Terdzo-JI-013

From Rinchen Terdzö
Revision as of 20:33, 14 December 2017 by Jeremi (talk | contribs) (Text replacement - "{{UnderConstruction }} " to "")


མགོན་པོ་གཡུལ་ཟློག་གི་མདོས་ཀྱི་ཟིན་རིས་སྒྲོན་མེ་སྐོར་གསུམ་ལས། བཤམ་གྱི་ལག་ལེན་བཅའ་ཐབས་སྒྲོན་མེ་

mgon po g.yul zlog gi mdos kyi zin ris sgron me skor gsum las/_bsham gyi lag len bca' thabs sgron me

by  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  མགོན་པོ་གཡུལ་ཟློག་གི་མདོས་ཀྱི་ཟིན་བྲིས་སྒྲོན་མེ་སྐོར་གསུམ་ (Mgon po g.yul zlog gi mdos kyi zin bris sgron me skor gsum)
Volume 37 (ཇི) / Pages 409-446 / Folios 1a1 to 19b6

[edit]

༄༅། །མགོན་པོ་གཡུལ་ཟློག་གི་མདོས་ཀྱི་ཟིན་རིས་སྒྲོན་མེ་སྐོར་གསུམ་ལས། བཤམ་གྱི་ལག་ལེན་བཅའ་ཐབས་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་ཝེ། སྲིད་གསུམ་གདུག་པའི་གཡུལ་ངོ་རྣམས། །ཟློག་བྱེད་དཔའ་བོ་ཧེ་རུ་ཀར། །ཕྱག་བྱས་སྲིད་པ་གཡུལ་ཟློག་གི །ལག་ལེན་བཅའ་ཐབས་སྒྲོན་མེ་བཤད། །དེ་ལ་ཐོག་མར་སྡོམ་ནི། དཀྱིལ་འཁོར་གཙོ་མདོས་རློན་གསོག་དང་། །སྐམ་གསོག་ཕྱོགས་མདོས་བཞི་དང་གླུད། །བརྟན་མདོས་ལྕགས་རི་དཀོར་རྫས་དང་། །གཏོར་མཆོད་ཟོར་རྫས་ལིངྒ་ཐུན། །རློན་ཆས་བཤམ་དང་མདོས་བྱིན་རློབ། །ཅེས་པ་ལྟར་བཅོ་ལྔ་ལས། དང་པོ་དཀྱིལ་འཁོར་བཅའ་བ་ལ། ས་ཆོག །སྟེགས་བུ་བཅའ་ཞིང་ཆག་ཆག་འདེབས་པ། ཐིག་ཚོན་གྱིས་བྲི་བའོ། །དང་པོ་ས་ཆོག་ནི། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། གང་དུ་མདོས་བཞེངས་པའི་སར་གཏོར་མ་དཀར་དམར་གཉིས་བཤམས་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿམགྲོན་དགུག །དཀར་གཏོར། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་འདོད་དོན་གསོལ། དམར་གཏོར། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བཱ་ལིནྟ་ཡེ་སྭཱ་ཧཱ། ཞེས་པས་བསྔོས་ལ། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་རྒྱུད་རིགས་ཀྱང་བརླག་པར་འགྱུར། །ཞེས་བཀའ་བསྒོས་ལ་མཐར་དྲག་སྔགས་ཐུན་བྲབ་སྤོས་རོལ་གྱི་ཚམ་རྔམ་དང་བཅས་པས་བགེགས་བསྐྲད་དེ་ཕྱིར་དོར། དེ་ནས་ལག་གཡས་ཀྱི་སོར་མོ་རྡོ་རྗེ་རྩེ་ལྔ་པར་བསམ་ལ་སར་བཞག་སྟེ་སྭ་བྷཱ་བའི་སྔགས་བདུན་བཟླས་པས་ས་དང་སར་འཛིན་གྱི་འཁྲུལ་རྟོག་ཐམས་ཅད་མི་དམིགས་པར་སྦྱང་ངོ་། །གཉིས་པ་སྟེགས་བུ་བཅའ་ཞིང་ཆག་ཆག་འདེབས་པ་ནི། གཞི་དེར་དཀྱིལ་འཁོར་གྱི་སྟེགས་བུ་གྲུ་བཞི་པ་ཕྱོགས་རེར་འདོམ་གང་སོགས་རྒྱ་ཁྱོན་ཇི་ལྟར་རིགས་པ་བརྩིགས་པའམ། མ་བརྩིག་ཀྱང་རུང་སྟེ། སྤོས་དང་སྨན་སྦྱར་བས་ཁྱེམ་མེད་པར་ཆག་ཆག་གདབ་བོ། །གསུམ་པ་ཐིག་ཚོན་གྱིས་བྲི་བ་ལས། ཐིག་གདབ་པ་ནི། ཐིག་སྐུད་འདུ་བྱས་ཏེ། རང་དང་ཐིག་གཡོག་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཐིག་སྐུད་དང་རོ་གཅིག་པ་ཡེ་ཤེས་ལྔའི་ངོ་བོར་སྤྲོས་པར་བསམ་ལ། ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ་ཞེས་བརྗོད་ཅིང་གཏད་ནས། ཨོཾ་ཛྙཱ་ན་ཙཀྲ་སུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་པའི་སྔགས་ཀྱིས་གནམ་ཐིག་གདབ་ཅིང་། དེ་ནས་ས་ཐིག་གདབ་སྟེ། དེ་ལ་ཐིག་གི་ཆ་དབྱེ་བ་ནི། མདོས་ཁྲིའི་རྨང་དང་དཀྱིལ་འཁོར་ལ་བྲིས་པའི་རི་རབ་ཀྱི་ཕྱི་ཐིག་ཐད་ཀར་འབབས་པ་བྱ་དགོས་ཀྱང་། མདོས་ཆེན་པོའི་ཚེ་ས་ཁྱོན་གྱིས་ཤོང་དཀའ་བས། འདིར་གསེར་རི་བདུན་པའི་ཕྱི་ཐིག་དང་མདོས་ཁྲིའི་རྨང་ཁད་མཉམ་དུ་བྱེད་པའི་དབང་དུ་བྱས་ཏེ། འདི་ལྟར་ཤེས་པར་བྱ་སྟེ། ཚངས་ཐིག་ཟུར་ཐིག་སྤྱི་ལྟར་བཏབ། །དབུས་ནས་ཟུར་ཐིག་བཞི་ཡི་སྟེང་། །མདོས་ཁྲིའི་རྨང་དང་ཚད་མཉམ་པའི། །ཆ་མཉམ་ཆེན་པོ་གཉིས་གཉིས་ཀྱི། །མཚན་མ་བྱས་ལ་ཕྱི་མ་ནི། །ཟླུམ་སྐོར་ལྕགས་རིའི་ཕྱི་ཐིག་སྟེ། །ཕྱི་རོལ་ཆ་ཆེན་དེའི་གསུམ་ཆ། །གཅིག་བསྐོར་མེ་ཡི་འཁོར་ཡུག་གོ །དེ་ཡི་བཞི་ཆ་མེ་རི་ཡི། །ནང་ཐིག་ནང་བསྐོར་ལྕགས་རིའི་ས། །ཆ་ཆེན་ནང་མའི་མཚན་མ་ཡི། །སྟེང་གཟུགས་ལོགས་བཞི་བཅད་པའི་ནང་། །ཆ་གསུམ་གཞལ་བའི་ནང་མ་དེ། །བཅས་པ་རི་རབ་སྟེང་ཡིན་ལ། །ཕྱི་མའི་སུམ་ཆ་གཉིས་པོའི་ཁྱོན། །ཆ་མཉམ་གསུམ་དུ་བགོས་པ་ལས། །ནང་གཉིས་ཕྱེད་ཕྱེད་བང་རིམ་བཞི། །ཕྱི་མ་ཆ་བདུན་རི་མཚོའི་ས། །རི་རབ་སྟེང་གི་ཕྱི་ཐིག་བཞིར། །ཐུག་པའི་ཟླུམ་སྐོར་དེ་ཡི་ནང་། །ཆ་ཕྲན་གཅིག་བསྐོར་མེ་ཕྲེང་སྟེ། །དེ་ནང་དབུས་དང་ཕྱོགས་བཞི་པོར། །ལྕགས་མཁར་མཚམས་སུ་ཐོད་མཁར་རེ། །ཐམས་ཅད་ཆོས་འབྱུང་རྣམ་པ་ལ། །དབུས་མ་ཟུར་མདུན་གཞན་བརྒྱད་པོ། །ཟུར་རྣམས་ནང་བསྟན་མེ་ཕྲེང་ཕྱིའི། །གྲུ་ཆད་བཞི་ལ་ལྕོག་མཚོན་པའི། །གྲུ་བཞི་པ་རེ་གདབ་པར་བྱ། །ཡང་ལྟེ་བ་ནས་རྒྱབ་ཕྱོགས་ཀྱི་ལྕགས་མཁར་དང་མདུན་ཟུར་གཉིས་ཀྱི་ཐོད་མཁར་གྱི་རྩེ་གསུམ་པ་ཚད་ནས་སྦྲེལ་བའི་ཐིག །ལྕགས་མཁར་དབུས་མས་མནན་པས་མདུན་ཟུར་གྱི་གཡས་གཡོན་དུ་གྲུ་གསུམ་རྩེ་མོ་མཚམས་བསྟན་ཏེ་འོང་བས་ལས་མགོན་གྱི་ལྕགས་མཁར་དང་གཙོ་མོའི་ཐོད་མཁར་དུ་བྱས་ཀྱང་རུང་ངོ་། །དེ་ནས་ཚོན་གྱིས་བྲི་བ་ནི། རྡུལ་ཚོན་ཁ་དོག་ལྔ་སོ་སོའི་གནས་སུ་ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ་རྣམས་རེ་རེ་གནས་པ་ལས་རིགས་ལྔའི་ཧེ་རུ་ཀའི་ངོ་བོར་གྱུར་པ་བདག་ཉིད་ཀྱི་སྐུ་ལ་ཞུགས་ཏེ་བྱང་ཆུབ་སེམས་ཀྱི་རྣམ་པར་སྤྲོས་པ་ཚོན་རྩི་ལ་ཐིམ་པར་བསམ་ནས། འབྲུ་ལྔ་བཟླས་པའི་མཐར། ཧཱུྃ་ཞེས་བརྗོད་པས། རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་མོས་ཏེ་རིམ་པར་བཀྱེའོ། །དེ་ལ་ཚོན་ཡིག་ནི་ལྕགས་མཁར་རྣམས་ནང་ཁོང་ནག་པོ་ལ་རེ་ཁཱ་སྔོན་པོ། ཐོད་མཁར་རྣམས་ཁོང་ནག་རེ་ཁཱ་དཀར་པོ། དེ་དག་གི་བར་མཚམས་ཀྱི་གཞི་དམར། མེའི་ཁྱུད་སྒོར་དམར་སེར། གྲུ་ཆད་ལྗང་། ལྕོག་བཞི་ཤར་ལྷོ་ནས་གཡས་སྐོར་དུ་དཀར་སེར་དམར་ལྗང་། རི་རབ་ཀྱི་བང་རིམ་རྣམས་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར། ཟུར་གཅོད་དྲ་མིག་རྣམས་ནག་པོ། དེའི་ཕྱིའི་ཆ་ཕྲན་བདུན་པོ་རེ་རེ་བཞིན་རིའི་རྣམ་པ་སེར་པོ་འཁོར་མོར་བྲིས་པའི་བར་རྣམས་མཚོ་བདུན་ཏེ་སྔོན་པོ། རི་མཚོའི་ཕྱིའི་ཕྱོགས་བཞིར་གླིང་བཞི་མཚོན་བྱེད་མ་ཏྲཾ་བཞི་པོ་རྐེད་པ་ཡན་ཐོན་པ་མགོ་རྣམས་ལྕགས་རིའི་ནང་ཐིག་ལ་ཐུག་ཅིང་ལག་རྣམས་རང་རང་གི་དཔུང་ཐད་ཙམ་དུ་གདེངས་པ་སྟེ་ཁ་དོག་གླིང་མདོག་དང་མཚུངས་པར་བྱས་ཀྱང་རུང་མོད་ཀྱི། ཕྱག་ལེན་ལ་བཞི་ཀ་ཁ་དོག་སྔོ་སྐྱ་ཁྲོ་བཞིན་ཅན་རལ་པ་དམར་སེར་འབར་བ་བྱ་ཞིང་། མ་ཏྲཾ་བཞིའི་བར་རྣམས་རི་རབ་ཀྱི་ཕྱོགས་མདོག་དང་མཚུངས་པའི་ཆུ་རིས་སམ་ཐམས་ཅད་ཁྲག་མཚོར་བྱས་ཀྱང་རུང་ངོ་། །ལྕགས་རི་ནག་པོ། མེ་རི་དམར་སེར་འབར་བའོ། ༈ །གཉིས་པ་གཙོ་མདོས་ཀྱི་རློན་གསོག་བཤམ་པ་ལ། རྒྱུ་ནི། ནས་འབྲས་གྲོ་སྲན་ཏིལ་བྲ་འོ། །པད་ཁ་ཟར་མ་སོ་མ་རཱ། །སྲན་ཆུང་རྒྱ་སྲན་མོན་སྲན་དང་། ཁྲེ་རྣམས་འབྲུ་སྣ་བཅུ་གསུམ་སྟེ། །ཆར་ཆུ་གངས་ཆུ་གཙང་ཆུ་དང་། །ཆུ་མིག་ཆུ་དང་ཁྲོན་པའི་ཆུ། །བ་ཚྭ་ཅན་དང་ཤིང་ཆུ་དང་། །གཡའ་ཆུ་ལུ་ཆུ་ཀོ་བྲག་ཆུ། །མཚོ་ཆུ་སྲོག་ཆགས་ ཅན་དོང་ཆུ། །འདི་རྣམས་ཆུ་སྣ་བཅུ་གསུམ་ཡིན། །ཞེས་པ་ལྟར་གྱི་འབྲུ་སྣ་བཅུ་གསུམ་གྱི་ངར་ཕྱེ་ཆུ་སྣ་བཅུ་གསུམ་གྱིས་བརྫིས་པའི་ཟན་དང་། ས་འཇིམ་པ་རྣམས་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་བརྡར་ཕྱེ་བསྲེས་པ་རྣམས་རང་གི་མདུན་དུ་ཞིང་ངམ་གཅན་གཟན་གྱི་པགས་པའི་ཁར་བཞག་པ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་རྡུལ་ཕྲ་རབ་ཀྱི་ཕུང་པོར་གྱུར་པ་ལ། རྣམ་སྣང་གི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེ་འོད་ཀྱི་རྣམ་པར་བྱོན་ནས་ཐིམ་པས། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པར་བསམ་ལ། ཨོཾ་ཛི་ན་ཛིཀ྄་སྭཱ་ཧཱ། ཞེས་པ་ཉེར་གཅིག་དང་། ཨོཾ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ་ཧཱུྃ་ཞེས་པ་བདུན་བཟླས་པས་བྱིན་གྱིས་བརླབ། དེ་ནས་རློན་གསོག་བཤམ་པ་ནི། དཀྱིལ་འཁོར་གྱི་དབུས་སུ་མདོས་ཁྲིའི་ནང་དུ་ཤོང་བའི་ཨན་དར་གྱི་ཁར་སྨན་སྤོས་ཀྱིས་བྱུག །དེའི་ཁར་འབྲུ་སྣའི་ཟན་དེ་ཉིད་ཆ་གསུམ་དུ་བྱས་པའི་ཆ་གཅིག་ལ། རི་རབ་ཕྱེད་མན་ཆད་བང་རིམ་བཞི་དང་། ཕྱེད་ཡན་གྲུ་བཞི། བྲིས་པ་དང་མཚུངས་པའི་ཕྱོགས་ཚོན་གྱིས་ཁ་བསྒྱུར་བ། དེའི་སྟེང་གི་དབུས་སུ་ལྕགས་མཁར་ནག་པོ་ཁ་བད་ཅན་མཐོ་བ་གཅིག །དེའི་གཡས་དང་ཕྱོགས་བཞིར་ལྕགས་མཁར་ནག་པོ་གཙོ་བོ་ལས་ཅུང་ཟད་དམའ་ཙམ་རེ་དང་། དབུས་དང་ཕྱོགས་བཞིའི་ལྕགས་མཁར་ལྔ་པོའི་གཡོན་དུ་རང་རང་ལས་དམའ་བའི་ཐོད་མཁར་རེ། ཟུར་བཞིར་ཕྱོགས་ཀྱི་མདོག་ཅན་གྱི་ལྕོག་རེ་རྣམས་བྱས་པའི་ཁར་ལྕགས་རི་ལྟ་བུའི་ཁ་ཁྱེར་གྱིས་སྦྲེལ་ལོ། །དེ་ནས་སོ་སོའི་ཐུན་རྫས་བཀོད་པ་ནི། དབུས་ཀྱི་ལྕགས་མཁར་ལ་ཡེ་ཤེས་མགོན་པོའི་དམ་རྫས་གྲི་རྒོད་སྙིང་དང་། མོན་ནག་གི་སྙིང་། དེའི་གཡས་ཀྱི་ལྕགས་མཁར་ལ་ལས་མགོན་གྱི་དམ་རྫས་གྲི་རྒོད་དང་ཕག་རྒོད་ཀྱི་སྙིང་། གཡོན་གྱི་ཐོད་མཁར་ལ་ཡེ་ཤེས་ཀྱི་མ་མོའི་དམ་རྫས་ནལ་བུ་དང་ལུག་ནག་གི་སྙིང་། ཡེ་ཤེས་མགོན་པོའི་མདུན་ངོས་གཡོན་ཟུར་དུ་མོན་པ་གསུམ་ལ་ཤ་ཁྲག་གིས་བརྒྱན་པའི་དམར་གཏོར་གསུམ། བཤོས་བུ་ནག་པོ་རྩེ་དམར་གསུམ། གསེར་སྐྱེམས་ཀྱི་སྣོད་གསུམ་རྣམས་དང་ཡེ་ཤེས་ཀྱི་མ་མོའི་མདུན་དུ་སྐྱི་མཐིང་མ་ལ་ཤ་སྣ་དང་སྙིང་སྣ། ཤར་གྱི་ལྕགས་མཁར་ལ་ཐུགས་མགོན་གྱི་དམ་རྫས་གྲི་རྒོད་དང་ཁྱི་ནག་གི་སྙིང་། དེའི་ཐོད་མཁར་ལ་བདུད་ཡུམ་རེ་མ་ཏིའི་དམ་རྫས་ནལ་བུ་དང་ལུག་གི་སྙིང་། ལྷོའི་ལྕགས་མཁར་ལ་སྐུ་མགོན་གྱི་དམ་རྫས་གྲི་རྒོད་དང་ལུག་གི་སྙིང་། དེའི་ཐོད་མཁར་ལ་གཤིན་རྗེ་རེ་མ་ཏིའི་དམ་རྫས་ནལ་བུ་དང་གྲི་རྒོད་ཀྱི་སྙིང་། ནུབ་ཀྱི་ལྕགས་མཁར་ལ་གསུང་མགོན་གྱི་དམ་རྫས་གྲི་རྒོད་དང་གཡག་ནག་གི་སྙིང་། དེའི་ཐོད་མཁར་ལ་སྲིན་མོ་རེ་མ་ཏིའི་དམ་རྫས་ནལ་བུ་ཁྱི་མོ་སེར་སྐྱའི་སྙིང་། བྱང་གི་ལྕགས་མཁར་ལ་ཕྲིན་ལས་མགོན་པོའི་དམ་རྫས་གྲི་རྒོད་སྙིང་དང་བྱ་རོག་གི་སྙིང་། དེའི་ཐོད་མཁར་ལ་གནོད་སྦྱིན་རེ་མ་ཏིའི་དམ་རྫས་ནལ་བུ་དང་གྲི་མོའི་སྙིང་། ཟུར་ལྕོག་བཞིར་བ་ལམ་མ་སོགས་གཡོག་མོ་བཞིར་ཤ་སྣ་དང་སྙིང་སྣ་རེ་རེ། དེ་དག་གི་མཐའ་སྐོར་རི་རབ་ཀྱི་ཁ་ཁྱེར་ལྕགས་རིའི་རྣམ་པ་ལ་སྤྱིའི་མཐུན་རྫས་རྣམས་ལྷ་རེ་རེར་བཅུ་གསུམ་གསོག་པར་བཤད་ཀྱང་ཤོང་དཀའ་བས་ལྷ་སོ་སོ་ལ་རེ་རེ་གསག་པའི་དབང་དུ་བྱས་ཏེ། མགོན་པོ་ལྔ་དང་ལས་མགོན་སྡེ་དྲུག་ལ་ཁྲག་གིས་བྱུགས་པའི་གཤོས་བུ་ནག་པོ་རེ། འབྲུ་ནག་གི་གཏོར་མ་རེ། རེ་མ་ཏི་ལྔ་ལ་སྙིང་བཤོས་དམར་པོ་ཟུར་གསུམ་པ་རེ་དང་། ཁྲག་གིས་བྱུག་པའི་དམར་གཏོར་རེ། མ་མགོན་བཅུ་གཅིག་པོ་ཐམས་ཅད་ལ་ཤ་སྣའི་སྣོད་རེ། ཁྲག་སྣའི་གོང་བུ་རེ། ཚིལ་ཆེན་གྱི་སྤོས་རེང་རེ། ཚིལ་ཆེན་གྱི་དཔལ་འབར་རེ། བདུད་རྩི་དང་སྦྱར་བའི་ཛ་གད་ཀྱི་གོང་བུ་རེ་རྣམས་སོ་སོའི་ཕྱོགས་དང་འབྲེལ་བའི་ཁ་ཁྱེར་ལ་བཀོད་ཅིང་། གཙོ་བོའི་ལྕགས་མཁར་གྱི་རྒྱབ་ཏུ་བཙུགས་པའི་མདའ་ལ་བཏགས་པའི་དར་ནག་གི་གུར་དབུབ་བོ། །ཡས་ནས་མར་བརྩིས་པའི་རི་རབ་ཀྱི་བང་རིམ་དང་པོའི་ཤར་ཕྱོགས་ཀྱི་དབུས་སུ། ཡུལ་འཁོར་སྲུང་ལ་དཀར་གཏོར་ཟླུམ་པོ། ལྷོར་འཕགས་སྐྱེས་པོ་ལ་གྲུ་གསུམ་ནག་པོ། ནུབ་ཏུ་མིག་མི་བཟང་ལ་དམར་པོ་ཟླ་གམ། བྱང་དུ་རྣམ་སྲས་ལ་སེར་པོ་གྲུ་བཞི་རྣམས་རྒྱན་དཀར་པོས་མཛེས་པར་བྱས་པ་དང་། དེ་བཞི་ཀ་ལ་གསེར་སྐྱེམས་ཀྱི་སྣོད་རེ་དང་། གསང་ལུག་རེ་རེ། བང་རིམ་དེ་གའི་ཤར་སྟོད་དུ་ཉི་མར་ཟླུམ་གཏོར་དམར་པོ། ཟླ་བར་གཏོར་ཟླུམ་དཀར་པོ། ཤར་སྨད་དུ་བརྒྱ་བྱིན་ལ་གཏོར་ཟླུམ་དཀར་པོ། ཤར་ལྷོ་མེ་ལྷ་ལ་གཏོར་ཟླུམ་དམར་པོ། ལྷོར་གཤིན་རྗེ་དང་ལྷོ་ནུབ་སྲིན་པོར་གྲུ་གསུམ་ནག་པོ་རེ། ནུབ་སྟོད་ཆུ་ལྷ་དང་ནུབ་སྨད་ས་ལྷར་གཏོར་ཟླུམ་དཀར་པོ་རེ། ནུབ་བྱང་རླུང་ལྷ། བྱང་གནོད་སྦྱིན། བྱང་ཤར་དབང་ལྡན་གསུམ་ལ་གཏོར་ཟླུམ་ནག་པོ་རེ། ཕྱོགས་སྐྱོང་བཅུ་པོ་རེ་རེ་ལ་ཞལ་ཟས་རེ། མཁར་ཐབས་རེ། ལུག་རེ། གསེར་སྐྱེམས་ཀྱི་སྣོད་རེ། དར་ཚོན་གྱི་སྤྱན་གཟིགས་རེ་རེ་རྣམས་སོ་སོའི་གནས་སུ་བཀོད་དོ། །བང་རིམ་གཉིས་པའི་ཤར་ཕྱོགས་སུ་ལྷ་བརྒྱད་སོ་སོ་ལ། དངུལ་མཁར་ཟླུམ་པོ་ཁ་བད་བ་དན་བཙུགས་པ་རེ། སྨན་སྣས་བརྒྱན་པའི་གཏོར་ཟླུམ་དཀར་པོ་རེ། ཞལ་ཟས་རེ། གཡག་དཀར་པོ་རེ། གསང་ལུག་རེ། གསེར་སྐྱེམས་ཀྱི་སྣོད་རེ་རྣམས་སོ་སོའི་གནས་སུ་བཀོད། ལྷོ་ཕྱོགས་སུ་གཤིན་རྗེ་བརྒྱད་ལ། ཐོད་མཁར་མཚོན་བྱེད་མི་མགོ་རེ། ཤ་སྣ་བསྲེས་པའི་དམར་གཏོར་རེ། ཚིལ་ཆེན་གྱི་དཔལ་འབར་རེ། ངར་གླུད་རེ་རེ་སོ་སོའི་གནས་སུ་བཀོད། ནུབ་ཕྱོགས་སུ་བདུད་པོ་བརྒྱད་ལ། ལྕགས་མཁར་ནག་པོ་གྲུ་གསུམ་ཁ་བད་ཅན་རེ། བདུད་བཤོས་ནག་པོ་རྩེ་གུག་རེ། བདུད་ཤྭ་དང་ལུག་ནག་རེ་རེ། གསེར་སྐྱེམས་ཀྱི་སྣོད་རེ་རེ་སོ་སོའི་གནས་སུ་བཀོད། བྱང་ཕྱོགས་སུ་གནོད་སྦྱིན་བརྒྱད་ལ་གཡུ་མཁར་སྔོན་པོ་གྲུ་བཞི་ཁ་བད་ཅན་རེ། དཀར་གཏོར་ཟླུམ་པོ་ལྟོ་ལྡིར་བ་རེ། གསང་ཕྱི་ཟླུམ་པོ་རེ། གསེར་སྐྱེམས་ཀྱི་སྣོད་རེ། ཤ་སྣའི་སྣོད་རེ། ཁྲག་སྣའི་ཀོང་བུ་རེ་རྣམས་རིམ་པར་བཀོད་དོ། །བང་རིམ་གསུམ་པ་སྡེ་བརྒྱད་ཀྱི་གནས་ཏེ་ཕྱོགས་མཚམས་བརྒྱད་ཆ་མཉམ་པ་སོ་སོར་ཕྱེ་བའི་མཚམས་རྣམས་སུ་བཅད་དེ། ཤར་དུ་ལྷ་ཆེན་དབང་ཕྱུག་ལ། མཁར་ཐབས་ཟླུམ་པོ་ཁ་བད་ཅན། རྟའི་ཁྲག་ཚིལ་དང་སྙིང་སྣ་བསྲེས་པའི་གཏོར་ཟླུམ་གཅིག་ལ་འཁོར་རང་འདྲ་བཞིས་བསྐོར་བ། ཆང་སྣའི་སྣོད་ལྔ་ཚོམས། མེ་ཏོག་སྣ་ཚོགས། རིན་ཆེན་ལྔ། སྨན་ལྔ། ཤ་སྣ་སྙིང་སྣ། བུ་རམ། འབྲས་རྣམས་མ་འདྲེས་པ་དང་། དར་སྣའི་སྤྱན་གཟིགས་རྣམས་བཀོད། ལྷོར་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ། ཐོད་མཁར་ཁ་བད་ཅན། ཤ་སྣ་ཁྲག་སྣ་ཚོགས་ཚད་བསགས་པའི་གཏོར་མ་འཁོར་བཞིས་བསྐོར་བ་དང་། འབྲུ་སྣའི་ངར་ཟན་གྱི་དཔལ་བཤོས་ཟུར་གསུམ་པ་འཁོར་བཞི་པ། རྟ་དམར་གྱི་མར་རྣམས་བཀོད།་་་དཔེ་རྒྱུན་ཕལ་ཆེ་བར་མི་འབྱུང་ཡང་འགྲོ་མགོན་གྱི་ཕྱག་དཔེ་ལྕགས་སྨྱུག་མར་བཤད། ནུབ་ཏུ་བཙན་ཡམ་ཤུད་ལ་ཟངས་མཁར་དམར་པོ་གཡུ་བད་ཅན། བཙན་བཤོས་དམར་པོ་གྲུ་གསུམ་པ་འཁོར་བཞི་པ། ཤ་སྣ་ཁྲག་སྣ་བསྲེས་པའི་དམར་གཏོར་འཁོར་བཞི་པ། གསེར་སྐྱེམས་ཀྱི་སྣོད་རྣམས་བཀོད། བྱང་དུ་གནོད་སྦྱིན་སོ་ག་རཱ་ཙ་ལ་ལྕགས་མཁར་ནག་པོ་རིན་པོ་ཆེའི་ཁ་བད་ཅན། ཁྱི་དཀར། གླང་ནག །ར་དམར། བྱ་དཀར། རྟ་དཀར་ལྔའི་སྙིང་། ཤ་སྣ་ཁྲག་སྣ་བསྲེས་པའི་གཏོར་མ་གྲུ་གསུམ་པ་འཁོར་བཞི། འབྲུ་ཟན་གྱི་གསང་ཕྱི་གྲུ་གསུམ་ལྟོ་ལྡིར་བ་འཁོར་བཞི་པ། བཤོས་བུ་གྲུ་གསུམ་གཙོ་འཁོར་ལྔ་རྣམས་བཀོད། བྱང་ཤར་དུ་ཨེ་ཀ་ཛཱ་ཊི་ལ། འབྲུ་ནག་གི་མཁར་གྲུ་གསུམ་ཉིས་བརྩེགས་ཀྱི་སྟེང་དུ་ལུག་ནག་གི་སྙིང་དང་། དེའི་མདུན་དུ། མཁར་བའི་མེ་ལོང་གི་ཁར་བྱང་སེམས་དཀར་དམར་བཞག །དེ་ལ་ཞིང་ལྤགས་དང་དར་ནག་གི་གུར་ཕུབ། བྷནྡྷར་བདུད་རྩི་ཆོས་སྨན་ཆང་དང་སྦྱར་བ། ཤ་སྣ་སྙིང་སྣ་ཚོགས་ཚད་བསགས་པའི་སྣོད་ཚིལ་ཆེན་གྱི་དཔལ་འབར། ཤ་ཆེན་སྦྱར་བའི་སྤོས་རེང་། རཀྟའི་ཕབས་སྦྱར་བའི་ཁྲག་ཀོང་། སྙིང་བཤོས་དམར་པོ་གཙོ་འཁོར་ལྔ་པ་རྣམས་བཀོད། ཤར་ལྷོར་ཀླུ་འཆི་བདག་མགོ་དགུ་པ་ལ། མཁར་བརྟེན་པདྨའི་སྡོང་པོའི་རྣམ་པ་ཅན། དཀར་གསུམ་མངར་གསུམ་གྱི་གཏོར་མ་ཀླུ་སྨན་གྱིས་བརྒྱན་པ། ཀླུ་བཤོས་རྒྱབ་ཡོལ་མ་འཁོར་བཞིས་བསྐོར་བ། ཤིང་སྣ་ལྔ་རྣམས་བཀོད། ལྷོ་ནུབ་ཏུ་གཟའ་ཁྱབ་འཇུག་ལ། ཐོད་མཁར། ར་རོག་གི་སྙིང་། ཉའི་སྙིང་། ཤ་རུལ། ཁྲག་གིས་བྱུགས་པའི་དམར་གཏོར་གཡས་དཀྱུས་འཁོར་བཞིས་བསྐོར་བ། བཤོས་བུ་ལྡེམ་པ་དར་གྱི་ལན་བུ་རྣམས་བཀོད། ནུབ་བྱང་དུ་བདུད་རོལ་པ་རྐྱ་གཅིག་ལ། བདུད་མཁར་ནག་པོ་གྲུ་གསུམ་པ་བྷནྡྷའི་གཟུགས། མི་ནག །བྱ་ནག །ཁྱི་ནག །གླང་ནག །རྟ་ནག་ལྔའི་སྙིང་། བདུད་བཤོས་ནག་པོ་རྩེ་གུག་འཁོར་བཞི་པ་རྣམས་བཀོད་དོ། །རི་རབ་བང་རིམ་བཞི་པ་སྟེ་ཐ་མ་ལ་སྲིད་པ་སྤྱི་སྐོས་ཀྱི་མཐུན་རྫས་གསང་ཕྱི་རྒྱན་ལྡན། དར་གྱི་ལན་བུ། འབྲུ་སྣའི་བཤོས་བུ་བྷནྡྷའི་གཟུགས། གཏོར་མ་ཟླུམ་པོ། དཔལ་འབར། གསེར་སྐྱེམས་ཀྱི་སྣོད། ཤིང་སྣ། དར་སྣ། རིན་ཆེན་ལྔ། སྨན་སྣ་རྣམས་རེ་རེ་ནས་བརྒྱད་བརྒྱད་བསགས་ལ་སྤེལ་ནས་བཀོད། ༈ གསུམ་པ་གཙོ་མདོས་ཀྱི་སྐམ་གསོག་ནི། རློན་གསོག་གི་རི་རབ་ནང་དུ་ཚུད་ངེས་ཀྱི་མདོས་ཁྲི་བང་རིམ་ལྔ་པ་འཇག་སོག་གིས་བསྡམས་པའི་ཕྱི་ནས་བྲིས་པའི་རི་རབ་ཀྱི་ཕྱོགས་མདོག་དང་མཐུན་པའི་རས་སམ་ཤོག་བུ་ཚོན་གྱིས་ཁ་བསྒྱུར་བས་དཀྲིས་པ། རི་རབ་ཀྱི་སྟེང་གི་དབུས་སུ་ཐགས་སུ་བྲན་པའི་ལྕགས་མཁར་གྱི་ནང་དུ་ཡེ་ཤེས་མགོན་པོའི་སྐུ་བརྙན་དང་། མཁར་གྱི་སྟེང་ངམ་རྒྱབ་ཏུ་ཡེ་ཤེས་མགོན་པོའི་ཞལ་ནམ་ཁོང་ནག །དེའི་སྟེང་དུ་གུར་ནག་པོ་རྡོ་རྗེའི་ཐོག་རིས་ཅན་ཉིས་བརྩེགས་ཀྱི་སྟེང་ཁྱུང་ཚང་དང་ཆར་ཁེབས་ཀྱི་གདུགས་ཆུང་རྩེ་རྒྱན་དང་བཅས་པས་མཛེས་པར་བྱས་པ་བཙུགས། བར་ལྡིང་ལ་འཇག་སོག་བསྡམས་པར་ལྕགས་མཁར་གྱི་རྒྱབ་ཏུ། ཡེ་ཤེས་མགོན་པོའི་སྐུ་རྟེན་མདའ་དར་ནག་པོའི་གཡས་སུ་རྒྱང་ནག་དང་། གཡོན་དུ་ཡུལ་མཁར། ལྕགས་མཁར་གྱི་གཡས་སུ་མདའ་ནག་དང་། གཡོན་དུ་འཕང་ནག །མདུན་ཟུར་གྱི་གཡས་སུ་མི་ནག་གི་རྒྱལ་མཚན་དང་དར་མདུང་ནག་པོ། ནམ་རྒྱང་སོགས་གཡས་གཡོན་གྱི་རིམ་པ་འོག་མ་རྣམས་ལའང་འདི་བཞིན་ཤེས་པར་བྱའོ། །གཡོན་དུ་བ་དན་ནག་པོ་དང་། མོན་པ་རྩེ་གསུམ་ཅན། དུང་འབུད་ཅན། སྙིང་འབྱིན་ཅན་གསུམ་གྱི་སྐུ་བརྙན་རྣམས་གཟུག་གོ །དེ་དག་གི་གཡས་ཕྱོགས་ཀྱི་བར་ལྡིང་ལ་ལས་མགོན་གྱི་སྐུ་བརྙན། སྐུ་རྟེན་མདའ་དར་ནག་པོ་དང་ལྕགས་ཀྱུ་དམར་པོ་དར་ནག་བཏགས་པ། ནམ་མཁའ་ནག་པོ། རྒྱང་ནག །ཡུལ་མཁར། མདའ་འཕང་ནག་པོ། ཕག་ནག་གི་རྒྱལ་མཚན་དང་། དར་མདུང་ནག་པོ། བ་དན་ནག་པོ་རྣམས་གཟུག །གཙོ་བོའི་གཡོན་ཕྱོགས་ཀྱི་བར་ལྡིང་ལ་ཡེ་ཤེས་ཀྱི་མ་མོའི་སྐུ་བརྙན་དར་སྔོན་གྱི་ཞལ་ཁེབས་ཅན་གྱི་མདུན་དུ་སྐྱི་མཐིང་མའི་སྐུ་བརྙན། ནམ་རྒྱང་ནག་པོ། ཡུལ་མཁར་མདའ་འཕང་ནག་པོ། ཞིང་ཆུང་གི་རྒྱལ་མཚན། མདུང་དར་བ་དན་ནག་པོ་རྣམས་གཟུག་གོ། །དེ་ནས་མདོས་ཁྲིའི་བང་རིམ་དང་པོ་སྟེ་རི་རབ་ཀྱི་སྟེང་གི་ཕྱོགས་བཞིའི་གཡས་ཕྱོགས་ཀྱི། ཤར་དུ་ཐུགས་མགོན་གྱི་སྐུ་བརྙན་དང་། ཁྱི་ནག་གི་རྒྱལ་མཚན། ལྷོར་སྐུ་མགོན་གྱི་སྐུ་བརྙན་དང་། ལུག་སྨུག་གི་རྒྱལ་མཚན། ནུབ་ཏུ་གསུང་མགོན་གྱི་སྐུ་བརྙན་དང་། གཡག་ནག་གི་རྒྱལ་མཚན། བྱང་དུ་ཕྲིན་ལས་ཀྱི་མགོན་པོའི་སྐུ་བརྙན་དང་། བྱ་ནག་གི་རྒྱལ་མཚན། མགོན་པོ་སྡེ་བཞི་རེ་རེ་ལ་སྐུ་རྟེན་མདའ་དར་ནག་པོ་རེ། ནམ་ནག་རེ། རྒྱང་ནག་རེ། ཡུལ་མཁར་རེ། མདའ་འཕང་ནག་པོ་རེ། དར་མདུང་ནག་པོ་རེ། བ་དན་ནག་པོ་རེ་རྣམས་དང་། ཕྱོགས་ཀྱི་མགོན་པོ་སྡེ་བཞིའི་གཡོན་ཕྱོགས་ཀྱི། ཤར་དུ་བདུད་ཡུམ་རེ་མ་ཏིའི་སྐུ་དང་ཀྱུང་ཀའི་རྒྱལ་མཚན། ལྷོར་གཤིན་རྗེ་རེ་མ་ཏིའི་སྐུ་དང་ཁྱི་ནག་གི་རྒྱལ་མཚན། ནུབ་ཏུ་སྲིན་མོ་རེ་མ་ཏིའི་སྐུ་དང་ཁྱི་མོ་སེར་སྐྱའི་རྒྱལ་མཚན། བྱང་དུ་གནོད་སྦྱིན་རེ་མ་ཏིའི་སྐུ་དང་བྱ་མོ་ནག་མོའི་རྒྱལ་མཚན། རེ་མ་ཏི་མཆེད་བཞི་སོ་སོར། ནམ་རྒྱང་ནག་པོ་རེ། ཡུལ་མཁར་རེ། མདའ་འཕང་ནག་པོ་རེ། མདུང་དར་ནག་པོ་རེ། བ་དན་ནག་པོ་རེ་རྣམས་རིམ་པར་གཟུག །ཟུར་བཞིའི་ཤར་ལྷོར་བ་ལམ་མ། ལྷོ་ནུབ་ཏུ་ཁྲི་སྨན་མ། ནུབ་བྱང་དུ་ཆུ་སྲིན་མགོ་མ། བྱང་ཤར་དུ་མ་ཡམས་ནག་མོ་རྣམས་ཀྱི་སྐུ་བརྙན་གཟུག །དེ་དག་གི་བར་རྣམས་སུ་མ་མགོན་བཅུ་གཅིག་གི་སྐོང་རྫས་ནག་པོ་བཅུ་གསུམ་རེ་རེ་ནས་བརྒྱད་བཅུ་གསོག་པར་བཤད་ཀྱང་ཤོང་དཀའ་བས་ཐུན་མོང་དུ། བྱ་ནག །གཡག་ནག །ར་ནག །ལུག་ནག །ཁྱི་ནག །དོམ་ནག །རྟ་ནག །ཕག་ནག །སྤྲེལ་ནག །མཛོ་ནག །མི་ནག །དྲེའུ་ནག །དྲེད་ནག་རྣམས་ཀྱི་གཟུགས་བྲིས་པའི་ཤིང་བྱང་རྣམས་གཟུག་གོ །དེ་ནས་མདོས་ཁྲིའི་བང་རིམ་གཉིས་པ་སྟེ་རི་རབ་ཀྱི་བང་རིམ་དང་པོའི་ཤར་གྱི་དབུས་སུ། ཡུལ་འཁོར་སྲུང་གི་སྐུ་བརྙན་དང། དཀོར་རྫས་རྟ་པ་དཀར་པོ་དར་མདུང་ཅན། གཡག་དཀར་པོ་བཞི། ནམ་མཁའ་ཁོང་དཀར། རྒྱང་དཀར། མདའ་ཁྲ། འཕང་ཁྲ། ཡུལ་མཁར། བ་དན་དཀར་པོ། ལྷོའི་གཡས་ཕྱོགས་སུ་འཕགས་སྐྱེས་པོའི་སྐུ། རྟ་པ་སྔོན་པོ་དར་མདུང་ཅན། རྟ་སྔོན་བཞི། ནམ་མཁའ་ཁོང་སྔོན། རྒྱང་སྔོན། མདའ་འཕང་ཁྲ་བོ། །ཡུལ་མཁར། བ་དན་སྔོན་པོ། ནུབ་ཀྱི་དབུས་སུ་སྤྱན་མི་བཟང་གི་སྐུ །རྟ་པ་དམར་པོ་དར་མདུང་ཅན། མཛོ་དམར་བཞི། ནམ་རྒྱང་དམར། མདའ་འཕང་ཁྲ། ཡུལ་མཁར། བ་དན་དམར། བྱང་གི་གཡས་ཕྱོགས་སུ་རྣམ་སྲས་ཀྱི་སྐུ །རྟ་པ་སེར་པོ་དར་མདུང་ཅན། ལུག་སེར་པོ་བཞི། ནམ་རྒྱང་སེར། མདའ་འཕང་ཁྲ། ཡུལ་མཁར། བ་དན་སེར། བང་རིམ་དེ་ཉིད་དུ་ཕྱོགས་སྐྱོང་བཅུ་ལས། ཤར་སྟོད་དུ་ཉི་མ་དང་ཟླ་བའི་སྐུ །ནམ་མཁའ་ཁོང་ངུར་དང་ཁོང་དཀར། ཤར་སྨད་དུ་བརྒྱ་བྱིན་གྱི་སྐུ །ནམ་མཁའ་ཁོང་དམར། ཤར་ལྷོར་མེ་ལྷའི་སྐུ །ནམ་མཁའ་ཁོང་ངུར། ལྷོའི་གཡོན་ཕྱོགས་སུ་གཤིན་རྗེའི་སྐུ །ནམ་མཁའ་ཁོང་སྔོན། ལྷོ་ནུབ་ཏུ་སྲིན་པོའི་སྐུ །ནམ་མཁའ་ཁོང་སྨུག །ནུབ་སྟོད་དུ་ཆུ་ལྷའི་སྐུ །ནམ་མཁའ་ཁོང་ངུར། ནུབ་ཏུ་སའི་ལྷ་མོའི་སྐུ །ནམ་མཁའ་ཁོང་སེར། ནུབ་བྱང་དུ་རླུང་ལྷའི་སྐུ །ནམ་མཁའ་ཁོང་ལྗང་། བྱང་གི་གཡོན་ཕྱོགས་སུ་གནོད་སྦྱིན་གྱི་སྐུ །ནམ་མཁའ་ཁོང་སྔོན། བྱང་ཤར་དུ་དབང་ལྡན་གྱི་སྐུ་ནམ་མཁའ་ཁོང་སྔོན། ཕྱོགས་སྐྱོང་བཅུ་གཅིག་སོ་སོར་སྐུ་རྟེན་ཟ་འོག་གི་རྒྱལ་མཚན་རང་རང་གི་ནམ་མཁའི་ཁོང་མདོག་དང་མཚུངས་པ་རེ། རྒྱང་བུ་ནམ་ཁོང་གི་མདོག་ཅན་རེ། མདའ་ཁྲ་རེ། བསེ་འཕང་རེ། ཡུལ་མཁར་རེ་རྣམས་གཟུག་གོ །མདོས་ཁྲིའི་བང་རིམ་གསུམ་པ་སྟེ་རི་རབ་ཀྱི་བང་རིམ་གཉིས་པའི། ཤར་ཕྱོགས་སུ་ལྷ་བརྒྱད་ཀྱི་གཟུགས་བརྙན། སོ་སོའི་སྐུ་རྟེན་དར་མདུང་དཀར་པོ་རེ། ནམ་མཁའ་ཁོང་དཀར་རེ། རྒྱང་དཀར་རེ། མདའ་འཕང་དཀར་པོ་རེ། ཡུལ་མཁར་རེ། གཡག་དཀར་དང་ལུག་དཀར་བྲིས་པ་རེ་རེ། ལྷོ་ཕྱོགས་སུ་གཤིན་རྗེ་བརྒྱད་ཀྱི་གཟུགས་བརྙན། སོ་སོར་སྐུ་རྟེན་དར་མདུང་དམར་པོ་རེ། ཁྲམ་ཤིང་རེ། མཐུན་རྫས་ཞིང་གི་རྒྱལ་མཚན་རེ། ར་རོག་གི་གཟུགས་རེ། ནམ་མཁའ་ཁོང་སྔོན་རེ། རྒྱང་སྔོན་རེ། མདའ་འཕང་སྔོན་པོ་རེ། ཡུལ་མཁར་རེ། བ་དན་རེ། ནུབ་ཏུ་བདུད་བརྒྱད་ཀྱི་གཟུགས་བརྙན། སོ་སོར་རྟ་པ་ནག་པོ་གཡས་སུ་མདའ་གཞུ་དང་གཡོན་དུ་མཚེ་ཡུངས་ཐོགས་པ་རེ། དེ་རྣམས་ཀྱི་འཁྲིས་སུ་སྐུ་རྟེན་དར་མདུང་ནག་པོ་རེ། མཐུན་རྫས་ཤ་བ་ནག་པོ་རེ། མི་ནག་གཡས་སུ་མཚེ་དང་གཡོན་དུ་ཁྲམ་ཤིང་ཁྱེར་བ་རེ། ལུག་ནག་རེ། ར་ནག་རེ། གཡག་ནག་རེ། ནམ་མཁའ་ཁོང་ནག་རེ། རྒྱང་ནག་རེ། མདའ་འཕང་ནག་པོ་རེ་རེ། ཡུལ་མཁར་རེ། བ་དན་རེ། བྱང་དུ་གནོད་སྦྱིན་བརྒྱད་ཀྱི་གཟུགས་བརྙན་སོ་སོར་སྐུ་རྟེན་དར་མདུང་ཁྲ་བོ་རེ། མཐུན་རྫས་སྟག་གཟིག་བྱ་ཁྲ་གསུམ་བྲིས་པའི་གཟུགས་བརྙན་རེ་རེ། ནམ་མཁའ་ཁོང་སྔོན་རེ། རྒྱང་སྔོན་རེ། མདའ་འཕང་སྔོན་པོ་རེ། ཡུལ་མཁར་རེ། བ་དན་རེ་རྣམས་གཟུག་གོ །མདོས་ཁྲིའི་བང་རིམ་བཞི་པ་སྟེ་རི་རབ་ཀྱི་བང་རིམ་གསུམ་པ་ལ་སྡེ་བརྒྱད་འགོད་དེ། ཤར་དུ་མ་ཧཱ་དེ་ཝ་བློན་པོ་བཞི་དང་བཅས་པའི་གཟུགས་བརྙན། སྐུ་རྟེན་ཟ་འོག་གི་རྒྱལ་མཚན་ལྔ། གཙོ་བོ་ལ་ནམ་མཁའ་ཁོང་ངུར། འཁོར་བཞིར་དཀར་སེར་དམར་ནག་གིས་བྱས་པ་རེ། རྒྱང་དཀར། མདའ་ཁྲ། འཕང་དཀར། ཡུལ་མཁར་རྣམས་ལྔ་རེ། ལྷོར་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མོན་པ་བཞི་དང་བཅས་པའི་གཟུགས་བརྙན། སྐུ་རྟེན་འུག་པ། སྲིན་བྱ། ར་དཀར། ལུག་དཀར། ཁྱི་དམར་ལྔའི་རྒྱལ་མཚན། དར་མདུང་དང་ཁྲམ་ཤིང་ལྔ་རེ། གཙོ་བོར་ནམ་མཁའ་ཁོང་སྔོན། འཁོར་བཞིར་དཀར་ནག་དམར་སེར་བཞིས་བྱས་པ་རེ། རྒྱང་སེར། མདའ་ཁྲ། གསེར་འཕང་། ཡུལ་མཁར་རྣམས་དང་། མཐུན་རྫས་ར་རོག །སྟག །གཟིག་བྲིས་པ་རྣམས་ལྔ་རེ། ནུབ་ཏུ་བཙན་ཡམ་ཤུད་དམར་པོ་འབྱུང་བཞིའི་བཙན་བཞི་དང་བཅས་པའི་གཟུགས་བརྙན། སྐུ་རྟེན་ར་དམར། རྟ་དམར། མི་དམར། བྱ་དམར་བཞིའི་རྒྱལ་མཚན། ནམ་མཁའ་ཁོང་དམར་ལྔ། རྒྱང་དམར། མདའ་ཁྲ། བསེ་འཕང་དམར་པོ། །ཡུལ་མཁར། རལ་གྲི་དར་མདུང་དམར་པོ། །བ་དན་དམར་པོ་རྣམས་དང་། མཐུན་རྫས་ར་དམར། རྟ་དམར། མི་དམར། བྱ་དམར་བཞིའི་གཟུགས་བྲིས་པ་རྣམས་ལྔ་རེ། བྱང་དུ་གནོད་སྦྱིན་སོ་ག་རཱ་ཙ་ལས་ཀྱི་འཕྲང་སྒུག་བཞི་དང་བཅས་པའི་གཟུགས་བརྙན། སྐུ་རྟེན་རིན་པོ་ཆེའི་རྒྱལ་མཚན་ལྔ། དར་མདུང་ཁྲ་བོ་ལྔ། ནམ་མཁའ་གཙོ་བོ་ལ་ཁོང་དཀར་དང་། འཁོར་བཞིར་ནག་དམར་དཀར་ནག་གིས་བྱས་པ་རེ། རྒྱང་སྔོན། མདའ་འཕང་སྔོན་པོ། ཡུལ་མཁར་རྣམས་དང་། མཐུན་རྫས་ཁྱི་དཀར་དང་གཡག་དཀར་གྱི་གཟུགས་བྲིས་པ་རྣམས་ལྔ་ལྔ། བྱང་ཤར་དུ་སྔགས་སྲུང་ཨེ་ཀ་ཛཱ་ཊི་དབང་མོ་བཞི་དང་བཅས་པའི་གཟུགས་བརྙན། སྐུ་རྟེན་ཞིང་ལྤགས་ཀྱི་རྒྱལ་མཚན་ལྔ། ནམ་མཁའ་གཙོ་བོ་ལ་ཁོང་སྨུག །འཁོར་བཞིར་ནག་དཀར་དམར་སྔོས་བྱས་པ་རེ། རྒྱང་ནག །མདའ་འཕང་ནག་པོ། ཡུལ་མཁར་རྣམས་དང་མཐུན་རྫས། བྱ་སྨུག །ལུག་ནག །ཁྱི་ནག་བྲིས་པ་རྣམས་ལྔ་ལྔ། ཤར་ལྷོར་ཀླུ་བདུད་མགོ་དགུ་པ་རིགས་བཞིའི་ཀླུ་དང་བཅས་པའི་གཟུགས་བརྙན། སྐུ་རྟེན་ཤིང་ལོའི་རྒྱལ་མཚན་ལྔ། ནམ་མཁའ་གཙོ་བོ་ལ་ཁོང་ནག །འཁོར་བཞིར་དཀར་སེར་དམར་ལྗང་གིས་བྱས་པ་རེ། རྒྱང་སྔོན་མདའ་འཕང་སྔོན་པོ། །ཡུལ་མཁར་རྣམས་དང་། མཐུན་རྫས། ཉ། སྦྲུལ། སྦལ་པ། ལྕོང་མོ། །ཆུ་རྟ། ཆུ་གླང་། ཆུ་ལུག་བྲིས་པ་རྣམས་ལྔ་ལྔ། ལྷོ་ནུབ་ཏུ་གཟའ་བདུད་གདོང་མོ་བཞི་དང་བཅས་པའི་གཟུགས་བརྙན། སྐུ་རྟེན་དར་མདུང་ཁྲ་བོ་ལྔ། ནམ་མཁའ་ཁོང་སྔོ་ནག་ལྔ། རྒྱང་ནག །མདའ་ཁྲ། འཕང་སྔོན། ཡུལ་མཁར། བ་དན་རྣམས་དང་། མཐུན་རྫས། ར་རོག་དང་ལུག་རྣམས་བྲིས་པ་རྣམས་ལྔ་ལྔ། ནུབ་བྱང་དུ་བདུད་རོལ་པ་རྐྱ་གཅིག་བདུད་པོ་བཞི་དང་བཅས་པའི་གཟུགས་བརྙན། སྐུ་རྟེན་དར་མདུང་ནག་པོ་ལྔ། ཁྲམ་ནག་ལྔ། ནམ་མཁའ་ཁོང་ནག་ལྔ། རྒྱང་ནག །མདའ་འཕང་ནག་པོ། ཡུལ་མཁར་རྣམས་དང་། མཐུན་རྫས་མི་ནག །བྱ་ནག །གླང་ནག །ཁྱི་ནག །རྟ་ནག་བྲིས་པ་རྣམས་ལྔ་ལྔ། མདོས་ཁྲིའི་བང་རིམ་ལྔ་པ་སྟེ་རི་རབ་བང་རིམ་བཞི་པར་སྤྱི་སྐོས་ལ་ཟུར་བཞིར་རིམ་བཞིན། སྤྲེའུ། རྨ་བྱ། བྱ་རྒོད། རྔ་མོའི་རྒྱལ་མཚན་བཞི་ཕྱར། འདིར་ནམ་མཁའ་སོགས་ཕྱོགས་རེར་བརྒྱད་བཅུ་རེ་གསོག་པར་གསུངས་ཀྱང་ཤོང་དཀའ་བས། ཕྱོགས་རེར་སྐུ་རྟེན་དར་ཟབ་ཀྱི་རྒྱལ་མཚན། ནམ་མཁའ་སྣ་ཚོགས། རྒྱང་བུ། མདའ་ཁྲ། འཕང་ཁྲ། ཡུལ་མཁར་རྣམས་གཉིས་གཉིས་ཏེ་ཁྱོན་བརྒྱད། མི། རྟ། གླང་པོ། ར་ལུག །བྱ་ཁྱི། ཕག །སྤྲེའུ་བྲིས་པ་རྣམས་ཕྱོགས་རེར་བརྒྱད་བརྒྱད། གཞུང་གི་གསོག་ཡིག་དང་སྨྲེང་གཉིས་ཀར་གསལ་བར་མ་གསུངས་ཀྱང་ཕྱག་ལེན་བརྒྱུད་པ་རྣམས་སུ་ཕོ་གདོང་མོ་གདོང་བརྒྱ་ཉེར་བཞི་རེ་གསོག་པར་མཛད་པ་ལྟར། དོན་ལ་ཕོ་མོའི་གླུད་ཡིན་པས་འགལ་བ་ཡང་མ་མཐོང་ཞིང་ལེགས་པའི་ཡན་ལག་ཏུ་འགྱུར་བའི་ཕྱིར། མདོས་ཁྲིའི་བང་རིམ་ལྔ་ཀ་ལ་ཕྱོགས་རེར་སྤྱི་སྐོང་དུ་ཕོ་གདོང་མོ་གདོང་གཉིས་གཉིས་ཙམ་རེ་དང་། ཁྱད་པར་བང་རིམ་ཐ་མ་ལ་བརྒྱད་ཙམ་མམ་མི་ཤོང་ན་བཞི་ཙམ་རེ་གཟུག་གོ །དེས་དབུས་ཀྱི་མདོས་ཚར་རོ། ༈ །བཞི་པ་ཕྱོགས་མདོས་བཞི་ནི། ཤར་མདོས་དང་བྱང་མདོས་གཉིས་ཀྱི་མཁར་ཟན་ལ་བཟོ་བའི་དམིགས་བསལ་མ་བྱུང་ཡང་ལྷོ་མདོས་དང་ནུབ་མདོས་གཉིས་འབྲུ་སྣའི་ངར་ཟན་ལ་བཟོ་བར་གསུངས་ཤིང་། འདིར་སྐམ་གསོག་རློན་གསོག་ཀྱང་སོ་སོར་མི་ཕྱེ་བས། མདོས་ཆེན་པོའི་ཚེ་ཟན་ལ་བྱས་ན་མི་བརྟན་པར་གྱུར་གྱིས་དོགས་ནས་ཕྱག་ལེན་དུ། སྔར་གྱི་གཙོ་བོའི་རློན་གསོག་གི་ལྷག་གི་ཟན་ལས་ཇི་ལྟར་རིགས་པ་བླངས་པ་ལ་བུངས་བསྐྱེད་དགོས་ན་ངར་ཕྱེ་གཞན་དང་བསྲེས་པ་ལ་ཁམ་ས་ཚགས་མཁར་གྱི་ཉིས་བལྡབ་ཙམ་བསྣན་པའི་རྒྱུ་ལས། ཤར་གྱི་མ་ཏྲཾ་གྱི་སྙིང་གར་ཨན་དར་སྨན་སྤོས་ཀྱིས་བྱུགས་པའི་ཁར། མཁར་ཟླུམ་པོ་དཀར་པོ་བང་རིམ་གསུམ་པ་གཡུའི་བད་ཅན་རྩེར་སྲོག་བདག་ཚངས་པའི་གཟུགས་བརྙན་གཟུག །དེའི་སྟེང་དུ་ཆིག་གདུགས་ཁྱུང་ཚང་དང་བཅས་པ་དཀར་པོ་འཇའ་རིས་ཅན་བཙུགས། རང་གཟུགས་ཀྱི་རྒྱབ་ཏུ་སྐུ་རྟེན་སྨྱུག་རྒོད་རྨ་མ་ཕབ་པ་དར་དཀར་གྱིས་བརྒྱན་པའི་རྒྱལ་མཚན་དང་། དར་མདུང་དཀར་པོ། དེའི་གཡས་སུ་ནམ་མཁའ་ཁོང་དཀར། རྒྱང་དཀར། མདའ་དཀར། གཡོན་དུ་བྱ་དཀར་ཟེ་དམར་དྲུག་བྲིས་པའི་མཐུན་རྫས། ཡུལ་མཁར། འཕང་དཀར། མདུན་དུ་ངར་ཁྱི་གསང་ཕྱི་དཀར་ཟླུམ། བཤོས་བུ་མཁར་ཐབས་དཀར་ཟླུམ་ཁ་བད་ཅན་དང་། ཟུར་གསུམ་དཀར་པོ། གསེར་སྐྱེམས་ཀྱི་སྣོད་དང་བཅས་པ་བཞག །བང་རིམ་གཉིས་པའི་ཕྱོགས་རེར། དཀར་པོའི་གསང་ཕྱི་དཀར་གསུམ། ཟུར་གསུམ། གསེར་སྐྱེམས་ཀྱི་སྣོད་རྣམས་རེ་རེ་དང་། བྱ། ཁྱི། མི། རྟ། ར། ལུག་སྟེ་དཀར་པོ་དྲུག་གི་རྒྱལ་མཚན་རྣམས་བཀོད། བང་རིམ་ཐ་མའི་ཕྱོགས་བཞིར། ནམ་མཁར་ཁོང་དཀར། རྒྱང་དཀར། མདའ་འཕང་དཀར་པོ། ཡུལ་མཁར། སྨྱུག་རྒོད་དར་དཀར་དཔྱང་པའི་རྒྱལ་མཚན། དར་མདུང་དཀར་པོ་རྣམས་རེ་རེ། མཁར་ལ་སྒོའི་རྣམ་པ་གཏོད་པའི་དྲུང་ན་ཁྱི་དཀར་སྣ་དམར། བང་རིམ་འོག་མའི་མདུན་དུ་རྟ་དཀར་རྔོག་དམར། གཡས་སུ་ལུག་དཀར་འཇིང་དམར། གཡོན་དུ་ར་དཀར་རུ་དམར། རྒྱབ་ཏུ་མི་དཀར་ཐོད་དམར་རྣམས་རེ་རེའང་དྲུག་དྲུག་བྲིས་པ་བཀོད་དོ། །ལྷོའི་མ་ཏྲཾ་གྱི་སྙིང་གར་ཨན་དར་སྨན་སྤོས་ཀྱིས་བྱུགས་པའི་སྟེང་དུ། མཁར་སེར་པོ་གྲུ་བཞི་བང་རིམ་གསུམ་གྱི་སྟེང་མར་བྱ་འདབ་ལན་ཀན་གྱི་རྣམ་པས་བསྐོར་བའི་དབུས་སུ། རྒྱལ་པོ་པེ་ཧར་གྱི་གཟུགས་བརྙན། དེའི་སྟེང་དུ་ཆིག་གདུགས་ཁྱུང་ཚང་དང་བཅས་པ་སེར་པོ་འཇའ་རིས་ཅན་བཙུགས། རང་གཟུགས་ཀྱི་རྒྱབ་ཏུ་སྐུ་རྟེན་སྨྱུག་རྒོད་དར་སེར་གྱིས་བརྒྱན་པའི་རྒྱལ་མཚན་དང་དར་མདུང་སེར་པོ། དེའི་གཡས་སུ་ནམ་རྒྱང་སེར་པོ་དང་། གསེར་མདའ། གཡོན་དུ་ཡུལ་མཁར་དང་། འཕང་སེར། མདུན་དུ་ཡུམ་ཤཱནྟི་རོ་ཟན་མའི་གཟུགས། གཡས་གཡོན་དུ་སྐྱེས་པ་སྟག་ཆས་ཅན་རེ་རེ། རྒྱབ་མདུན་དུ་བཤན་པ་གྲི་ཐོགས་བཞི་རེ། དེ་དག་གི་མདུན་དུ་བཤོས་བུ་མཁར་ཐབས་གྲུ་བཞི་པ། ཟུར་གསུམ་པ། ཟུར་དྲུག་པ། ཟུར་བདུན་པ་རྣམས་དང་། གསང་ཕྱི་གཤོག་རིམ་གསུམ་པ་དཀར་པོ་དང་། གསེར་སྐྱེམས་ཀྱི་སྣོད། བང་རིམ་གཉིས་པའི་ཕྱོགས་རེ་རེར། བཤོས་བུ་མཁར་ཐབས། གསང་ཕྱི་གཤོག་གསུམ་པ། གསེར་སྐྱེམས་ཀྱི་སྣོད་རྣམས་རེ་རེ་དང་། མདུན་ཕྱོགས་སུ་བུད་མེད་ནག་མོ་ལྔ། གཡས་སུ་སྐྱེས་པ་སྟག་ཆས་ཅན་ལྔ། གཡོན་དུ་དགེ་སློང་གསེག་ཤང་ཅན་ལྔ། རྒྱབ་ཏུ་སྔགས་པ་ཞྭ་གོས་ནག་པོ་ཅན་ལྔ། དེ་དག་གི་བར་སྟག །སྤྲེའུ། །དར་ཟབ། སྤྱང་ཀི །སེང་གེ་ལྔའི་རྒྱལ་མཚན། སྟག་སྤྲེ་སྤྱང་ཀི་སེང་གེ་བཞིའི་གཟུགས་བརྙན། བང་རིམ་ཐ་མའི་ཕྱོགས་རེ་རེ་ནམ་མཁའ་ཁོང་སེར། རྒྱང་སེར། མདའ་འཕང་སེར་པོ། ཡུལ་མཁར། སྨྱུག་རྒོད་ཀྱི་རྒྱལ་མཚན། དར་མདུང་སེར་པོ་རྣམས་རེ་རེ། ཕྱག་བརྙན་མོན་བུ་བརྒྱ་མཚོན་བྱེད་ཕྱོགས་རེར་ཨ་ཙ་ར་ནག་པོ་ལྔ་རེ་རྣམས་བཀོད་ཅིང་། ཨན་དར་གྱི་སྟེང་ངམ་འཁྲིས་གང་བདེར་ལུག་དཀར་མོའི་ལག་པ་གཅིག་ཀྱང་བཞག་གོ །ནུབ་ཀྱི་མ་ཏྲཾ་གྱི་སྙིང་གར་ཨན་དར་སྨན་སྤོས་ཀྱིས་བྲན་པའི་སྟེང་དུ། མཆོང་མཁར་དམར་པོ་ཟླ་གམ་བང་རིམ་གསུམ་པའི་སྟེང་དུ་སྐྱེས་བུ་རྡོ་རྗེ་ལེགས་པའི་གཟུགས་བརྙན། དེའི་སྟེང་དུ་ཆིག་གདུགས་ཁྱུང་ཚང་དང་བཅས་པ་ཁོང་དམར་འཇའ་རིས་ཅན་བཙུགས། རང་གཟུགས་ཀྱི་རྒྱབ་ཏུ་སྐུ་རྟེན་སྨྱུག་རྒོད་དང་ལྷ་ཤུག །དེའི་གཡས་སུ་དར་མདུང་དམར་པོ་དང་། ནམ་མཁའ་ཁོང་དམར་མདའ་དམར། གཡོན་དུ་རྒྱང་དམར། འཕང་དམར། ཡུལ་མཁར་རྣམས། སྐྱེས་བུའི་ཤར་དུ་དགེ་བཤེས། ལྷོར་བནྡེ། ནུབ་ཏུ་ཕྱག་དཔོན། བྱང་དུ་ཚོང་དཔོན་རྣམས་ཀྱི་གཟུགས། དེ་དག་གི་མདུན་དུ། གྲི་བཤོས་དམར་པོ་ཟུར་གསུམ། བཤོས་བུ་ཟུར་གསུམ་ར་མགོས་བརྒྱན་པ། ར་ཤ །གསེར་སྐྱེམས་ཀྱི་སྣོད། ལྕགས་ཀྱི་ཐོ་བའི་གཟུགས་རྣམས། བང་རིམ་གཉིས་པའི་ཕྱོགས་རེར། གྲི་བཤོས། བཤོས་བུ་ར་མགོ་མ། ར་ཤ །གསེར་སྐྱེམས། ལྕགས་ཐོ་རྣམས་དང་། ར་དཀར་པོ། ར་སེར་རྒྱ། གཡག་ཁམ་པ། ལུག་ཁ་རྒྱ། དྲེལ་ཁལ། བོང་ཁལ། རྟ་ཁལ་རྣམས་ཀྱི་གཟུགས་བྲིས་པ། བང་རིམ་ཐ་མའི་ཕྱོགས་རེར། ནམ་མཁའ་ཁོང་དམར། རྒྱང་དམར། མདའ་འཕང་དམར་པོ། ཡུལ་མཁར། མདུང་དམར་རྣམས་རེ་རེ་བཀོད་དོ། །བྱང་གི་མ་ཏྲཾ་གྱི་སྙིང་གར་ཨན་དར་སྨན་སྤོས་ཀྱིས་ཆག་ཆག་བཏབ་པའི་སྟེང་དུ། ཐོད་མཁར་ནག་པོ་གྲུ་གསུམ་བང་རིམ་གསུམ་པ་གཡུའི་ཁ་བད་ཅན་གྱི་སྟེང་དུ། ཟན་གྱི་དགྲ་བོའི་ལིངྒའི་གཟུགས་ཀྱི་ཁར་ཡབ་སྲིན་པོ་དང་ཡུམ་སྲིན་མོ་མཱ་ར་སྙིང་ཟན་མའི་གཟུགས་བརྙན་བཀོད། དེའི་སྟེང་དུ་ཆིག་གདུགས་ཁྱུང་ཚང་དང་བཅས་པ་ཁོང་སྨུག་འཇའ་རིས་ཅན་གཟུག །རང་གཟུགས་ཀྱི་སྟེང་དུ་སྐུ་རྟེན་ཞིང་ལྤགས་ཀྱི་གདུགས་དང་དར་མདུང་དམར་པོ། དེའི་གཡས་སུ་ནམ་མཁའ་ཁོང་སྨུག་རྒྱང་སྔོན་མདའ་ནག །གཡོན་དུ་འཕང་སྔོན། ཡུལ་མཁར། མདུན་དུ་མི་ཁྲག་དང་མི་ཚིལ་གྱིས་བྱུགས་པའི་དམར་གཏོར་རྩེར་དགྲ་ལིང་བཙུགས་པ་བཞི། ཤ་སྣ་ཁྲག་སྣ་སྨན་ཕུད་རྣམས་དང་། དེའི་ཕྱོགས་བཞིར་སྲིན་བྱ་འུག་པ་བྱ་རོག་བྱ་རྒོད་བཞིའི་གཟུགས་ལྡིང་བའི་ཚུལ། ཟུར་བཞིར་ར་ལུག་སྟག་གཟིག་གི་རྒྱལ་མཚན་གཟུག །བང་རིམ་གཉིས་པར་ར་ལུག་སྟག་སྤྱང་ཀི་ཁྭ་ཏ་ཀངྐ་ལིང་དུ། གཟིག་དྲེད་མོ་མ་ཧེ་ཁྱི་དོམ་ཅེ་སྤྱང་རྣམས་བྲིས་པའི་གཟུགས་ཕྱོགས་རེར་གསུམ་གསུམ་བགོས་ཏེ་གཟུག །བང་རིམ་ཐ་མའི་ཕྱོགས་རེར་ནམ་མཁའ་ཁོང་སྨུག་རྒྱང་སྔོན་མདའ་ནག །འཕང་སྔོན་ཡུལ་མཁར་དར་མདུང་རྣམས་རེ་རེ་གཟུག་གོ །དེ་ལྟར་ཕྱོགས་མདོས་བཞིའི་བང་རིམ་ཐ་མ་ལ་ཕོ་གདོང་མོ་གདོང་ཡང་ཕྱོགས་རེར་ཇི་ཙམ་ཤོང་ཚད་རེ་བཙུག་ཀྱང་འགལ་བ་མེད་དོ། ༈ །ལྔ་པ་གླུད་ནི། ལྷ་སྲིན་ཡོངས་ལ་བསྔོ་བྱའི་རྣལ་འབྱོར་པ་དང་ཡོན་བདག་གི་ཚེ་སྲོག་བསླུ་བའི་རྫས་འབྲུ་སྣའི་ངར་གླུད་སྐྱེ་མཆེད་དོད་པ། ཟེར་མོའི་སྐྲ་དང་ལུང་ཐང་གི་མིག་སོགས་གླུད་ཆས་རྣམས་རང་གི་གནས་སུ་བཅུག་པ། ཚོན་སྣའི་གོས་དང་སྣམ་རས་ཀྱི་གླུད་གོས་ཀྱིས་དཀྲིས་པ་བཞི་མ་ཏྲཾ་བཞིའི་མགྲིན་པའི་གནས་ཙམ་དུ་བཀོད་ཅིང་། དེ་ལྷག་གླུད་ཆས་རྣམས་བསྲེས་པ་ཕྱེ་མར་བྱས་པ་ངར་ལ་བསྲེས་པ་ལ་གླུད་བརྒྱ་རྩ་བརྒྱད་བཅོས་ལ། དེ་ཐམས་ཅད་ཀྱི་ལག་གཡས་སུ་མཚེ་མདའ་དང་། གཡོན་དུ་ཡུངས་དཀར་གྱི་གཞུ་བསྐུར་ཞིང་། སོ་སོའི་མདུན་དུ་ཞུན་མར་གྱི་ཏིང་ལོ། ཆངས་བུ། མཐེབ་ཀྱུ་རྣམས་ཀྱིས་བརྒྱན་པ་རྣམས་མ་ཏྲཾ་བཞིའི་ལུས་ལ་བཀོད། མ་ཏྲཾ་བཞི་པོའི་བར་མཚམས་སུ་འབྲུ་སྣ་བྲེ་རེའི་སྟེང་དུ། ཨན་དར་ཆུང་ངུ་རེའི་ཁར་ངར་གླུད་སྟག་ཆས་ཅན་འཁོར་གསུམ་བཏགས་པ་བཞི་རིམ་པར་དྲེའུ་དང་། གླང་པོ་དང་། སེང་གེ་དང་། མ་ཧེའི་གཟུགས་རྣམས་ལ་བསྐྱོན་པ་ཁྲུ་གང་ཙམ་རེ་དང་དར་ནག་པོས་ཞལ་བཀབ་ནས་བཀོད་དོ། ༈ །དྲུག་པ་བརྟན་མ་བཅུ་གཉིས་ཀྱི་མདོས་ནི། གླིང་མཚོན་པའི་མ་ཏྲཾ་བཞིའི་མགོ་དང་ལག་པ་གཉིས་ལ་རེ་སྟེ་བཅུ་གཉིས་ཀྱི་ཐད་སོ་སོར། འཇིམ་པའི་སྟེགས་བུ་གྲུ་བཞི་པ་འབྲང་རྒྱས་དང་མདོག་མཚུངས་པ་རེའི་སྟེང་དུ། གངས་ཀྱི་ལ་རོ་སྨན། དཀར་མོ་མིག་གཅིག །གངས་ཀྱི་ཡུམ་ཆེན། འབྲོག་སྲིན་འཁོར་འདུལ་ཏེ་བདུད་མོ་བཞི་ལ་ངར་གྱི་འབྲང་རྒྱས་ནག་པོ་མཐོ་གང་བ་བད་ལ་མཚལ་གྱི་ཐིག་ཕྲན་བཏབ་པ། ཤ་མེད་གངས་དཀར། ཁ་རག་ཁྱུང་བཙུན། ལྷོའི་སྐྱི་མཐིང་གཡའ་མ་སྐྱོང་། བྱང་གི་ཏིང་ཏིང་ཏིང་མོ་བཙུན་ཏེ་གནོད་སྦྱིན་མོ་བཞི་ལ་ངར་གྱི་འབྲང་རྒྱས་མཐོ་གང་བ་དམར་པོ་བད་ལ་མཚལ་གྱི་ཐིག་ཕྲན་བཏབ་པ། ཀོང་བཙུན་དེ་མོ། བཙན་ལ་ལ་རོ་སྨན་གཅིག །གཡུའི་དྲིལ་བུ། མ་བཙུན་ཁུག་ཆོས་ཏེ་སྨན་མོ་བཞི་ལ་ངར་གྱི་འབྲང་རྒྱས་དཀར་པོ་མཐོ་གང་བད་ལ་མཚལ་གྱི་ཐིག་ཕྲན་བཏབ་པ་སྟེ། བཅུ་གཉིས་ཀྱི་ཁར་རང་རང་གི་སྐུ་གཟུགས་བཙུགས། སྨྲེང་དུ་ནམ་རྒྱང་གཉིས་གླུད་ཀྱི་ཕྲག་པར་འཛུགས་པ་ལྟ་བུ་འབྱུང་ཡང་མདོས་ཆེན་པོའི་ཚེ་ལག་ལེན་ལ་མི་བདེ་བས་ད་ལྟའི་ཕྱག་ལེན་བཞིན་དུ་སོ་སོའི་སྐུ་གཟུགས་ཀྱི་རྒྱབ་ཏུ། བདུད་མོ་བཞི་ལ་ནམ་མཁའ་ཁོང་ནག །གནོད་སྦྱིན་བཞི་ལ་ཁོང་དམར། སྨན་མོ་བཞི་ལ་ཁོང་དཀར་རྣམས་དང་། དེ་དག་གི་གཡས་སུ། བལ་ཐེ་དང་ཤུག་ཐེ་མདའ་ཁྲ། གཡོན་དུ་ཁོང་དང་མཚུངས་པའི་རྒྱང་བུ་དང་འཕང་ཁྲ། མདུན་དུ་ངར་གླུད་ལག་གཡས་སུ་མཚེ་དང་ཁྲམ་ཤིང་། ལག་གཡོན་དུ་ཡུངས་དཀར་ཁྱེར་བ་རྣམས་དང་། ངར་གྱི་བྱ་དང་། ལེམ་བུ་རྣམས་ཀྱང་རེ་རེ་བཀོད་དོ། ༈ །བདུན་པ་ལྕགས་རི་ནི། དཀྱིལ་འཁོར་མེ་རིའི་ཕྱི་རོལ་དུ་འཇིམ་སའི་ལྕགས་རི་དཔངས་སོར་བཞི་དང་ཞེང་སོར་གསུམ་ཙམ་པ་ཁ་དོག་ནག་པོས་ཟླུམ་པོར་བསྐོར་བའི་སྟེང་། ཕྱི་ནང་རིམ་པ་གསུམ་དུ་བགོས་པའི་ནང་མ་ལ་སྔར་བང་རིམ་ཐ་མར་མ་ཤོང་བའི་ནམ་མཁའ་སྣ་ཚོགས་ཉེར་བཞི་པོ་ཕྱོགས་རེར་དྲུག་དྲུག །དེ་བཞིན་དུ་རྒྱང་བུ། མདའ་ཁྲ། འཕང་ཁྲ། །ཡུལ་མཁར། དར་ཟབ་ཀྱི་རྒྱལ་མཚན་སོགས་དང་། གཞུང་དུ་ལྕགས་རི་རྣམས་ལའང་ནམ་མཁའ་བཤད་པ་ལྟར་ད་དུང་ཕྱོགས་རེར་ནམ་མཁའ་དྲུག་རེ་ཙམ་བཀོད་ཀྱང་མི་འགལ་ཞིང་། དེ་དག་གི་བར་རྣམས་སུ་ཤིང་སྣའི་རིགས་གང་འཛོམ་དང་། དར་ཟབ་སྣ་ཚོགས་ཀྱང་བཀོད། རིམ་པ་བར་མར་ཕོ་གདོང་མོ་གདོང་སོགས་ཤིང་རིས་ཀྱིས་བསྐོར། རིམ་པ་ཕྱི་མ་ལ། རྩངས་ཁྲུ་གང་བ་ཙམ་གྱིས་བསྐོར་བ་ལ་རྒྱུ་རློན་གྱི་ལྡ་ལྡི་ལས་གློ་སྙིང་དང་ཤ་ཙར་དཔྱངས་པས་བསྐོར་བའི་ཕྱི་ནས་མདོས་དཀྲིས་ཀྱིས་དཀྲི་བའང་ལག་ལེན་དུ་སྣང་ངོ་། ༈ །བརྒྱད་པ་དཀོར་རྫས་ནི། འཇིམ་པའི་ལྕགས་རིའི་ནང་ཁོངས་སུ་བྲིས་པའམ་ཟན་པར་བཏབ་པ་གང་བདེའི་སེམས་ཅན། མཁའ་ལ་འཕུར་བ། ས་ལ་འཛུལ་བ། ཐང་ལ་རྒྱུ་བ། ཆུ་ལ་གནས་པ་སོགས་སྲོག་ཆགས་ཡོད་དོ་ཅོག་གི་གཟུགས་རྣམས་ལྕགས་རི་ལ་བསྙེལ་སྟབས་ཀྱིས་ཁ་ནང་དུ་བསྟན་ཏེ་བཀོད་ཅིང་། དེ་དག་གི་ནང་མེ་རིའི་མཐའ་སྐོར་དུ། གོས་དར། སྣམ་རས། ཟས་སྣ། འབྲུ་སྣ། རིན་པོ་ཆེའི་སྣ། སྨན་སྤོས། བཙོད་ཞུན། རྒྱ་སྐྱེགས་སོགས་ལ་ཆས་ལུང་ཆས་གང་འཛོམ་བཀོད། ༈ དགུ་པ་གཏོར་མ་ནི། སྒྲུབ་ཁང་གི་ཁུལ་ཇི་ལྟར་བདེ་བར་སྟེགས་བུ་བཀོད་པ་ལེགས་པ་ལ་ཟིལ་གནོན་ལྷའི་འདས་གཏོར། ཆོས་སྲུང་དང་གཏེར་སྲུང་སྤྱི། གཞི་བདག་རྣམས་ཀྱི་མཆོད་གཏོར་དང་སྐོང་རྫས་ཀྱི་གཏོར་མ་རྣམས་བཤམ་ཞིང་། ཁྱད་པར་མདོས་ཆེན་གྱི་མདུན་དུ་མཉྫི་ལྟ་བུའི་སྟེགས་ཇི་ལྟར་རིགས་པ་ལ་བཀོད་པའི་སྣོད་གཙང་ཞིང་བཟང་བ་གསུམ་གྱི་དབུས་མར་ཡེ་ཤེས་ཀྱི་མགོན་པོའི་གཏོར་མ་ལྕགས་མཁར་ཁ་བད་ཅན་གྱི་སྟེང་དུ་བཤོས་བུ་གྲུ་གསུམ་ཧ་ཅང་མི་རྣོ་བ་དམར་པོ་ལྟོ་ནག །མཁར་གྱི་རྩ་བའི་ཕྱོགས་བཞིར་མགོན་པོ་སྡེ་བཞི་ལ་བཤོས་བུ་ཟུར་གསུམ་དམར་པོ་ལྟོ་ནག་ཅན་རེ་དང་། མོན་པ་གསུམ་ལ་བཤོས་བུ་རྩ་བ་ཟླུམ་པོ་ནག་པོ་ལ་རྩེ་མོ་གྲུ་གསུམ་ཐོག་གཟུགས་དམར་པོ་ཤས་བརྒྱན་པ་གསུམ་དང་། ཕྱི་ནས་མཐེབ་ཀྱུས་བསྐོར་བའི་གཙོ་བོ་ལ་མདའ་བྱ་རྒོད་མ་དར་ནག་གི་ཅོད་པན་བཙུགས་པ། དེའི་གཡས་ཀྱི་སྣོད་དུ་ཡེ་ཤེས་ཀྱི་མ་མོའི་གཏོར་མ་སྙིང་བཤོས་དམར་པོ་ཟུར་གསུམ་པ། འཁོར་བཞིར་རེ་མ་ཏི་བཞི་ལ་རང་འདྲའི་བཤོས་བུ་དང་། དེ་དག་གི་མཚམས་སུ་ནང་གཡོག་མ་མོ་ལྔ་ལ་དམར་གཏོར་ཟུར་གསུམ་པ་རེ་རྣམས་མཐའ་ཀྱུ་གུས་བསྐོར་བའི་རྩེར་མདའ་དར་སྔོན་པོ་བཙུགས་པ། གཡོན་གྱི་སྣོད་དུ་ལས་མགོན་གྱི་གཏོར་མ་གྲུ་གསུམ་བྲ་གཟུགས་དམར་པོ་ལྟོ་ནག་ཅན་རྩེར་མདའ་དར་ལྗང་གུ་བཙུགས་པ། དེའི་འཁོར་ཕྱོགས་བཞིར་རྒྱལ་ཆེན་བཞི་ལ། ཤར་དུ་དཀར་ཟླུམ། ལྷོར་གྲུ་གསུམ་ནག །ནུབ་ཏུ་ཟླ་གམ་དམར། བྱང་དུ་གྲུ་བཞི་སེར། དེ་དག་གི་བར་མཚམས་སུ་ཕྱོགས་སྐྱོང་བཅུ་གཅིག་ལ་ཤར་སྟོད་དུ་གཏོར་ཟླུམ་དཀར་པོ་དང་དམར་པོ། ཤར་སྨད་དུ་གཏོར་ཟླུམ་དཀར་པོ། ཤར་ལྷོར་གཏོར་ཟླུམ་དམར། ལྷོ་དང་ལྷོ་ནུབ་ཏུ་གྲུ་གསུམ་ནག་པོ་རེ། ནུབ་ཀྱི་གཡས་གཡོན་དུ་དཀར་ཟླུམ་རེ། ནུབ་བྱང་། བྱང་། བྱང་ཤར་གསུམ་དུ་གཏོར་ཟླུམ་ནག་པོ་རེ། དེའི་ཕྱི་རོལ་གཡས་ཕྱོགས་སུ་ལྷ་བརྒྱད་ལ་དཀར་ཟླུམ་བརྒྱད། མདུན་དུ་གཤིན་རྗེ་བརྒྱད་ལ་དམར་གཏོར་གྲུ་གསུམ་བརྒྱད། གཡོན་དུ་བདུད་བརྒྱད་ལ་ནག་པོ་རྩེ་གུག་བརྒྱད། རྒྱབ་ཏུ་གནོད་སྦྱིན་བརྒྱད་ལ་དཀར་ཟླུམ་ལྟོ་ལྡིར་བ་བརྒྱད། དེའི་ཕྱིར་སྡེ་བརྒྱད་ལ། ཤར་དུ་གཏོར་ཟླུམ་དཀར་པོ། ཤར་ལྷོར་ཀླུ་བཤོས་རྒྱབ་ཡོལ་མ། ལྷོར་དམར་གཏོར་གྲུ་གསུམ། ལྷོ་ནུབ་ཏུ་བཟའ་བཤོས་གཡས་དཀྱུས། ནུབ་ཏུ་བཙན་བཤོས་དམར་པོ་ཟུར་གསུམ། ནུབ་བྱང་བདུད་བཤོས་ནག་པོ་རྩེ་གུག །བྱང་དུ་བཤོས་བུ་གྲུ་གསུམ་ལྟོ་ལྡིར་བ། བྱང་ཤར་དུ་མ་མོའི་སྙིང་བཤོས་ཟུར་གསུམ། དེའི་ཕྱིར་དབང་ཆེན་སྡེ་བཞིར། ཤར་དུ་སྲོག་བདག་གི་གཏོར་ཟླུམ་དཀར་པོ། ལྷོར་རྒྱལ་བཤོས་གསང་ཕྱི་དཀར། ནུབ་ཏུ་བཙན་བཤོས་ར་མགོས་བརྒྱན་པ། བྱང་དུ་དམར་གཏོར་ཟུར་གསུམ་རྩེར་ལིངྒ་བཙུགས་པ། དེ་དག་གི་མཚམས་སུ་བརྟན་མ་བཅུ་གཉིས་ཀྱི་གཏོར་མ་གསུམ་གསུམ་སྟེ། བདུད་མོ་བཞི་ལ་གྲུ་གསུམ་ནག་པོ། གནོད་སྦྱིན་བཞི་ལ་དམར་གཏོར་རྩ་ཟླུམ་རྩེ་མོ་ཟུར་གསུམ། སྨན་མོ་བཞི་ལ་གྲུ་བཞི་རྩེ་ཟླུམ་དཀར་པོ། དེ་དག་གི་ཕྱིར་མཐེབ་ཀྱུས་བསྐོར་བའོ། །དཀྱིལ་འཁོར་ལྕགས་རིའི་ནང་རྟེན་མདོས་ཀྱི་ཕྱིའི་ཕྱོགས་བཞིར་འབྲུ་སྣའི་གཏོར་མ་ཟུར་གསུམ་དམར་པོ། སྨན་སྣ། དཀར་སྣ། མངར་སྣ། ཤིང་ཐོག་གིས་བརྒྱན་པ་བཞི་རིམ་པར་བཤམ། མཚམས་བཞིར་འབྲུ་སྣའི་གཏོར་མ་གྲུ་གསུམ་ནག་པོ། འཁུར་བ་སྒོག་ཙོང་སོགས་ཤ་སྣ་ཁྲག་སྣ་བཞིས་བརྒྱན་པ་བཞི་རིམ་པར་བཀོད་དོ། ༈ །བཅུ་པ་མཆོད་པ་ནི། རྩ་གསུམ་དམ་ཅན་རྣམས་ཀྱི་མཆོད་པའི་གཏོར་མ་སྤྱི་དང་། ཁྱད་པར་མ་མགོན་ལྕམ་དྲལ་འཁོར་བཅས་ཀྱི་གཏོར་མ་སྟེ། དེ་གཉིས་ཀའི་གཡས་སུ་ཐོད་པ་མཚན་ལྡན་བདུད་རྩིའི་ཕབས་དང་སྦྱར་བའི་མྱོས་བྱེད་བཟང་པོས་བཀང་བའི་སྨན་ཕུད། གཡོན་དུ་རཀྟའི་ཕབས་ག་པུར་སོགས་ཀྱིས་གཞུར་བའི་རཀྟ། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་སྟེ་ཕྱི་དང་། ཁྲག་གི་ཨརྒྷཾ་སོགས་ནང་མཆོད། མདོས་ཆེན་གྱི་ཕྱོགས་བཞིའི་དམར་གཏོར་གྱི་གཡོན་དུ་མདོས་བསྔོའི་དུས་སྦར་བའི་མར་མེ་བཞི་དང་། དེ་དག་གི་མཐའ་སྐོར་དུའང་བྱང་ཤར་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་དང་བཅས་པའི་ཕྱི་ནང་གི་མཆོད་པ་ཇི་ལྟར་འབྱོར་བ་དང་། མདངས་སྐོང་གི་རྫས། ར་ནག་དང་ལུག་ནག་དགྲ་ལིང་བཀལ་པ་དང་། གཡག་དང་བྱ་རོག་པོ་དར་སྣས་བརྒྱན་པ་སོགས་སྲོག་ཆགས་གསོན་མའམ་གཟུགས་བརྙན་གྱིས་མཐའ་རྟེན་པ། གཞན་ཡང་རུ་མཚོན། བ་དན། ཡ་ལད་སོགས་གོས་རྒྱན་དང་། ནོར་རྫས་ཀྱི་ཁྱད་པར་སོགས་སྤྱན་གཟིགས་ཅི་ཙམ་འབྱོར་པ་བཟང་ཞིང་བཀོད་པས་མཛེས་པ་དང་། རྔ་དུང་ཆ་ལང་སོགས་རོལ་མོའི་ཁྱད་པར་དུ་མ་དང་། རྒྱ་སྤོས། བོད་སྤོས། སྤོས་དཀར། ཚིལ་གསུར་སོགས་སྤོས་ཀྱི་བྱེ་བྲག་སྣ་ཚོགས་དང་། འབོད་པའི་རྟེན་མདའ་རྒོད་སྒྲོ་མ་གྲི་སྙིང་རྟེན་གྱི་འཁོར་ལོ་བཏགས་ཤིང་དར་སྣ་དཔྱང་པ་དང་། གྲི་ལག་ལ་དར་སྣ་བཏགས་པའི་གཡབ་དར་སོགས་ཡོ་བྱད་ཐམས་ཅད་མཐོང་བརྒྱུད་ལག་ལེན་བཞིན་ཚོགས་པར་བྱེད་པའོ། ༈ །བཅུ་གཅིག་པ་ཟོར་རྫས་ནི། ཕུང་ས། དུར་ཁྲོད་ཀྱི་ས། གཡུལ་བཀྱེའི་ས་གསུམ་བསྲེས་པའི་འཇིམ་པ་ལ། ཀོང་བུ་གྲུ་གསུམ་ཕྱི་རོ་སོལ་དང་ཁྲག་གིས་བྱུགས་པ་སྔོ་དམར་གྱི་སྐུད་པས་རྐེད་དཀྲིས་པ་ལ། སྐྱེར་མདའ། སྐྱེར་རྩང་། ཕུར་བུ། དུག་ཁྲག །རྦབ་རྡོ། དཔལ་འབར། མཚེ། ཡུངས་དཀར་གོང་བུ་རྣམས་བཙུགས་པ་ཉི་ཤུ་རྩ་གཅིག་དཀྱིལ་འཁོར་གྱི་ལྕགས་རིའི་ཁར་བཀོད། ༈ བཅུ་གཉིས་པ་ལིངྒ་ནི། དགྲའི་ཟག་རྫས་སམ་རྐང་རྗེས་ཀྱི་ས་དང་། བགེགས་ཡིན་ན་གནས་རྟེན་གྱི་ས་ལ་ཉ་བོ་བྱས་པའི་གནས་སོ་སོར་མིང་རུས་སོགས་བྲིས་པ་བཅུག་པའམ། ད་ལྟའི་ཕྱག་བཞེས་སུ། དུག་ཤོག་ལ་ལིངྒ་ཆུང་བ་བརྒྱད་དང་། ཆེ་བ་གཅིག་གཉིས་སོགས་གང་དགོས་སོ་སོར་མིང་རུས་བླ་དྭགས་དམོད་པ་དང་བཅས་པ་གནད་དང་ལྡན་པ་དཔེ་ཆུང་ལྟར་བྲིས་ལ་གདུག་པའི་རྫས་ཀྱིས་བྱུགས། རང་གི་དྲི་མ་རྣམས་སྦྱང་ཁྲུས་ཀྱིས་དག་པར་བྱས་ནས་དམིགས་བྱ་དགུག་གཞུག་བཅིང་། ལྷ་དང་ཕྲལ་ལ་བྱད་ཐག་གིས་བཅིངས་ཏེ། ལིང་ཆུང་བརྒྱད་པོ་ཐོད་ངན་རེར་བཅུག་པ་དཀྱིལ་འཁོར་གྱི་མེ་རིའི་ཕྱོགས་མཚམས་བརྒྱད་ཀྱི་བྲུབ་ཁུང་བརྒྱད་ཀྱི་ཁར་བཀོད་ཅིང་ལིང་ཁེབས་ནག་པོ་རེས་ཁ་བཅད། མདོས་ཀྱི་ལྷོ་བྱང་གང་རིགས་སམ་སློབ་དཔོན་གྱི་མདུན་ལྟ་བུར་ཞིང་ལྤགས་སམ་ཕྱར་ནག་གི་གདན་གྱི་ཁར་རྩ་བའི་བྲུབ་ཁུང་གི་ནང་དུ། སྔར་གྱི་ལིངྒ་ཆེ་བ་དམིགས་ཡུལ་གྱི་དབྱེ་བས་གྲངས་ཇི་ཙམ་ཡོད་པ་བརྩེགས་བལྟབ་བྱད་ཐག་གིས་བཅིངས་ནས་ཐོད་ངན་དུ་བཅུག་པ་བཀོད་ལ་ཁ་རེ་ནག་གམ་རས་ནག་གིས་བཅད་ནས་བཞག་གོ ༈ །བཅུ་གསུམ་པ་ཐུན་རྫས་ནི། གཞུང་དུ་ཐུན་རྫས་རེ་རེ་ནས་བརྒྱད་བརྒྱད་གསོག་པར་བཤད་ཀྱང་། མཐའ་སྡུད་ཀྱི་ལས་སྦྱོར་རྩ་བའི་བྲུབ་ཁུང་དུ་བསྡུས་ནས་མཛད་པའི་ཕྱག་ལེན་ལྟར། རྩ་བའི་བྲུབ་ཁུང་གི་མཐའ་སྐོར་དུ། མགོན་པོའི་དུག་ཐུན། ལྷ་མོའི་ཁྲག་ཐུན། ལྷའི་ཕྱེ་ཐུན། གཤིན་རྗེའི་ཁྲམ་བྱང་དང་ཡུངས་དཀར་ནག །བདུད་ཀྱི་ཁྲམ་ནག་དང་ཀེ་ཚེ་ཏིལ་ནག །གནོད་སྦྱིན་གྱི་མཚེ་ཐུན། རྒྱལ་ཆེན་དང་ཕྱོགས་སྐྱོང་གི་སྐྱེར་མདའ། སྡེ་བརྒྱད་ཀྱི་ཕུར་ཐུན་དང་རྩང་ཐུན། ཤན་པ་སྡེ་བཞིའི་གྲི་ཐུན། བརྟན་མའི་སྒོ་ང་དང་ཁྲག་ཐུན་ཏེ། ཐུན་བཅུ་སོ་སོར་མ་འདྲེས་པར་བཤམས་ཤིང་། ལྷ་དབྱེ་བའི་བྱ་འུག་གི་སྒྲོ་དང་། བདུག་རྫས་རྣམས་ཀྱང་བཀོད། སློབ་དཔོན་གྱི་མདུན་དུ་ཕུར་བུ་དང་སྒྲོལ་གྲི་ཡང་བཤམ་མོ། ༈ །བཅུ་བཞི་པ་མདོས་བྱིན་རླབས་ཀྱི་ཆས་ནི། མདོས་ཀྱི་ཕྱོགས་གང་བདེ་ཞིག་ཏུ་འབྲུ་སྣ་བྲེ་བཅུ་གསུམ་གྱི་སྟེང་དུ། ནས་ཀྱི་ཕྱེ། ཆང་མར་རྣམས་སྤོད་ཀྱིས་བྲན་པ་སྦྱར་བ་ལས་བརྫིས་པའི་གསང་ཕྱི་སུམ་གཅིག་མན་ཆད་ཟླུམ་པོ་དང་ཡན་ཆད་གྲུ་གསུམ་དཔལ་གཏོར་ལྟོ་ལྡིར་བའི་རྣམ་པ་ཅན་མཐེབ་ཀྱུ་བརྒྱད་ཅུ་གྱ་དགུས་འབྲུམ་དུ་བཅེར་ཅིང་། དཀར་མོའི་ལག་པ་སོགས་ཁ་ཟས་ཀྱི་བྱེ་བྲག་སྣ་ཚོགས་པས་བརྒྱན་པའི་རྩེར་མདའ་རྒོད་སྒྲོ་མ་དར་སྣ་ལྔ་དང་རིན་པོ་ཆེ་ལྔ་བཏགས་པ་བཙུགས་ཏེ། དེའི་མདུན་དུ་རྒྱ་ཕོར། བསེ་ཕོར། གསེར་སྐྱོགས། དངུལ་སྐྱོགས། མར་གྱི་ཟེ་པྲོག་གིས་བརྒྱན་པ་རྣམས་སྨན་ཕུད་དང་གསེར་སྦྱར་བའི་ཆང་བཟང་པོས་བཀང་བ་བཤམ་མོ། ༈ །བཅོ་ལྔ་པ་མདོས་བྱིན་གྱིས་བརླབ་པ་ནི། དེ་ལྟར་མདོས་ཀྱི་བཤམས་བཀོད་རྣམས་ལེགས་པར་ཚར་བའི་ནུབ་དང་པོ་འགོ་འཛིན་གྱི་ཚུལ་དུ་བྱིན་རླབས་བྱ་སྟེ། རློན་ཆས་ཀྱི་མདུན་དུ་སློབ་དཔོན་རང་ཉིད་ལུས་ལ་བེར་ནག་གྱོན་ཅིང་། ཐོད་དམར། སྟོད་དཀྲིས། ཕུ་རུང་ལག་ཆིངས། ཁ་གསེར་ཁ་གཡུ་ཁ་སོགས་པས་བརྒྱན་ཏེ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་དྲན་རྫོགས་སུ་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དུང་དམར་འཛིན་པ་ཆེར་ཁྲོས་པ་འབར་བ་ཆེན་པོའི་གཟི་བྱིན་ཅན་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བགེགས་བསྐྲད། གསང་ཕྱི་གསེར་སྐྱེམས་དང་བཅས་པ། རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱང་། སྟོང་པའི་ངང་ལས་རྫས་རྣམས་ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བ་ཆེན་པོའི་རོལ་མོ་རྣམ་པ་ཐམས་ཅད་པར་འཆར་བའི་འདོད་ཡོན་ལོངས་སྤྱོད་ཀྱི་ཕུང་པོ་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ལ། སྔགས་དྲུག་ཕྱག་དྲུག་གམ། བསྡུ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། བཛྲ་སྥ་ར་ན་ཁཾ་གིས་ཟད་མི་ཤེས་པར་སྤེལ་ལོ། །དེ་ནས་མགྲོན་རྣམ་པ་བཞི་ལ་གསོལ་མཆོད་བྱ་སྟེ། ཉིན་རེ་བཞིན་འབུལ་ བའི་མགྲོན་སྡེའི་གྲངས་མཉམ་གྱི་གསང་ཕྱི་ལོགས་སུ་བཤམས་ཡོད་ན་དང་། མེད་ན་སྔར་བཤད་པའི་གསང་ཕྱི་ལས། ཅུང་ཟད་ཙམ་རེ་བཅད་པ་འབྲུ་བཟང་པོ་དང་བཅས་ཏེ་རིན་པོ་ཆེའི་སྣོད་དུ་བླུགས་པ་ལ་སྔར་བཤམས་པའི་ཕུད་ཀྱིས་བྲན་ལ། ཨོཾ་མཆོད་དོ། ཕུད་ཐམས་ཅད་ཀྱི་མངའ་བདག་འཕགས་པ་དཀོན་མཆོག་གསུམ། དེའི་རང་བཞིན་བྱང་ཆུབ་ཀྱི་སེམས། དེ་དང་གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་བརྒྱུད་པ་དང་བཅས་པ། དེའི་ཕྱག་རྒྱ་ཡི་དམ་ལྷ་ཚོགས་ཕྱོགས་བཅུ་དུས་གསུམ་གྱི་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར། དེའི་འཁོར་དུ་གནས་པའི་ཕྱི་ནང་གི་མཁའ་འགྲོ་ཆོས་སྐྱོང་དམ་ཚིག་ཅན་རྣམས་ལ། གསང་ཕྱི་རྒྱན་ལྡན་གཡོས་སུ་སྦྱར་བ། གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པར་གྱུར་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་པར་གྱུར་ཅིག །མཐུ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པས་རིས་མེད་པའི་བསྟན་པ་བཤད་སྒྲུབ་ཀྱིས་མཐོ་ཞིང་། སེམས་ཅན་གྱི་ཕན་བདེ་ཕྱོགས་བཅུར་རྒྱས་པ་དང་། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་བདུད་རྣམས་ཟིལ་གྱིས་ནོན་པ་དང་། སྲིད་གསུམ་དབང་དུ་བསྡུ་བ་དང་། དམ་ཅན་རྣམས་ལ་བཀའ་ནན་བསྩལ་བ་དང་། ཐུགས་དམ་བསྐུལ་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་རོལ་མོའི་སྒྲ་སྒྲོག་ཅིང་ཕུད་གཏོར། དེ་བཞིན་དུ་སྦྱར་ཏེ། ཧོཿ དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ། བདུད་འདུལ་གྱི་དབང་ཕྱུག །དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། ནག་པོ་དགྲ་འདུལ་ལྷ་མིན་གཡུལ་ཟློག །ལྷ་དམག་གི་སྡེ་དཔོན། ཚོགས་ཀྱི་བདག་པོ་ཆེན་པོ་ཡོན་ཏན་གྱི་མགོན་པོ་ལེགས་ལྡན་ནག་པོ། སྤྲུལ་པའི་མགོན་པོ་སྡེ་བཞི། བཀའ་སྡོད་དུས་མཚན་ནག་མོ། དཔལ་ལྡན་ཡེ་ཤེས་ཀྱི་མ་མོ་མཆེད་ལྔ། ནང་གཡོག་མོན་གསུམ་མ་ལྔ། གཡས་གཡོན་མདུན་སླད་ཀྱི་རུ་འདྲེན་སུམ་ཅུ་རྩ་གཉིས། ཕྱོགས་བཞིའི་དམག་དཔོན་རྒྱལ་པོ་སྡེ་བཞི། ཕྱོགས་བཅུའི་དམག་དཔུང་ཕྱོགས་སྐྱོང་བ་བཅུ། བཀའ་ཉན་ལས་བྱེད་ལྷ་མ་སྲིན་སྡེ་བརྒྱད། སྲོག་གི་བཤན་པ་དབང་ཆེན་སྡེ་བཞི། བོད་སྐྱོང་བརྟན་མ་བཅུ་གཉིས། ཕྱི་འཁོར་དམག་གི་དཔུང་ཚོགས་དང་བཅས་པ་རྣམས་དང་། གཞན་ཡང་རྒྱལ་བའི་བཀའ་ལ་སྡོད་ཅིང་། རིག་འཛིན་གྱི་དམ་ལ་གནས་པའི་སྲུང་མ་དམ་ཚིག་ཅན་མཐའ་དག་དང་། ས་ཕྱོགས་དང་ཡུལ་ཕྱོགས་འདི་དག་གི་གནས་དང་གཞིའི་བདག་པོ་རྣམས་དང་། གཞན་གྱིས་བསྒོས་པ་དང་ཡུལ་ཕྱོགས་དང་རིགས་དང་རྒྱུད་ཀྱིས་འགོ་བའི་སྲུང་མ་ལ་སོགས་པ་འཁོར་དང་སྡེ་དང་དཔུང་དང་བཅས་པ་ཐམས་ཅད་ལ། གསང་ཕྱི་རྒྱན་ལྡན་གཡོས་སུ་སྦྱར་བ་གསེར་སྐྱེམས་ཀྱི་དམ་ཚིག་གིས་བྲན་པའི་ཕུད་ཀྱི་མཆོད་པ་དམ་པ་འདིས་གསོལ་ཞིང་མཆོད་དོ། །སོ་སོའི་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པ་དང་། ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་པར་གྱུར་ཅིག །མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་ཕྲིན་ལས་ཀྱི་གཉེར་ཁ་སོ་སོའི་ཐུགས་དམ་གཉན་པོ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་སྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། སྣོད་ཀྱི་དགེ་བཅུ་སྒྲུབས། བཅུད་ཀྱི་ཕན་བདེ་སྤེལ། གདུག་པ་ཅན་གྱི་གཉའ་ནོན། དམ་ཚིག་ཅན་གྱི་སྟོངས་གྲོགས་མཛོད། ཐར་འདོད་ཀྱི་རེ་བ་སྐོངས། ཕན་སེམས་ཅན་གྱི་ཕྲིན་ལས་སྒྲུབས། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ། སྡང་བའི་དགྲ་དཔུང་ཐུལ། གནོད་པའི་བགེགས་དཔུང་ཆོམས། ནད་དང་ཉེར་འཚེ་སོལ། ཚེ་དང་བསོད་ནམས་སྤེལ། དཔལ་དང་གྲགས་པ་སྒྲུབས། དབང་ཕྱུག་དང་གཟི་བརྗིད་སྐྱེད། ཆོས་ནོར་དང་ལོངས་སྤྱོད་སྤེལ། མངའ་རིས་དང་ཆོས་སྲིད་སྐྱོངས། དངོས་གྲུབ་ཀྱི་བསམ་པ་སྒྲུབས། ཕྲིན་ལས་ཀྱི་རེ་བ་སྐོངས། སྤྱི་དང་ཁྱད་པར་གྱི་བསམ་པ་ཐམས་ཅད་ཡིད་བཞིན་དུ་བསྒྲུབ་པའི་ཕྲིན་ལས་མཛད་དུ་གསོལ་ལོ། །ཞེས་གཏོར། སྙིང་རྗེའི་མགྲོན་དུ་གྱུར་པ་འགྲོ་བ་རིགས་དྲུག་སྐྱེ་བ་རྣམ་པ་བཞི། ལམ་རྒྱུད་ལྔས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་མཉམ་སྙོམས་སུ་བསྔོ་ཞིང་མཆོད་དོ། །ཐམས་ཅད་ཀྱི་རྒྱུད་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་པར་གྱུར་ཅིག །གཞན་ཡང་ལུས་དང་དབང་པོ་ཉམས་པ་རྣམས་ཀྱི་གསོས་སྨན་དང་། གནས་མེད་པ་རྣམས་ཀྱི་གནས་དང་། དབང་ཆུང་བ་རྣམས་ཀྱི་རྟེན་དང་། འཇིགས་པས་ཉེན་པ་རྣམས་ཀྱི་སྐྱབས་སུ་གྱུར་ཅིག །ཅེས་གཏོར། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ། གཙོ་བོ་རིགས་བཞིས་བསྡུས་པ་ཐམས་ཅད་དང་གདོན་ཆེན་བཅོ་བརྒྱད། གདོན་ཕལ་པ་བཅུ་བཞི། བྱིས་པའི་གདོན་ཆེན་བཅོ་ལྔས་བསྡུས་པ་སོགས་སྐྱེ་འགྲོ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང་། བྱེ་བྲག་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་པར་བྱེད་པ། ཚེ་རབས་ཀྱི་ལན་ཆགས་འདེད་པ་དང་། འཇིག་རྟེན་འདིར་གནོད་ལན་ཆགས་པ་དང་། གཞན་གྱི་རིག་སྔགས་ཀྱིས་རྦད་དེ་གནོད་པ་དང་། རང་རང་གི་བསམ་སྦྱོར་ངན་པས་གནོད་པ་དང་། རྒྱུ་དུས་ལམ་སྲང་དུ་འཕྲད་དེ་འཕྲལ་ལ་གང་མཐོང་དུ་གནོད་པར་བྱེད་པ་ལ་སོགས་ཏེ་བུ་ལོན་ལན་ཆགས་ཀྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་གསོལ་ཞིང་མཆོད་དོ། །སོ་སོའི་རྒྱུད་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་པར་གྱུར་ཅིག །བུ་ལོན་གཞལ་ཞིང་ཤ་འཁོན་སྦྱང་ངོ་། །བཀའ་བདེན་པས་བསྔོས་པའི་མཆོད་སྦྱིན་འདི་ལོངས་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་པའི་བསམ་ངན་སྦྱོར་རྩུབ་ཞི་བར་གྱིས་ལ་བདག་ཅག་གིས་བསྒོ་བའི་ངག་ཉོན། བཅོལ་པའི་ལས་གྱིས། འགལ་རྐྱེན་ཞི་བ་དང་མཐུན་རྐྱེན་མཐའ་དག་བདེ་བླག་ཏུ་འགྲུབ་པའི་སྟོངས་གྲོགས་མཛད་དུ་གསོལ་ལོ། །ཞེས་གཏོར། ལྷག་མའི་མགྲོན་དུ་གྱུར་པ་ཐམས་ཅད་དང་། བྱེ་བྲག་བདག་ཅག་ལ་མངོན་ཤེས་མེད་པས་མགྲོན་ངོ་མ་འཚལ་བ་དང་། རྒྱུས་ཆུང་བས་གྲལ་རིམ་ནོར་པ་དང་། དྲན་པ་ཉམས་པས་བསྔོ་བ་བརྗེད་པ་ལ་སོགས་པ་ཐམས་ཅད་དང་། སྔར་བསྔོས་ཀྱང་མགྲོན་མངོན་ཤེས་ཆུང་བས་མ་ཚོར་བ་དང་། རྫུ་འཕྲུལ་ཆུང་བས་དུས་སུ་མ་སླེབ་པ་དང་། དབང་ཆུང་བས་མ་ཐོབ་པ་དང་། བསྔོ་བ་མ་དག་པས་སྐལ་པ་ལག་ཏུ་མ་བྱུང་བ་ཐམས་ཅད་ལ་བསྐྱར་ཞིང་བསྡུས་ཏེ་བསྔོས་ནས་གསོལ་ཞིང་མཆོད་དོ། །ཐམས་ཅད་དུ་ཆད་པ་མེད་ཅིང་སོ་སོའི་རྒྱུད་ཚིམས་པ་དང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་པར་གྱུར་ཅིག །དེ་ལྟར་བདག་ཅག་གིས་ཇི་ལྟར་བསྔོས་པ་དེ་ལྟར་ཏིང་ངེ་འཛིན་འཛིན་གྱི་མཐུ་དང་། བདེན་པའི་བྱིན་རླབས་ཀྱིས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་གཏོར་ལ། ནམ་མཁའ་མཛོད་ཀྱི་རིག་སྔགས་ཀྱང་བརྗོད་དེ་ཟང་ཟིང་གི་སྦྱིན་པ་རྒྱ་ཆེར་སྦྱིན་ལ། དེ་ནས་རྟེན་འབྲེལ་སྙིང་པོ་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པས་ཆོས་སྦྱིན་ཡང་བྱིན་ཏེ་མཐར། དེ་ལྟར་ཆོས་དང་ཟང་ཟིང་གི་སྦྱིན་པ་གཉིས་ཡོངས་སུ་བསྔོས་པས་ཇི་སྲིད་དུ་ཡོངས་སུ་བསྔོས་པས་ཁྱབ་པ་དེ་སྲིད་དུ་ལོངས་སྤྱོད་ཀྱི་བདེ་བ་མྱང་བར་གྱུར་ཅིག །ལོངས་སྤྱོད་ཀྱི་བདེ་བ་མྱོང་བ་དེ་སྲིད་དུ་ཆོས་ཀྱི་སྦྱིན་པ་ཐོབ་པར་གྱུར་ཅིག །ཆོས་ཐོས་པ་དེ་སྲིད་དུ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་དག་ཀྱང་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །ཅེས་དང་། སྦྱིན་པ་རྒྱ་ཆེར་གྱུར་པ་འདི་ཡི་མཐུས། །ཞེས་སོགས་བསྔོ་བའང་བྱའོ། །དེ་ལྟར་མགྲོན་རྣམ་བཞི་ལ་གསོལ་མཆོད་སོང་བ་དང་། མདོས་རྣམས་མདོས་གཞུང་གི་འགོར་འབྱུང་བ་ལྟར་ཤེས་པ་བཞི་ལྡན་གྱིས་བྱིན་རླབས་རྒྱས་པར་བྱ་བའམ། བསྡུ་ན་རྫས་ཀྱི་དངོས་པོ་རྣམས་མི་དམིགས་པར་སྦྱངས་ཏེ། སྟོང་པའི་ངང་ལས་ཡེ་ཤེས་སྒྱུ་མའི་རོལ་པ་བདེ་བ་ཆེན་པོའི་སྣང་ཆ་མ་འགགས་པའི་རང་གདངས་ཤེས་པ་བཞི་ལྡན་གྱི་རྣམ་པར་མ་འདྲེས་པར་ཡོངས་སུ་འཆར་ཞིང་ཟད་མི་ཤེས་པས་ནམ་མཁའ་གང་བར་མོས་པའི་ཏིང་ངེ་འཛིན་དང་ནམ་མཁའ་མཛོད་ཀྱི་རིག་པའི་སྔགས་རྒྱས་བརླབས་ལ། ཏིང་ངེ་འཛིན་གྱི་སྲུང་བའི་འཁོར་ལོས་བཅིངས་ཏེ་ཉལ་བའི་རྣལ་འབྱོར་ལ་འཇུག་གོ །བཀླགས་པ་ཙམ་གྱིས་རྟོགས་འགྱུར་བ། །འདི་འདྲ་བརྩམས་པའི་དགོས་པ་སྟེ། །དེ་ཕྱིར་དཔེ་མཁྱུད་མེད་པར་སྤེལ། །དགེ་བས་བདུད་དཔུང་གཡུལ་ཟློག་ཤོག །ཅེས་བྱ་བ་འདི་ནི་དཔལ་རྡོ་རྗེ་འཆང་ཆེན་པོ་སྐྱབས་མགོན་བླ་མ་དམ་པའི་བཀའི་གནང་བ་ཐོབ་ཅིང་། སྡེ་སྣོད་འཛིན་པ་ཀུན་དགའ་དཔལ་བཟང་ལ་སོགས་ཏེ་དོན་གཉེར་ཅན་འགས་བསྐུལ་བའི་ངོ་དང་རང་གཞན་གྱི་བརྗེད་ཐོར་ཡང་ཕན་པར་མཐོང་ནས་ཟིན་རིས་སུ་སྤེལ་བ་སྟེ། གཉོས་ཀྱི་སྔགས་བཙུན་དྷརྨ་ཤྲཱིས་སོ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).