Terdzo-MA-021

From Rinchen Terdzö

གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་རྒྱུད་ལུང་གི་ཚིག་འགྲེལ་མདོར་བསྡུས་པ་ལེགས་བཤད་སྒོ་འབྱེད་

grub thob chen po'i thugs thig las/_khrag 'thung bde gshegs 'dus pa'i rgyud lung gi tshig 'grel mdor bsdus pa legs bshad sgo 'byed

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle  ཁྲག་འཐུང་བདེ་གཤེགས་འདུས་པ་ (Khrag 'thung bde gshegs 'dus pa)
parent cycle  གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ (Grub thob chen po'i thugs tig)
Volume 16 (མ) / Pages 537-575 / Folios 1a1 to 20a3

[edit]

༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་རྒྱུད་ལུང་གི་ཚིག་འགྲེལ་མདོར་བསྡུས་པ་ལེགས་བཤད་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། ཕྱོགས་དུས་བདེ་གཤེགས་ཞི་དང་ཁྲོ །དཀྱིལ་འཁོར་གཅིག་ཏུ་ཡོངས་རྫོགས་པ། །གང་དེའི་བྱིན་རླབས་ཉི་གཞོན་གྱིས། །བདག་བློའི་པདྨོ་བཞད་མཛད་གསོལ། །གྲུབ་པའི་དབང་ཕྱུག་ཆེན་པོ་མཚན་མཆོག་ལྔ་ལྡན་ཐང་སྟོང་རྒྱལ་པོས་གུ་རུ་་་་རིན་པོ་ཆེ་པདྨ་ཐོད་ཕྲེང་རྩལ་ལས་དངོས་སུ་གསན་པ་སྒྲུབ་ཆེན་སྡེ་བརྒྱད་ཀྱི་་་་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཡང་བཅུད་སྙིང་པོར་དྲིལ་བ་ཁྲག་འཐུང་བདེ་གཤེགས་འདུས་པའི་ཆོས་སྐོར་གྱི་རྩ་བར་གྱུར་པའི་རྒྱུད་ལུང་ཉིད་འཆད་པར་བྱ་བ་ལ་གསུམ། གང་ལས་བརྒྱུད་པའི་ཁུངས་སྨོས། དེ་ལས་བརྒྱུད་པའི་གཞུང་འཆད། དེ་དག་གི་བཀའ་བབས་པའི་ཚུལ་བསྟན་པའོ། །དང་པོ་ནི། སྒྱུ་འཕྲུལ་བཤད་རྒྱུད་རྒྱ་མཚོ་་ལས། །རྒྱལ་བ་སེམས་དཔའ་རྣལ་འབྱོར་མ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པས། འོག་མིན་ཆོས་དབྱིངས་ཆེན་པོར་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་གདུལ་བྱའི་དབང་དུ་དགོངས་ནས་དཔལ་ཆེན་པོ་ཧེ་རུ་ཀའི་རྣམ་པར་བཞེངས་ཏེ། ཡེ་ཤེས་རང་སྣང་གི་འཁོར་རྣམས་ལ་དགོངས་པའི་རྩལ་ལས་ཆོས་ཉིད་ཀྱི་རང་སྒྲར་སྣང་བ་རྒྱལ་བ་དགོངས་བརྒྱུད། དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཉིད་རིག་འཛིན་རྡོ་རྗེ་ཆོས་སུ་སྣང་བས་བརྗོད་བྱར་བསྡུས་ཤིང་གསང་བའི་བདག་པོ་དང་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་སོགས་ལ་བརྡ་དང་རྟགས་ཀྱི་རྣམ་འགྱུར་གྱིས་གོ་བར་མཛད་པ་རིག་འཛིན་བརྡ་བརྒྱུད། གསང་བདག་ལ་སོགས་པས་འཇིག་རྟེན་ཁམས་འདིར་སྐལ་ལྡན་རིག་པ་འཛིན་པ་རྣམས་ལ་རྡོ་རྗེའི་ཚིག་དང་ཚངས་པའི་དབྱངས་ཀྱིས་ལེགས་པར་བསྟན་པ་གང་ཟག་སྙན་ཁུངས་བཅས་བརྒྱུད་པ་གསུམ་ལྡན་དུ་བྱོན་པ་འདིར་ནི་སངས་རྒྱས་གཉིས་པ་པདྨཱ་ཀ་ར་ཉིད་ངོ་བོ་དཔལ་ཆེན་ཧེ་རུ་ཀ་དང་རྣམ་དབྱེར་མེད་ཀྱང་གདུལ་བྱའི་སྣང་ཚུལ་དུ་མཆོག་གི་རིག་པ་འཛིན་པའི་སྐུར་བསྟན་ཏེ་གསང་བའི་བདག་པོ་སོགས་ལས་རྒྱུད་ལུང་མཐའ་དག་གསན་པའི་ཚུལ་མཛད། དེ་དག་ལས་ཟབ་ཅིང་གནད་དུ་འདྲིལ་བའི་མན་ངག་གི་རིམ་པ་མཐའ་ཡས་པ་གང་ལ་གང་འདུལ་དུ་མཛད་ཅིང་སྐལ་ལྡན་དུ་མ་གྲུབ་པའི་གོ་འཕང་ལ་བཞག །གདམས་ངག་འགའ་ཞིག་མ་འོངས་པའི་གདུལ་བྱ་རྣམས་ལ་དགོངས་ཏེ་གཏེར་རིགས་གྲངས་མེད་པ་སྦས་ཤིང་མཁའ་འགྲོ་ཆོས་སྲུང་ལ་གཉེར་དུ་གཏད་པ་ཕྱི་རབས་དུས་ལ་བབས་པའི་ཚེ་ལས་འཕྲོ་སད་པའི་སྐྱེས་ཆེན་རྣམས་ཀྱིས་རིམ་པར་བཏོན་ཅིང་སྤེལ་བས་མཁའ་འགྲོ་གཏད་རྒྱ། སྨོན་ལམ་དབང་བསྐུར། ལས་འཕྲོ་གཏེར་བརྒྱུད་བཅས་བརྒྱུད་པ་དྲུག་དང་ལྡན་ཅིང་དོན་ལ་འགྱུར་བ་མེད་པ། ཚིག་ལ་རྟོག་གེའི་བསླད་མ་ཞུགས་པ། མཁའ་འགྲོའི་ཁ་རླངས་ཀྱི་ངད་པ་མ་ཡལ་བའི་ཟབ་ཆོས་ཁྱད་པར་འཕགས་པ་ཉིད་དོ། །གཉིས་པ་གཞུང་དངོས་འཆད་པ་ལ་གཉིས། སྤྱི་དོན་མདོར་བསྡུ་བ། བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ནི། གསང་སྔགས་ཐབས་ཀྱི་ཐེག་པ་ནང་རྒྱུད་སྡེ་གསུམ་ལ་རྒྱུད་ལུང་མན་ངག་གསུམ་རེ་བཞུགས་པ་ལས། རྒྱུད་ཀྱི་མཚན་ཉིད་ནི། ཧེ་རུ་ཀ་གལ་པོ་ཆེའི་རྒྱུད་ལས། རྒྱུད་ཅེས་བྱ་བ་རྒྱལ་བའི་བཀའ། །ཞུས་ལན་ཕྲ་མོས་འཕེལ་ཅིང་རྒྱས། །རྒྱལ་བའི་དགོངས་པ་མ་ལ་འབྲེལ། །ཐམས་ཅད་མཁྱེན་པའི་ངོ་བོར་གསལ། །འབྲེལ་དང་མ་ཚང་མེད་པ་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་སོགས་ཀྱིས་བསྟན་ཏེ། རྒྱུད་ཀྱི་ངོ་བོ་སངས་རྒྱས་ཀྱི་བཀའ། རང་བཞིན་ཞུས་པ་དང་ལན་གྱིས་རྒྱལ་བའི་དགོངས་པ་མ་བཅོས་པར་རྩ་བ་མ་ལ་རྒྱས་བཤད་བུ་དང་འབྲེལ་བར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གསལ་བ་ཉིད། ངེས་ཚིག་གོང་འོག་འབྲེལ་ཞིང་རྒྱུན་ཆགས་ལ་ལྟ་སྤྱོད་དབང་དམ་ཚིག་ཕྲིན་ལས་སྒྲུབ་མཆོད་སྔགས་རྒྱ་ཏིང་ངེ་འཛིན་རྣམས་མ་ཚང་བ་མེད་པར་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་བྱུང་བའོ། །དེ་ལ་དབྱེ་ན་རྩ་རྒྱུད་བཤད་རྒྱུད་ཕྱི་མ་མ་ཚང་བ་ཁ་སྐོང་བ་དཀའ་བ་གཅོད་པའི་རྒྱུད་ལ་སོགས་པ་དང་། རྟོག་པ་དུམ་བུའི་རྒྱུད་སོགས་མང་དུ་མཆིས་པ་ལས་འདིར་ནི་རྒྱུད་དེ་དག་ཐམས་ཅད་ཀྱི་དོན་གྱི་སྙིང་པོ་ཕྱུང་བའི་བསྡུས་རྒྱུད་དོ། །ལུང་གི་མཚན་ཉིད་ནི། སྔ་མ་ལས། ལུང་ཞེས་བྱ་བ་ངེས་པའི་དོན། །གསུང་ཉིད་འགྱུར་བས་བཟུང་བདེར་མཚོན། །བདེ་གཤེགས་གསུང་གི་དགོངས་པ་ཡང་། །ངོ་བོ་ཇི་ལྟ་ཇི་སྙེད་གཉིས། །རྫུན་བྲལ་བཟུང་བར་བདེ་བ་དང་། །ཉེས་པ་ཟད་པ་ལུང་གི་ཚིག །ཅེས་སོགས་གསུངས་ཏེ། ལུང་གི་རང་བཞིན་དབང་པོ་ཐ་མས་ཀྱང་རྟོགས་སླ་བའི་ཕྱིར་ཐམས་ཅད་ངེས་དོན་དུ་བཤད་ཅིང་སྟོན་པའི་དགོངས་པ་རྟོགས་དཀའ་བའང་གསུང་བཤད་ཀྱིས་གོ་བདེ་བར་མཛད་པ་དང་། ངོ་བོ་མཁྱེན་པ་གཉིས་ལྡན་གྱི་གསུང་ཇི་བཞིན་མི་ཤེས་པ་ཐམས་ཅད་བདེན་པ་གཉིས་སུ་ཕྱེས་ནས་བཤད་པས་ཡིད་ཆེས་སུ་བྱེད་པ་དང་། ངེས་ཚིག་སངས་རྒྱས་ཀྱིས་གསུངས་པའི་དོན་ལས་ཕྱིན་ཅི་ལོག་པའི་རྫུན་དང་བྲལ་ཞིང་ཚིག་དོན་གསལ་བས་བཟུང་བདེ་བ་དང་བཀས་རྗེས་སུ་གནང་ཞིང་དགོངས་པས་བྱིན་གྱིས་བརླབས་པས་ཉེས་པ་ཟད་པ་སྟེ། དབྱེ་ན། དྲང་དོན་མཚན་ཉིད་ཀྱི་ལུང་། ངེས་དོན་སྔགས་ཕྱི་པའི་ལུང་། འདྲེས་མ་མདོ་སྡེའི་ལུང་། མངོན་དུ་ཕྱུང་བ་བསྐྱེད་རྫོགས་ལུང་། རྣ་བརྒྱུད་མན་ངག་གི་ལུང་། འཆུས་པ་སྲོང་བའི་ལུང་རྣམས་སུ་མཆིས་པ་ལས་འདིར་ནི་ཕྱུང་བའི་ལུང་ཉིད་འཆུས་པ་སྲོང་བའོ། །མན་ངག་གི་མཚན་ཉིད་ནི། སྔ་མ་ལས། མན་ངག་ཅེས་པ་ལ་བཟླ་བ། །སྐྱེས་བུའི་ཐུགས་ལ་བརྣག་པ་འོ། །སྙིང་པོ་བཅུད་ཀྱི་མཆོག་ཉིད་ནི། །ཐུགས་ལ་རབ་ཏུ་སྦས་ནས་བཞུགས། །ཚེགས་ཆུང་མྱུར་དུ་འགྲུབ་པར་བྱེད། །བྱ་བར་སླ་བས་ངེས་པའི་ཚིག །ཅེས་སོགས་འབྱུང་སྟེ། མན་ངག་གི་རང་བཞིན་ནི་དགོངས་པ་གང་དུ་ལ་བཟླ་ཞིང་སྐྱེལ་བའི་ས་སྔོན་བྱུང་སྟོན་པ་དང་རྗེས་འཇུག་རིག་འཛིན་གྱི་ཐུགས་ལ་གཅེས་པའི་ཟབ་དོན་ཡིན་ལ། ངོ་བོ་རྒྱུད་ལུང་ཐམས་ཅད་ཀྱི་སྙིང་པོའི་བཅུད་ཀྱི་མཆོག་ཐུགས་ལ་སྦས་ཤིང་གསང་བ། ངེས་ཚིག་ཚེགས་ཆུང་ཞིང་བྱ་ཐབས་སླ་བས་དཔག་པར་དཀའ་བའི་དོན་མྱུར་དུ་འགྲུབ་པར་བྱེད་པའི་རྫས་སྔགས་ཏིང་ངེ་འཛིན་སོགས་ལ་ཨུ་པ་དེ་ཤ་ཞེས་བྱའོ། །དབྱེ་བ་གཙོ་བོ་ཡེ་ཤེས་པ་དང་། འཁོར་འཇིག་རྟེན་པའི་མན་ངག་གཉིས་སམ། འདས་པ་སངས་རྒྱས་དང་འཁོར་བ་འཇིག་རྟེན་གྱི་བྱ་བ་སྒྲུབ་པ། དེ་དག་ལ་ནང་གསེས་ཀྱི་དབྱེ་བས་རྣམ་གྲངས་མཐའ་ཡས་པ་འབྱུང་བ་ལས་འདིར་ནི་མཆོག་ཐུན་གཉིས་ཀ་སྒྲུབ་པའི་ལམ་རིམ་ཟབ་རྒྱས་ཀུན་གྱི་སྙིང་པོ་སྤྱི་དོན་ལྔས་བསྟན་པ་རྣམས་སོ། །གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ་གཉིས། གཞི་དང་རྩ་བར་གྱུར་པའི་རྒྱུད་བཤད་པ། རྒྱུད་དོན་ཉམས་སུ་ལེན་པའི་ལུང་བཤད་པའོ། །དང་པོ་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་བསྟན་པ། འགྱུར་གྱི་ཕྱག་བྱ་བའོ། །དང་པོ་ནི། རྒྱ་གར་སྐད་དུ༔ ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་སཾ་གྲ་ཧ་ཏནྟྲ་པྲ་གརྦྷ༔ བོད་སྐད་དུ༔ ཁྲག་འཐུང་བདེ་གཤེགས་འདུས་པའི་རྒྱུད་ཀྱི་ཡང་སྙིང༔ ཞེས་འབྱུང་སྟེ་སྐད་གཉིས་ཤན་སྦྱར་ཚུལ་ནི། ཧེ་རུ་ཀ ཁྲག་འཐུང་། སརྦ་ཏ་ཐཱ་ག་ཏ་སཾ་གྲ་ཧ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ། ཏནྟྲ། རྒྱུད། པྲ་གརྦྷ། ཡང་སྙིང་། ཞེས་པའོ། །འདིའི་དོན་རྒྱས་པར་ཚུལ་བཞི་དང་སྦྱར་ནས་འཆད་དགོས་ཀྱང་འདིར་ཚིག་གམ་ཡི་གེའི་དོན་ཙམ་སྨོས་ན། ཁྲག་འཐུང་གི་སྐད་དོད་ཧེ་རུ་ཀ་ཞེས་པ་ཧེ་ལ་ནི་རོལ་པ། རུ་དྷི་ར་ནི་ཁྲག །ཀ་ནི་བདག་པོའི་སྒྲ་རྣམས་བསྡུས་པ་སྟེ། ཀུན་བཟང་གདོད་མའི་མགོན་པོ་ཉིད་འབར་བ་ཆེན་པོ་གར་དགུའི་ཉམས་ཀྱིས་རོལ་པའི་སྐུར་བསྟན་ནས། ཕྱི་ལྟར་འཇིགས་པའི་བདུད་བཞི་བསྒྲལ་བའི་ཁྲག །ནང་དུག་གསུམ་གྱི་རྩ་བ་འདོད་ཆགས་རཀྟའི་རྒྱ་མཚོ། གསང་བ་ཁམས་གསུམ་འཁོར་བའི་རྩ་བ་གཉིས་རྟོག་ཞེན་སྣང་གི་བཅུད་ཐམས་ཅད་དམིགས་མེད་ཆོས་ཉིད་ཀྱི་ངང་དུ་རོལ་པར་མཛད་པ་འཇིགས་བྱེད་ཁྲོ་བོ་ཆེན་པོ་ཡིན་ལ། ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པར་རིགས་དང་ཡེ་ཤེས་ཀྱི་དབྱེ་བས་སྣང་བ་ཇི་སྙེད་པ་ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་འདུས་པ་སྒྲུབ་ཆེན་བཀའ་བརྒྱད་དུ་གྲགས་པ་ལ།སྤྱི་དང་བྱེ་བྲག་གི་རྒྱུད་ཀྱི་རྣམ་གྲངས་མཐའ་ཡས་པ་བཞུགས་པ་ཐམས་ཅད་ཀྱི་ཡང་བཅུད་སྙིང་པོར་དྲིལ་བ་སྟེ། བརྗོད་བྱ་དོན་གྱི་གནད་འདུས་ཤིང་རྗོད་བྱེད་ཚིག་ཚོགས་ཉུང་ངུར་སྟོན་པ་འོ་མ་ལས་རྩི་མར་ཕྱུང་པ་ལྟ་བུའོ། །གཉིས་པ་འགྱུར་ཕྱག་ནི། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཞེས་སྡུད་པ་པོས་འདོད་པའི་ལྷ་ལ་ཕྱག་འཚལ་བ་སྟེ། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། ཧེ་ནི་དགོངས་ཤིང་བཞད་པའི་གསུངས། །རུ་ནི་ཀུན་ལ་ཆགས་པའི་ཐུགས། །ཀ་ནི་མཉམ་ཉིད་ཡེ་ཤེས་སྐུ །ཤྲཱི་ནི་སྙིང་རྗེ་བདག་གཞན་རྟོགས། །ཞེས་གསུངས་པའི་དོན་རྟགས་དང་ལྡན་པ་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ཆེན་པོ་ལ་བརྡ་དང་དོན་གྱི་སྒོ་ནས་ཕྱག་འཚལ་བའོ། །གཉིས་པ་གཞུང་གི་དོན་ལ། སྤྱིར་མ་ཧཱ་ཡོ་གའི་རྒྱུད་རྣམས་རྒྱན་བདུན་གྱིས་འཆད་པ་ཧེ་རུ་ཀ་གལ་པོ་ལས་གསུངས་ཀྱང་། ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བ་སྒྱུ་འཕྲུལ་གསང་བ་སྙིང་པོ་པཎ་ཆེན་བི་མ་ལའི་བཤད་སྲོལ་དང་སྦྱར་ན་ལྔར་འདུས་ཏེ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་སློང་བ། འབྲས་བུ་ཡོངས་ཤེས་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པའོ། །དང་པོ་ནི། ཆོས་ཀུན་གདོད་ནས་དག་པའི་མཁའ༔ ཀློང་དགུའི་དབྱིངས་ཀྱི་ཕོ་བྲང་ཆེར༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀས༔ ཉིད་ལས་མི་གཞན་འཁོར་རྣམས་ལ༔ རྡོ་རྗེའི་སྔགས་རྒྱུད་རྟག་ཏུ་གསུངས༔ ཞེས་པས་བསྟན་ཏེ། གནས་ཕུན་སུམ་ཚོགས་པ་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་མ་གྲུབ་པ་རྣམ་པར་དག་པའི་ཆོས་ཉིད་ཀྱི་མཁའ་ལ། རང་སྣང་ཡེ་ཤེས་ཀློང་དགུའི་དབྱིངས་ཀྱི་རང་བཞིན་དུ་འཁྱིལ་པའི་ཕོ་བྲང་གཞལ་མེད་ཁང་རྒྱ་ཚད་བཀོད་པ་བསམ་ལས་འདས་པའི་དབུས་སུ། སྟོན་པ་ཕུན་སུམ་ཚོགས་པ་གདོད་ནས་རང་རིག་ཡེ་སངས་རྒྱས་པའི་ཁྱབ་བདག་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཞི་བའི་ངང་ལས་མ་གཡོས་བཞིན་དུ་གདུལ་བྱ་མི་སྲུན་གདུག་པ་ཅན་རྣམས་འདུལ་བའི་སླད་དུ་སྲིད་ཞིའི་ཁམས་ན་ཆེ་བའི་མཆོག་དཔལ་ཆེན་ཧེ་རུ་ཀའི་ཕྱག་རྒྱར་བཞེངས་པ་སྟེ། ཁྲག་འཐུང་རྩ་རྒྱུད་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །སངས་རྒྱས་ཐུགས་རྗེ་ཁྲོས་པས་ནི། །གདུག་པ་མ་ལུས་འདུལ་བར་བྱེད། །ཐམས་ཅད་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ཉན་བྲན་བཞིན་གནས། །ཞེས་དགོས་པའི་དོན་དང་ལྡན་པ་ཉིད་དང་། འཁོར་ཕུན་སུམ་ཚོགས་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་སྣང་བས་གཞན་རྒྱུད་ཀྱིས་བསྡུས་པ་མ་ཡིན་པའི་རྒྱལ་བ་སེམས་དཔའ་རྣལ་འབྱོར་མ་གཟུགས་དང་རྣམ་འགྱུར་སྣ་ཚོགས་སུ་སྟོན་པ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་ཅིས་ཀྱང་མི་ཕྱེད་པ་རྡོ་རྗེ་དང་མཚུངས་པའི་སྔགས་ཀྱི་རྒྱུད་ཐུན་མོང་ཁྱད་པར་མཆོག་ཏུ་གྱུར་པའི་གསང་བ་གསང་ཆེན་གསང་མཆོག་གི་རིམ་པ་རྣམས། དུས་ཕུན་སུམ་ཚོགས་པ་ལན་གཅིག་ཙམ་མ་ཡིན་པར་དུས་བཞི་མཉམ་པ་ཉིད་རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་ཤིང་གསུང་བར་འགྱུར་བའོ། །གཉིས་པ་རྐྱེན་གླེང་སློང་བ་ནི། དེ་ཚེ་གནམ་ཞལ་ཙཎྜ་ལཱིས༔ དགྱེས་པ་བསྐྱེད་ནས་སླར་ཡང་ཞུས༔ ཨེ་མ་ཁྱབ་བདག་དཔལ་ཆེན་པོ༔ རྒྱུད་དོན་སྙིང་པོ་ཇི་ལྟར་ལགས༔ དེ་སྐད་གསོལ་བའི་དོན་དགོངས་ནས༔ ཆོས་ཉིད་རང་སྒྲས་བཀའ་བསྩལ་པ༔ ཞེས་གསུངས་ཏེ། དེའི་ཚེ་ཆོས་ཐམས་ཅད་འབྱུང་བའི་གནས་ཤེས་རབ་སྟོང་པ་ཉིད་ནམ་མཁའི་རང་བཞིན་གྱི་ཞལ་ཅན། ཐབས་བདེ་བ་ཆེན་པོ་རབ་ཏུ་སྐུལ་བའི་གཏུམ་མོ་ཙཎྜ་ལཱིའི་རང་བཞིན་ཅན་གྱིས་ཡབ་ལ་སྙོམས་པར་ཞུགས་པས། དགྱེས་པ་བསྐྱེད་ནས་རྒྱུད་རྒྱས་པར་བསྟན་པའི་རྗེས་སུ་སླར་ཡང་ཞུས་པ་ཨེ་མ་ཞེས་ངོ་མཚར་བའི་ཚིག་གིས་མདུན་བསུས་ཏེ། འཁོར་འདས་ཀུན་གྱི་ཁྱབ་བདག་སྤྱི་དཔལ་ཆེན་པོ་ཞེས་སྙན་བརྡབ་ནས། སྒྲུབ་སྡེ་ཆེན་པོ་བཀའ་བརྒྱད་ཀྱི་རྒྱུད་རྒྱ་ཆེ་ལ་གཏིང་ཟབ་པ་དེ་དག་གི་དོན་གྱི་སྙིང་པོ་ཇི་ལྟ་བུ་ལགས། ཞེས་དེ་སྐད་དུ་གསོལ་བ་བཏབ་པའི་ཞུ་དོན་ལ་དགྱེས་པའི་དགོངས་པས་ཆོས་ཉིད་ཀྱི་རང་སྒྲས་མདོར་བསྡུས་དྲིལ་ཏེ་བཀའ་བསྩལ་བ་ནི་འདི་ལྟར་རོ། །གསུམ་པ་འབྲས་བུ་ཡོངས་ཤེས་རྒྱུད་དོན་ལ་གསུམ། རྒྱུད་གསུམ་སྤྱིར་བཤད་པ། ལམ་བྱེ་བྲག་ཏུ་བཤད་པ། ལམ་གྱུར་གྱི་འབྲས་བུ་བསྟན་པའོ། །དང་པོ་ནི། ངོ་བོས་དག་པ་གཞི་ཡི་རྒྱུད༔ གློ་བུར་དག་བྱེད་ལམ་གྱི་རྒྱུད༔ དག་པ་མཐར་ཕྱིན་འབྲས་བུའི་རྒྱུད༔ གསུམ་གྱིས་རྒྱུད་དོན་ཐམས་ཅད་བསྡུས༔ ཞེས་གསུངས་ཏེ། དེ་ལ་རྒྱུད་ཅེས་པ་ནི། བརྗོད་བྱ་གཞི་ལམ་འབྲས་གསུམ་དུ་རྒྱུན་ཆགས་པ་དང་། རྗོད་བྱེད་ཚིག་དབུ་ཞབས་ཡོངས་རྫོགས་སུ་རྒྱུན་ཆགས་པར་གནས་པས་ཏེ། གསང་སྙིང་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུ་འོ། །ཞེས་སོ། །རྒྱུད་དེ་ལ་དབྱེ་ན་གསུམ། གདོད་མ་ནས་ངོ་བོ་ཉིད་དམ་རང་བཞིན་གྱིས་རྣམ་པར་དག་པས་ཀ་དག་ཅེས་གྲགས་པ་བདེ་གཤེགས་སྙིང་པོ་དང་། རང་བཞིན་གནས་རིགས། ཀུན་གཞིའི་ཡེ་ཤེས། སེམས་ཀྱི་ངོ་བོ་ཉིད། དྲི་བཅས་དེ་བཞིན་ཉིད། རྒྱུའི་རྒྱུད་སོགས་རྣམ་གྲངས་དུ་མས་བསྟན་པ། ཐབས་ཀྱི་རྐྱེན་གྱིས་མ་ཟིན་པས་འཁོར་བ་དང་། ཟིན་ན་མྱང་འདས་སུ་འགྲུབ་པར་བྱེད་པ། སེམས་ཅན་ནས་སངས་རྒྱས་ཀྱི་བར་པི་ཝཾ་གི་རྒྱུད་ལྟར་བྲེང་ཆགས་སུ་གནས་པས་འཁོར་འདས་གཉིས་ཀའི་རྒྱུར་གྱུར་པ་ལ་གཞིའི་རྒྱུད་ཅེས་བྱ་སྟེ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། བི་མ་ལའི་རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་སོགས་འབྱུང་བ་ལྟར་རོ། །དེ་ལའང་གནས་ལུགས་ངོ་བོ་ཉིད་འཆིང་གྲོལ་མེད་ཅིང་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་བདེ་བར་གཤེགས་པའི་སྙིང་པོ་ནི་དྲི་མ་སྦྱང་བའི་གཞི་ནོར་བུ་ལྟ་བུ་དང་། འཁྲུལ་པ་བཏགས་པའི་གཞི་མེད་སྣང་གློ་བུར་པ་ལོག་པའི་ཞེན་སྣང་ཡུལ་དང་བཅས་པ་ནི་སྦྱང་བྱའི་དྲི་མ་འདམ་རྫབ་ལྟ་བུ་སྟེ། ཕྱི་མ་འདི་འཁོར་བ་འགྲུབ་བྱེད་ཀྱི་རྒྱུ་དང་རྣམ་ཤེས་ཡུལ་ལ་འཇུག་པ་དེ་སྲིད་དུ་རྒྱུན་ཆགས་པ་ཡིན་པས་གཞི་ཞེས་བཏགས་པ་ཙམ་ལས་འབྲས་བུའི་ཉེར་ལེན་དུ་མི་འགྱུར་བས་རྒྱུ་རྒྱུད་དངོས་མ་ཡིན་མོད། གནས་ལུགས་ལ་འཁོར་འདས་ཀྱི་ཐ་སྙད་ལས་འདས་ཀྱང་སྣང་ལུགས་ལ་ཐ་སྙད་སོ་སོར་བྱུང་བའོ། །རྒྱུ་རྒྱུད་ལ་སྒྲིབ་པའི་མེད་སྣང་གློ་བུར་འཁྲུལ་པའི་དྲི་མ་བག་ཆགས་དང་བཅས་པ་སྦྱོང་ཞིང་དག་པར་བྱེད་པ་ནི་ཐབས་སམ་ལམ་གྱི་རྒྱུད་དེ། འཐོབ་བྱ་འབྲས་རྒྱུད་ཉིད་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཐབས་དང་། གང་གིས་གང་དུ་བགྲོད་བྱའི་རྟེན་ཡིན་པས་ལམ་ཞེས་གྲགས་ཏེ། བགྲོད་དང་དེ་ཆོས་ལྡན་པ་དང་། །ཞེས་སོ། །དེའང་གཞི་ཤེས་པར་བྱ་བ་དང་མར་འབྲེལ་ལ་འབྲས་བུ་འཐོབ་པར་བྱ་བ་དང་ཡར་འབྲེལ་བས་གཞི་འབྲས་གཉིས་དང་ཤེས་ཐོབ་ཀྱི་བྱ་བྱེད་འབྲེལ་པ་ཅན་དུ་བར་མ་ཆད་པའི་ཕྱིར་རྒྱུད་དུ་བཞག །དེ་ལའང་ཉེ་རིང་གཉིས་ལས་ཐུན་མོང་གི་ལམ་ལྷ་མི། ཉན་ཐོས། རང་རྒྱལ། བྱང་སེམས་སྟེ་ངེས་འབྱུང་གི་ཐེག་པ་བཞི་དང་། སྔགས་ཀྱི་རྒྱུད་སྡེ་གསུམ་ནི་སངས་རྒྱས་གཞན་དུ་བཙལ་ཏེ་དུས་རིང་པོར་བསྒྲུབ་དགོས་པས་རིང་བའི་ལམ་ཡིན་ལ་བླ་མེད་ནི་ཉེ་བའི་ལམ་སྟེ། གཞི་རྒྱུད་དེ་བཞིན་ཉིད་དེའང་ལྷན་སྐྱེས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པ་ཉིད་ཐབས་གྲོལ་གྱི་མྱུར་ལམ་ལ་བརྟེན་ནས་འབྲས་བུ་གཞན་ནས་མི་འཚོལ་བར་རང་གནས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་བྱེད་པས། དད་བརྩོན་དང་ལྡན་པས་ཚེ་གཅིག་གིས་ཟུང་འཇུག་གི་གོ་འཕང་ལ་སྦྱོར་བ་ཉེ་བའི་ལམ་དུ་རྒྱུད་སྡེ་རྣམས་ལས་ཡང་ཡང་གསུངས་ཤིང་སྡོམ་གསུམ་རབ་དབྱེ་ལས་ཀྱང་། སྔགས་ཀྱིས་བཏབ་པའི་ས་བོན་ནི། །ཉི་མ་གཅིག་ལ་ལོ་ཏོག་སྨིན། །རྡོ་རྗེ་ཐེག་པའི་ཐབས་ཤེས་ན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཅེས་གསུངས་པ་བཞིན་ནོ། །སྦྱང་གཞི་རྒྱུ་རྒྱུད་བདེ་གཤེགས་སྙིང་པོ་ལ་སྦྱང་བྱ་གློ་བུར་འཁྲུལ་པའི་དྲི་མ་སྒྲིབ་པ་གསུམ་བག་ཆགས་དང་བཅས་པ་སྦྱོང་བྱེད་རིམ་པ་གཉིས་ཀྱིས་བསྡུས་པའི་ལམ་གྱིས་རྩ་བ་ནས་སྦྱངས་པས་དག་པ་གཉིས་ལྡན་མཐར་ཕྱིན་ཏེ་གཞི་ལ་བཞུགས་པའི་ཡོན་ཏན་ཇི་ལྟ་བ་མངོན་དུ་གྱུར་པ་ནི་འབྲས་བུ་སྟེ། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་གསུངས། དེ་ཉིད་ནམ་ཡང་རྒྱུན་ཆད་མི་མངའ་བས་རྒྱུད་ཅེས་བྱ་བའོ། །དེ་ལའང་སྔ་མ་ལས། འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱིས་ལྔ་ལྔ་སྟེ། །ཞེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་རེ་རེ་ལའང་ལྔ་ལྔའི་རྣམ་དབྱེ་ཅན་དུ་བཞུགས་པས་འབྲས་ཆོས་ཉི་ཤུ་རྩ་ལྔར་གྲགས། དེ་རྣམས་ཀྱང་བསྡུ་ན་རྟེན་སྐུ །བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གསུམ་དུ་འདུ་བ་ལས། དང་པོ་ནི། དབྱིངས་ཀྱི་ངང་དུ་རིག་པའི་ཡེ་ཤེས་ཟུང་འཇུག་ཏུ་གྲོལ་བ་ཆོས་སྐུ །དེ་ལས་ས་བཅུའི་བྱང་སེམས་རྣམས་ཀྱི་ངོར་ངེས་པ་ལྔ་ལྡན་དུ་སྣང་བ་ལོངས་སྐུ །གདུལ་བྱ་སོ་སྐྱེ་རྣམས་ཀྱི་མོས་པ་དང་མཐུན་པར་སྣང་བ་སྤྲུལ་པའི་སྐུ་སྟེ་གསུམ་མམ། སྐུ་གསུམ་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་བྱང་དང་། དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་གཉིས་བསྣན་པས་སྐུ་ལྔའོ། །གཉིས་པ་བརྟེན་པ་ཡེ་ཤེས་ནི། ཚོགས་བརྒྱད་གནས་སུ་དག་པས་ཡེ་ཤེས་ལྔ་སྟེ་ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ཡེ་ཤེས་ལྔ། དེ་རྣམས་ལས་ཆོས་དབྱིངས་ནི་ཇི་ལྟ་བ་མཁྱེན་པ་དང་། གཞན་བཞི་པོ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སུ་འདུ་བས་བསྡུ་ན་གཉིས་སོ། །གསུམ་པ་མཛད་པ་ཕྲིན་ལས་ནི། སྤང་རྟོགས་མཐར་ཕྱིན་པའི་སྟོབས་ཀྱིས་འབད་རྩོལ་མེད་པར་གང་ལ་གང་འདུལ་གྱི་ཕྲིན་ལས་གདུལ་བྱའི་དུས་ལས་མི་ཡོལ་བར་ནམ་མཁའ་ཇི་སྲིད་དུ་རྒྱུན་ཆད་མེད་པར་ལྷུན་གྲུབ་ཏུ་འབྱུང་བ་སྟེ། མངོན་རྟོགས་རྒྱན་ལས། དེ་བཞིན་ནམ་མཁའ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་སོ། །དེ་ལྟར་ན་གཞི་ལམ་འབྲས་བུ་གསུམ་གྱིས་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གི་རྒྱུད་ཇི་སྙེད་པ་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པ་བསྡུས་པའོ། །གཉིས་པ་ལམ་བྱེ་བྲག་ཏུ་བཤད་པ་ལ་གསང་སྙིང་ལས་རྒྱུད་ཀྱི་དངོས་པོ་བཅུར་གྲགས་ཏེ། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །མཆོད་སྔགས་ཏིང་འཛིན་ཕྲིན་སྒྲུབ་ཀྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་རྒྱུད་སྡེ་སྤྱི་ཁྱབ་ཏུ་གྲགས་ཤིང་། སྒྲུབ་སྡེའི་སྐབས་འདིར་གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས། བསྟན་རིམ་ཐེག་པའི་རྣམ་གཞག་དང་། །ལྟ་སྒོམ་སྤྱོད་པ་འབྲས་བུ་དང་། །བསྙེན་དང་སྒྲུབ་པ་ཆེན་པོ་དང་། །དབང་བསྐུར་དམ་ཚིག་མཐའ་རྒྱས་སུ། །རྒྱུད་རྣམས་ཀུན་གྱི་གསང་བ་འདུས། །ཞེས་པས་མཚོན་དངོས་བཅུའི་ངོ་བོ་གོ་རིམ་ཐ་དད་པ་དང་གྲངས་ཀྱང་བཅུ་ཁོ་ནར་ངེས་མ་ངེས་ཅི་རིགས་བཞུགས་པ་ལས་འདིར་ལམ་གྱི་ཆ་རྐྱེན་དངོས་པོ་བཅུ་གཅིག་སྟེ། བཀོད་པ་དཀྱིལ་འཁོར། རིམ་པར་བགྲོད་པ་དབང་། མི་འདའ་བ་དམ་ཚིག །དེ་ཁོ་ན་ཉིད་ལྟ་བ། མི་གཡོ་བ་ཏིང་ངེ་འཛིན། ལ་དོར་བ་སྤྱོད་པ། དོན་དུ་གཉེར་བ་སྒྲུབ་པ། འཆིང་བ་ཕྱག་རྒྱ། གནས་སུ་སྟོབ་པ་མཆོད་པ། ཟློས་པ་སྔགས། རོལ་པ་ཕྲིན་ལས་རྣམས་སོ། །འདིར་ཡང་འཆིང་ཟློས་གཅིག་ཏུ་བགྲང་ན་དངོས་པོ་བཅུ་ལས་མ་འདས་སོ། །དེ་ལ་དང་པོ་བཀོད་པ་དཀྱིལ་འཁོར་ནི། དེ་ལས་རྟོགས་ཤིང་གོམས་པའི་ལམ༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ དཀྱིལ་འཁོར་ཆེན་པོ་རྣམ་པ་བཞིར༔ ཞེས་གསུངས་ཏེ་བཤད་མ་ཐག་པའི་རྒྱུད་གསུམ་པོ་དེ་ལས་ལམ་ཞུགས་རྣལ་འབྱོར་པས་ཉམས་སུ་ལེན་བྱ་ཐོས་པས་བསྒོམ་བྱའི་དོན་རྟོགས་ཤིང་སྒོམ་པས་གོམས་པར་བྱེད་པའི་ལམ་གྱི་རིམ་པ་བཤད་པ་ལ། ཇི་སྐད་དུ། དཀྱིལ་འཁོར་དབང་དང་དམ་ཚིག་གསུམ། །གསང་སྔགས་ཀུན་གྱི་གཞུང་ཤིང་ཡིན། །ཞེས་པ་ལྟར་དེ་དག་ཐོག་མར་བསྟན་པ་ལ། དཀྱིལ་འཁོར་གྱི་ངོ་བོ་ནི་བཀོད་པ་ལྷའི་འཁོར་ལོ་རྫོགས་པར་སྣང་བ། ངེས་ཚིག་མཎྜལ་ཞེས་དབུས་དཀྱིལ་གཙོ་བོ་ལ་འཁོར་གྱིས་བསྐོར་བའམ་སྙིང་པོའི་གཞི་འཛིན་པ། དབྱེ་བ་རྒྱུད་ལུང་མན་ངག་སོ་སོའི་ལུགས་སྲོལ་མང་ཡང་འདིར་མ་ཧཱ་ཡོ་ག་སྤྱིར་གྲགས་པ་ལྟར། ཕྱི་གཟུགས་བརྙན་གྱི་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་ཚོམ་བུ། ནང་ལུས་ཀྱི་དཀྱིལ་འཁོར་བླ་མ་ཡབ་ཡུམ་གྱི་ལུས་དཀྱིལ། གསང་བ་བྷ་གའི་དཀྱིལ་འཁོར་ཤེས་རབ་མའི་ཆོས་འབྱུང་། དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དོན་དམ་བྱང་ཆུབ་སེམས་ཏེ་དེ་ལྟར་དཀྱིལ་འཁོར་ཆེན་པོ་རྣམ་པ་བཞི་རུ་སྒོ་གསུམ་སྨིན་པར་བྱའོ། །གཉིས་པ་རིམ་པར་བགྲོད་པ་དབང་ནི། ཕན་པའི་དབང་དང་ནུས་པའི་དབང༔ ཟབ་མོའི་དབང་བཞི་རིམ་པར་བླང༔ ཞེས་གསུངས་ཏེ། དབང་གི་ངོ་བོ་རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་གོ་འཕང་གི་ཆོས་དབང་གི་ཡེ་ཤེས་རྒྱུད་ལ་འཇོག་པས་བྱང་ཆུབ་ཀྱི་ས་བོན་མངོན་དུ་བསྐྱེད་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ། ངེས་ཚིག་ཨ་བྷི་ཥིཉྩ་ཞེས་མངོན་པར་གཏོར་བའམ་བླུགས་པ་སྟེ། སྒོ་གསུམ་དྲི་མ་འཁྲུད་ཅིང་གཏོར། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་ཅིང་བླུགས་པ། དབྱེ་བ་ནི། གང་ཟག་དད་པ་ཅན་ལ་ཕྱི་ཕན་པའི་དབང་། ནུས་པ་ཅན་ལ་ནང་ནུས་པའི་དབང་། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་ཟབ་མོའི་དབང་བསྐུར་བ་སྟེ་དེ་དག་ལ་ནང་གསེས་ཀྱི་དབྱེ་བསྡུ་མང་ཡང་གཞུང་འདིར་ཕན་པ་ལ་རིག་པའི་དབང་ལྔ། ནུས་དབང་ལ། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྩ་བའི་དབང་ལྔས་ནུས་བྱིན་སྐྱེད༔ ཉན་སྒོམ་འཆད་ཕྲིན་བདག་པོ་ཆེ༔ ཁྱད་པར་དབང་ལྔས་དོན་གཉིས་སྤྱོད༔ ཉམས་སྐོང་དངོས་གྲུབ་མངོན་སྤྱོད་ཚེ༔ འོད་གསལ་མར་མེ་ལས་ཀུན་འགྲུབ༔ ཅེས་པ་ལྟར་རྣམ་གྲངས་བཅོ་ལྔ། ཟབ་མོ་ལ་གསང་བ་ཤེས་རབ་མཐར་ཐུག་དོན་དབང་དང་གསུམ་དུ་འབྱུང་སྟེ། ཕན་དབང་གིས་ས་བོན་འཛིན། ནུས་དབང་གིས་ས་བོན་ནུས་ལྡན་དུ་སྨིན། གསང་དབང་གིས་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་མྱོང་། ཤེར་དབང་གིས་ཉམས་དེ་ཁོ་ན་ཉིད་རྒྱུད་ལ་བརྟེན་པར་བྱེད། བདེ་ཆེན་དོན་གྱི་དབང་གིས་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པ་སྟེ། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་པས་སློབ་དཔོན་གྱི་དབང་ལ་ཕན་ནུས་གཉིས་བསྡོམས་པ་དབང་བཞི་པོ་རིམ་པ་བཞིན་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ་དབང་བླངས་ལ་སློབ་མ་རྗེས་སུ་བཟུང་བར་བྱའོ། །གསུམ་པ་མི་འདའ་བ་དམ་ཚིག་ནི། སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་དག་པས་གཞི་བཟུང་སྟེ༔ ཞེས་གསུངས་ཏེ། དམ་ཚིག་གི་ངོ་བོ་ཁྱད་པར་ཅན་གྱི་བསྲུང་བྱའི་དོན་ལས་མི་འདའ་བར་སྡོམ་བྱེད་ཀྱི་སེམས་པ་རྒྱུན་ཆགས་པ་དང་། གཉིད་ལ་སོགས་པའི་སྐབས་སུའང་སྲུང་སེམས་ཀྱི་ས་བོན་དང་བཅས་པའོ། །ངེས་ཚིག་ས་མ་ཡ་ཞེས་དངོས་སུ་དམ་བཅའ་བའི་ཐ་ཚིག་ལ་འཇུག་པས་སློབ་དཔོན་དང་དཀྱིལ་འཁོར་པའི་སྤྱན་སྔར་རང་གིས་ཇི་ལྟར་ཁས་བླངས་ཤིང་དམ་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་གོ །འདིའང་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་དོན་འགྱུར་དུ་མཛད་པ་སྟེ། ཧེ་རུ་ཀ་འདུས་པ་ལས། མི་འདའ་དམ་པ་མཆོག་གྱུར་ལ། །འདས་པར་གྱུར་ན་ཚིག་པར་བཤད། །ཅེས་སོགས་སྔ་འགྱུར་གྱི་རྒྱུད་མང་པོ་ལས་འབྱུང་སྟེ། དབྱེ་བ་རྒྱས་པར་ས་མ་ཡ་འབུམ་སྡེ་སོགས་མང་དུ་བཤད་ཀྱང་བསྡུ་ན་གསུམ་དུ་འདུ་སྟེ། སྤྱིའི་དམ་ཚིག་སོ་ཐར་བྱང་སེམས་སྔགས་ཕྱི་རྒྱུད་སྡེ་གསུམ་གྱིས་བསྡུས་པ། ཁྱད་པར་དམ་ཚིག་ནང་རྒྱུད་ཡོ་ག་རྣམ་གསུམ་ལས་གསུངས་པ། ལྷག་པའི་དམ་ཚིག་སྒྲུབ་པ་ཁྱད་པར་གྱི་ཉི་ཤུ་རྣམས་ཅི་ནུས་ཀྱིས་བསྲུང་། ཁྱད་པར་མ་ཧཱ་ཡོ་ག་ལས་གསུངས་པའི་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ་པོ་རྣམས་ལྟུང་བའི་སྒོ་བཞི་དང་བྲལ་བའི་བག་ཡོད་དྲན་ཤེས་ལྡན་པས་སྲོག་བཞིན་དུ་བསྲུང་། ཉམས་ན་ཕྱིར་བཅོས་ཤིང་སྟོབས་བཞིའི་བཤགས་པ་ཚད་དུ་ཕྱིན་པས་རྒྱུད་རྣམ་པར་དག་པས་གཞི་བཟུང་སྟེ་ཉམས་སུ་ལེན་པ་ལ་འཇུག་པར་བྱའོ། །བཞི་པ་དེ་ཁོ་ན་ཉིད་ལྟ་བ་ནི། འཁོར་འདས་ཆོས་ཀུན་བདེན་པ་གཉིས༔ དབྱེར་མེད་ཆེན་པོར་གཏན་ལ་དབབ༔ ཅེས་གསུངས་ཏེ། ལྟ་བའི་ངོ་བོ་ནི། སེམས་ཉིད་གདོད་མའི་གཤིས་ལུགས། སངས་རྒྱས་ཀྱིས་མ་བཅོས། སེམས་ཅན་གྱིས་མ་བསླད། ཞེན་སྣང་འཁོར་འདས་སུ་བཏགས་པའི་ཆོས་བདེན་པ་གཉིས་ཀྱིས་བསྡུས་པ་ཐམས་ཅད་གདོད་ནས་དབྱེར་མེད་དག་མཉམ་ཆེན་པོ་ཆོས་ཀྱི་སྐུར་ལྟ་བ་སྟེ། གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། གཞི་རྩ་མེད་པའི་སེམས་ཉིད་འདི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །འཁོར་དང་མྱ་ངན་འདས་པའི་ཆོས། །ཡེ་ནས་མ་བཅོས་ཆོས་ཀྱི་སྐུ །དུས་གསུམ་བདེར་གཤེགས་ཐམས་ཅད་ཀྱི། །ཐུགས་དགོངས་ལྟ་བ་མཐར་ཐུག་པ། །སྣང་སྲིད་གཞིར་བཞེངས་ལྟ་བ་རུ། །འཁོར་འདས་གཉིས་མེད་ཡོངས་སུ་རྫོགས། །ཧེ་རུ་ཀ་ལས་གཞན་མ་ཡིན། །ཞེས་གསུངས་སོ། །ངེས་ཚིག་དྲྀཥྚཱིའི་སྒྲ་ལས། མ་འཁྲུལ་བའི་གནས་ལུགས་ལ་ཤེས་རབ་ཀྱི་མིག་གིས་རྗེས་སུ་བལྟ་ཞིང་སྒྲོ་འདོགས་གཅོད་པའོ། །དབྱེ་ན། དབང་པོ་ཡང་རབ་ལ་གཏན་ཚིགས་ཀྱིས་རྟོགས་པ། དབང་པོ་འབྲིང་ལ་རང་བཞིན་དང་འབྲས་བུའི་རྟགས་ལ་བརྟེན་ནས་རྟོགས་པ། དབང་པོ་ཐ་མ་ལ་ཐབས་ཀྱིས་རྟོགས་པར་བྱ་བ་ཉེ་རིང་གཉིས་རྣམས་སུ་ཡོད་པར་བཤད་ལ། རྟོགས་བྱ་ནི། མ་ཧཱ་ཡོ་གའི་སྐབས་འདིར། མཐའ་ཐམས་ཅད་དང་བྲལ་བའི་སེམས་ཉིད་གདོད་མ་ནས་དབྱིངས་དང་ཡེ་ཤེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་ལྷག་པ་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་འཁོར་འདས་བཟང་ངན་མེད་པ་མཉམ་པ་ཉིད་དུ་རྫོགས་པ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་གཉིས་ཀྱང་ཕྱོགས་རེར་ལྷུང་བ་མ་ཡིན་པར་ངོ་བོ་དབྱེར་མི་ཕྱེད་པ་མཉམ་པ་ཉིད་དུ་གནས་ཤིང་དེར་འཛིན་གྱི་བསམ་བརྗོད་ལས་ཀྱང་འདས་པས་ན་ཐ་སྙད་ཙམ་དུ་ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཞེས་མིང་དུ་བཏགས་ལ། ལྷག་པ་ཞེས་པའི་དོན་ཡང་། ཕར་ཕྱིན་ཐེག་པར་དོན་དམ་བདེན་ངོར་འཁོར་འདས་མཉམ་ཉིད་དུ་བཞེད་པ་དང་། འདིར་ནི་དེ་ལས་ལྷག་པའི་དོན་ཀུན་རྫོབ་ཏུའང་ཆོས་ཐམས་ཅད་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་རྒྱུའི་ཐེག་པ་ལས་ཁྱད་པར་འཕགས་པའི་དོན་ཏེ། ལམ་རིམ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །ལྔ་པ་མི་གཡོ་བ་ཏིང་འཛིན་ནི། སྣང་དང་ཞེན་པ་སྦྱང་བའི་ཕྱིར༔ རིམ་གཉིས་ཏིང་འཛིན་རྩེ་གཅིག་བསྒོམ༔ ཞེས་གསུངས་ཏེ། ཏིང་འཛིན་གྱི་ངོ་བོ་ནི། བསྒོམ་བྱའི་དོན་ཁྱད་པར་ཅན་རིམ་གཉིས་ཀྱི་དོན་ལས་མི་གཡོ་བའི་སེམས་རྩེ་གཅིག་པ་སྟེ། ཧེ་རུ་ཀ་འདུས་པ་ལས། གང་དང་གང་དུ་གསལ་བའི་ཡིད། །མ་ཡེངས་པ་ནི་ཏིང་འཛིན་ཏེ། །ཞེས་སོ། །ངེས་ཚིག་ས་མཱ་ཏི་ཞེས་བསྒོམ་བྱའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་གནས་པའི་སེམས་ཏིང་ངེར་འཛིན་པའོ། །དབྱེ་ན། ཐ་མལ་གྱི་སྣང་བ་སྦྱོང་བྱེད་ཀུན་བརྟགས་བསྐྱེད་པའི་རིམ་པ་དང་། གྱ་ནོམ་ལྷར་ཞེན་སྦྱང་བའི་ཕྱིར་ཡོངས་གྲུབ་རྫོགས་པའི་རིམ་པ་སྟེ་རིམ་པ་གཉིས་སུ་གྲགས་པའི་ཏིང་ངེ་འཛིན་རྩེ་གཅིག་ཏུ་བསྒོམ་དགོས་ཤིང་། བསྐྱེད་རིམ་ལ་སྐྱེ་གནས་བཞིའི་བག་ཆགས་སྦྱང་བ་དང་བསྟུན། རྒྱས་པ་སྒོང་སྐྱེས་ལ་མངོན་བྱང་ལྔ་བསྐྱེད་དང་རྡོ་རྗེ་བཞི་བསྐྱེད། འབྲིང་པོ་མངལ་སྐྱེས་ལ་ཆོ་ག་གསུམ་བསྐྱེད་རྣམས་མ་ཧཱ་ཡོ་གའི་ལུགས། བསྡུས་པ་དྲོད་གཤེར་སྐྱེས་ལ་ས་བོན་ནམ་སྔགས་བརྗོད་པས་བསྐྱེད་པ་ཨ་ནུ་ཡོ་གའི་ལུགས། ཤིན་ཏུ་བསྡུས་པ་བརྫུས་སྐྱེས་ལ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་ཨ་ཏི་ཡོ་གའི་ལུགས་རྣམས་སུ་ཡོད་པ་ལས། གཞུང་འདིར་ཕྱི་དཀྱིལ་ནི། གཙོ་བོ་དཔལ་ཆེན་པོ་ས་བོན། ཕྱག་མཚན། སྐུ་ཡོངས་རྫོགས་ཏེ་རྡོ་རྗེའི་ཆོ་ག་གསུམ་ལས་བསྐྱེད་པ་དང་། གཙོ་བོ་བརྒྱད་ས་བོན་འཁོར་རྣམས་དྲན་རྫོགས་སུ་བསྐྱེད། ནང་ལུས་དཀྱིལ་ནི། ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་སྐད་ཅིག་གིས་བསྐྱེད་པར་བསྟན། བསྒོམ་ཚུལ་ཡང་། གཞུང་ལས། ཁྱད་པར་རིག་འཛིན་སྒྲུབ་པ་ནི༔ བསྐྱེད་པའི་རིམ་པའི་ཏིང་འཛིན་ལ༔ གསལ་བརྟན་དག་པའི་གཟེར་བཏབ་ནས༔ རྩེ་གཅིག་མཉམ་གཞག་སེམས་བརྟན་པས༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ནས༔ ཡིད་དང་དབང་པོ་ལུས་ཀྱི་ཡུལ༔ གསལ་བ་གསུམ་ལྡན་དྲོད་རྟགས་འབྱུང༔ ཐ་མལ་སྣང་ཞེན་ལྷ་སྐུར་དག༔ རླུང་སེམས་ཟུང་འཇུག་སྐུར་ལྡང་པའི༔ རྣམ་སྨིན་ལ་སོགས་རིག་འཛིན་ཐོབ༔ སྐུ་ཡི་རྣལ་འབྱོར་གྲུབ་པ་འོ༔ ཞེས་འབྲས་བུ་བཅས་བསྟན་ཏོ། །རྫོགས་རིམ་ལ། སྤྱིར་ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་པ་དང་། གྲོལ་ལམ་ཟུང་འཇུག་གི་རྣལ་འབྱོར་རིམ་དང་གཅིག་ཆར་གཉིས་ཀྱིས་བསྡུས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སོགས་དབྱེ་བསྡུ་མང་དུ་མཆིས་པ་ལས། འདིར་ནི། གསང་རྫོགས་རྒྱུད་ལས། རྫོགས་པའི་རིམ་ལྔ་གདན་གཅིག་ལ། །བསྒོམ་པའི་དོན་རབ་འདི་ལྟ་སྟེ། །སྔགས་སེམས་ལུས་དང་འོད་གསལ་དང་། །ཟུང་འཇུག་དག་ནི་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར་རིམ་པ་ལྔ་པོ་བསྐྱེད་རིམ་ལ་རྟེན་བྱས་ཏེ་ཇི་སྐད་བཤད་པ་བཞིན་ཉམས་སུ་བླངས་པས་འབྲས་བུའང་། བསྐྱེད་པས་སྔགས་ཀྱི་ཚོགས་ལམ་བགྲོད༔ དབེན་པ་གསུམ་གྱིས་དྲོད་རྩེ་དང༔ སྒྱུ་མས་བཟོད་ཆོས་མཐར་ཕྱིན་ནས༔ སྐུ་དང་ཡེ་ཤེས་དབྱེར་མེད་པའི༔ གོ་འཕང་མཆོག་ཏུ་འགྲུབ་པར་འགྱུར༔ ཅེས་གསུངས་པ་ལྟར་རོ། །དྲུག་པ་ལ་དོར་བ་སྤྱོད་པ་ནི། ཉམས་དང་དྲོད་དང་རྟགས་རྣམས་ནི༔ སྤྱོད་པ་གསུམ་གྱིས་བསྟན་པར་བྱ༔ ཞེས་གསུངས་ཏེ་སྤྱོད་པའི་ངོ་བོ་ནི། ལམ་ཞུགས་ཀྱི་གང་ཟག་ལ་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་གསུམ་གྱི་བྱ་བ་རྣམས་ཏེ། རིམ་གསུམ་ལས། ཏིང་འཛིན་ཁྱད་པར་འགྱུར་བའི་ཕྱིར། །རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། །ཅེས་སོ། །ངེས་ཚིག་ཙརྻ་ཞེས་སྤྱད་བྱ་ལ་ཚུལ་བཞིན་སྤྱོད་པའོ། །དབྱེ་བ་སོ་སོའི་ལུགས་ཀྱི་རྣམ་གྲངས་མང་ཡང་འདིར་གསུམ་དུ་བསྡུས་སོ། །སྤྱོད་ཚུལ་ནི། ལྟ་བ་བདག་མེད་པས་ཟིན་པའི་ཤེས་རབ་དང་ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་སྒོ་ནས་དུས་ཚོད་དང་འབྲེལ་བར་ཚུལ་བཞིན་སྤྱད་པས་ལུས་ངག་ཡིད་གསུམ་ཡོངས་སུ་དག་པར་འགྱུར་བའོ། །དེའང་གོང་དུ་སྨོས་པའི་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བསྒོམ་པས་ཐོག་མར་ཉམས་འཇམ་རྩུབ་མཐོ་དམན་ཅི་རིགས་པ་སྐྱེ། བར་དུ་དྲོད་ཐོབ། མཐར་ཚད་དུ་ཕྱིན་པའི་རྟགས་མཐོང་བར་འགྱུར་བ་དེ་རྣམས་རིམ་པར་སྤྱོད་པ་གསུམ་གྱིས་བརྟན་པར་བྱ་སྟེ། ལས་དང་པོ་པའི་དུས་སུ་བག་དང་ལྡན་པས་གཟབ་པ་ལྷུར་ལེན་པ་དགེ་སྦྱོང་གཞོན་ནུ་ལྟ་བུའི་སྤྱོད་པ། ཅུང་ཟད་གོམས་ཏེ་མཉམ་རྗེས་བསྲེ་ནུས་པ་ན། རྟོགས་པ་རྐྱེན་ཐུབ་ཏུ་སྤྱོད་པ་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ། བརྟན་པ་ཆེར་ཐོབ་ནས་རྟོགས་པ་ལ་འཕེལ་འགྲིབ་མེད་པ་ན་གཞན་ཕན་ཁོ་ན་ལ་བསླབ་པ་རྒྱལ་པོ་ས་འཛིན་ལྟ་བུའི་སྤྱོད་པ་དང་གསུམ་མོ། །བདུན་པ་དོན་དུ་གཉེར་བ་སྒྲུབ་པ་ནིི། བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིས༔ ཐུན་མོང་མཆོག་གི་དངོས་གྲུབ་ལེན༔ ཞེས་གསུངས་ཏེ། སྒྲུབ་པའི་ངོ་བོ་ནི། སྒྲུབ་བྱེད་ཐབས་ཁྱད་པར་ཅན་གྱིས་བསྒྲུབ་བྱ་དངོས་གྲུབ་རྣམ་པ་གཉིས་གང་འདོད་དོན་དུ་གཉེར་བའོ། །ངེས་ཚིག་སིདྡྷི་དངོས་གྲུབ་ཅེས་བསྒྲུབ་བྱ་དང་། སཱདྷན་འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའི་དོན་ནོ། །དབྱེ་བ་ནི། ཐུན་མོང་དང་མཆོག་སྒྲུབ་པ་གཉིས། ཐུན་མོང་ལ་གྲུབ་པ་བརྒྱད། ལས་ཆེན་པོ་བརྒྱད་སོགས་ཤིན་ཏུ་མང་ཞིང་། མཆོག་སྒྲུབ་པའི་ཐབས་ཀྱང་མང་དུ་འབྱུང་མོད། གཙོ་བོ་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་སྟེ་དེའང་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་། གྲུབ་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་ལེན་པ་རྣམས་ནི་གཞུང་འདི་ཉིད་ལས་ཀྱང་ས་བཅད་རྒྱས་པར་བསྟན་པའི་མཐར། དེ་ལྟར་འབད་པས་བརྩོན་འགྲུས་དང༔ ཏིང་འཛིན་སྐལ་པའི་ཁྱད་པར་བཞིན༔ རབ་ཀྱིས་རིག་འཛིན་མཆོག་དངོས་འགྲུབ༔ འབྲིང་གིས་སྔགས་ཀྱི་དྲོད་ཚད་ཐོབ༔ གཞན་དུ་ཕྲིན་ལས་ཅི་རིགས་འགྲུབ༔ མདོར་ན་འབྲེལ་ཚད་དོན་ལྡན་པ༔ སྒྲུབ་པ་ཆེན་པོའི་ཕྲིན་ལས་སོ༔ ཞེས་འབྱུང་ངོ་། །བརྒྱད་པ་འཆིང་བ་ཕྱག་རྒྱ་ནི། དམ་ཚིག་ལས་ཆོས་ཕྱག་རྒྱ་ཆེས༔ འདའ་དཀའི་ཐུགས་དམ་བརྟན་ཅིང་བསྐུལ༔ ཅེས་གསུངས་ཏེ། ཕྱག་རྒྱའི་ངོ་བོ་ནི། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བ། ངེས་ཚིག་མུ་དྲ་ཞེས་རྒྱས་བཏབ་པ་ལས་འདའ་བར་དཀའ་བའི་མཚན་མའི་དོན་གྱིས་སོ། །དབྱེ་ན་རང་བཞིན་གྱི་ཕྱག་རྒྱ། ལྟ་བའི་ཕྱག་རྒྱ། འབྲས་བུའི་ཕྱག་རྒྱ་སོགས་སུ་མཆིས་པ་ལས་འདིར་ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་གསུངས་པ་ལྟར་ལག་པའི་ཕྱག་རྒྱ་བཅིངས་པ་དམ་ཚིག་གི་རྒྱ་བཅས་ནས་མདུན་དུ་བཀྲོལ་ཏེ་ཕྲིན་ལས་བཅོལ་བ་ལས་རྒྱ། ཐུགས་ཀར་རང་རང་གི་ས་བོན་གསལ་བཏབ་སྟེ་ངག་ནས་སྔགས་ཚིག་བརྗོད་པ་ཆོས་རྒྱ། ལྷ་སྐུའི་སྣང་བ་གསལ་བ་ཕྱག་རྒྱ་ཆེན་པོ་སྟེ། དེ་དག་ཚུལ་བཞིན་སྦྱར་བས་ཡེ་ཤེས་ལྷ་ཚོགས་རྣམས་ཀྱིས་འདའ་དཀའི་ཐུགས་དམ་བཅས་པ་ལས་མི་འགྱུར་བར་བརྟན་པ་དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པར་བསྐུལ་བར་བྱ་བའོ། །དགུ་པ་གནས་སུ་སྟོབ་པ་མཆོད་པ་ནི། གླུ་གར་ཕྱི་ནང་གསང་རྨད་བྱུང༔ བསྟོད་པའི་མཆོད་པས་དགྱེས་པ་བསྐྱེད༔ ཅེས་གསུངས་ཏེ། མཆོད་པའི་ངོ་བོ་ནི། བསོད་ནམས་ཀྱི་ཞིང་དུ་གྱུར་པ་ཐམས་ཅད་སྒོ་གསུམ་གྱིས་མཉེས་པ་སྒྲུབ་པ་དང་ཡོ་བྱད་སྟོབ་པའི་སྒོ་ནས་མཉེས་པ་སྒྲུབ་པའོ། །ངེས་ཚིག་པཱུ་ཛ་ཞེས་བཀུར་བའི་དོན་གྱིས་གནས་སུ་སྟོབ་པའི་ཕྱིར་རོ། །དབྱེ་ན། སྤྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་གཉིས། གཉིས་ཀ་ལའང་དམིགས་ཡུལ་ཞིང་དང་འབྲས་བུ། ཡོངས་སུ་བསྔོ་བ། མཆོད་རྫས་དངོས་པོའི་ཁྱད་པར་བཞིར་ཡོད་ཅིང་། བྱེ་བྲག་སྔགས་བླ་མེད་ཀྱི་སྐབས་སུ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་གཙོ་བོ་དང་། དེ་ལའང་སྔོན་རྗེས་ཀྱི་དབང་དུ་བྱས་ཏེ་རྣམ་གྲངས་མང་དུ་འབྱུང་བ་ལས། གཞུང་འདིར་མཚོན་ན། སྔོན་འགྲོ་ཐུན་མོང་ཕྱག་རྒྱ་གར། གླུ་ཡེ་ཤེས་ཀྱི་སྒྲ་བརྙན། དངོས་གཞི་ཕྱི་ཉེར་སྤྱོད་ལྔ། ནང་སྨན་གཏོར་རཀྟ། གསང་བ་བྱང་སེམས་ཛ་གད། རྨད་བྱུང་སྦྱོར་སྒྲོལ་ཟུང་འཇུག་རྣམས་ཀྱིས་མཆོད། མཐར་ཆེ་བའི་ཡོན་ཏན་ལ་བསྟོད་པའི་གླུ་ཡིས་དགྱེས་པ་བསྐྱེད་ཅིང་ཐུགས་དམ་བསྐང་བར་གསུངས་སོ། །བཅུ་པ་ཟློས་པ་སྔགས་ནི། བཀོད་པ་སྤྲོ་བསྡུ་མཁའ་མཉམ་པའི༔ བསྙེན་སྒྲུབ་ལས་ཀྱི་བཟླས་པར་བརྩོན༔ ཞེས་གསུངས་ཏེ། བཟླས་པ་སྔགས་ཀྱི་ངོ་བོ་ནི་ཐབས་ཤེས་ཀྱི་ཡི་གེ་དབྱངས་གསལ་གཉིས་འདུས་ཤིང་གྲུབ་པ་བཞིས་བྱིན་གྱིས་བརླབས་པས་ནུས་མཐུ་ཅན་དུ་གྱུར་པའོ། །ངེས་ཚིག་མནྟྲ་ཞེས་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་དོན་ཏེ། གསང་སྙིང་ལས། བླ་མེད་ཐེག་པ་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་སོ། །དབྱེ་ན་སྤྱིར་གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ། བྱེ་བྲག་དེ་དག་གི་སྒོར་གྱུར་པ་རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་གསུམ་དུ་ཡོད་ཅིང་། དེ་དག་གི་དགོངས་པའི་ཏིང་ངེ་འཛིན་ལ་འཇུག་པ་ན། ཐོག་མར་ལྷའི་ཐུགས་སྲོག་གི་མཐར་སྔགས་ཕྲེང་བཀོད་དེ་བཟླས་པ་ཟླ་བ་སྐར་ཕྲེང་ལྟ་བུ་ཞེས་བསྙེན་པ། སྔགས་ཕྲེང་ཡབ་ཡུམ་ཞལ་ནས་ཞལ་དུ་བརྒྱུད་དེ་འཁོར་བ་འགལ་མེ་ཀླད་བསྐོར་ལྟ་བུ་ཞེས་ཉེ་བསྙེན། དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱེད་པ་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུ་ཞེས་སྒྲུབ་པ། ནམ་མཁའ་དང་མཉམ་པའི་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་སུ་གསལ་བས་བཟླས་པ་བུང་བ་ཚང་ཞིག་གི་ཚུལ་སྒྲུབ་པ་ཆེན་པོ་ལས་ལ་སྦྱོར་བའི་བཟླས་པ་རྣམས་ལ་བརྩོན་པའི་དགོས་པའང། གཞུང་ལས། དེ་ལྟར་བཀོད་པའི་བཟླས་པ་ལ༔ སེམས་བཟུང་སྔགས་ཀྱི་གསལ་སྣང་བསྒྲུབ༔ བདེ་ཆེན་འཁོར་བའི་ཏིང་འཛིན་གྱིས༔ བཟླས་པ་སྔགས་ཀྱི་གཟེར་གདབ་ཅིང༔ འཕྲོ་འདུ་འཕྲོ་འདུ་ཆེན་པོ་ཡིས༔ དག་པ་རབ་འབྱམས་གཟེར་བཏབ་པས༔ ཐ་མལ་སྒྲར་སྣང་སྔགས་སུ་དག༔ དངོས་གྲུབ་རྣམ་གཉིས་ཉེར་རྒྱུར་སྨིན༔ ངག་ལ་ནུས་པའི་རྩལ་རྫོགས་པས༔ གསུང་གི་རྣལ་འབྱོར་གྲུབ་པ་འོ༔ ཞེས་འབྱུང་ངོ་། །བཅུ་གཅིག་པ་རོལ་པ་ཕྲིན་ལས་ནི། གྲུབ་པ་ཞི་རྒྱས་དབང་དྲག་དང༔ མཆོག་གི་ཕྲིན་ལས་དོན་ལ་སྦྱར༔ ཞེས་གསུངས་ཏེ། ཕྲིན་ལས་ཀྱི་ངོ་བོ་ནི་བྱང་ཆུབ་སེམས་དང་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཆེན་པོས་ཟིན་པའི་སྒོ་ནས་གཙོ་བོར་གཞན་དོན་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་སྤྱོད་དོ། །ངེས་ཚིག་ཀརྨ་ཞེས་སྒོ་གསུམ་གྱིས་བསྡུས་པའི་བྱ་བའི་ལས་བྱེད་པ་པོའི་འདོད་པ་ལས་བྱུང་བའོ། །དབྱེ་བ་རྣམ་གྲངས་མང་དུ་མཆིས་ཀྱང་བསྙེན་སྒྲུབ་ཡན་ལག་བཞིས་དོན་དུ་གཉེར་བའི་དངོས་གྲུབ་བརྙེས་པ་དེ་ཉིད་ལས་ལ་སྦྱོར་བའི་གཙོ་བོའི་དབང་དུ་བྱས་ཏེ། ནད་གདོན་འཇིགས་པ་བརྒྱད་སོགས་ཞི་བ་དང་། འབྱོར་པ་དྲུག་རྒྱས་པ་དང་། མོས་ཚུལ་བཞིས་དབང་དུ་སྡུད་པ་དང་། དགྲ་བགེགས་རྣམས་ལས་ཆེན་བརྒྱད་ཀྱིས་ཚར་གཅོད་པ་དྲག་པོ་དང་། ཡོན་ཏན་དང་ཡེ་ཤེས་བསྐྱེད་པ་མཆོག་གི་ཕྲིན་ལས་ཏེ་རྣམ་པ་ལྔ་ཡི་དོན་ལ་སྦྱར་བར་བྱ་སྟེ། གསང་སྙིང་རྒྱུད་ཕྱི་མ་ལས། ཞི་བ་ལ་སོགས་རབ་དབྱེ་བ། །ལས་ནི་རྣམ་པ་བཞིར་གསུངས་སོ། །ཞེས་ལས་བཞི་ཀུན་ལ་གྲགས་པ་ལྟར་རོ། །དེ་དག་གང་གིས་སྒྲུབ་པའི་ཐབས་ཀྱི་རིམ་པ་ནི། མེའི་ལས་སྦྱིན་སྲེག་སོགས་མང་དུ་འབྱུང་བ་རྣམས་སོ། །གསུམ་པ་ལམ་གྱུར་གྱི་འབྲས་བུ་བསྟན་པ་ནི། དེ་ལྟར་ཤེས་པའི་རྣལ་འབྱོར་པ༔ ཧེ་རུ་ཀ་ཡི་གདུང་འཛིན་ཏོ༔ ཞེས་གསུངས་ཏེ། ཇི་སྐད་བཤད་པ་དེ་དག་གི་དོན་ཕྱིན་ཅི་མ་ལོག་པར་ཤེས་ནས་ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་པ་རྣམས་ནི། གནས་སྐབས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་པ་བཞི་འགྲུབ་པས་དཔལ་ཧེ་རུ་ཀའི་གདུང་རྒྱུད་འཛིན་པ་པོར་འགྱུར་ཞིང་། མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་དངོས་སུ་འགྲུབ་པར་འགྱུར་ཏེ། རྒྱུད་ལས། མཐར་ཕྱིན་སྐུ་དང་ཡེ་ཤེས་ཚོགས། །ཐམས་ཅད་ཡོངས་རྫོགས་འཁྲུལ་པ་མེད། །ཧེ་རུ་ཀ་ཡི་འབྲས་བུ་ཡིན། །ཞེས་སོ། །བཞི་པ་དགོས་འབྲེལ་ནི། བརྗོད་འབྲེལ་དགོས་པ་ཕུན་ཚོགས་པའི༔ རྒྱུད་ཀྱི་སྙིང་པོ་འདི་ཁོ་ན༔ ཞེས་གསུངས་ཏེ། རྒྱུད་ཐམས་ཅད་དགོས་སོགས་ཆོས་བཞི་དང་ལྡན་པས་འདིར་ཡང་བརྗོད་བྱ་གནས་ལུགས་དེ་བཞིན་ཉིད་རང་བཞིན་གྱི་རྒྱུད། རྗོད་བྱེད་ཡི་གེའི་རྒྱུད་སྒྲའི་གཟུགས་སུ་སྣང་ཞིང་གྲགས་པ། རྗོད་བྱེད་ལ་བརྟེན་ནས་བརྗོད་བྱའི་དོན་གོ་བ་ནི་དགོས་པ། དེ་ལྟར་གོ་ཞིང་ཤེས་པའི་དོན་ཉམས་སུ་བླངས་པས་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ནི་ཉིང་དགོས་སོ། །དེ་ལྟ་བུའི་བརྗོད་བྱ་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དུ་འབྲེལ། རྗོད་བྱེད་དགོས་པ་གཉིས་ཐབས་ལས་ཐབས་བྱུང་དུ་འབྲེལ། དགོས་པ་ཉིང་དགོས་གཉིས་དེ་ལས་དེ་བྱུང་དུ་འབྲེལ། ཉིང་དགོས་དང་བརྗོད་བྱ་གཉིས་ངོ་བོ་བདག་གཅིག་གིས་འབྲེལ་བས་ཕུན་སུམ་ཚོགས་པའི་རྒྱུད་ཀྱི་སྙིང་པོ་ནི་འདི་ཁོ་ན་ལས་གཞན་དུ་མ་བསྟན་པས་རྙེད་པར་དཀའ་བའོ། །ལྔ་པ་གདམས་ཤིང་གཏད་པ་ནི། རང་ཤར་རོལ་པའི་འཁོར་གྱིས་ཟུངས༔ མ་འོངས་དོན་དུ་སྣང་བར་གྱིས༔ ཞེས་གསུངས་ཏེ། བཤད་མ་ཐག་པ་སྒྲུབ་སྡེའི་གསང་རྒྱུད་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་འདི་ཉིད་ད་ལྟ་དཔལ་ཆེན་པོ་ཉིད་ཀྱི་ཡེ་ཤེས་ཀྱི་རྩལ་ལས་རང་ཤར་རྣམ་པར་རོལ་པའི་འཁོར་རྣམས་ཀྱིས་ཡིད་ལ་མ་བརྗེད་པར་ཟུངས་ལ། མ་འོངས་སྙིགས་མའི་གདུལ་བྱ་འདུལ་དཀའ་བ་རྣམས་ཀྱི་དོན་དུ་སྔོན་སྦྱངས་སྨོན་ལམ་ལས་འཕྲོ་སད་པའི་གང་ཟག་ཆོས་མིག་དང་ལྡན་པ་ལ་སྣང་བར་གྱིས་ཤིག །ཅེས་ཆོས་ཉིད་ཀྱི་རང་སྒྲས་བཀའ་བསྩལ་ཏེ་ཆོས་ཀྱི་དབྱིངས་ཐིག་ལེ་ཆེན་པོ་འོད་གསལ་བའི་ངང་དུ་ཐིམ་ཞིང་འཁྱིལ་བར་གྱུར་ཏོ། །དཔལ་ཁྲག་འཐུང་བདེ་གཤེགས་འདུས་པའི་ཡང་སྙིང་གི་རྒྱུད་རྫོགས་སོ༔ ས་མ་ཡ༔ ཞེས་པ་ནི་རེ་ཞིག་སྙིང་པོའི་རྒྱུད་འདི་ཉིད་བསྟན་ནས་རྫོགས་པའི་ཐ་ཚིག་གོ །གཉིས་པ་རྒྱུད་དོན་ཉམས་སུ་ལེན་ཚུལ་གྱི་ལུང་བཤད་པ་ལ་གསུམ། འཆད་བྱེད་ཀྱིས་གསུང་ཚུལ། འཆད་བྱའི་ལུང་དངོས། འཆད་ཟིན་པའི་བྱ་བའོ། །དང་པོ་ནི། དེ་ནས་གསང་ཆེན་བཤད་བྱ་བ༔ རིག་འཛིན་བཛྲ་པྲ་དྷརྨཱས༔ རྒྱུད་དོན་ཉམས་སུ་ལེན་པའི་ལུང༔ དགྱེས་པ་ཆེན་པོས་འདི་སྐད་གསུང༔ ཞེས་པ་སྟེ། སྟོན་པ་ཧེ་རུ་ཀས་རྒྱུད་གསུངས་ཟིན་པའི་རྗེས་དེ་ནས་གསང་བ་ཆེན་པོ་བཤད་པར་བྱ་བ་འདི་ནི། རིག་པ་འཛིན་པ་ཡོངས་ཀྱི་རྒྱལ་པོ་རྒྱུད་འཆད་པ་པོ་དང་ཐུགས་གཉིས་སུ་མེད་ཀྱང་སྡུད་པ་པོའི་རྣམ་པར་བསྟན་པ་བཛྲ་པྲ་དྷརྨཱ་སྟེ་རྡོ་རྗེ་ཆོས་རབ་ཀྱིས། རྒྱུད་ཀྱི་སྙིང་པོའི་དོན་དེ་ཕྱི་རབས་རྣལ་འབྱོར་པས་ཉམས་སུ་ལེན་པའི་ཚུལ་གསལ་བར་བསྟན་པའི་ལུང་འདི་ཉིད་དགྱེས་པ་ཆེན་པོའི་ངང་ནས་འདི་སྐད་དུ་གསུངས་སོ། །གཉིས་པ་འཆད་བྱའི་ལུང་དངོས་ལ་བཞི། ཉམས་སུ་ལེན་ཚུལ་སྤྱིར་གདམས་པ། བསྒྲུབ་བྱའི་གཞི། སྒྲུབ་བྱེད་ཀྱི་ཐབས། བསྒྲུབས་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། ཨེ་མ་འདུས་པའི་འཁོར་རྣམས་ཉོན༔ མ་འོངས་ཕྱི་མ་ཕྱི་མའི་དུས༔ སྨིན་ཅིང་དག་པའི་རྣལ་འབྱོར་པས༔ དཔལ་མཆོག་བདེ་ཆེན་རྡོ་རྗེའི་ཚིག༔ རྒྱུད་གསུམ་ཡན་ལག་དང་བཅས་པ༔ རྣལ་འབྱོར་ལྔ་ཡིས་བསྒྲུབ་པར་བྱ༔ ཞེས་གསུངས་ཏེ། ཨེ་མ་ཞེས་ངོ་མཚར་བའི་ཚིག་གིས་མདུན་བསུས་ཏེ། འཁོར་དུ་འདུས་པའི་རིག་འཛིན་ཕོ་མོའི་ཚོགས་རྣམས་ཉོན་ཅིག་པར་བསྐུལ་ནས། མ་འོངས་པའི་དུས་ཕྱི་མ། རྩོད་པའི་དུས་ཀྱིའང་ཕྱི་མ་མཐར་ཐུག་སྙིགས་མ་ལྔ་བདོ་བའི་དུས་སུ་སྔོན་སྦྱང་ཅན་གྱི་གང་ཟག་རྒྱུད་སྨིན་ཅིང་དག་པའི་རྣལ་འབྱོར་པ་འགའ་ཞིག་འབྱུང་བར་འགྱུར་བ་རྣམས་ཀྱིས་དཔལ་ཆེ་བའི་མཆོག་བདེ་ཆེན་ཧེ་རུ་ཀས་རྡོ་རྗེའི་ཚིག་ཏུ་གསུངས་པའི་རྒྱུད་གསུམ་ཡན་ལག་དངོས་བཅུ་དང་བཅས་པ་ཉམས་སུ་ལེན་པ་ན་རྣལ་འབྱོར་རྣམ་པ་ལྔ་ཡི་སྒོ་ནས་ཚུལ་བཞིན་བསྒྲུབ་པར་བྱའོ། །གཉིས་པ་བསྒྲུབ་བྱའི་གཞི་ནི། བསྒྲུབ་བྱའི་ལྷ་ནི་སེམས་ཡིན་ཏེ༔ སེམས་ཉིད་དོན་གྱི་ལྷ་སྐུར་བཞུགས༔ ཞེས་གསུངས་ཏེ། གང་བསྒྲུབ་པར་བྱ་བའི་ཡི་དམ་གྱི་ལྷ་ཞེས་བྱ་བ་ནི་རང་གི་སེམས་ཉིད་ཡིན་པས་དེ་ལས་གཞན་དུ་ཚོལ་ཞིང་བསྒྲུབ་པར་བྱ་བ་མ་མཆིས་ཏེ། སེམས་ཀྱི་གནས་ལུགས་རང་བཞིན་འོད་གསལ་བ་ཉིད་ཡེ་གདོད་མ་ནས་རང་བྱུང་རང་ཤར་དོན་དམ་པའི་ལྷ་སྐུ་བདེ་སྟོང་ཕྱག་རྒྱ་ཆེན་པོར་བཞུགས་པ་སྟེ། རྒྱུད་ལས། སེམས་ལ་ཀུན་འབྱུང་བདེ་གཤེགས་སེམས། །རང་ལས་སངས་རྒྱས་གཞན་ན་མེད། །ཅེས་སོ། །གཉིས་པ་སྒྲུབ་བྱེད་ཀྱི་ཐབས་ལམ་བསྟན་པ་ལ་ལྔ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེའི་སྒྲུབ་པའོ། །དང་པོ་སྐུ་ནི། དེ་ཉིད་ལམ་དུ་བསླང་བའི་ཕྱིར༔ རྟགས་ཀྱི་ཕྱག་རྒྱ་གསལ་གདབ་ཅིང༔ ཏིང་འཛིན་རྩེ་གཅིག་གཟེར་ཆེན་གདབ༔ ང་རྒྱལ་བརྟན་ཅིང་དག་པ་དྲན༔ སྐུ་ཡི་རྡོ་རྗེའི་དངོས་གྲུབ་འགྱུར༔ ཞེས་གསུངས་ཏེ། གདོད་མའི་རང་གནས་ཀྱི་ལྷ་དཔལ་ཆེན་པོ་དེ་ཉིད་ལམ་དུ་བསླངས་ནས་མངོན་དུ་བྱ་བའི་ཕྱིར༔ བསྐྱེད་པའི་རིམ་པ་ཚུལ་བཞིན་ལྡན་པས་བརྡ་དོན་རྟགས་གསུམ་དང་ལྡན་པའི་ལྷའི་ཕྱག་རྒྱ་གསལ་གདབ་ཅིང་ཡིད་གཞན་དུ་མ་ཡེངས་པར་ཏིང་འཛིན་རྩེ་གཅིག་པས་དམིགས་པའི་གཟེར་ཆེན་གདབ་དགོས་པ་ནི། རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་བསྒྲུབ་ཀྱང་། །སྲོག་སྡོམ་གཟེར་བཞིས་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པ་རྐྱང་། །དྲང་དོན་རྫུན་གྱི་འཁྲུལ་འཁོར་ཡིན། །ཞེས་སོགས་དང་གཟེར་བཞི་འདེབས་ཚུལ་དང་དགོས་དོན་རྒྱས་པར་གསུངས་ཏེ། བསྐྱེད་རིམ་སྐབས། ཏིང་འཛིན་གཟེར་ནི་ཐོད་སྐུ་ལ། །རྩེ་གཅིག་སེམས་བཟུང་ཡེངས་མི་བྱ། །ཡུལ་གསུམ་གྱད་དུ་གྱུར་པ་དང་། །དཔལ་ཆེན་ཧེ་རུ་དངོས་དང་མཇལ། །ཞེས་སོགས་གསུངས་ཏེ། དེ་ལྟ་བུས་སྒོམ་པས་ལྷར་སྣང་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་གསུམ་དང་ལྡན་པས་རིམ་པ་དང་ཡན་ལག་རྫོགས་ཏེ་སྐུ་རྡོ་རྗེ་རྣམ་པ་ལྔའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །གཉིས་པ་གསུང་ནི། སྒྲུབ་པའི་གཞུང་བསྲང་བཀོད་དང་ཁྱོགས༔ སྤྲོ་བསྡུས་ལས་སྦྱར་ཅིར་སྣང་ཀུན༔ ལྷ་དང་སྔགས་ཀྱི་རྒྱས་བཏབ་པས༔ གསུང་གི་རྡོ་རྗེའི་དངོས་གྲུབ་འགྱུར༔ ཅེས་གསུངས་ཏེ། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བསྐྱེད་པའི་རིམ་པ་གྲུབ་ནས། གསུང་བཟླས་པའི་རྣལ་འབྱོར་བཀོད་པ་དང་ཁྱོགས་སམ་དོ་ལིའི་བཟླས་པ་དང་། སྤྲོ་བསྡུའི་དམིགས་པས་ལས་ཀྱི་རིམ་པར་སྦྱར། ཅིར་སྣང་ཐམས་ཅད་ལྷ། གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲར་ཤེས་པའི་རྒྱས་སྙིང་པོའི་གཟེར་གདབ་དགོས་ཏེ། རྒྱུད་ལས། སྙིང་པོ་སྔགས་གཟེར་ཡོངས་རྫོགས་ཀྱི། །གཙོ་བོའི་སྔགས་དག་སེལ་མེད་བཟླ། །ཐུགས་སྲོག་ཧཱུྃ་ལ་རྩ་སྔགས་བསྐོར། །གསལ་བའི་འཕྲོ་འདུ་སྲོག་སྔགས་བགྲང་། །དེ་ཚེ་དཔལ་བྱོན་ལུང་ཡང་སྟོན། །ནུས་པའི་རྩལ་རྫོགས་ལྷ་རྣམས་འཁོར། །ཞེས་བཟླས་པ་སྔགས་ཀྱི་གཟེར་དང་། འཕྲོ་འདུའི་གཟེར་ནི་དམིགས་པ་ཡི། །བསྒྱུར་ཁ་ཤེས་ན་འདོད་དགུར་བསྒྱུར། །ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིས། །སེམས་ཀྱི་ནུས་པ་རྩལ་རྫོགས་ཏེ། །གང་ལྟར་བསམ་པ་དེ་ལྟར་སྣང་། །ཞེས་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་གདབ་པས་གསུང་རྡོ་རྗེ་རྣམ་པ་ལྔའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་དག་ཐམས་ཅད་དུའང་། །དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་གྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་ཅིང་རུ་དྲར་གོལ། །ཅེས་པས་དགོངས་པ་མི་འགྱུར་བའི་གཟེར་གདབ་པ་ཤིན་ཏུ་གལ་ཆེ་སྟེ། དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ། །ཡོངས་རྫོགས་དཔལ་ཆེན་རང་སེམས་ལས། །གུད་ན་མེད་ཅིང་རུ་དྲ་ཡང་། །ལོགས་ན་མེད་དོ་རང་གི་སེམས། །སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ །གསལ་ལ་མ་འགག་ལོངས་སྤྱོད་རྫོགས། །སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ །ཞེས་སོགས་ལྷ་ཚོགས་གཙོ་འཁོར་སེམས་ལས་བྱུང་ཞིང་སེམས་ཉིད་ཡེ་ནས་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་ལས་གང་དུ་གཡོས་པ་མེད་པའི་དོན་དྲན་པར་བྱའོ། །གསུམ་པ་ཐུགས་ནི། རྡོ་རྗེའི་རླུང་བཟླས་སེམས་ལ་དམིགས༔ སྒྱུ་མར་བལྟ་ཞིང་འོད་གསལ་བསྡུ༔ ཟུང་འཇུག་ཆེན་པོའི་རྩལ་སྦྱངས་པས༔ ཐུགས་ཀྱི་རྡོ་རྗེའི་དངོས་གྲུབ་འགྱུར༔ ཞེས་གསུངས་ཏེ་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་བརྟེན་ནས་ལུས་དབེན་དང་། རྡོ་རྗེའི་རླུང་གི་བཟླས་པས་ངག་དབེན་སྒྲུབ་པ་སྔགས་ཀྱི་རིམ་པ། སེམས་ལ་དམིགས་པའི་ཏིང་ངེ་འཛིན་གྱིས་སེམས་དབེན་སྒྲུབ་པ་སེམས་ཀྱི་རིམ་པ། དག་པ་དང་མ་དག་པའི་སྣང་བ་ཐམས་ཅད་ཉིན་དང་མཚན་དུ་སྒྱུ་མར་བལྟ་ཞིང་སྦྱོང་བ་སྒྱུ་ལུས་ཀྱི་རིམ་པ། ཉམས་དང་རྟོགས་པའི་འོད་གསལ་སྦྱང་ཞིང་དངོས་དང་ཡིད་རིག་གིས་བོགས་དབྱུང་བ་འོད་གསལ་གྱི་རིམ་པ། སྟོང་པའི་དབྱིངས་སུ་བསྡུ་ཞིང་སྣང་བའི་ངང་དུ་ལྡང་བས་རྣམ་པ་ལྷ་སྐུ་ངོ་བོ་རྟོག་མེད་འོད་གསལ་ངང་གིས་ཤར་བ་ཟུང་འཇུག་གི་རིམ་པ་བཅས་རྫོགས་པའི་རིམ་པ་ལྔ་པོས་ཐུགས་རྡོ་རྗེ་རྣམ་པ་ལྔའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །བཞི་པ་ཡོན་ཏན་ནི། དད་དང་བརྩོན་འགྲུས་བརྟུལ་ཞུགས་ཅན༔ ཕན་ནུས་ཟབ་མོའི་དབང་གི་ཆུས༔ སྦྱངས་ཤིང་སྨིན་པའི་ཐབས་ཆེན་པོས༔ ཡོན་ཏན་རྡོ་རྗེའི་དངོས་གྲུབ་འགྱུར༔ ཞེས་གསུངས་ཏེ་རྣལ་འབྱོར་དེ་དག་རྣམས་ལ་འཇུག་པའི་ཐོག་མར་དབང་བསྐུར་བས་རྒྱུད་སྨིན་པར་བྱ་དགོས་ཏེ། དད་བརྩོན་བརྟུལ་ཞུགས་ལྡན་རྟོགས་ནས། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །ཟབ་མོའི་རིམ་པ་བསྐུར་བར་བྱ། །ཞེས་འབྱུང་བ་ལྟར། སློབ་མ་དད་པ་དང་བརྩོན་འགྲུས་དང་བརྟུལ་ཞུགས་ཅན་ལ་རིམ་པར་བདག་དོན་དུ་ཕན་པའི་དབང་། བདག་གཞན་གཉིས་ཀའི་དོན་དུ་ནུས་པའི་དབང་། གོང་མའི་ཡེ་ཤེས་སྐྱེད་པའི་དོན་དུ་ཟབ་མོའི་དབང་སྨིན་པ་བར་མ་ཆད་པའི་ཆུ་བོས་རྒྱུད་སྦྱོང་ཞིང་སྨིན་པར་བྱེད་པའི་ཐབས་ལ་མཁས་པ་ཆེན་པོ་དང་ལྡན་པས་ཡོན་ཏན་རྡོ་རྗེ་རྣམ་པ་ལྔའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ལྔ་པ་ཕྲིན་ལས་ནི། ཞི་རྒྱས་དབང་གི་སྦྱོར་བ་དང༔ ཁྱད་པར་གདུག་ཅིང་གཏུམ་པའི་ཡུལ༔ ལས་དྲུག་སྒོ་ནས་ཚར་བཅད་པས༔ ཕྲིན་ལས་རྡོ་རྗེའི་དངོས་གྲུབ་འགྱུར༔ ཞེས་གསུངས་ཏེ། གོང་དུ་བསྟན་པའི་དོན་རྣམས་རྟོགས་ཤིང་གོམས་པའི་སྦྱོར་བས་རྣལ་འབྱོར་གྲུབ་པ་ན་བྱང་ཆུབ་ཀྱི་སེམས་གཉིས་དང་ལྡན་པས་ལས་ལ་སྦྱོར་བ་ནི། མི་མཐུན་ཉེས་པའི་ཚོགས་ཞི་བ་དང། མཐུན་རྐྱེན་ལེགས་ཚོགས་འཕེལ་ཞིང་རྒྱས་པ་དང་། འདོད་པའི་དོན་བདེ་བླག་ཏུ་བྱེད་པ་དབང་གི་སྦྱོར་བ་དང་། ཁྱད་པར་ཞི་བ་སོགས་ཀྱིས་མི་ཐུལ་བ་ཞིང་བཅུ་ཚང་བའི་དགྲ་བགེགས་གདུག་པའི་བསམ་པ་དང་གཏུམ་པའི་སྦྱོར་བ་རྩུབ་མོ་འཆང་བ་བསྒྲལ་བའི་ཡུལ་དུ་གྱུར་པ་རྣམས་དྲག་པོའི་ལས་དྲུག་གིས་ཚར་བཅད་པ་སྟེ་ཕྲིན་ལས་རྣམ་པ་བཞི་གང་ལ་གང་འདུལ་གྱི་འཁོར་ལོ་བསྐོར་བས་ཕྲིན་ལས་རྡོ་རྗེ་རྣམ་པ་ལྔའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །གསུམ་པ་བསྒྲུབས་འབྲས་ནི། དེ་ཡིས་ཐུན་མོང་ལས་ཀུན་འགྲུབ༔ མཆོག་ཏུ་རིག་འཛིན་རྣམ་པ་བཞིས༔ སློབ་པའི་ཟུང་འཇུག་མཐར་ཕྱིན་ནས༔ མི་འགྱུར་རྟག་པའི་དངོས་གྲུབ་འགྱུར༔ ཞེས་གསུངས་ཏེ་ཇི་སྐད་བཤད་པ་དེ་རྣམས་འབད་པས་ཉམས་སུ་བླངས་པས་གནས་སྐབས་ཐུན་མོང་གི་ཕྲིན་ལས་ཇི་ལྟར་འདོད་པ་ཀུན་འགྲུབ་ཅིང་། མཐར་ཐུག་མཆོག་གི་དངོས་གྲུབ་རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་བཅས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་པ་བཞིས་སློབ་པའི་ཟུང་འཇུག་མཐར་ཕྱིན་ནས།མི་སློབ་པའི་ཟུང་འཇུག་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་འདུས་མ་བྱས་རྟག་པ་དམ་པ་གཉིས་སུ་མེད་པའི་གོ་འཕང་མཐར་ཐུག་འགྲུབ་པར་འགྱུར་རོ། །གསུམ་པ་འཆད་ཟིན་མཇུག་གི་བྱ་བ་ནི། དེ་ཕྱིར་ཕྱི་རབས་སྐལ་ལྡན་རྣམས༔ འདི་ཉིད་ཁོ་ནར་སྒྲུབ་པར་གྱིས༔ ཞེས་གསུངས་རིག་འཛིན་འདུས་པའི་འཁོར༔ ཤིན་ཏུ་དགྱེས་པས་ཡི་རང་ངོ་༔ ས་མ་ཡ༔ ཞེས་གསུངས་ཏེ། རྒྱུད་དོན་ཉམས་སུ་བླངས་པས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པ་དེའི་ཕྱིར་ན་མ་འོངས་ཕྱི་རབས་སུ་རིམ་པར་འབྱུང་བའི་སྐལ་ལྡན་སྒྲུབ་པ་པོ་རྣམས་ཀྱིས་རྒྱུ་མཚན་ཤེས་པས་བློ་སྣ་རྩེ་གཅིག་ཏུ་དྲིལ་ནས་སྒྲུབ་སྡེའི་ཡང་སྙིང་གཅིག་དྲིལ་འདི་ཉིད་ཁོ་ན་སྒྲུབ་ཅིང་ཉམས་སུ་ལོན་པར་གྱིས་ཤིག །ཅེས་རྗེས་སུ་གདམས་པ་གསུངས་པ་ལ་རིག་པ་འཛིན་པ་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་འདུས་པའི་འཁོར་རྣམས་ཤིན་ཏུ་དགྱེས་པས་འདོད་པའི་དོན་འབྲས་མཐར་ཕྱིན་པས་ཡིད་ཚིམས་ཤིང་ངོམས་པར་གྱུར་པའི་དོན་དང་། ས་མ་ཡ༔ ཞེས་སྐལ་མེད་ལ་མི་སྤེལ་པའི་དམ་ཚིག་གི་རྒྱས་བཏབ་པའོ། །རྩ་བའི་གསུམ་པ་བཀའ་བབས་པའི་ཚུལ་ནི། དེ་ལྟར་ཟབ་རྒྱས་རྒྱུད་ཀུན་དང༔ ཁྱད་པར་སྙིང་པོའི་རྒྱུད་ལུང་འདི༔ དཔལ་ཆེན་དགྱེས་པས་བྱིན་བརླབས་ཤིང༔ ཀུན་འདུས་རིག་འཛིན་པདྨ་ལས༔ བོད་ཀྱི་རྣལ་འབྱོར་བདག་གིས་ཐོབ༔ དཔེ་རྒྱུད་རྒྱས་པར་བྲིས་པའི་གཞུང༔ གཞན་དུ་སྤེལ་བར་བློས་མ་ཐོངས༔ སྒྲུབ་སྡེ་སྙིང་པོའི་བསྟན་པའི་བཙས༔ ལྷ་རྩེའི་བྲག་ལ་གཏེར་དུ་གཏམས༔ སྙན་བརྒྱུད་སྙིང་པོའི་མན་ངག་འདི༔ ང་སྤྲུལ་སྒྱུ་མའི་སྐྱེས་བུའི་དོན༔ ཀློང་གསལ་དབྱིངས་ཀྱི་སྒྲོམ་བུར་སྦས༔ ཡེ་ཤེས་རིག་པའི་བརྡས་མཚོན་ཏེ༔ དགོངས་པས་བྱིན་བརླབས་གཏེར་དུ་བརྡོལ༔ རྩོལ་བ་མེད་པར་གཏན་ཕབ་ནས༔ རང་གཞན་དོན་གཉིས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་འབྱུང་བའི་དོན་ནི་གོ་སླ་ལ། ཀུན་མཁྱེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་བཅོ་ལྔ་པར་གྲུབ་ཐོབ་ཆེན་པོས་དངོས་སུ་བྱིན་གྱིས་བརླབས་ཤིང་ཐུགས་ཏིག་གི་ཆོས་སྐོར་ཡོངས་རྫོགས་དགོངས་པའི་ཀློང་དུ་བརྡོལ་ཀྱང་རིང་དུ་གསང་བ་མཐར་ཕྱིན་པར་མཛད་ནས་ཕྱིས་དགུང་གྲངས་ཞེ་བརྒྱད་པར་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པས་མཚམས་སྦྱར་ཏེ་རྩ་བའི་ཆོས་སྐོར་སྤེལ། རིམ་པར་ཡན་ལག་གི་ཆོས་སྡེ་རྣམས་གཏན་ལ་ཕབ་ནས་རྒྱུད་བཤད་ཁྲིད་ཡིག་སོགས་ཡིག་ཆའི་ཞབས་འདེགས་ཞུ་དགོས་པ་རྡོ་རྗེའི་གསུང་གིས་རྗེས་སུ་གནང་བ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བཤད་རྒྱུན་ལ་ཕན་པར་འགྱུར་བའི་ལྷག་བསམ་གྱིས། འབྲུ་འགྲེལ་མདོར་བསྡུས་ཙམ་དུ་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པའོ། །སྙིགས་དུས་སྐལ་དམན་འདམ་གྱི་ཁྲོད་སྐྱེས་ཀྱང་། །སངས་རྒྱས་པདྨའི་ཞལ་སྐྱིན་ཉི་ཟེར་གྱིས། །སྨིན་པའི་ཡུལ་གྱུར་པདྨོའི་དཔལ་མཚུངས་པ། །འདི་ཀོ་སྔོན་དགེའི་རྩ་བ་བརྟན་པར་ངེས། །ས་བོན་འདི་ལས་འབྲས་བུ་ཆེར་རྒྱས་ནས། །སྒྲུབ་སྡེའི་རྒྱུད་བཤད་ཆུ་རྒྱུན་ཉག་ཕྲ་བ། །ཆར་ཆེན་གྱིས་གསོས་དབྱར་དུས་ཆུ་ཀླུང་ལྟར། །འཕེལ་ཞིང་རྒྱས་པས་གསང་བསྟན་རབ་གསལ་ཤོག །དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).