Terdzo-WI-062

From Rinchen Terdzö
Revision as of 11:15, 28 September 2016 by Jeremi (talk | contribs) (Text replace - "‘" to "'")
This page is under construction. Check back later for updated content.

རྟ་མགྲིན་གསང་འདུས་བཀའ་སྲུང་རྣམ་སྲས་མདུང་དམར་ཅན་གྱི་ཕྲིན་ལས་དང་སྲོག་དབང་གི་རིམ་པ་ཉི་ཟེར་ཞགས་པ་

rta mgrin gsang 'dus bka' srung rnam sras mdung dmar can gyi phrin las dang srog dbang gi rim pa nyi zer zhags pa

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  རཏྣ་གླིང་པ་ (Ratna Lingpa)
in cycle  རྟ་མགྲིན་གསང་བ་འདུས་པ་ (Rta mgrin gsang ba 'dus pa)
Volume 50 (ཝི) / Pages 957-974 / Folios 1a1 to 9b4

[edit]

༄༅། །རྟ་མགྲིན་གསང་འདུས་བཀའ་སྲུང་རྣམ་སྲས་མདུང་དམར་ཅན་གྱི་ཕྲིན་ལས་དང་སྲོག་དབང་གི་རིམ་པ་ཉི་ཟེར་ཞགས་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། སྤངས་རྟོགས་མཐར་སོན་རིན་ཆེན་མང་། །ས་བརྒྱད་དབང་ཕྱུག་སྐུར་བཞེངས་ཏེ། །དངོས་གྲུབ་ཆར་འབེབ་དེར་བཏུད་ནས། །ཕྲིན་ལས་དབང་བསྐུར་བཀླག་ཆོག་བཀོད། །ཤིན་ཏུ་ཟབ་ཅིང་རྟེན་འབྲེལ་གྱི་ཆེ་བ་དང་ལྡན་པ་རཏྣ་ལུགས་ཀྱི་རྣམ་སྲས་མདུང་དམར་ཅན་གྱི་ཕྲིན་ལས་དང་འབྲེལ་བར། གསང་སྒྲུབ་བྱེད་ན་ཡབ་ཡུམ་རྐྱང་སྒྲུབ་དང་འཁོར་མང་ལུགས་གཉིས་ཀྱི་བཅའ་གཞིའི་རིམ་པ་གཞུང་དུ་ཤེས་པར་བྱ་དགོས་ལ། འདིར་མཆོད་གསོལ་གྱི་ཕྲིན་ལས་དཀྱུས་ཙམ་བཤད་པ་དང་། དབང་གི་ཆོ་ག་གཉིས་ལས། དང་པོ་ནི། དབེན་ཞིང་བཀྲ་ཤིས་པའི་གནས་སུ་སྟེགས་བུ་གྲུ་བཞི་བརྗིད་པ་ལ་དཀྱིལ་འཁོར་སྒོ་རྫོགས་སྤྱི་མཐུན་བྲིས་པའམ། མཎྜལ་ལ་མེ་ཏོག་དམར་པོའི་ཚོམ་བུ་དབུས་སུ་གཙོ་འཁོར་ལྔ། དེ་རྒྱབ་བརྒྱད་རིམ་གཉིས་བཀོད་པའི་དབུས་སུ་ཁྲིའུ་ལ། རིན་པོ་ཆེའི་སྣོད་དུ་འབྲུའི་གཙང་ཕྱེ་སྤོད་དང་མངར་གསུམ་སྦྱར་ཅིང་ཆང་གིས་སྦྲུས་པ་ལ། རི་རབ་བང་རིམ་བཞིའི་སྟེང་གཏོར་མ་ཟུར་བཞི་བརྗིད་ཆགས་པ་རིན་པོ་ཆེའི་དབྱིབས་ཅན་ལ་རིན་ཆེན་འབར་བས་བརྒྱན་ཅིང་མཐའ་སྐོར་དུ་ཀྱུ་གུ་དང་རིལ་བུ་བརྒྱད་ཀྱིས་བསྐོར་བ་མཚལ་ལམ་འབྲི་མོག་གིས་དམར་པོར་བྱས་ལ་ཤ་ཁྲག་གིས་བརྒྱན་པ་བཀོད། མདུང་དམར་རྒྱལ་མཚན་མདའ་དར་དམར་པོ་སོགས་སྤྱན་གཟིགས་དཀོར་ཆ་ཅི་འབྱོར་དང་། མཆོད་གཏོར་སྨན་རག །ཉེར་སྤྱོད་སྤྱི་ལྟར་བཤམ། དེ་ནས་བདག་བསྐྱེད་ཕྱག་རྡོར་ཆོས་སྡེ་འདི་ཉིད་ལྟར་རམ། གཞན་གང་རུང་བཟླས་པ་དང་བཅས་པ་བྱ། མཆོད་པ་སྤྱི་ལྟར་བྱིན་བརླབ། གཏོར་མ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་གླིང་བཞི་གླིང་ཕྲན་དང་བཅས་པ་ལྷ་དང་མིའི་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་རྣམས་དང་། ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་མཆོད་རྫས་སྐོང་རྫས་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། ཨ་ཀཱ་རོ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བྱ། མདུན་བསྐྱེད་ནི། བསང་སྦྱང་། སྟོང་པའི་ངང་ལས། མདུན་གྱི་དཀྱིལ་འཁོར་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ། རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཕུལ་དུ་བྱུང་བས་སྤྲས་པའི་ནང་དུ་བི་ན་ཡ་ཀ་སྒྱེལ་བའི་སྟེང་དུ་ཙ་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་རྐང་པདྨ་ཟླ་བ་ཉི་མ་རྣམས་བརྩེགས་པའི་གདན་ལ། བཻ་དམར་པོ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཉེས་མཆོད་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ཆོས་སྐྱོང་གཏེར་བདག་རྣམས་ཀྱི་ནུས་པ་བསྡུས། སེམས་ཅན་རྣམས་ཀྱི་དབུལ་ཕོངས་བསལ། འོད་ཟེར་ཚུར་འདུས་བཻ་ཡིག་ལ་ཐིམ་པས་འོད་དུ་ཞུ་བ་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་པདྨ་རཱ་གའི་མདངས་ཅན། ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་འཛུམ་ལ་ཤིན་ཏུ་བརྗིད་ཅིང་སྒེག་པ། དབུ་ལ་བསེའི་རྨོག་ཞུ་རིན་པོ་ཆེའི་རྩེ་བྲན་དང་དར་གྱི་ཅོད་པན་གྱིས་སྤྲས་པ། སྐུ་ལ་དར་དམར་ལྗང་གི་བེར་ཆེན་དང་དབང་གི་བསྭེ་ཁྲབ་བརྩེགས་མར་གསོལ་ཞིང་དར་དཔྱང་ལྷབ་ལྷུབ་འཕུར་བ། ཕྱག་གཡས་སྟག་གི་རྒྱལ་མཚན་དང་མདུང་དར་དམར་པོ། གཡོན་པས་གཏེར་གྱི་ནེའུ་ལེ་དང་ལྕགས་ཀྱུ་དམར་པོ་བསྣམས་པ། རིན་པོ་ཆེ་དང་མེ་ཏོག་སྣ་ཚོགས་ཀྱི་རྒྱན་ཕྲེང་གིས་མཛེས་པར་བརྒྱན་ཅིང་ཞབས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། སྐུ་དང་ཕྱག་མཚན་ལས་འོད་དམར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འགྲོ་བ་ཐམས་ཅད་རང་དབང་མེད་པར་དབང་དུ་སྡུད་པ། དེའི་ཐུགས་ཀར་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་སེང་གེ་དང་ཟླ་བའི་གདན་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་གདན་ལ་བཻ་དམར་སེར་གྱི་མཐར་སྙིང་པོའི་སྔགས་ཕྲེང་དམར་པོ་གཡས་སུ་འཁོར་བའོ། །གཙོ་བོའི་ཕྱི་རོལ་འཁོར་ལོ་རྩིབས་བཞིའི་སྟེང་དུ། ཤར་དུ་ཛམ་བྷ་ལཱི། ལྷོར་དབྱངས་ཅན་མ། ནུབ་ཏུ་ནོར་སྐྱོང་མ། བྱང་དུ་བྷ་ར་ལི་རྣམས་དམར་མོ་ཁྲོ་འཛུམ་དར་དང་རིན་པོ་ཆེ་མེ་ཏོག་གི་ཕྲེང་བས་བརྒྱན་པ། གཡས་ལྕགས་ཀྱུ་དང་གཡོན་བདུད་རྩིའི་ཐོད་པ་བསྣམས་པ། གྲུ་མོ་ན་རྔ་ཡབ་དང་མཆན་ཁུང་དུ་ནེའུ་ལེའི་རྐྱལ་པ་བཅུག་པ། དེ་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་ལ་མ་ཏྲག་སྔགས་ཕྲེང་གིས་བསྐོར་བ། དེ་རྒྱབ་པདྨ་དམར་པོ་འདབ་མ་བརྒྱད་ལ་ནོར་བདག་མཆེད་བརྒྱད་སྐུ་མདོག་དམར་པོ་བསྭེ་ཁྲབ་དང་བསྭེ་རྨོག་གསོལ་ཞིང་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། གཡས་མདུང་དར་དམར་པོ་ཕྱར་ཞིང་གཡོན་ནེའུ་ལེའི་རྐྱལ་པ་བསྣམས་པ། གྲུ་མོ་གཡོན་ན་ལྕགས་ཀྱུ་དམར་པོ་བཅུག་ཅིང་རྟ་སྔོན་པོ་རྔོག་ནག་ལ་ཞོན་པ། དེ་རྒྱབ་པདྨ་འདབ་བརྒྱད་ལ་ཀླུ་ཆེན་བརྒྱད་གསེར་མདོག་ནོར་བུ་དང་བུམ་པ་བསྣམས་ནས་དགོས་འདོད་ཆར་བཞིན་དུ་འབེབ་པ། བདུད་རྩིའི་རྫིང་བུའི་སྟེང་ན་སྐྱིལ་ཀྲུང་གིས་བཞུགས་ཤིང་སྦྲུལ་གྱི་རྒྱབ་ཡོལ་ཅན་རྣམས་སུ་གསལ་བར་གྱུར། བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ནས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པར་བསམ་ལ། སྤྱན་འདྲེན་པ་ནི། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་དམ་དགོངས་རྒྱལ་པོ་ཆེ༔ དང་པོར་སངས་རྒྱས་མངོན་གྱུར་ཀྱང༔ འགྲོ་བའི་དོན་དུ་སྤྲུལ་པའི་སྐུ༔ ས་བརྒྱད་སེམས་དཔར་བཞུགས་པ་པོ༔ ད་ལྟ་ཆོས་སྐྱོང་རྒྱལ་པོའི་ཚུལ༔ ཤཱཀྱའི་བསྟན་པ་སྲུང་བར་མཛད༔ སེམས་དཔའ་ཆེན་པོ་གཤེགས་སུ་གསོལ༔ རི་རབ་ཆེན་པོའི་བྱང་ཕྱོགས་ཀྱི༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ བདག་གིས་གདུང་བས་སྤྱན་འདྲེན་ན༔ ཐབས་མཁས་ཐུགས་རྗེའི་རྒྱལ་པོ་ཆེ༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ ཕོ་བྲང་རྒྱལ་ས་ཆེན་པོའི་དབུས༔ རིན་ཆེན་ཁྲི་རྐང་གདན་ཁྲིའི་སྟེང༔ ཕྱག་དང་ཞབས་ནི་བསིལ་ནས་ཀྱང༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ བཻ་ཤྲ་མ་ཎཱ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཕེཾ་ཕེཾ་ཧྲཱིཾ་ཧྲཱིཾ་ཛཿཛ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཡང་དག་སངས་རྒྱས་རིན་ཆེན་མང༔ འགྲོ་བའི་དོན་དུ་སྤྲུལ་པའི་ཚུལ༔ ས་བརྒྱད་སེམས་དཔའ་བཞུགས་སུ་གསོལ༔ ཁྱོད་ལ་གུས་པས་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ མཆོད་པ་ནི། ཧཱུྃ༔ མཐུ་སྟོབས་མངའ་བདག་རྒྱལ་པོ་ཆེ༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ ཕྱི་མཆོད་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་དང་ཞལ་ཟས་ཚོགས༔ སིལ་སྙན་རོལ་མོ་དབྱངས་དང་བཅས༔ སྤྱན་གཟིགས་དཀོར་ཆ་མཐུན་པའི་རྫས༔ ལྷ་ཆེན་མངའ་བདག་ཁྱེད་ལ་འབུལ༔ བདག་ལ་འདོད་པའི་དངོས་གྲུབ་སྩོལ༔ ནང་མཆོད་རྒྱ་ཕོར་བསྭེ་ཕོར་དང༔ གསེར་དངུལ་རིན་ཆེན་སྐྱོགས་ནང་དུ༔ ཆང་ཕུད་རིན་ཆེན་དར་ཟབ་བཅས༔ སྨན་གཏོར་རཀྟ་ནང་གི་རྫས༔ མཛེས་པའི་ལྷ་མོ་བཅུ་དྲུག་གིས༔ ཕྱག་རྒྱ་སྣ་ཚོགས་གར་གྱིས་སྒྱུར༔ ཨ་ལ་ལ་སྟེ་མཆོད་པར་འབུལ༔ དགྱེས་བསྐངས་བདག་ལ་དངོས་གྲུབ་སྩོལ༔ མདུང་དམར་རྒྱལ་མཚན་གྲི་སྙིང་དང༔ ཚོགས་ཀྱི་ལོངས་སྤྱོད་དཔག་མེད་མཆོད༔ མཛེས་པའི་ཀླུ་མོ་ནོར་སྐྱོང་མ༔ ལྷ་ཀླུའི་བུ་མོ་མཛེས་སྡུག་བསྐོར༔ རྒྱལ་པོ་དགྱེས་མཛད་ཐུགས་དམ་བསྐང༔ བདག་ལ་ཟས་ནོར་ཆར་ལྟར་ཕོབ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ ཁྱོད་ནི་དངོས་གྲུབ་གཏེར་གྱི་བདག༔ ཕྱི་ནང་གསང་བའི་མཆོད་སྤྲིན་མཆོད༔ འདོད་པའི་དོན་ལ་གསོལ་འདེབས་ཀྱིས༔ རྒྱལ་བློན་འབངས་འཁོར་ཡུལ་ཁམས་བཅས༔ ཐམས་ཅད་བདག་གི་དབང་དུ་སྡུས༔ མི་ནོར་ལོངས་སྤྱོད་རྒྱས་པར་མཛོད༔ འདོད་པའི་རེ་བ་བསྐང་དུ་གསོལ༔ གཏོར་འབུལ་ནི། བྱིན་རླབས་སྤྱི་མཐུན་ནམ། བསྡུ་ན། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་དང་། དམིགས་པ་སྤྱི་ལྟར་བྱས་ལ། སྙིང་པོའི་མཐར། ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། མ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷཱ་ཡ་སྭཱ་ཧཱ། ལན་གསུམ་ཕུལ། བསྟོད་པ་ཕྲིན་བཅོལ་ནི། ཧཱུྃ༔ རི་རབ་ལྷུན་པོའི་བྱང་ཕྱོགས་ཀྱི༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ས་བརྒྱད་སེམས་དཔར་བཞུགས་པ་དེ༔ དབང་གི་ཕྲིན་ལས་མཛད་པའི་ཕྱིར༔ པདྨ་རཱ་གའི་མདོག་འདྲ་ཞིང༔ མི་ཐུང་སྒེག་པའི་ཆ་ལུགས་ཅན༔ དབུ་ལ་བསྭེ་རྨོག་ཕོད་ཅན་གསོལ༔ འཇོལ་བེར་སྟེང་ན་བསེ་ཁྲབ་ཅན༔ དར་ཆེན་སྣ་ལྔའི་ཕོད་ལང་ཅན༔ བརྗིད་པའི་ནན་དམ་དམར་པོས་བཅིངས༔ ཕྱག་གཡས་མདུང་དམར་རྒྱལ་མཚན་བསྣམས༔ སྲིད་པ་གསུམ་ཡང་དབང་དུ་སྡུད༔ ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་འཛིན༔ འགྲོ་བའི་རྣམ་ཤེས་དབང་དུ་སྡུད༔ གླིང་བཞིའི་བྱང་ཕྱོགས་སྐྱོང་ཙ་ན༔ ཨིནྡྲ་ནཱི་ལའི་མདོག་དང་ལྡན༔ ཀླུ་དང་གནོད་སྦྱིན་འདུལ་ཙ་ན༔ རིན་ཆེན་གསེར་གྱི་སྐུ་མདོག་ཅན༔ མཁའ་འགྲོ་ལྷ་མོ་ཀླུ་མོ་དང༔ བདུད་མོའི་སྡེ་དཔོན་མཛད་ཙ་ན༔ བཻ་ཌཱུར་མཐིང་གའི་མདོག་དང་ལྡན༔ འགྲོ་བའི་རྣམ་ཤེས་དབང་སྡུད་ཅིང༔ ལོངས་སྤྱོད་ཆར་ལྟར་འབེབ་ཙ་ན༔ སྐུ་མདོག་དམར་པོ་འོད་ཟེར་འབར༔ དབང་ཆེན་མཐུ་བྱིན་བསམ་མི་ཁྱབ༔ ཡོན་ཏན་མ་ལུས་རྫོགས་ལ་བསྟོད༔ འཇིག་རྟེན་འདི་ན་གྲགས་ཆེ་བ༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༔ མི་འམ་ཅི་དང་ལྟོ་འཕྱེ་དང༔ ཐམས་ཅད་ཀུན་གྱི་སྡེ་དཔོན་ཆེ༔ འཇིག་རྟེན་ཁམས་ན་འགྲན་ཟླ་བྲལ༔ ལྷ་ཆེན་དཔལ་འབར་ཁྱོད་ལ་བསྟོད༔ ཁྱོད་ནི་འགྲོ་བའི་དོན་སྤྲུལ་ཚེ༔ སྐུ་མདོག་གཅིག་ཏུ་མ་ངེས་ཏེ༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ རྫུ་འཕྲུལ་སྣ་ཚོགས་ཕྲིན་ལས་བདག༔ ཆ་ལུགས་གཅིག་ཏུ་མ་ངེས་ཏེ༔ ཞི་དང་ཁྲོ་དང་ཞི་མ་ཁྲོ༔ ཁྲབ་དང་བེར་ཆེན་ལྷ་ཡི་གོས༔ དགོས་འདོད་རེ་སྐོང་ཁྱོད་ལ་བསྟོད༔ ཞོན་པ་གཅིག་ཏུ་མ་ངེས་ཏེ༔ སེང་གེ་ཁྱུང་ཆེན་གླང་ཆེན་དང༔ སྟག་གཟིག་དོམ་དང་མ་ཧེ་འབྲུག༔ རྟ་མཆོག་དྲེད་དང་ཆུ་སྲིན་ཞོན༔ ཕྱག་མཚན་རྣམ་པ་སྣ་ཚོགས་པ༔ བཀྲ་ཤིས་རྫས་བརྒྱད་རྔ་ཡབ་དང༔ ནོར་བུ་བཱི་ཛ་པཱུ་རཿདང༔ རལ་གྲི་མདའ་གཞུ་གསེར་གྱི་སྒྲོམ༔ སྣ་ཚོགས་སྤྲུལ་པའི་ཕྱག་མཚན་འཛིན༔ ཡིད་བཞིན་གཏེར་བདག་ཁྱོད་ལ་བསྟོད༔ བདག་ནི་གདུང་སེམས་དམ་ཚིག་ཅན༔ ཚུལ་བཞིན་བསྙེན་ཅིང་སྒྲུབ་པ་དང༔ མཆོད་ཅིང་བསྟོད་དེ་ཐུགས་དམ་བསྐུལ༔ སྲས་དང་བཙུན་མོ་འཁོར་དང་བཅས༔ གནོད་སྦྱིན་བྱེ་བ་བདུན་འབུམ་བཞེངས༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ འགྲོ་བ་མི་ཡི་རྣམ་ཤེས་སྒྱུར༔ སྦྱིན་བདག་ཕོ་མོའི་ལག་པ་སྒུལ༔ གཡང་ཅན་ནོར་དང་བརྗིད་ཅན་གོས༔ བཅུད་ཅན་ཟས་ལ་སོགས་པ་རྣམས༔ ཐམས་ཅད་བདག་ལ་བསྩལ་དུ་གསོལ༔ མི་སྙིང་སྒུལ་ལ་མི་འགྲམ་ཆོགས༔ རང་དབང་མེད་པར་ཐམས་ཅད་སྡུས༔ འདོད་པའི་རེ་བ་མ་ལུས་སྩོལ༔ གནས་པ་ཚེ་ཡི་དངོས་གྲུབ་སྩོལ༔ བརྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩོལ༔ སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ མི་ཟད་ཟས་ཀྱི་དངོས་གྲུབ་སྩོལ༔ གཡང་ལུགས་གོས་ཀྱི་དངོས་གྲུབ་སྩོལ༔ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ༔ བང་མཛོད་ནས་ཀྱི་དངོས་གྲུབ་སྩོལ༔ དར་ཟབ་རྒྱན་གྱི་དངོས་གྲུབ་སྩོལ༔ རིན་ཆེན་གསེར་གཡུའི་དངོས་གྲུབ་སྩོལ༔ སྲ་བརྟན་གོ་ཁྲབ་དངོས་གྲུབ་སྩོལ༔ མི་ཟད་གཏེར་གྱི་དངོས་གྲུབ་སྩོལ༔ ཐུགས་དམ་མ་གཡེལ་རྒྱལ་པོ་ཆེ༔ འདི་ལྟར་བདག་གིས་བསྐངས་གསོལ་ནས༔ འདོད་པའི་དོན་ལ་གསོལ་འདེབས་ཚེ༔ གང་འདོད་དངོས་གྲུབ་མ་སྩོལ་ན༔ ཐུགས་དམ་ཉམས་པར་མི་འགྱུར་རམ༔ དེ་བས་ཐུགས་དམ་བརྩེར་དགོངས་ལ༔ རྟགས་དང་མཚན་མ་བསྟན་པ་དང༔ དབང་སྡུད་ཟས་ནོར་ལོངས་སྤྱོད་ཀྱི༔ བདག་ལ་དངོས་གྲུབ་རྒྱ་ཆེན་སྩོལ༔ མཆོད་གསོལ་དཀྱུས་མ་ལ་དེ་ཙམ་གྱིས་ཆོག །སྒྲུབ་པ་དང་དབང་གི་སྐབས་སུ་བཟླས་པ་ནི། རང་གི་ཐུགས་སྲོག་ལས་འོད་ཟེར་སྣ་ལྔ་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཕོག་པས། དེ་ལས་འོད་ཟེར་འཕྲོས་ཏེ་གཙོ་འཁོར་ཐམས་ཅད་ལ་ཁྱབ་ཅིང་བསྐུལ། དེ་རྣམས་ཀྱི་སྐུ་དང་ས་བོན་ཕྱག་མཚན་དང་བཅས་པ་ལས་འོད་དམར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས། སྟེང་འོག་བར་གསུམ་གྱི་ལྷ་ཀླུ་མིའི་ལོངས་སྤྱོད་འཇིག་རྟེན་གཏེར་བདག་རྣམས་ཀྱི་མཐུ་དང་ནུས་པ་བཅུད་དང་དངོས་གྲུབ། ཁྱད་པར་འཛམ་བུའི་གླིང་གི་མི་ནོར་ཟས་གསུམ་ཐམས་ཅད་རང་དབང་མེད་པར་འུར་འུར་ཤིག་ཤིག་བསྡུས་ཏེ་ཕྱི་ནང་ཐམས་ཅད་འདོད་པའི་ལོངས་སྤྱོད་དུ་མས་གང་སྟེ་བདག་གི་དབང་དུ་གྱུར་པར་བསམ་ལ། ཨོཾ་མ་ཧཱ་རཱ་ཛ་ས་མ་ཡ་བཻ་ཤྲ་མ་ཎཱ་ཡ་སརྦ་ཙིཏྟ་རཏྣ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཞེས་བཟླ། རྟགས་ཚད་དང་ལས་སྦྱོར་གྱི་དམིགས་བཟླས་སོགས་སྤྲོ་ན་གཞུང་དུ་གསལ་བ་ལྟར་རོ། །རྗེས་མཆོད་བསྟོད་ནོངས་བཤགས། རྟེན་ཡོད་ན་བསྟིམ། མེད་ན་གཤེགས། བསྔོ་སྨོན་བཀྲ་ཤིས་བྱའོ།། ༈ །།གཉིས་པ་སྲོག་དབང་བསྐུར་ན། དཀྱིལ་འཁོར་སོགས་གོང་སྨྲོས་ལྟར་ལ་གཏོར་མ་སྐུ་ཙཀ་བཙུགས། དར་གདུགས་དམར་པོ་ཕུབ། མདུང་དམར་རྒྱལ་མཚན་ནེའུ་ལེ་ལྕགས་ཀྱུ་དམར་པོའི་ཙཀ་ལི། གྲི་སྙིང་བླ་རྡོ་འཁོར་ལོ་གཞུང་བཞིན་གལ་ཆེའང་མ་འཛོམ་ན་བླ་རྡོ་ཤེལ་དང་ཕ་ཝཾ་ལོང་བུར་སྲོག་སྔགས་བྲིས་པ་དང་། གྲི་སྙིང་བསྲེས་པའི་སྙིང་གཟུགས་ཙམ་མེད་ཐབས་མེད་པས་དེ་རྣམས་དང་། སྒྲུབ་ཡིག །ཚེ་འབྲང་། ཚོགས་རྫས་འབྲང་རྒྱས་དང་བཅས་པ་རྣམས་ཀྱང་བཀོད། བདག་བསྐྱེད། མཆོད་པ་བྱིན་བརླབ། མདུན་རྟེན་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པའི་བར་བཤད་མ་ཐག་པ་ལྟར་གྲུབ་ནས། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་བྱའོ། །དེ་ནས་ཐུན་མོང་མ་ཡིན་ཞིང་དམ་ཚིག་ཐུབ་ངེས་ཀྱི་སློབ་མ་བོས་ལ་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་བསྐལ་བཟང་འདིའི་སངས་རྒྱས་གཞན་རྣམས་ཀྱི་ཐུགས་རྗེ་འཇུག་པའི་ཡུལ་དུ་མ་གྱུར་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་གདུལ་ཞིང་རྩོད་པ་དང་ལྡན་པའི་དུས་སྤྱི་དང་། བྱེ་བྲག་སྙིགས་མ་ལྔ་བདོ་བའི་དུས་ཀྱི་མཐར་སྐྱེས་པའི་འགྲོ་བ་མཐའ་དག་ལས་ངན་པ་ཤ་སྟག་གིས་འཕངས་པས་མཐུན་པའི་རྐྱེན་ཤིན་ཏུ་དཀོན་ཅིང་། ཁྱད་པར་བསོད་ནམས་དམན་པས་ནོར་དང་ལོངས་སྤྱོད་ཀྱིས་དབུལ་ཞིང་ཕོངས་ཏེ་ཉམ་ཐག་པ་ལ། འདས་པའི་སངས་རྒྱས་རིན་ཆེན་མང་ཉིད་ཐུགས་རྗེ་ཆེན་པོས་རྗེས་སུ་དགོངས་ནས་རི་རབ་བྱང་ཕྱོགས་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་རྒྱལ་པོ་རྣམ་མང་ཐོས་པའི་སྲས་སུ་སྐྱེ་བ་བཞེས་པའི་ཚུལ་བསྟན་ཏེ། རྫུ་འཕྲུལ་དང་མཐུ་སྟོབས་ཆེན་པོའི་གཟི་བརྗིད་ཀྱིས་ཤཱཀྱའི་དབང་པོའི་བསྟན་པ་སྐྱོང་བའི་གཙོ་བོར་གྱུར་ཅིང་བདུད་རིས་ལྷ་མིན་གྱི་དཔུང་ཚོགས་ཐམས་ཅད་འཇོམས་པར་མཛད། ཁྱད་པར་མགོན་པོ་གང་ཉིད་རྗེས་སུ་དྲན་པས་བསྙེན་ཅིང་སྒྲུབ་པ་དང་དད་པས་མཆོད་བསྟོད་གསོལ་བ་འདེབས་པ་རྣམས་ལ་སྐལ་པ་དང་འཚམ་པའི་འདོད་རྒུའི་དངོས་གྲུབ་སྩོལ་བ་གནོད་སྦྱིན་ནོར་ལྷ་ཡོངས་ཀྱི་དབང་ཕྱུག་ཆེན་པོ་འདི་ལ། རིགས་ཆེན་བརྒྱད་གཙོ་བོར་གྱུར་པའི་སྒྲུབ་ཐབས་རྣམ་གྲངས་མང་པོ་གསར་རྙིང་བཀའ་གཏེར་ཀུན་ལ་བྱོན་ཅིང་ཡོངས་སུ་གྲགས་པ་ལས། འདིར་ཆོས་རྒྱལ་རཏྣ་གླིང་པའི་ཟབ་གཏེར་འདུས་པ་སྐོར་བཞིའི་ཡ་གྱལ་རྟ་མགྲིན་གསང་བ་འདུས་པའི་ཆོས་སྡེ་ལས་བྱུང་བ། དབང་གི་ལྷ་མཆོག་རྣམ་སྲས་མདུང་དམར་ཅན་གྱི་སྲོག་དབང་ཡིད་བཞིན་གཏེར་མཛོད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་གསང་བའི་བདག་པོ་དངོས་སུ་གསལ་བ་ལ་དད་མོས་དྲག་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་ཡོངས་རྫོགས་ཤིང༔ འགྲོ་དོན་རླབས་ཆེན་སྤྱོད་པའི་ཕྱིར༔ ནོར་བདག་ཆེན་པོའི་དབང་བསྐུར་ཞུ༔ ལན་གསུམ། བླ་མས་ལན་སྦྱིན་པ། འཇིག་རྟེན་ཁེ་དང་གྲགས་པ་དང༔ རང་རྒྱུད་འདོད་པས་བཅིངས་པ་ཡི༔ མི་མཐུན་ཕྱོགས་ལ་འདི་མི་རུང༔ ཚོགས་གཉིས་རླབས་ཆེན་སྤྱོད་པ་ཡི༔ དོན་གཉིས་སྤྱོད་ལ་སྦྱིན་དུ་རུང༔ ཞེས་དྲིས་པའི་ལན་གདབ་པ་འདིའི་རྗེས་ཟློས། ཁེ་དང་གྲགས་པ་སྙན་འདོད་དང༔ ཆོས་བརྒྱད་ཚེ་འདིའི་ཕྱིར་མ་ཡིན༔ དཀོན་མཆོག་མཆོད་ཅིང་ངན་ལོང་སྐྱོང༔ ཚོགས་གཉིས་བསྒྲུབ་ཕྱིར་གནང་བར་ཞུ༔ ལན་གསུམ། ཚུལ་དེ་ལས་མི་འདའ་ན་སྦྱིན་དུ་རུང་གིས། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་གསང་བའི་བདག་པོར་གསལ་བའི་ནམ་མཁའ་བར་སྣང་རྣམས་སུ་ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་གསུམ། དེ་ནས་དབང་དངོས་གཞིའི་སླད་དུ། ཁྱེད་རང་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པའི་དྲིལ་བུ་ཐུགས་ཀར་འཛིན་པ། དར་དང་རིན་པོ་ཆེ་སྦྲུལ་གྱིས་བརྒྱན་ཅིང་ཁྲོས་པའི་ཉམས་ཅན། ཞབས་གཉིས་པད་ཉིའི་གདན་ལ་བརྐྱང་བསྐུམ་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་འགྱིང་བའི་སྐུར་གྱུར་པར་མོས་ལ་མདུན་རྟེན་ཡང་འདི་ལྟར་གསལ་ཐོབས་ཤིག །མདུན་གྱི་གཏོར་མ་ལྕང་ལོ་ཅན་གྱི་དགའ་བའི་ཚལ་སོགས་གོང་གི་མངོན་རྟོགས་ལྟར་བརྗོད་ལ། ཙ་ལས་ཞེས་པ་བོར། ཉི་མ་རྣམས་བརྩེགས་པའི་གདན་ལ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སོགས་ནས། རང་དབང་མེད་པར་དབང་དུ་སྡུད་པ། དེའི་ཕྱོགས་བཞིར་ནོར་སྦྱིན་ཆེན་མོ་མཆེད་བཞི། དེ་རྒྱབ་ནོར་ལྷ་རྟ་བདག་བརྒྱད་དང་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་དམ་ཡེ་གཉིས་སུ་མེད་པར་བཞུགས་པ་དེ་ཉིད་ཁྱོད་རང་གི་སྤྱི་བོར་སྤྱན་དྲངས་ཏེ་བྱིན་གྱིས་བརླབས་པས། གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་རྒྱལ་པོ་ཆེན་པོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་དང་བྱིན་རླབས་མ་ལུས་པ་ཐོབ་པར་གྱུར་པའི་མོས་པ་གྱིས། རྟེན་གཏོར་ཐོགས་ལ། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་རྒྱལ་པོ་ཆེ༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ གནས་འདིར་བྱོན་ལ་བྱིན་ཆེན་ཕོབ༔ གཏོར་མ་རིན་ཆེན་ཡིད་བཞིན་གཏེར༔ རྒྱལ་པོའི་སྐུ་དང་གཉིས་སུ་མེད༔ ཡིད་བཞིན་གཏེར་གྱི་དབང་ཐོབ་ཤོག༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ རྟག་ཏུ་མཆོད་ཅིང་གསོལ་བ་ལ༔ མི་ཟད་གཏེར་གྱི་དངོས་གྲུབ་སྩོལ༔ ནམ་མཁའི་མཛོད་ལ་མངའ་བརྙེས་ཤོག༔ ཀྱེ་རྒྱལ་པོ་ཆེན་པོ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ་ཁམས་གསུམ་སྲིད་གསུམ་སྣང་བ་དབང་དུ་སྡུད་པ་དང༔ སྲིད་གསུམ་བྲན་དུ་བཀོལ་བ་དང༔ འདོད་རྒུའི་གཏེར་ལ་ལོངས་སྤྱོད་པའི་དབང་མཆོག་ཐོབ་པར་མཛད་དུ་གསོལ༔ རྒྱལ་པོ་འདི་ལ་འགོ་བར་མཛད་དུ་གསོལ༔ གནས་པར་མཛད་དུ་གསོལ༔ རྒྱས་པར་མཛད་དུ་གསོལ༔ གང་བར་མཛད་དུ་གསོལ༔ བརྟན་པར་མཛད་དུ་གསོལ༔ ཨོཾ་བཛྲ་བཻ་ཤྲ་མ་ཎཱ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་གནས་གསུམ་དུ་གཏུགས། འོ་རིགས་ཀྱི་བུ་ཁྱོད་ལ་གཏོར་མའི་དབང་འདི་བསྐུར་པས༔ རྒྱལ་པོ་ཆེན་པོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་ཐོབ་ནས་ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་ཤིང༔ ཁམས་གསུམ་ལ་དབང་སྒྱུར་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ རྒྱལ་པོ་ཆེན་པོའི་ཐབས་ཀྱི་ཕྱག་མཚན་གཉིས་ལག་གཡས་དང་། ཤེས་རབ་ཀྱི་ཕྱག་མཚན་གཉིས་གཡོན་དུ་གཏད་པས་ཁམས་གསུམ་སྲིད་པ་གསུམ་ལ་དབང་སྒྱུར་ཞིང་ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར་གྱུར་པར་མོས་ཤིག །མདུང་དམར་དང་རྒྱལ་མཚན་གཡས་སུ་གཏད་ལ། ཧཱུྃ༔ ཁམས་གསུམ་སྲིད་ལ་དབང་སྒྱུར་ཅིང༔ མདུང་དམར་འདི་ནི་དཔའ་བའི་རྟགས༔ འགྲོ་བའི་རྣམ་ཤེས་འབིགས་པའི་རྟགས༔ བ་དན་འབར་བས་ཡིད་རྣམས་གཡོ༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་སྒྲེང༔ མི་ནུབ་རྒྱལ་མཚན་བཀྲ་ཤིས་འབྱུང༔ ཐབས་ཀྱི་ཕྱག་མཚན་དབང་བསྐུར་བས༔ ཁམས་གསུམ་དབང་དུ་འདུ་བར་ཤོག༔ ཨོཾ་བཻ་ཤྲ་མ་ཎཱ་བཛྲ་རཱ་ག་ར་ཏྲི་སརྦ་ཙིཏྟ་ཧྲཱིཾ་ཛ༔ ཨ་བྷི་ཥིཉྩ་མཾ༔ ནེའུ་ལེ་དང་ལྕགས་ཀྱུ་གཡོན་དུ་གཏད་ལ། ཧཱུྃ༔ དགོས་འདོད་ཀུན་འབྱུང་ནེའུ་ལེའི་གཏེར༔ སྟོང་གསུམ་རིན་ཆེན་ནོར་ལ་སྤྱོད༔ ལྕགས་ཀྱུས་འགྲོ་བའི་རྣམ་ཤེས་འགུགས༔ རྒྱལ་བློན་འབངས་དང་ཡུལ་འཁོར་སྡུད༔ ཤེས་རབ་ཕྱག་མཚན་དབང་བསྐུར་བས༔ སྲིད་པ་གསུམ་ལ་དབང་སྒྱུར་ནས༔ འཁོར་ལོས་སྒྱུར་རྒྱལ་དབང་ཐོབ་ཤོག༔ ཨོཾ་རཏྣ་མ་གུ་ཏ་སརྦ་སིདྡྷི་ཨཾ་ཀུ་ཤ་ཛཿསིདྡྷི་མཾ༔ བླ་རྡོ་གཏད་པས་རྒྱལ་པོ་ཆེན་པོ་ལུས་དང་གྲིབ་མ་བཞིན་འགྲོགས་པའི་དབང་ཐོབ་པར་མོས། བླ་རྡོ་སྲོག་འཁོར་གྲི་སྙིང་རྣམས་ལག་ཏུ་སྦྱིན་ལ། ཧཱུྃ༔ གསང་བའི་དམ་རྫས་བླ་ན་མེད༔ ཀུན་གྱི་རྣམ་ཤེས་སྙིང་ནས་འདྲེན༔ ཐམས་ཅད་མོས་ཤིང་སྡུད་པར་བྱེད༔ བླ་རྡོ་རྒྱལ་པོའི་སྲོག་གི་རྟེན༔ ལུས་དང་གྲིབ་བཞིན་འགྲོགས་པར་བྱེད༔ མི་འགྱུར་ལྷུན་གྲུབ་དབང་ཐོབ་ཤོག༔ ཙིཏྟ་སརྦ་རྣྲི་ཏྲི་ཧྲཱིཾ༔ ཙཀྲ་ས་མ་ཡ་ཨ་བྷི་ཥིཉྩ་མཾ༔ རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རང་ལ་བཀའ་སྡོད་ཀྱི་ཚུལ་དུ་གཏད་པར་མོས། གཏོར་མ་ལག་ཏུ་གཏད་ཅིང་སྒྲུབ་ཡིག་སྙིང་གར་བཞག་ལ། ཧཱུྃ༔ དེ་རིང་ནས་ནི་བུ་ཁྱོད་དང༔ ཆོས་རྒྱལ་ཆེན་པོ་དབྱེར་མེད་པར༔ ཁྱོད་ཀྱི་བཀའ་བཞིན་ཕྲིན་ལས་སྒྲུབས༔ གཉེན་པོའི་སྒྲུབ་པ་ཡུན་མ་ཐུང༔ མཆོད་བསྟོད་སྐོང་གསོ་དག་ལ་འབོད༔ བྲན་དང་བཀའ་ཉན་ཕོ་ཉའི་ཚུལ༔ ཁྱོད་ཀྱི་ཕྲིན་ལས་བསྒྲུབ་པར་འགྱུར༔ ཅེས་བསྒོས་ལ། ནང་མཆོད་བདུད་རྩི་གཏོར་མར་སྦྲེང་བའི་ཐིགས་པ་སློབ་མའི་ལྕེར་བཞག །སློབ་མས་བདུད་རྩི་གཏོར་མར་བསྟབ་ལ། རྒྱལ་པོ་ཆེན་པོ་དང་དམ་ཚིག་གཉིས་མེད་དུ་བསྲེས་པར་བསམ། འདི་ནི་བརྒྱུད་པ་འཛིན་ངེས་ལ་མ་གཏོགས་མི་རུང་བར་གསུངས་སོ། །དེ་ནས་འདི་ལྟར་བསྒོ་སྟེ། ཧཱུྃ༔ ས་བརྒྱད་རྒྱལ་པོ་ཆེན་པོ་དང༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་གཉིས༔ དམ་ཚིག་དབྱེར་མེད་གཅིག་ཏུ་གྱུར༔ རྟག་ཏུ་མཆོད་བསྟོད་བརྩོན་པ་དང༔ སྒྲུབ་དང་རྟེན་རྫས་འཛོམ་པར་བྱ༔ ཕྲིན་ལས་མ་ལུས་འགྲུབ་པར་འགྱུར༔ བཻ་ཤྲ་མ་ཎཱ་ཡ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ དེ་ལྟར་བསྒོས་པའི་རིམ་པ་རྣམས་ཚུལ་བཞིན་དུ་སྒྲུབ་པ་སོགས་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་མི་ཉམས་པར་སྲུང་ཞིང་དེ་ལས་ནམ་ཡང་འདའ་བར་མི་རུང་བས་དྲན་ཤེས་དང་མ་བྲལ་བར་གྱིས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། ཧཱུྃ༔ རྒྱལ་པོ་ཚེ་བསོད་དཔལ་གྱི་གཏེར༔ འདོད་རྒུ་འབྱུང་བའི་ནོར་བུ་མཆོག༔ རྟག་པར་ཚེ་ལ་དབང་བའི་སྐུ༔ སྒྲུབ་ཆེན་རིག་འཛིན་ཚེ་ཡི་གཏེར༔ སྐལ་ལྡན་བུ་ལ་བཀྲ་ཤིས་ཤོག༔ རྒྱལ་པོ་ཆེན་པོའི་ཚེ་དང་དཔལ་དང་གཟི་བརྗིད་ཐམས་ཅད་རིགས་ཀྱི་བུ་འདི་ལ་ཐོབ་པར་གྱུར་ཅིག༔ བཛྲ་ཨཱ་ཡུ་ཥེ་པུཎྱེ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཚོགས་རྫས་འབྲང་རྒྱས་བཟའ་བཏུང་ལག་ཏུ་གཏད་ཅིང་བཟར་གཞུག་ལ། ཧཱུྃ༔ མི་འཛད་ལོངས་སྤྱོད་རིན་ཆེན་གཏེར༔ བཟའ་དང་བཅའ་དང་བཏུང་བ་དང༔ ཕྲིན་ལས་ཀུན་འགྲུབ་ལོངས་སྤྱོད་སྤེལ༔ མ་ལུས་ཡོངས་སུ་རྫོགས་པ་ཡི༔ ཚོགས་འཁོར་འབྲང་རྒྱས་འདི་གཏད་པས༔ ལོངས་སྤྱོད་རྒྱལ་པོ་ཉིད་དང་མཉམ༔ མི་འཛད་ནམ་མཁའི་མཛོད་ལ་སྤྱོད༔ ཡིད་བཞིན་གཏེར་གྱི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་མ་ཧཱ་པུཎྱེ་ཨཱ་ཡུ་ཤེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་སྦྱིན་ལ་ཤིས་བརྗོད་རྒྱས་པར་སྤེལ། དེས་ཡིད་བཞིན་ནོར་བུ་ལྟ་བུའི་དབང་བཞི་ཡོངས་རྫོགས་རྗེས་གནང་གཏད་རྒྱ་བཅས་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་མཆོད་གཏོར་ཁ་གསོས་ལ། འགྲུབ་ན་སྐོང་གསོ་དང་། བསྡུ་ན་གཏོར་འབུལ་མཆོད་བསྟོད་རྒྱས་པར་བྱ་བ་སོགས་རྗེས་རིམ་སྨྲོས་མ་ཐག་པ་ལྟར་ལ། གཏོར་མཆོད་ཀྱི་རས་མ་བྱ་ཁྱི་ཕྱི་མི་རྣམས་ལ་བྱིན་ན་དངོས་གྲུབ་ཡལ་བས་རང་དང་སློབ་མས་ལོངས་སྤྱོད་དོ། །ནོར་བདག་བྱིན་རླབས་སྤྲིན་ཆེན་ལས། །འདོད་རྒུའི་གྲུ་ཆར་དྲག་འབེབས་པས། །སྐྱེ་དགུའི་དབུལ་ཕོངས་མཐར་བྱེད་པའི། །རྫོགས་ལྡན་ལང་ཚོ་གསར་བཞད་ཤོག །འདི་རྣམས་ལ་སྔོན་ཆད་གཏེར་གཞུང་ཁོ་ནའི་སྟེང་ནས་འཆད་ཀྱང་གོང་མའི་ཕྱག་ལེན་རྒྱུན་ཐུགས་ལ་བཅགས་པ་ཤིན་ཏུ་དཀོན་པས། ལག་ལེན་མཁས་བླུན་གྱི་རྗེས་སུ་འགྲོ་བའི་ཆད་ལྷག་གི་སྐྱོན་གནས་པར་མཐོང་ནས་རང་འདྲའི་བསྙེལ་གསོས་ཙམ་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).