་པས། འབྲས་བུ་དཔལ་ཆེན་ཧེ་རུ་ཀ་མཐར་ཐུག་མི་སློབ་པའི་ཟུང་འཇུག་ཤིན་ཏུ་རྣམ་པར་དག་པའི་གོ་འཕང་མཆོག་ལ་དབུགས་འབྱིན་པར་འགྱུར་བར་གསུངས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ། གོང་གི་ཡན་ལག །ཐུན་མཐར་བྱ་བ། ཐུན་མཚམས་ཀྱི་སྤྱོད་ལམ་མོ། །དང་པོ་ནི། ཇི་སྐད་བཤད་པའི་རིམ་པ་ལྔ་པོ་ཉམས་སུ་བླངས་ཀྱང་ཚེ་འདིར་མཐར་ཕྱིན་པ་མ་བྱུང་ན། འཆི་ཁར་འཕོ་བའི་མྱུར་ལམ་གྱིས་མཚམས་སྦྱར་དགོས་ཏེ། དེའང་དབང་རབ་འོད་གསལ་ཆོས་སྐུར་འཕོ་བ། དབང་འབྲིང་སྒྱུ་མ་ལོངས་སྐུར་འཕོ་བ་གཉིས་ནི་ཉམས་འོག་ཏུ་མི་ཆུད་པས། དབང་པོ་ཐ་མ་དམིགས་བཅས་ཀྱིས་སྤྲུལ་སྐུའི་ཞིང་དུ་འཕོ་བ་ཉིད་ཉམས་སུ་ལེན་པ་ལ། ཐོག་མར་སྦྱང་བ་ནི། རང་ལུས་ལྷ་སྐུ་རྩ་དབུ་མ་བཅས་གསལ་བའི་དྷཱུ་ཏིའི་ཡར་སྣེ་ཚངས་བུག་ཏུ་ཟང་ཐལ་ཧད་པོ་དང་མར་སྣེ་ལྟེ་འོག་ཏུ་ཕུགས་རྡུགས་སུ་འཁྱིལ་བ། སྙིང་གར་ཚིགས་ཀྱིས་བཀག་པའི་སྟེང་དུ་རླུང་གི་ངོ་བོ་ཐིག་ལེ་དཀར་ལ་སྔོ་བའི་དབུས་སུ་རང་སེམས་ཨ་ཡིག་དཀར་པོ་གསལ་ལ་དྭངས་པ་དམིགས་ལ་རླུང་སེམས་རྩེ་གཅིག་ཏུ་བསྡུ་ཞིང་བུམ་པ་ཅན་བཟུང་། འདུས་པའི་ཉམས་སྐྱེས་པ་ན་རང་གི་སྤྱི་བོར་ངོ་བོ་རྩ་བའི་བླ་མ། རྣམ་པ་དཔལ་ཆེན་ཧེ་རུ་ཀ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བར་དམིགས་ལ་གདུང་ཤུགས་དྲག་པོས་ཟབ་ལམ་འཕོ་བ་འབྱོངས་པའི་གསོལ་འདེབས་ལན་མང་དུ་བྱ། ལུས་གནད་དྲང་པོར་བཅོས་ཏེ་ཐུར་སེལ་གྱེན་དུ་དྲང་། སྲོག་ཕྱིར་འཕུལ་བ་དང་ལྷན་ཅིག་ཧིག་བཅས་བརྗོད་པས་སྙིང་གའི་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་ཨ་ཡིག་བཅས་དབུ་མའི་ནང་ནས་ཡར་ལ་གློག་འཁྱུགས་པ་ལྟར་སོང་། ཚངས་བུག་ནས་ཐོན། བླ་མ་དཔལ་ཆེན་པོའི་ཐུགས་ཀར་ཐིམ་པར་བསམ་ལ་ཀ་དག་གཉུག་མའི་ངང་དུ་བཞག །སླར་ཀ་ཞེས་བརྗོད་པས་ཐིག་ལེ་ཕྱིར་བྱུང་ནས་སྙིང་གའི་རང་གནས་སུ་ཡོད་པར་བསྒོམ། དེ་ལྟར་ཡང་ཡང་བསྐྱར་ཏེ་ཐུན་འཇོག་པའི་ཚེ་ཐིག་ལེ་ཕྱིར་དབབ། སྤྱི་བོའི་བླ་མ་འཁོར་དང་བཅས་པ་འོད་དུ་ཞུ་ནས་སྙིང་གའི་ཨ་ལ་ཐིམ་པས་བླ་མ་དང་རང་སེམས་དབྱེར་མེད་དུ་གྱུར། ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པར་བསམས་ལ་བུམ་ཅན་གྱི་རླུང་སྦྱོར་གྱིས་བརྟན་པར་བྱ། བསྔོ་བ་དང་སྨོན་ལམ་གྱིས་གདབ། དེ་ལྟར་འབད་པས་སྤྱི་བོ་ཟ་ཞིང་སྐྲངས་པ་དང་ཆུ་སེར་འབྱུང་བ་སོགས་ཚངས་བུག་ཕྱེ་བའི་རྟགས་མཐོང་ན་འཕྲོ་འཇོག །རྒྱུན་དུ་མ་བརྗེད་ཙམ་བྱས་པས་འཆི་ཁར་ཚེགས་མེད་དུ་འགྲུབ་བོ། །ལས་ལ་སྦྱར་བ་ནི། འཆི་ངེས་པའི་རྟགས་རྣམས་ཚང་བ་དང་སྔར་སྦྱངས་པའི་སྐབས་ལྟར་རླུང་སེམས་ཧེ་རུ་ཀའི་ཐུགས་ཀར་བསྟིམས་ལ་དེ་ཉིད་འོག་མིན་གྱི་གནས་སུ་གཤེགས་པར་མོས་ཏེ་གང་ཡང་ཡིད་ལ་མི་བྱེད་པར་གཉུག་མ་འོད་གསལ་ཆེན་པོར་བཞག་པས་མཁའ་སྤྱོད་ལ་སོགས་པར་རིག་པ་འཛིན་པའི་ཟུང་འཇུག་གི་སྐུ་འགྲུབ་ཅིང་རྟེན་དེ་ལ་ལམ་གྱི་ལྷག་མ་རྣམས་མཐར་ཕྱིན་པར་བགྲོད་དེ་གཞི་ཐོག་ཏུ་གྲོལ་བར་གསུངས་སོ། །དེ་ལྟ་བུའི་འཕོ་བའང་མ་ཐེབས་ན། སྲིད་པ་བར་དོའི་སྣང་བ་ཤར་བར་འགྱུར་བས་དེ་ཉིད་ལམ་དུ་བསླང་བ་ནི། གཟུགས་སུ་སྣང་བ་ཐམས་ཅད་ལྷའི་སྐུ་སྒྱུ་མ་ལྟ་བུར་བསྲེས་ཏེ་སྣང་སྟོང་ཟུང་འཇུག་གི་དབྱིངས་སུ་འཕོ། སྒྲ་རུ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ་ལྷང་ལྷང་དུ་བསྲེས་ཏེ་གྲགས་སྟོང་ཟུང་འཇུག་གི་དབྱིངས་སུ་འཕོ། སེམས་ཀྱི་རྟོག་ཚོགས་ཐམས་ཅད་རང་གྲོལ་འོད་་་གསལ་ཡེ་ཤེས་ཆེན་པོར་བསྲེས་ཏེ་རིག་སྟོང་ཟུང་འཇུག་གི་དབྱིངས་སུ་འཕོ་བར་བྱ། དེ་དག་ཀྱང་ད་ལྟ་གོམས་པ་ལ་རགས་ལས་པས་དུས་ཀུན་བར་དོ་ངེས་པར་ཡིན་སྙམ་པའི་དྲན་ཤེས་བརྟན་པོས་བསྲེ་འཕོ་ལ་གོམས་འདྲིས་བྱས་པས་བར་དོའི་སྐབས་སུ་དྲན་པས་བསླེབས་ནས་ད་ལྟ་བཞིན་སྒོམ་པ་ལམ་དུ་བྱས་ཏེ་སློབ་པའི་ཟུང་འཇུག་རྗེས་མཐུན་ཐོབ་པའམ་ཡང་ན་བརྒྱུད་ནས་བྱང་ཆུབ་ཀྱི་གོ་འཕང་ལ་སྦྱོར་བར་འགྱུར་རོ། །གཉིས་པ་ཐུན་མཐར་བྱ་བ་ནི། སྒོམ་པའི་ཐུན་རྣམས་འཇོག་པའི་ཚེ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་བསྔོ་བས་མཚམས་སྦྱར་ཟུང་འཇུག་ཆེན་པོའི་གོ་འཕང་འགྲུབ་པའི་སྨོན་ལམ་ཟབ་ཅིང་རྒྱ་ཆེ་བ་གདབ། འཁོར་གསུམ་རྣམ་པར་མི་རྟོག་པའི་མཉམ་གཞག་ཅི་ནུས་སུ་བསྐྱང་ངོ་། །གསུམ་པ་ཐུན་མཚམས་རྣམས་སུ་དངོས་གཞི་རིམ་པ་ལྔ་པོ་གང་བསྒོམ་པ་དེའི་ཉམས་མྱོང་གི་རྒྱུན་མ་བྲལ་བར་འདུ་བྱེད་ཀྱི་དྲན་པས་བསྐྱང་། གེགས་སེལ་དང་བོགས་འདོན་པའི་ཐབས་རྣམས་ནི་ཁྲིད་ཀྱི་རིམ་པ་གཞན་དང་མཐུན་པར་སྐབས་སུ་བབས་པའི་རིགས་རྒྱུད་ལ་སྦྱར་ཏེ་རྩེ་གཅིག་ཉམས་སུ་བླངས་པ་ལས་བསྐྱེད་པའི་རིམ་པ་རྒྱས་བསྡུས་མཐར་ཕྱིན་པས་སྔགས་ཀྱི་ཚོགས་ལམ་བགྲོད། ཁྱད་པར་རྫོགས་པའི་བསྐྱེད་རིམ་ཁོ་ན་བསྒོམས་པའི་ཡོན་ཏན་ཡང་། རྒྱུད་ལས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་དང་། །ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་རྣམས། །ཆེ་མཆོག་དཔལ་གྱི་སྐུ་རུ་འདུས། །ཆེ་མཆོག་ཧེ་རུ་ཀའི་ངོ་བོ། །མ་ནོར་མ་བཅོས་ཆོས་ཀྱི་དབྱིངས། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན། །ཞེས་གསུངས། ལུས་ངག་ཡིད་ཀྱི་དབེན་པ་གསུམ་གྱིས་སྦྱོར་ལམ་དྲོད་དང་རྩེ་མོ། སྒྱུ་མས་བཟོད་པ་དང་ཆོས་མཆོག་མཐར་ཕྱིན་ཏེ་སྐུ་དང་ཡེ་ཤེས་དབྱེར་མེད་པའི་གོ་འཕང་འགྲུབ་པར་འགྱུར་བ་ནི་ངེས་རྫོགས་ཀྱི་དབང་དུ་བྱས་པ་ཡིན་ལ། མོས་སྒོམ་སྟན་ཐོག་གཅིག་ཏུ་རྫོགས་པར་ཉམས་སུ་བླངས་པའི་ཡོན་ཏན་ཡང་། རྒྱུད་ལས། རིམ་ལྔ་ཐུན་བཞིའི་རྣལ་འབྱོར་པས། །འདའ་ཀ་ཆོས་ཉིད་འོད་གསལ་གྱི། །བར་དོ་ཟུང་འཇུག་ལོངས་སྐུར་བཞེངས། །སྨོན་ལམ་སྟོབས་ཀྱིས་འགྲོ་དོན་འབྱུང་། །གསང་སྔགས་རྒྱུད་སྡེ་རྒྱ་མཚོ་ཡི། །བཅུད་མཆོག་ཉམས་ལེན་རིམ་ལྔ་ཡིན། །ཞེས་དང་། གཞུང་འདི་ཉིད་ལས་ཀྱང་། མདོར་ན་གསང་ཆེན་བླ་མེད་ཀྱི༔ སྙིང་པོ་ངོ་མཚར་རྨད་བྱུང་བ༔ མ་བྱུང་འབྱུང་བར་དཀའ་བའི་ཆོས༔ བདེ་གཤེགས་ཡོངས་ཀྱི་བགྲོད་གཅིག་ལམ༔ རྒྱུད་ལུང་མན་ངག་ཐམས་ཅད་ཀྱི༔ འོ་མའི་ཡང་བཅུད་ཞུན་མར་ལྟར༔ རིམ་པ་ལྔ་དང་དབང་བཞིའི་ལམ༔ ཟབ་ཅིང་འདྲིལ་བར་བཤད་པ་འདི༔ དབང་རྣོན་སྐལ་ལྡན་རིན་པོ་ཆེའི༔ རིགས་ཅན་རྣམས་ཀྱི་སྤྱོད་ཡུལ་ཏེ༔ བོད་ཀྱི་རྣལ་འབྱོར་ཐང་སྟོང་པར༔ ཨོ་རྒྱན་པདྨ་སཾ་བྷ་ཝས༔ གདམས་པའི་སྙིང་པོ་ཡང་དག་གོ༔ ཞེས་འབྱུང་བ་ཉིད་གཞན་དུ་མི་འགྱུར་བའི་རྡོ་རྗེའི་ཚིག་ཡིན་པས་སྐལ་ལྡན་རྣམས་ཀྱི་སྙིང་ལ་གཅག་པར་མཛད་འཚལ་ལོ། །སྔོན་དུས་གྲགས་ཆེ་གྲུབ་པ་མང་བྱོན་ཀྱང་། །དེང་དུས་ནམ་གཞུག་ན་བུན་བཞིན་གྱུར་པ། །དེ་རྒྱུན་གསོ་བྱེད་བདུད་རྩིའི་བཅུད་འདི་ཡང་། །སྔ་འགྱུར་བསྟན་འཛིན་རྣམས་ཀྱིས་བསྲུང་བར་འཚལ། །འདི་དགེས་ཟབ་མོའི་ལམ་མཆོག་རིམ་པ་ལྔར། །ཞུགས་ཤིང་སྤྱད་ནས་མཐར་ཕྱིན་སྐལ་ལྡན་དུ། །བདག་གཞན་ཀུན་གྱུར་ཀུན་ཀྱང་དཔལ་ཆེན་པོའི། །ཡེ་ཤེས་ཕྱག་རྒྱ་བདེ་ཆེན་མཆོག་འགྲུབ་ཤོག །ཅེས་པའང་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ཧེ་རུ་ཀ་དང་རྣམ་དབྱེར་མ་མཆིས་པ་༧ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱི་དགོངས་པ་སྐོང་བའི་སླད་དུ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་བཀོད་པ་དགེ་ལེགས་འཕེལ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).