Terdzo-SI-003

From Rinchen Terdzö
Revision as of 02:17, 20 June 2016 by Mort (talk | contribs)
This page is under construction. Check back later for updated content.

བཻ་རོའི་བཀའ་སྲོལ་ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཐིག་གཏེར་གཞུང་སྐོར་

bai ro'i bka' srol kun skyong gling pa'i rdor sems snying thig gter gzhung skor

by  པདྨ་ཀུན་སྐྱོང་གླིང་པ་ (Pema Kunkyong Lingpa)
revealed by  པདྨ་ཀུན་སྐྱོང་གླིང་པ་ (Pema Kunkyong Lingpa)
in cycle  རྡོ་རྗེ་སེམས་དཔའི་སྙིང་ཐིག་ (Rdo rje sems dpa'i snying thig)
Volume 58 (སི) / Pages 55-170 / Folios 1a1 to 58b3

[edit]

༄༅། །བཻ་རོའི་བཀའ་སྲོལ་ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཐིག་གཏེར་གཞུང་སྐོར་བཞུགས་སོ། ། རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ རྩ་བའི་དོན་རྒྱུད་ཅེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈ རྒྱ་གར་སྐད་དུ༔ བཛྲ་སཏྭ་ཙིཏྟ་ཏི་ལ་ཀ་ཡ་ན་སརྦ་ཧྲྀ་ད་ཡ་ཏནྟྲ་ནཱ་མ༔ བོད་སྐད་དུ༔ རྡོ་རྗེ་སེམས་དཔའི་སྙིང་གི་ཐིག་ལེ་ཐེག་པ་ཀུན་གྱི་ཡང་བཅུད་ཀྱི་རྒྱུད་ཅེས་བྱ་བ༔ གདོད་མའི་སངས་རྒྱས་ཇི་ལྟར་གནས་པ་དེ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན༔ བདེ་ཆེན་བརྡལ་བའི་ཞིང༔ མཁའ་དབྱིངས་དག་པའི་ཀློང༔ ཆོས་ཉིད་ཡངས་པ་ཆེན་པོའི་གནས་ན༔ ཡེ་ནས་རང་བཞིན་གྱིས་གནས་པའི་སངས་རྒྱས༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་རྩལ་ལས༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྟོན་པ་རྡོ་རྗེ་སེམས་དཔའ་དེ་ཉིད༔ གླང་ཆེན་རབ་ཏུ་བརྟན་པའི་སྟེང་ན་བཞུགས་ཏེ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཁར་བསྣམས་པ༔ གཡོན་དངུལ་གྱི་དྲིལ་བུ་དཀུར་བརྟེན་པ༔ དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས་པར་བཞུགས་པ༔ སྐུ་ལ་རྒྱན་རྣམས་ཀྱིས་བརྒྱན་པ༔ ཤེལ་གྱི་ཁ་དོག་འདྲ་སྟེ་དཀར་ལ་འཚེར་བ༔ མཚན་དང་དཔེ་བྱད་དུ་མས་སྤྲས་ཏེ༔ ཤིན་ཏུ་ལྷམ་མེ་ལྷང་ངེ་བལྟ་བས་ཆོག་མི་ཤེས་པ་ཞིག༔ ཆོས་ཀྱི་དབྱིངས་སྟོང་པ་ཆེན་པོའི་འབྱུང་གནས་ནས༔ ཞལ་ཕྱག་གི་རྣམ་པར་རང་བྱུང་དུ་ཤར་རོ༔ དེ་ཉིད་ཀྱི་ཐུགས་རྗེའི་རྩལ་ལས༔ ཉིད་ལས་མི་གཞན་པའི་འཁོར༔ རིན་ཆེན་སེམས་དཔའ་དང༔ པདྨ་སེམས་དཔའ་དང༔ ལས་ཀྱི་སེམས་དཔའ་དང༔ ཆོས་ཀྱི་སེམས་དཔའ་དང༔ སེམས་མ་དང༔ ཕྱག་ན་རྡོ་རྗེ་དང༔ དགའ་རབ་རྡོ་རྗེ་ཞེས་བྱ་བར་སྐུ་སྤྲུལ་ཏེ༔ ཆོས་ཀུན་རོ་གཅིག་པ༔ ཡེ་ཤེས་ཆེན་པོའི་དབྱིངས་ན་ཐབས་གཅིག་ཏུ་བཞུགས་སོ༔ དེ་ནས་སྟོན་པ་ཉིད་ཀྱིས༔ རྒྱུད་ཐམས་ཅད་ཀྱི་སྙིང་པོ༔ ལུང་ཐམས་ཅད་ཀྱི་རྩ་བ༔ མན་ངག་ཐམས་ཅད་ཀྱི་ཉིང་ཁུ༔ བསྟན་པ་ཐམས་ཅད་ཀྱི་ཡང་བཅུད༔ སྐུ་གསུམ་སྟོན་པའི་མེ་ལོང༔ ཕྱི་ནང་གསང་བ་གསུམ་གྱི་ཡང་ཞུན༔ གསང་བ་ལས་ཀྱང་ཆེས་གསང་བ༔ རྡོ་རྗེ་སེམས་དཔའ་མ་འཁྲུལ་པའི་དགོངས་པ༔ འཁོར་བ་དོང་སྤྲུགས་སུ་ངོ་སྤྲད་པ༔ མ་བསྒོམ་པར་སངས་རྒྱ་བ༔ ཆེ་བ་རང་ལ་གནས་པའི་རྒྱུད་འདི་རང་བྱུང་དུ་གསུངས་སོ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་བཀའ་བསྩལ་པ་ཙམ་གྱིས༔ འཁོར་རྣམས་ཆོས་ཉིད་ཀྱི་དོན་ལ་སྤྲོ་བ་སྐྱེས་ཏེ༔ མགྲིན་གཅིག་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་ཧོཿབཅོམ་ལྡན་རྡོ་རྗེ་སེམས༔ སྟོན་པ་ཉིད་ཀྱིས་གསུངས་པའི་སྒྲ༔ ངོ་མཚར་ཆེ་བའི་གསང་སྔགས་ཉིད༔ སྔོན་ཆད་བདག་གིས་མ་ཐོས་པས༔ འདི་དོན་དགོངས་པ་གསུང་དུ་གསོལ༔ དེ་སྐད་ཅེས་ནི་ཞུས་པ་དང༔ བརྗོད་དུ་མེད་པའི་མཁའ་ཀློང་ནས༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཨེ་མ་ཧོཿསྤྲུལ་པའི་འཁོར་རྣམས་ཉོན༔ ཐེག་པ་མ་ལུས་ཀུན་འདུས་པའི༔ སྙིང་པོ་བཅུད་མཆོག་ངས་བཤད་ཀྱིས༔ མ་འཁྲུལ་གུས་པའི་སེམས་ཀྱིས་ཟུངས༔ གདོད་ནས་དག་པའི་སེམས་ཉིད་ལ༔ མ་འགགས་རྩལ་སྣང་ལམ་དུ་ཤར༔ ཡེ་གྲོལ་ཆེན་པོའི་འབྲས་བུ་ཐོབ༔ ཐེག་པ་ཀུན་གྱི་ཉིང་ཁུ་དེ༔ རང་ལ་གནས་པ་ངོ་མཚར་ཆེ༔ ཞེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད༔ སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ གླེང་གཞིའི་ལེའུ་སྟེ་དང་པོ་འོ༔ ྈྈྈ ྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱེ་ཀྱེ་རྡོ་རྗེ་སེམས་དཔའ་ཆེ༔ ཡེ་ནས་རང་ལ་གནས་པའི་དོན༔ གཞི་ལམ་འབྲས་བུ་ལྷུན་རྫོགས་པའི༔ ཐེག་པ་ཀུན་གྱི་ཉིང་ཁུ་དེ༔ བདག་ཅག་བློ་ལ་གསལ་བའི་ཕྱིར༔ འདི་དོན་ལེགས་པར་གསུང་དུ་གསོལ༔ ཞེས་ཞུས་པ་དང༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཨེ་མ་ཧོཿསྤྲུལ་པའི་འཁོར་རྣམས་ཉོན༔ རང་ལ་གནས་པའི་ཆོས་ཉིད་དེ༔ ཁྱེད་རྣམས་བློ་ལ་མ་གསལ་ན༔ ངས་བཤད་འཁྲུལ་མེད་ཡིད་ལ་ཟུངས༔ བརྗོད་བྱའི་དབྱེ་བ་དཔག་མེད་ཀྱང༔ ཐེག་པ་རིམ་པ་ཀུན་དྲིལ་ནས༔ མདོ་དོན་ཟབ་མོ་གཅིག་ཏུ་སྡུད༔ གཞི་ཡི་གནས་ལུགས་བསམ་འདས་ཀྱང༔ ཀ་དག་བསམ་མེད་སྤྲོས་བྲལ་ཡིན༔ ལམ་གྱི་འཁྲུལ་ལུགས་བསམ་འདས་ཀྱང༔ ལུས་ངག་ཡིད་ཀྱི་སྡུག་བསྔལ་ལོ༔ ཐེག་པའི་དབྱེ་བ་བསམ་འདས་ཀྱང༔ འཇིག་རྟེན་འདས་དང་མ་འདས་སོ༔ གྲོལ་བྱེད་མན་ངག་བསམ་འདས་ཀྱང༔ སྨིན་གྲོལ་དབང་དང་གདམས་པ་འོ༔ ཐབས་ཀྱི་མན་ངག་བསམ་འདས་ཀྱང༔ བཏགས་གྲོལ་བར་དོའི་གདམས་པ་འོ༔ གྲོལ་བའི་འབྲས་བུ་བསམ་འདས་ཀྱང༔ ཡེ་རྫོགས་རེ་དོགས་བྲལ་བ་འོ༔ ཞེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ གླེང་སློང་བའི་ལེའུ་སྟེ་གཉིས་པའོ༔ ྈྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱེ་ཀྱེ་གནས་ལུགས་རྡོ་རྗེ་སེམས༔ རྒྱུད་ཆིངས་བདུན་གྱི་ཐོག་མ་རུ༔ གཞི་ཡི་གནས་ལུགས་གསུངས་པའི་དོན༔ སྐྱེ་མེད་ཀློང་ནས་བཀའ་སྩོལ་ཅིག༔ སྟོན་པས་ལན་དུ་བཀའ་བསྩལ་པ༔ ཀྱེ་ཧོཿགནས་ལུགས་འཁོར་རྣམས་ཉོན༔ ཐོག་མའི་གནས་ལུགས་ཀ་དག་ཉིད༔ བསམ་མེད་སྤྲོས་དང་བྲལ་བར་གནས༔ གསལ་སྟོང་ཡེ་ཁྱབ་ཆེན་པོ་འོ༔ རང་བཞིན་ཉིད་ནི་འདི་ལྟ་བུ༔ སུས་ཀྱང་བྱས་པ་མ་ཡིན་ནོ༔ ཡེ་ཉིད་ནས་ནི་རང་ལ་གནས༔ རང་བྱུང་ཡེ་ཤེས་སྟོང་གསལ་དེ༔ སྔར་འདས་ཕྱིས་འབྱུང་ད་ལྟ་མེད༔ ལས་དང་བག་ཆགས་མ་རིག་མེད༔ ཤེས་རབ་མེད་ཅིང་ཡིད་རྟོག་མེད༔ འཁོར་དང་མྱ་ངན་འདས་པ་མེད༔ རིག་པ་དང་ནི་ཡེ་ཤེས་མེད༔ རང་བྱུང་ཡེ་ཤེས་ཡིད་བྱེད་བྲལ༔ དབྱིངས་རིག་གཉིས་ལས་འདས་པ་འོ༔ རང་བྱུང་ཡེ་ཤེས་རྟོག་མེད་པ༔ དགེ་སྡིག་གཉིས་ལས་འདས་པ་འོ༔ རང་བྱུང་ཡེ་ཤེས་མ་གཡོས་པས༔ སྣང་བའི་རྟོག་པ་ཆོད་པ་འོ༔ རང་བྱུང་ཡེ་ཤེས་འདུ་འབྲལ་མེད༔ སྐུ་དང་ཡེ་ཤེས་དངོས་སུ་སྣང༔ རང་བྱུང་ཡེ་ཤེས་འཁྲུལ་པ་མེད༔ ཀ་དག་ཡེ་གྲོལ་ཆེན་པོ་འོ༔ ནམ་མཁའ་ལྟ་བུའི་ཆོས་ཉིད་ལ༔ གང་ཡང་གཉིས་སུ་མེད་དེ་བདེ༔ གཉིས་མེད་བདེ་ལ་བྱང་ཆུབ་སེམས༔ འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས༔ འཕོ་འགྱུར་མེད་པའི་དོན་ཤར་ནས༔ སྐྱེ་ཤི་མེད་པར་མངོན་སངས་རྒྱས༔ འཁོར་འདས་ཐམས་ཅད་དེ་ཡི་ཀློང༔ བཟང་ངན་མེད་པར་ཡེ་སངས་རྒྱས༔ ཀ་དག་བསམ་མེད་ཀུན་གྱི་གཞི༔ ལྷུན་གྱིས་གྲུབ་པས་སྤང་བླང་མེད༔ སྤྲོས་དང་བྲལ་བས་ཕྱོགས་རིས་མེད༔ དེ་ཡི་ཀློང་ན་ཀུན་གསལ་བས༔ མ་འདྲེས་ཡེ་རྫོགས་དབྱིངས་ཀྱི་ངང༔ དུག་གསུམ་རྣམ་དག་སྐུ་གསུམ་ཀློང༔ ཉོན་མོངས་གཏན་སྤྲུགས་འཆིངས་གྲོལ་མེད༔ ཡུལ་མེད་གཅིག་ལ་ཀུན་ཤར་བས༔ ཆོས་ཉིད་ཟང་ཐལ་གཞི་རྩ་མེད༔ གཞི་རྩ་མེད་པའི་སེམས་ཉིད་ལ༔ རྩོལ་བ་མེད་པའི་ཡེ་ཤེས་ཤར༔ རང་ཤར་རང་གྲོལ་རྒྱུ་རྐྱེན་མེད༔ རྒྱུ་མེད་ཡེ་ནས་ཆོས་ཉིད་ཀློང༔ རྐྱེན་མེད་ཡེ་ནས་རོལ་པའི་ཀློང༔ འབྲས་བུ་མེད་དེ་རང་བྱུང་ཀློང༔ ཡེ་ནས་གནས་པའི་ཆོས་ཉིད་ལ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱང༔ དེ་ཡི་དོན་ལ་དགོངས་པར་མཛད༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང༔ དེ་ཡི་དོན་ལ་ཉིང་གིས་འཁོར༔ ཐེག་པའི་རྣམ་གྲངས་དུ་མ་ཡང༔ དེ་ཡི་དོན་ལས་གཞན་མ་ཡིན༔ དེ་ལ་འཁོར་འདས་གཉིས་སུ་མེད༔ ཅེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ ཐོག་མ་གཞིའི་གནས་ལུགས་ཀྱི་ལེའུ་སྟེ་གསུམ་པ་འོ༔ ྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས༔ གཞི་ཡི་གནས་ལུགས་དེ་ལྟར་ན༔ ལམ་གྱི་འཁྲུལ་ལུགས་གསུང་དུ་གསོལ༔ སྟོན་པས་ལན་དུ་བཀའ་བསྩལ་པ༔ འཁྲུལ་མེད་རིག་རྩལ་འཁོར་རྣམས་ཉོན༔ གཞི་ལ་འཁྲུལ་པ་མི་གནས་ཀྱང༔ ཁམས་གསུམ་འཁོར་བའི་འཁྲུལ་སྣང་ནི༔ མ་རིག་གཉིས་འཛིན་རྟོག་པ་འོ༔ མ་རིག་པ་ཡིས་རྒྱུ་བྱས་ནས༔ རང་ངོ་རང་གིས་མ་ཤེས་པས༔ སྣོད་བཅུད་གཉིས་སུ་འཁྲུལ་པ་ནི༔ ཡེ་ཤེས་རླུང་གིས་རིག་པ་བཏེགས༔ རིག་པ་ཉིད་ཀྱང་ཡིད་དུ་འགྱུས༔ གཡོ་འགུལ་འགྱུ་བ་བག་ཙམ་ལས༔ ཕྲ་རགས་ཡིད་ཀྱི་རྟོག་པ་ཤར༔ ཡེ་གདངས་རླུང་ལྔ་གཡོས་པ་ཡིས༔ གཞི་ཡི་འོད་མདངས་ཁ་དོག་ལྔ༔ ནམ་མཁའ་སྟོང་པའི་ཀློང་དུ་ཤར༔ མ་འགགས་ཡིད་ཀྱི་འགྱུ་བ་དེས༔ ཁ་དོག་དེ་ལ་བརྟག་ཅིང་དཔྱད༔ གཉིས་འཛིན་རྟོག་པ་སྐད་ཅིག་ཤར༔ རང་སྣང་འོད་སྣང་གཉིས་སུ་ཡོད༔ འོད་ནི་ང་ལས་བྱུང་ངམ་ཅི༔ ང་ནི་འོད་ལས་བྱུང་ངམ་ཅི༔ རང་སྣང་རང་དུ་མ་ཤེས་པས༔ ལྷན་ཅིག་སྐྱེས་པའི་མ་རིག་པས༔ ཡུལ་དང་ཡུལ་ཅན་གཉིས་སུ་འཁྲུལ༔ རྐྱེན་ནི་གཉིས་འཛིན་རྟོག་པས་བྱས༔ ཐོ་ཡོར་མི་རུ་བཟུང་བ་འམ༔ ཐག་པ་སྦྲུལ་དུ་སྣང་བ་བཞིན༔ ཀུན་ཏུ་བརྟགས་པའི་མ་རིག་པ༔ རྒྱུ་ལ་མེད་ཀྱང་རྐྱེན་དེས་འཁྲུལ༔ སེམས་ལ་དྲན་བསམ་ཤར་བས་ན༔ ཡེ་ཤེས་ཉིད་ཀྱང་རྟོག་པས་བསྟུམས༔ རང་མདངས་འོད་ལྔའི་སྣང་བ་ལ༔ གཉིས་འཛིན་རྟོག་པ་ཨ་འཐས་པས༔ འབྱུང་བ་ལྔ་པོ་རིམ་གྱིས་བྱུང༔ དེ་ལས་སྣོད་ཀྱི་འཇིག་རྟེན་ཆགས༔ ཡེ་ཤེས་མ་རིག་ཡུལ་དུ་བཟུང༔ དེ་འཛིན་རླུང་སེམས་འདུས་པ་ཡིས༔ འབྱུང་བ་ལྔ་ཡི་སྦུབས་སུ་ཚུད༔ ཆང་ལ་ཕབས་རྩི་བཏབ་པ་ལྟར༔ དུད་རླངས་ལག་ངར་ཙམ་པ་ལངས༔ དྭངས་མ་འོད་སྐོར་གསུམ་དུ་བྱུང༔ གཟུགས་དང་གཟུགས་མེད་འདོད་ཁམས་ཀྱི༔ སེམས་ཅན་ཐམས་ཅད་དེ་ལས་ཆགས༔ དེ་ལྟར་འཇིག་རྟེན་གསུམ་པོ་ཡི༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྫོགས༔ གཟུང་འཛིན་འཁོར་བ་ཉིད་དུ་གྲུབ༔ ཅེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ ལམ་འཁྲུལ་ཚུལ་གྱི་ལེའུ་སྟེ་བཞི་པ་འོ༔ ྈྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱེ་ཀྱེ་འགྱུར་མེད་རྡོ་རྗེ་སེམས༔ སེམས་ཅན་དེ་ལྟར་འཁྲུལ་པ་ན༔ འཁྲུལ་པའི་འབྲས་བུ་ཇི་ལྟ་བུ༔ འདུས་པའི་འཁོར་ལ་བཀའ་སྩོལ་ཅིག༔ ཞུས་པའི་ལན་དུ་བཀའ་བསྩལ་པ༔ མ་འགགས་རིག་པའི་འཁོར་རྣམས་ཉོན༔ རང་ངོ་མ་ཤེས་མ་རིག་པས༔ འཁྲུལ་པའི་འབྲས་བུ་འདི་ལྟ་སྟེ༔ ཡིད་ནི་རླུང་གི་རྟ་ལ་ཞོན༔ གཟུང་འཛིན་ཞགས་པ་ལག་ན་ཐོགས༔ མ་རིག་པ་ཡིས་མགོ་བསྟུམས་ནས༔ སྟོང་གསུམ་སེ་གོལ་གཅིག་ལ་འཁོར༔ སྐྱེ་བ་རྣམ་པ་བཞི་རུ་ལེན༔ ཁྱད་པར་མངལ་སྐྱེས་འདི་ལྟར་རོ༔ བར་དོའི་རྣམ་ཤེས་འཁྱམས་པོ་དང༔ ཕ་མའི་འདོད་སྲེད་འཛོམ་པ་ཡིས༔ མངལ་ལ་ཚུད་དེ་དྲན་པ་འགགས༔ འབྱུང་བ་བཞི་ཡི་ལུས་སུ་སོང༔ མེར་མེར་ནུར་ནུར་གོར་གོར་པོ༔ ཉ་འམ་རུ་སྦལ་སྦལ་པ་བཞི༔ ལྟེ་བ་ལས་ནི་ལུས་རྣམས་བསྐྱེད༔ ཟླ་དགུ་དེ་བཞིན་ངོ་བཅུ་ནས༔ ལུས་ཀུན་རྫོགས་ཏེ་མངལ་ནས་ཐོན༔ དེ་ལྟར་རིམ་བཞིན་སྐྱེ་དང་རྒས༔ ན་འཆིའི་སྡུག་བསྔལ་བསམ་མི་ཁྱབ༔ ཁམས་གསུམ་བཙོན་ར་དམ་པོར་ཚུད༔ མ་རིག་གཟུང་འཛིན་ལྕགས་སྒྲོག་འཆིང༔ འཁོར་བའི་འདམ་རྫབ་ནང་དུ་བྱིང༔ དུག་ལྔ་ལ་སོགས་གཤེད་མས་བསྐོར༔ རྣམ་སྨིན་ལས་ཀྱིས་རྐྱེན་བྱས་ནས༔ རླུང་གི་འཁོར་ལོ་ལྟ་བུར་འཁོར༔ རིགས་དྲུག་ལ་སོགས་གཟུགས་སུ་སྐྱེ༔ སྡུག་བསྔལ་མཚོན་གྱིས་རབ་ཏུ་གཟིར༔ དམྱལ་བའི་གནས་སུ་བཙོ་དང་སྲེག༔ བཀྲེས་ཤིང་སྐོམ་པ་ཡི་དྭགས་ཏེ༔ མ་རིག་བཀོལ་སྤྱོད་བྱོལ་སོང་ལ༔ མི་ལ་སྐྱེ་རྒ་ན་འཆི་དང༔ ལྷ་མ་ཡིན་ལ་འཐབ་ཅིང་རྩོད༔ ལྷ་ཡང་ལྟུང་བའི་སྡུག་བསྔལ་ཏེ༔ གང་དུ་འཁོར་ཡང་བདེ་སྐབས་མེད༔ དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན༔ རྒྱུན་ཆད་མེད་པར་ཡུན་རིང་འཁོར༔ ཅེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ འཁྲུལ་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་ལྔ་པ་འོ༔ ྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ འཇིག་རྟེན་འདས་དང་མ་འདས་པའི༔ ཐེག་པའི་རིམ་པ་ཡོད་གསུངས་པ༔ དེ་ཉིད་འཁོར་ལ་གསུང་དུ་གསོལ༔ དེ་སྐད་ཞུས་པས་སྟོན་པ་ཡིས༔ ཐེག་པའི་དབྱེ་བ་བཀའ་བསྩལ་པ༔ སྣ་ཚོགས་རང་མདངས་འཁོར་རྣམས་ཉོན༔ སྤྱིར་ན་ཐེག་པའི་རིམ་པ་ཡང༔ འཇིག་རྟེན་ལྷ་མིའི་ཐེག་པ་དང༔ འཇིག་རྟེན་ལས་འདས་ཐེག་པ་འོ༔ འཇིག་རྟེན་ལྷ་མིའི་ཐེག་པ་ནི༔ ལྷ་དང་མི་ཡི་ལུས་བླངས་ནས༔ ལས་དང་སྨོན་ལམ་འཕེན་པ་ཡིས༔ གནས་ལ་གར་འཇུག་ངེས་པ་མེད༔ འཇིག་རྟེན་འདས་པའི་ཐེག་པ་ནི༔ དབང་པོ་མཐོ་དམན་བྱེ་བྲག་གིས༔ རིམ་པ་དགུ་རུ་འབྱུང་བ་ཡང༔ དཔེར་ན་སྤོས་ཀྱི་གླང་པོ་ཉིད༔ དམུས་ལོང་རྣམས་ཀྱིས་བརྟགས་པ་ན༔ གླང་པོ་མ་ཡིན་སྣ་ཚོགས་མཐོང༔ དེ་བཞིན་ཐུན་མོང་ཐེག་པ་རྣམས༔ འདོད་པ་མི་གཅིག་སོ་སོར་ཞེན༔ འཇིག་རྟེན་ཚེ་འདིའི་བདེ་འབྲས་འདོད༔ ཉན་ཐོས་རང་རྒྱལ་དགྲ་བཅོམ་སྒྲུབ༔ བྱང་ཆུབ་སེམས་དཔས་ས་ལམ་སྦྱོང༔ ཀྲི་ཡ་ཨུ་པ་ཡོ་ག་གསུམ༔ བསྐྱེད་རྫོགས་བསྒོམས་ནས་སངས་རྒྱས་སྒྲུབ༔ མ་ཧཱ་ཨ་ནུ་གཉིས་པོ་ནི༔ དབྱིངས་དང་ཡེ་ཤེས་དབྱེར་མེད་སྒོམ༔ ངོ་བོ་གཅིག་ཀྱང་སྣ་ཚོགས་འབྱུང༔ འབྲས་བུ་མི་གཅིག་སངས་རྒྱས་འདོད༔ གཅིག་ཏུ་མ་རྟོགས་བླ་མེད་ཀྱི༔ འབྲས་བུ་མི་ཐོབ་ལམ་སྣ་ཙམ༔ མིག་དང་ལྡན་པའི་སྐྱེས་བུ་ཡིས༔ གླང་པོ་རྫོགས་པར་མཐོང་བ་བཞིན༔ ཨ་ཏི་བླ་མེད་ཐེག་པ་འདི༔ ཐམས་ཅད་ཀུན་གྱི་དོན་རྟོགས་པས༔ འབྲས་བུ་ཡོངས་རྫོགས་ཨ་ཏིར་གྲོལ༔ དེ་ཕྱིར་ཐེག་པ་ཐམས་ཅད་ཀྱི༔ ཡང་བཅུད་རྫོགས་ཆེན་འདི་ཉིད་དོ༔ སྙིང་གི་ཐིག་ལེ་འདི་ཉིད་ལ༔ ཐེག་ཀུན་མ་སྤང་རྒྱན་དུ་རྫོགས༔ འཁོར་འདས་ཆོས་ཉིད་ཀློང་དུ་ཐིམ༔ དེ་ཡི་ཕྱིར་ན་རྫོགས་པ་ཆེ༔ སྣང་བ་ཐམས་ཅད་དབྱིངས་ཀྱི་རྒྱན༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ༔ དུས་གསུམ་རྒྱལ་བ་དེ་སྙེད་ཀྱི༔ ཕྱི་ནང་ཐེག་པ་ཇི་སྙེད་ཀྱང༔ ཐེག་མཆོག་འདི་ཡི་ཡོན་ཏན་ཏེ༔ འདིར་མ་འདུས་པའི་ཆོས་གཞན་མེད༔ ཨ་ཏིའི་ལྟ་བ་ཕྱོགས་རིས་མེད༔ བལྟས་ཀྱང་སྐྱོན་མེད་རང་བྱུང་ངང༔ མ་བལྟས་སྐྱོན་མེད་རང་སར་གྲོལ༔ གཉིས་མེད་རྟོགས་པའི་ལྟ་བ་འདི༔ ཕྱོགས་སུ་འཛིན་པའི་མདུད་པ་གྲོལ༔ ཨ་ཏིའི་སྒོམ་པ་དམིགས་གཏད་མེད༔ ཨ་ཏིའི་སྤྱོད་པ་བླང་དོར་མེད༔ ཨ་ཏིའི་འབྲས་བུ་སྤང་ཐོབ་མེད༔ ཨ་ཏིའི་ཕྲིན་ལས་བྱ་རྩོལ་མེད༔ ཨ་ཏིའི་དམ་ཚིག་བསྲུང་མཚམས་མེད༔ ཡེ་ནས་དེ་ཡི་ངོ་བོར་གནས༔ རྫོགས་པ་ཆེན་པོའི་རྣལ་འབྱོར་པ༔ ཐམས་ཅད་ངང་དུ་ཤེས་པ་ཡིས༔ གོལ་ས་ཆོད་པ་གཡང་ས་མེད༔ གཡང་ས་ཉིད་ཀྱང་ཆོས་ཉིད་ཀློང༔ འདི་ཉིད་ཐེག་པའི་ཡང་བཅུད་དོ༔ ཞེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ ཐེག་པའི་དབྱེ་བ་བསྟན་པའི་ལེའུ་སྟེ་དྲུག་པ་འོ༔ ྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཐེག་པའི་རིམ་པ་དེ་ལྟར་ན༔ ཐེག་མཆོག་ཨ་ཏིའི་ཡང་བཅུད་ཀྱི༔ གྲོལ་བྱེད་སྨིན་གྲོལ་གདམས་པ་དེ༔ བདག་ཅག་ཉན་པར་སྤྲོ་ལགས་པས༔ འདུས་པའི་འཁོར་ལ་བཀའ་སྩོལ་ཅིག༔ སྟོན་པ་གསང་སྔགས་བདག་པོ་ཡིས༔ ཞུས་པའི་ལན་དུ་བཀའ་བསྩལ་པ༔ རིག་མདངས་འཁོར་རྣམས་ཚུར་ཉོན་ཅིག༔ སྨིན་བྱེད་དབང་གི་གདམས་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་བླ་མ་སློབ་མ་ཡི༔ བཅུད་དང་སྣོད་ལ་བརྟག་བྱ་སྟེ༔ དང་པོ་བླ་མའི་བཅུད་བརྟག་པ༔ མཚན་ཉིད་ལྡན་པའི་བླ་མ་ནི༔ ཡོན་ཏན་ཀུན་གྱི་འབྱུང་གནས་ཞིང༔ གསང་སྔགས་གསང་བའི་རྒྱུད་ལ་མཁས༔ ཕྱི་ནང་གསང་བའི་སྒྲུབ་པ་ཐེམས༔ ཐེག་མཆོག་ལྟ་བའི་དོན་ལ་མཁས༔ ལུས་ངག་ཡིད་ཀྱི་བྱ་བ་བཏང༔ གདམས་པའི་གནད་རྣམས་སྟོན་ཤེས་པས༔ ནོར་བུ་ལྟ་བུའི་བླ་མ་བཙལ༔ དེ་མ་ཡིན་པའི་བླ་མ་ནི༔ ནོར་ཤེས་ང་རྒྱལ་ཆེན་པོ་ཡི༔ རྨོངས་པའི་ཚིག་ཕྱིར་འབྲེང་བ་དང༔ གསང་སྔགས་ཐེག་ཆེན་དོན་མི་དགོངས༔ གཞན་གྱི་ཞེ་སྡང་ཁེངས་ཚིག་ཅན༔ ཐོས་ཆུང་ང་རྒྱལ་ཆེ་བ་སྤང༔ དེ་ནས་སློབ་མའི་སྣོད་བརྟག་པ༔ རིགས་རྒྱུད་མེད་ཅིང་ངང་རྒྱུད་ངན༔ ཤེས་རབ་ཆུང་ཞིང་སྐུར་བ་འདེབས༔ གསང་སྔགས་འཆོལ་བར་སྤྱོད་པ་དང༔ བཀའ་དྲིན་ཁྱད་གསོད་དམ་ཚིག་འཆལ༔ བླ་མ་གསང་ཞིང་རང་ཆེ་འབྱིན༔ སྣོད་མེད་པ་ལ་དབང་མི་བསྐུར༔ སྣོད་དང་ལྡན་པའི་སློབ་མ་ནི༔ དད་པ་བརྩོན་འགྲུས་ཤེས་རབ་ཆེ༔ དབང་པོ་གསལ་ཞིང་འཛིན་ཆགས་ཆུང༔ བླ་མ་ལ་གུས་གཏོང་ཕོད་ཆེ༔ དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན༔ རང་རིག་ལྷུན་དལ་རྟོག་པ་ཆུང༔ སྒོ་གསུམ་ཟོལ་ཟོག་མེད་པ་འོ༔ དེ་ནས་སྣོད་ལྡན་བུ་མཆོག་ནི༔ གསུམ་མམ་བདུན་ལས་མི་མང་བ༔ མཐོ་ཞིང་དྭངས་པའི་གནས་མཆོག་ཏུ༔ ཚོགས་གཏོར་མཐུན་རྐྱེན་ཚོགས་པར་བསགས༔ ཁྲུས་བྱས་སྐྱབས་འགྲོ་མཎྜལ་འབུལ༔ སྔོན་འགྲོའི་རིམ་པ་རྫོགས་ནས་ནི༔ དེ་ནས་དངོས་གཞིའི་རིམ་པ་བསྟན༔ སྤྲོས་བཅས་བུམ་དབང་ལུས་ལ་བསྐུར༔ བུམ་པ་མགོ་བོའི་ཐོག་ཏུ་བཞག༔ ཨོཾ༔ དཀོན་མཆོག་གསུམ་གྱི་དབང་བསྐུར་ནི༔ བུམ་པ་འདི་ལ་བརྟེན་ནས་མཛད༔ བསྐྱེད་རིམ་ལྷ་ཡི་དབང་ཐོབ་ཤོག༔ ཅེས་པས་དབང་བསྐུར་དབང་ཡོན་འབུལ༔ སྤྲོས་མེད་གསང་དབང་ངག་ལ་བསྐུར༔ བྷན་དྷ་བདུད་རྩི་ངག་ལ་བཞག༔ ཨཱ༔ རྩ་བ་གསུམ་གྱི་དབང་བསྐུར་ནི༔ བདུད་རྩི་འདི་ལ་བརྟེན་ནས་མཛད༔ བཟླས་བརྗོད་སྔགས་ཀྱི་དབང་ཐོབ་ཤོག༔ ཅེས་པས་དབང་བསྐུར་དབང་ཡོན་འབུལ༔ ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི༔ དབང་མཆོག་སེམས་ལ་བསྐུར་བར་བྱ༔ གཏོར་མ་རྒྱན་ལྡན་སྙིང་ཁར་བཞག༔ ཧཱུྃ༔ སྐུ་གསུམ་རྫོགས་པའི་དབང་བསྐུར་ནི༔ གཏོར་མ་འདི་ལ་བརྟེན་ནས་མཛད༔ སྟོང་གསལ་རྫོགས་པའི་དབང་ཐོབ་ཤོག༔ རབ་ཏུ་སྤྲོས་མེད་རྩལ་གྱི་དབང༔ བར་སྣང་དག་ལ་བསྐུར་བར་བྱ༔ རྨ་བྱའི་མདོངས་ཕོད་བསྟན་བྱས་ལ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཆོས་ཉིད་སྐུ་ཡི་རང་མདངས་ལས༔ ཁ་དོག་ལྔ་ལྡན་སྟོན་མཛད་པ༔ ཆོས་དབྱིངས་སྦུབས་སུ་སངས་རྒྱས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཞེས་པས་དབང་བསྐུར་དབང་ཡོན་འབུལ༔ དེ་ཡིས་དབང་མཆོག་མ་ལུས་བསྩལ༔ གསང་སྔགས་འཆད་པའི་སྣོད་དུ་རུང༔ དགའ་སྟོན་བྱ་ཞིང་ཚོགས་འཁོར་བསྐོར༔ བླ་མ་ཡོན་གྱིས་མཉེས་པར་བྱ༔ རྗེས་ནི་ཉན་ཐོས་བྱང་སེམས་དང༔ གསང་སྔགས་དམ་ཚིག་མ་ཉམས་སྲུངས༔ ཁྱད་པར་དམ་ཚིག་སྐུ་གསུང་ཐུགས༔ སྲོག་ལ་བབ་ཀྱང་བསྲུང་བར་བྱ༔ དེ་ལྟར་དབང་མཆོག་མ་ཐོབ་ན༔ གསང་སྔགས་འགྲུབ་པར་ག་ལ་འགྱུར༔ དབང་རྣམས་རབ་ཏུ་ཐོབ་བྱས་ན༔ གསང་སྔགས་ཐམས་ཅད་མ་བསྒྲུབ་འགྲུབ༔ ཅེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ སྨིན་བྱེད་དབང་བསྐུར་བའི་ལེའུ་སྟེ་བདུན་པ་འོ༔ ྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས༔ སྨིན་བྱེད་དབང་བསྐུར་དེ་ལྟར་ན༔ གྲོལ་བྱེད་གདམས་པ་གསུང་དུ་གསོལ༔ ཞུས་པའི་ལན་དུ་བཀའ་བསྩལ་པ༔ འདུས་པའི་འཁོར་རྣམས་ལེགས་པར་ཉོན༔ གྲོལ་བར་བྱེད་པའི་གདམས་པ་ཡང༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་སྔོན་དུ་འགྲོ་བ་ནི༔ འཁོར་བའི་ཉེས་དམིགས་མི་རྟག་བསྒོམ༔ རིགས་དྲུག་སྡུག་བསྔལ་ཡིད་ལ་བསམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ཤིང༔ ལུས་ནི་རྡོ་རྗེ་སྐྱིལ་ཀྲུང་བྱ༔ ལུས་པོ་ཆ་བསྲང་རྐང་ལག་མཐིལ༔ མཉམ་པར་སྦྱར་ལ་ཤིན་ཏུ་བསྒྲིམ༔ ལུས་ནི་འཁོར་འདས་རུ་ཤན་ཕྱེ༔ ངག་ལ་ཡི་གེ་བརྒྱ་པ་བཟླ༔ རྗེས་ལ་རིག་པ་ཧཱུྃ་དུ་བསྒྱུར༔ ལུས་དང་ཕྱི་ནང་སྣོད་བཅུད་ཀུན༔ ཟང་ཐལ་བྱ་ཞིང་ཧཱུྃ་སྒྲ་སྒྲོག༔ ངག་ནི་འཁོར་འདས་རུ་ཤན་ཕྱེད༔ སེམས་ནི་དང་པོ་བྱུང་ས་བརྟག༔ བར་དུ་གནས་ས་ཐ་མར་འགྲོ༔ ལེགས་པར་བརྟགས་ལ་མཉམ་པར་གཞག༔ དེ་ཡིས་སེམས་ཀྱི་རུ་ཤན་ཕྱེད༔ དེ་ནས་སོར་འཇུག་རིམ་པ་ནི༔ ལུས་ནི་བྱ་བྲལ་གང་བདེར་འདུག༔ ངག་ནི་བྱ་བྲལ་སྨྲ་བརྗོད་གཅོད༔ སེམས་ནི་བྱ་བྲལ་འཕྲོ་འདུ་སྤང༔ དམིགས་མེད་བར་སྣང་སྟོང་པ་ལ༔ དམིགས་གཏད་མེད་པར་ཧད་དེ་བཞག༔ ངང་དྭངས་ས་ལེ་སིང་ངེ་བ༔ སྨྲ་རུ་མེད་པའི་ཉམས་མྱོང་འཆར༔ དེ་དུས་སྐུ་གསུམ་ངོ་སྤྲོད་གདབ༔ དེ་ཡིས་མྱ་ངན་འདས་ལ་སྦྱོར༔ དངོས་གཞི་ཁྲེགས་ཆོད་ཐོད་རྒལ་གཉིས༔ ཁྲེགས་ཆོད་གཞི་ཡི་ཉམས་ལེན་དང༔ ཐོད་རྒལ་ལམ་གྱི་ཉམས་ལེན་ནོ༔ དང་པོ་གཞི་ཡི་ཉམས་ལེན་ནི༔ སྐྱབས་སོང་འགྲོ་ལ་ཕན་སེམས་བསྐྱེད༔ ཧཱུྃ་ལས་རང་རིག་རྡོ་རྗེ་སེམས༔ དཀར་གསལ་སྐྱིལ་ཀྲུང་རྡོར་དྲིལ་བསྣམས༔ རིན་ཆེན་རྒྱན་མཛེས་མཚན་དཔེར་ལྡན༔ ཡེ་ཡིན་གསལ་གདབ་གནས་གསུམ་དུ༔ འབྲུ་གསུམ་བསྒོམས་ལ་དེ་ཉིད་བཟླ༔ ཨོཾ་ཨཱཿཧཱུྃ༔ འབྲུ་གསུམ་སྔགས་ཀྱི་རྒྱལ་པོ་འདི༔ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ རྒྱལ་བ་ཀུན་གྱི་སྙིང་པོ་འོ༔ འདི་བཟླས་ཚེ་གཅིག་སངས་རྒྱས་ཡིན༔ བྱེ་བ་གཅིག་གི་བཟླས་པ་བྱ༔ རྫོགས་རིམ་སྟོང་གསལ་ངང་ལ་གཞག༔ ཁྲེགས་ཆོད་སེམས་ཀྱི་ངོ་བོ་སྟེ༔ སྐྱེ་འགག་གནས་གསུམ་གཞི་རྩ་བྲལ༔ རང་བྱུང་ཡེ་ཤེས་གདོད་ནས་དག༔ མཐའ་བྲལ་བློ་ཡི་ཡུལ་ལས་འདས༔ གཞི་ཡི་ངོ་བོ་སྟོང་པ་ཉིད༔ རང་བཞིན་འོད་དུ་གསལ་བ་ལ༔ ཐུགས་རྗེས་ཀུན་ལ་སྣང་བ་དེ༔ ཡེ་ཤེས་གསུམ་ལྡན་ངང་དུ་གནས༔ དེ་ལྟར་རྟོགས་པར་བྱེད་པའི་ཐབས༔ ལུས་ངག་ཡིད་ཀྱི་བྱ་རྩོལ་སྤང༔ བྱ་བ་བཏང་བས་བདེ་བ་རྙེད༔ རྣམ་སྣང་ཆོས་བདུན་ངང་དུ་ཀློད༔ སྣང་བ་དཀར་དམར་ཕྱི་ཡི་སེམས༔ རིག་པ་རྒྱུ་བྱེད་ནང་གི་སེམས༔ སྒོ་ལྔ་དབང་པོ་བར་གྱི་སེམས༔ གཉིས་འཛིན་རྟོག་པ་ལུང་མ་བསྟན༔ སྟོང་གསལ་འཛིན་མེད་སེམས་སུ་གཅིག༔ སེམས་ཉིད་སྔ་ཕྱི་བར་གསུམ་སྟོང༔ སྟོང་གསལ་རིག་པ་མ་འགགས་གསལ༔ སྣང་ཤེས་གཉིས་མེད་ཆོས་ཀྱི་སྐུ༔ ཚོགས་དྲུག་མ་འགགས་ལྷུག་པ་ལ༔ སྟོང་པ་རང་ཡན་ཀློད་ལ་གཞག༔ རྣལ་མ་སོ་མ་ལྷུག་པ་སྟེ༔ གྱི་ནར་གནས་པ་ཁོ་ན་འོ༔ ཞེས་གསུངས་སོ༔ ཐེག་པ་ཀུན་གྱི་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ ཁྲེགས་ཆོད་གཞིའི་གནས་ལུགས་བསྟན་པའི་ལེའུ་སྟེ་བརྒྱད་པ་འོ༔ ྈྈྈྈ ཡང་ནི་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཐོད་རྒལ་ལམ་གྱི་གདམས་པ་དེ༔ འདུས་པའི་འཁོར་ལ་བཀའ་སྩོལ་ཅིག༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཁྲེགས་ཆོད་དོན་ལ་གཞི་བྱས་ནས༔ ཐོད་རྒལ་ལམ་དུ་བྱེད་པ་ལ༔ བྱ་བ་བྲལ་བ་གཞིར་བཞག་ནས༔ དགེ་སྡིག་བྱ་བ་ཀུན་སྤངས་ཏེ༔ ལུས་ནི་བདེ་བའི་སྟན་ལ་འདུག༔ དྲང་སྲོང་ཙོག་པུའི་འདུག་སྟངས་བྱ༔ ནམ་མཁའ་རྐྱེན་དང་བྲལ་བའི་དུས༔ མིག་གཉིས་ཐད་ཀའི་མཁའ་ལ་བལྟ༔ ངོ་བོ་སྟོང་པ་དམིགས་གཏད་བྲལ༔ རང་བཞིན་གསལ་དག་ཆོས་ཀྱི་དབྱིངས༔ ཐུགས་རྗེའི་མཁྱེན་པ་མ་འགགས་པ༔ རྣམ་པར་དག་པའི་ལུ་གུ་རྒྱུད༔ དབྱིངས་དང་འདུ་འབྲལ་མེད་པར་འཆར༔ དེ་ནི་ཆོས་སྐུ་སྟོང་པ་སྟེ༔ སྐྱེ་བ་མེད་པའི་རང་བཞིན་ཡིན༔ མ་འགགས་འོད་དུ་གསལ་བས་ན༔ འགག་པ་མེད་པའི་རིག་པ་ཡིན༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ ཕྲ་ཞིང་རྟ་རྔའི་མདུད་པ་འདྲ༔ བར་བར་ཐིག་ལེ་ཡུངས་འབྲུ་ཙམ༔ དེ་ཡང་འགྲོ་འོང་དག་དང་བཅས༔ ལུ་གུ་རྒྱུད་ཀྱི་མཚན་ཉིད་ཡིན༔ རྣམ་པར་རྟོག་པ་ཀུན་དག་ནས༔ མ་འཁྲུལ་པ་ཡི་སངས་རྒྱས་སོ༔ དབྱིངས་ནི་ཁ་དོག་ལྔ་དང་ལྡན༔ གྱེན་འགྲེང་དང་ནི་རྩིབས་ཤར་དང༔ ཟ་འོག་གུར་ཁྱིམ་ལྟ་བུ་ལ༔ ཐིག་ལེ་ཐིག་ཕྲན་རྐྱང་པ་དང༔ འོད་ཀོར་མུ་ཁྱུད་ལྔ་ལྡན་ལ༔ ཉིས་འབྲེལ་སུམ་འབྲེལ་ལྔ་ལྡན་ནི༔ རྡོ་རྗེ་སེམས་དཔའི་ཕྱེད་སྐུ་དང༔ སྐུ་ལྔ་རིགས་ལྔ་ཚོམ་བུར་བཅས༔ བེམ་པོ་སྣང་བ་རང་འགག་སྟེ༔ ཡེ་ཤེས་ལྔ་ཡི་སྣང་བ་འཆར༔ བྱས་པ་མེད་དེ་རང་བྱུང་ཡིན༔ ཆོས་ཉིད་མངོན་སུམ་མཇལ་བ་ཡིན༔ ལས་དང་དགེ་སྡིག་ཟད་པ་ཡིན༔ དུག་ལྔ་ཡེ་ཤེས་རང་ལོག་ཡིན༔ འཁོར་བ་དག་དང་རྒྱབ་གྱེས་ཡིན༔ དབང་བཞི་ཐམས་ཅད་རྫོགས་པ་ཡིན༔ སངས་རྒྱས་སྟོང་དང་མཇལ་བ་ཡིན༔ མངོན་སུམ་འདི་དང་མ་བྲལ་ཅིག༔ ཆོས་ཉིད་ཡེ་ཤེས་ནམ་མཁའ་ལ༔ རིག་པ་ཡེ་ཤེས་མ་ཡེངས་པ༔ འཛིན་མེད་ངང་དུ་གཞག་པར་བྱ༔ འཁྲུལ་པ་དག་ནས་ཡེ་ཤེས་འཆར༔ བསམ་མེད་ཆོས་སྐུ་སྤྲོས་བྲལ་ཏེ༔ རང་སྣང་སྟོང་པའི་ཡུལ་དུ་གསལ༔ སངས་རྒྱས་སྟོང་གི་སྐུ་གཟུགས་ནི༔ རྟོག་པ་མེད་པའི་ངང་དུ་གསལ༔ འཛིན་མེད་དག་པ་ཆེན་པོ་ལ༔ རྡོ་རྗེ་སེམས་དཔའི་རིག་པ་ཤར༔ གསལ་སྟོང་རིག་པའི་ཡེ་ཤེས་ལ༔ མཚན་མ་མེད་པའི་ཆོས་ཉིད་གསལ༔ སྤང་ཐོབ་མེད་པའི་ལྟ་བ་ལ༔ རྟོགས་པ་མེད་པའི་རིག་པ་གསལ༔ ཞེ་འདོད་མེད་པའི་སྒོམ་པ་ལ༔ བཏང་སྙོམས་མེད་པའི་ཏིང་འཛིན་གསལ༔ བཅོས་བསླད་མེད་པའི་སྤྱོད་པ་ལ༔ བྱས་པ་མེད་པ་བྱུང་བ་གསལ༔ བསམ་དང་བྲལ་བའི་ཆོས་སྐུ་ལ༔ འགག་པ་མེད་པའི་ལོངས་སྐུར་གསལ༔ མཚན་མ་མེད་པའི་ཆོས་ཉིད་ལ༔ ཐམས་ཅད་འདྲེན་པའི་སྤྲུལ་སྐུར་གསལ༔ གཟུང་འཛིན་མེད་པའི་རིག་པ་ལ༔ ཕྱིར་མི་ལྡོག་པའི་སྐུ་གསུམ་རྫོགས༔ རྗེས་ནི་རྟགས་དང་ཚད་གཉིས་ཏེ༔ རྟགས་ནི་ཚོམ་བུ་ལྔ་ལྡན་ལ༔ རིགས་ལྔ་ཡབ་དང་ཡུམ་དུ་ལྡན༔ རང་གི་ལུས་ཀྱང་འོད་དུ་གསལ༔ ལུས་ནི་གླེན་པ་ལྟ་བུར་འགྲོ༔ ངག་ནི་ལྐུག་པ་སྨྲ་བསམ་བྲལ༔ ཚད་ནི་རྨི་ལམ་རྒྱུན་ཆད་དང༔ དམྱལ་བ་དག་ལ་ཉམ་མི་ང༔ འཁོར་བར་ལྷུང་གིས་དོགས་པ་མེད༔ མྱ་ངན་འདས་པ་མི་རེ་བ༔ སངས་རྒྱས་པ་ལ་བྲོད་པ་མེད༔ གནས་ལུགས་གདོད་མའི་གཞི་ལ་དག༔ ཅེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ ལམ་ཐོད་རྒལ་བསྟན་པའི་ལེའུ་སྟེ་དགུ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈ ྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཉམས་ལེན་གདམས་པ་དེ་ལྟར་ན༔ ཐབས་ཀྱིས་གྲོལ་བའི་གདམས་པ་རྣམས༔ འདུས་པའི་འཁོར་ལ་བཀའ་སྩོལ་ཅིག༔ སྟོན་པས་ལན་དུ་བཀའ་བསྩལ་པ༔ རང་རིག་འཁོར་རྣམས་ད་ཉོན་ཅིག༔ ཐབས་ཀྱི་མན་ངག་གཉིས་ཡིན་ཏེ༔ བཏགས་པས་གྲོལ་བའི་གདམས་པ་དང༔ ཐོས་པས་གྲོལ་བའི་གདམས་པའོ༔ བཏགས་གྲོལ་ཟབ་མོའི་ཨུ་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཨེ་མ་ཀེ་རི་ཀེ་རི་ཀི༔ མས་ཏ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུན་དྷ་ལི་མ་སུ་མ་སུ༔ ཨེ་ཀི་ར་ལི་སུ་བྷི་ཏི༔ མེ་ཙ་ཀི་རི་བྷ་ལི་ཏ༔ ལྕེ་ས་མུན་ཏ་ཙརྱ་སུ་གྷ་ཡེ་བྷི༔ ཧེ་ས་ན༔ བྷྱ་གྷུ་ལི་ཀེ་ར་ཀེ་ར༔ ཧུ་ཀ་ན་ཧེ་རི་ནི༔ བྷ་ར་ལི་ཧ་ས་ན༔ སམ་བྷུ་ད་ར་ཏ་མེ་གྷ་ར་ཙ་བྷ་སཱུརྱ་བ་ཏ་ར་ཨ་བ་ཤ་བྷ་ན༔ རད་ན་བྷ་ཏི་ས་གུ་ཏི་ཡང་ཙ་གུ་ར་གུ་ར་ས་ག་ན་མཱ༔ ན་ར་ན་ར་ཨི་ཐ་ར་བྷུདྡྷ་བྷུད་ཚེ་ཤ་བ་ཀྱི་ལ་པ་རཾ་རི་ལ་ཁེ༔ ས་ཏ་ལ་སིརྣ་བྷེ་ས་ར་ས་ས་ལམ༔ ཨི་ཨཱི་མ་མཱ་ཨ་ཨཱ༔ ཨོཾ་ཨཱཿཧཱུྃ༔ ཨེ་མ་ཀཻ་རི་ཀེ་སྨས་ཏ་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུན་དྷ་ལི་ལི་མ་སུ་ཨེ་ཀ་རི་ལི་བྷ་ཡེ་ཙ་ཀ་བྷུད་ཏ་ལིད་ཏང་ལྕེ་ཡི༔ མུན་ཏ་ཙརྱ་སུ་བྷ་བྷི་ཏི་སན་བྷྱ་གྷུ་ཡཱེ༔ ཀེ་རི་དྷ་ཀ་ར་བྷ་ག་མ་ཏང་རི་བྷ་ཏ་མ་ཏང་རིང་བྷེ་ས་ན་ས་ར་ལི་ཧི་ས་ན་མ༔ ཁ་ར་སྟག་ཀེ་ལ༔ སེམས་བྷད་ཏ་ར་མེ་ཀ་ཏ༔ ཏ་བྷ་སུརྱ་གྷ་ར་ཨ༔ ན་ས་ཏ་ན་བྷི་བྷི༔ ཧི་སྟི་སི་གྷ༔ ར་ཡཾ་སྨིན་པ་གྷུ་ལི་ཏ༔ ཏད་ཡ་གུ་ར་གུ་ར༔ བ་གུ་ས་ག་ར་ལ༔ ཁ་ལ་ར་ན་ལི༔ ཨི་ཐ་ར་ས་ཏ་ལམ༔ ས་སྭ་རི་རི༔ ལི་ལི༔ ཨི་གྷི༔ ཕ་མ་ར་རཱ༔ ཨོཾ་ཨཱཿཧཱུྃ༔ ཐིག་ལེ་ཉི་ཤུ་རྩ་ལྔ༔ ཀརྨ་རག་གྷི་ཏི་ལི་ཧཾ༔ བྷེ་ག་རད་ན་སོ་གད་གླིང༔ བྷུ་ག་ར་ལ་བྷུ་ཏེ་ཏྲི༔ རཾ་པ་ཀ་ལ་ས་མི་ཁྱེད༔ ན་ཏ་ཕ་ཕ་ར་ར་སྨིན༔ ཁ་ཏ་ར་ཁེ་ས་དམིག་རླུང༔ ཨ་ག་ར་ན་བྷེ་ཙཀ་ཤ༔ ཡ་རིང་མི་ཏ་ཡ་གྷུ་ལི༔ ཡ་སིང་ར་རླུང་པ་ལ་ཡས༔ མ་མ་ཀོ་ལིང་ས་མནྟ༔ གྷ་རིང་མར་མ་བྷ་མིད་ཏེ༔ བྷུ་ག་ས་ཧ་བྷ་བྷ་ལ༔ ར་མི་སི་པི་ཁ་ཏ་པ༔ བྷི་གྷུ་མ་མ་པ་ཏང་ཀི༔ ས་མ་ཤི་ཁ་དྷོ་ར་པ༔ བཛྲ་སཏྭ་ཏྲོ་ཏོ་མེ༔ གྷ་ས་སུ་གྷར་རྣ་མ་ཡེ༔ དྷརྨ་པ་དཾ་ས་གུ་ལི༔ ར་མི་ས་ལ་ཁརྒྷད་ཚེ༔ རུ་པ་ས་མི་ལི་པ་གྷྲ༔ ད་ཏིག་པ་ལ་ཀི་ལ་ཡ༔ གྷ་ཙ་པ་ཏ་ས་ལི་ཏི༔ ཀརྨ་ཨེ་ར་ཨ་ནུ་པ༔ སང་ཏྲི་མ་མ་ཀརྨཱ་ལ༔ ང་ལ་ངེས་པ་ཀི་ལི་ས༔ ཨོཾ་བཛྲ་སཏྭ་ཨོཾ༔ ཨཱཿབཛྲ་སཏྭ་ཨཱ༔ ཧཱུྃ་བཛྲ་སཏྭ་ཧཱུྃ༔ ཨེ་མ་འདི་འཛིན་སྐལ་པ་ཆེ༔ འགྲོ་བ་གང་དང་འདི་འཕྲད་པ༔ དབང་པོ་དག་ལ་རྣོ་བརྟུལ་མེད༔ བསམ་མེད་བཏགས་ཆོག་ཁྱད་པར་ཆེ༔ ཤེས་རབ་དག་ལ་ཆེ་ཆུང་མེད༔ ཚིག་དང་བཤད་པས་གྲོལ་མི་དགོས༔ ན་སོ་དག་ལ་རྒན་གཞོན་མེད༔ ཉམས་ལེན་རྩོལ་བས་བསྒྲུབ་མི་དགོས༔ སྐྱེ་བ་དག་ལ་མཐོ་དམན་མེད༔ རེག་པ་བཏགས་གྲོལ་དོན་དང་ལྡན༔ བག་ཆགས་དག་ལ་སྲབ་མཐུག་མེད༔ སྦྱོང་བགྲོད་མེད་དེ་སངས་རྒྱས་སྲས༔ རྡོ་རྗེ་སེམས་དཔའ་དངོས་ཡིན་ཏེ༔ གཞན་དང་མི་འདྲ་ཁྱད་པར་ཆེ༔ བསླུ་བ་མེད་དོ་ས་མ་ཡ༔ ཅེས་གསུངས་ནས་ལྷན་ནེར་བཞུགས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ བཏགས་གྲོལ་བསྟན་པའི་ལེའུ་སྟེ་བཅུ་པ་འོ༔ ྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ བཏགས་གྲོལ་གདམས་པ་དེ་ལྟར་ན༔ ཐོས་པས་གྲོལ་བའི་གདམས་པ་དེ༔ འདུས་པའི་འཁོར་ལ་བཀའ་སྩོལ་ཅིག༔ དེ་ནས་སྟོན་པས་ལན་གསུངས་པ༔ སྤྲུལ་པའི་འཁོར་རྣམས་མ་ཡེངས་ཉོན༔ ངོ་སྤྲོད་ཐོས་པས་གྲོལ་བའི་གནད༔ བར་དོའི་གདམས་པ་བཤད་ཀྱིས་ཟུངས༔ དེ་ལ་གསུམ་སྟེ་དབྱེ་བ་དང༔ འཆར་ཚུལ་གནད་ཀྱི་ཉམས་ལེན་ནོ༔ དབྱེ་ན་སྐྱེ་གནས་འཆི་ཁ་དང༔ ཆོས་ཉིད་སྲིད་པའི་བར་དོ་འོ༔ དང་པོ་སྐྱེས་ནས་མ་ཤི་བར༔ སྐྱེ་གནས་བར་དོ་ཞེས་བྱ་སྟེ༔ ཕུང་པོ་ཁམས་དང་དབང་པོ་ལྔ༔ རྣམ་ཤེས་དག་གིས་བསྡུས་པའི་ཆོས༔ ད་ལྟ་གཏན་ལ་འབེབ་པ་སྟེ༔ ཉམས་ལེན་སྔར་གྱི་གདམས་པ་རྣམས༔ ཐོས་བསམ་སྒོམ་པས་སྒྲོ་འདོགས་གཅད༔ ཐི་བྱ་ཚང་དུ་འཇུག་པ་ལྟར༔ ཡིད་ཆེས་གདེང་དང་ལྡན་པར་བྱ༔ གཉིས་པ་འཆི་ཁའི་བར་དོ་ནི༔ ནད་ཀྱིས་བཏབ་ནས་མ་ཤིའི་བར༔ འཆི་ཁ་བར་དོ་སྡུག་བསྔལ་ཏེ༔ འཆར་ཚུལ་ནད་ཀྱིས་འབྱུང་བ་འཁྲུགས༔ འཛིན་ཆགས་ཞེན་པ་སྐྱེས་ན་ཡང༔ དབང་མེད་འཆི་བ་འདི་ལྟ་བུ༔ སྙམ་སྟེ་ཤིན་ཏུ་སྡུག་བསྔལ་བས༔ ཤེས་པ་གཅིག་ཏུ་མི་གནས་ཏེ༔ བན་བུན་ལང་ལོང་སྣང་བ་འཆར༔ དེ་དུས་འབྱུང་བ་རང་རང་ཐིམ༔ ས་ནི་སར་ཐིམ་ལུས་པོ་ལྗི༔ ཆུ་ནི་ཆུར་ཐིམ་སྣ་ཆུ་འཛག༔ མེ་ནི་མེར་ཐིམ་ཁ་སྣ་སྐམ༔ རླུང་ནི་རླུང་ཐིམ་དབུགས་མི་བདེ༔ འདི་དུས་ངེས་པར་འཆི་བས་ན༔ ཉམས་ལེན་བླ་མའི་གདམས་པ་རྣམས༔ གསལ་གདབ་གལ་ཏེ་མ་གསལ་ན༔ བླ་མ་འམ་ནི་རྡོ་རྗེ་སྤུན༔ དམ་ཚིག་གཅིག་པས་གསལ་ཡང་གདབ༔ ལུས་པོ་སེང་གེའི་ཉལ་ལུགས་བཅོས༔ མིག་ལ་རིག་པ་བཅུག་ནས་ནི༔ དབྱིངས་དང་རིག་པ་དབྱེར་མེད་གཞག༔ སྐད་ཅིག་དེ་ལ་གྲོལ་བར་འགྱུར༔ གསུམ་པ་ཆོས་ཉིད་བར་དོ་ནི༔ དབུགས་ཆད་བར་དོ་མ་ཤར་བར༔ ཆོས་ཉིད་བར་དོ་ཞེས་བྱ་སྟེ༔ ཕུང་པོ་གདོས་བཅས་དང་བྲལ་ནས༔ འཆར་ཚུལ་འོད་ཟེར་ཁ་དོག་ལྔ༔ ཕྱོགས་མཚམས་ཀུན་ཏུ་གསལ་བར་སྣང༔ མནན་ན་ནེམ་ལ་བཏེགས་ན་འཕར༔ ཡིད་འོང་གསལ་འཚེར་གཟི་བརྗིད་འཕྲོ༔ ཁ་དོག་ལྔ་ལྡན་སྣམ་བུ་ནི༔ རང་གི་སྙིང་ཁ་དག་ལ་འཆར༔ རིགས་ལྔ་ཡབ་ཡུམ་ཚོམ་བུར་བཅས༔ འཇིག་རྟེན་ཁམས་ཀྱང་ཁེངས་པར་འཆར༔ འོད་དང་ཟེར་དང་སྒྲ་རུ་སྒྲོག༔ གདམ་པའི་གནད་འདིས་མཐོང་སྣང་ཀུན༔ སྒྲ་དང་འོད་ཟེར་ལ་སོགས་པ༔ རང་དུ་ཡིད་ཆེས་ཐག་ཆོད་བྱ༔ དེ་དུས་མི་བརྗེད་གཟུངས་ཀྱང་འཆར༔ མངོན་ཤེས་དྲུག་དང་རྗེས་དྲན་དྲུག༔ སྐད་ཅིག་གཅིག་དང་གཉིས་པར་འཆར༔ དེ་ནས་འོད་སྣང་དེ་དག་ཀུན༔ རང་གི་སྙིང་གར་ཟུག་པ་ཡིན༔ ཉི་མ་ནུབ་པའི་ཟེར་བཞིན་དུ༔ གཟིགས་སྣང་ཀུན་ལས་འདས་པ་སྟེ༔ མ་པང་བུ་ཚུད་ལྟ་བུ་རུ༔ གདོད་མའི་གཞི་ལ་གྲོལ་བར་འགྱུར༔ བཞི་པ་སྲིད་པ་བར་དོ་ནི༔ ཆོས་ཉིད་བར་དོ་རང་ཐིམ་ནས༔ མངལ་དུ་ཚུད་པ་ཚུན་ཆད་དུ༔ ཆོས་ཉིད་བར་དོའི་འོད་སྣང་སྟེ༔ རང་ངོ་རང་གིས་མ་ཤེས་པར༔ སྒྲ་འོད་ཟེར་ལ་སྐྲག་པ་ཡིས༔ སྲིད་པ་བར་དོ་ཁ་འཁྱམས་པས༔ འཆར་ལུགས་སྔོན་བྱུང་སྲིད་པའི་གཟུགས༔ དབང་པོ་ཀུན་ཚང་ཐོགས་མེད་རྒྱུ༔ བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན༔ ཕྱད་ཕྱོད་ཡད་ཡུད་འདུག་མི་ཚུགས༔ སྐྱབས་གནས་ཚོལ་ཞིང་ཀུན་ལ་འཇུག༔ ཚེ་འདིའི་ལས་དབང་རྗེས་འབྲངས་ནས༔ རིགས་དྲུག་མངལ་དུ་ཚུད་ནས་ནི༔ ཡང་ཡང་འཁོར་བ་ཉིད་དུ་འཁོར༔ དེ་དུས་གནད་ཀྱི་ཉམས་ལེན་ནི༔ ཕ་མ་ལ་སོགས་མཐོང་སྣང་ཀུན༔ བདེན་མེད་སྒྱུ་མ་ལྟ་བུར་བསྒོམ༔ ཡི་དམ་བསྐྱེད་རྫོགས་གསལ་ཡང་གདབ༔ འདུན་པ་མངོན་དགའ་ལ་སོགས་པ༔ སྤྲུལ་སྐུའི་ཞིང་དུ་འགྲོ་བར་བྱ༔ སྙམ་པའི་དྲན་པ་ཟིན་གྱུར་ན༔ སྤྲུལ་སྐུའི་ཞིང་དུ་སྐྱེ་བར་འགྱུར༔ ཞེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ བར་དོ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ་འོ༔ ྈྈ ྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས༔ བར་དོའི་གདམས་པ་དེ་ལྟར་ན༔ གྲོལ་ལུགས་འབྲས་བུ་གསུང་དུ་གསོལ༔ ཡེ་གྲོལ་ཆེན་པོས་བཀའ་བསྩལ་པ༔ རིགས་མདངས་འཁོར་རྣམས་ཚུར་ཉོན་དང༔ སྟོང་གསལ་ཐིག་ལེ་འགག་མེད་དེ༔ སྐུ་གསུམ་འཛིན་པ་ཀ་དག་པས༔ རིག་པ་སྟོང་པ་ཉིད་དུ་གྲོལ༔ ཐམས་ཅད་ཡེ་གྲོལ་ཆེན་པོ་འོ༔ འབད་རྩོལ་མེད་པའི་གནད་ཀྱིས་གྲོལ༔ བསྐྱར་མི་དགོས་ཏེ་ཡེ་ནས་གྲོལ༔ གཉེན་པོ་མེད་དེ་རང་གིས་གྲོལ༔ མཐོང་བ་མེད་དེ་གཅེར་གྱིས་གྲོལ༔ བཅོས་མི་དགོས་ཏེ་རང་བཞིན་གྲོལ༔ རང་བཞིན་དག་སྟེ་ཡོངས་སུ་གྲོལ༔ གྲོལ་ལོ་ཞེས་པའང་ཐ་སྙད་དོ༔ ཡེ་གྲོལ་ཀ་ནས་དག་པ་སྟེ༔ འཕོ་འགྱུར་མེད་པ་རྡོ་རྗེ་སེམས༔ རང་ཞལ་རང་གིས་མཐོང་བ་ལ༔ སངས་རྒྱས་ཞེས་ནི་མིང་དུ་གྲུབ༔ གསལ་སྟོང་རྗེན་པ་སངས་རྒྱས་ཡིན༔ བྱ་བ་མེད་པའི་འཁྲུལ་པ་སངས༔ འོད་ལྔ་གསལ་བས་ཡེ་ཤེས་རྒྱས༔ རྟོག་པ་མེད་པས་དུག་ལྔ་སངས༔ དམིགས་གཏད་བྲལ་བས་སྐུ་གསུམ་རྒྱས༔ དེ་ཕྱིར་རང་རིག་སངས་རྒྱས་ཡིན༔ སངས་རྒྱས་ལོགས་ནས་བཙལ་དུ་མེད༔ ཡང་དག་རྫོགས་པའི་སངས་རྒྱས་ནི༔ ཕུང་པོ་ལྷག་མ་མེད་པ་སྟེ༔ སྒྲ་འོད་སྐུ་དང་གསུང་འཕེལ་བ༔ མངོན་པར་རྫོགས་པའི་སངས་རྒྱས་སོ༔ ཨེ་མ་སྤྲུལ་པའི་འཁོར་རྣམས་ཉོན༔ རྒྱུད་འདི་གཞན་ལས་ཁྱད་པར་འཕགས༔ འདི་ཉིད་བསྟེན་པའི་སྐྱེས་བུ་རྣམས༔ རབ་ནི་ཚེ་འདིར་ལྷག་མེད་འགྲུབ༔ འབྲིང་ནི་ཆོས་ཉིད་བར་དོར་གྲོལ༔ ཐ་མ་སྤྲུལ་པའི་ཞིང་ཁམས་སུ༔ དབུགས་དབྱུང་མངོན་པར་སངས་རྒྱས་སོ༔ དེས་ན་འདི་ཉིད་གཅེས་པར་ཟུངས༔ ཞེས་གསུངས་སོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ གྲོལ་ལུགས་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པ་འོ༔ ྈྈྈྈྈྈྈྈ དེ་ནས་སྤྲུལ་པའི་འཁོར་རྣམས་ཀྱིས༔ སྟོན་པ་ཉིད་ལ་ཡང་ཞུས་པ༔ ཀྱཻ༔ ཆེ་བའི་ཆེ་བདག་རྡོ་རྗེ་སེམས༔ གཞན་བས་ཁྱད་འཕགས་རྒྱུད་མཆོག་འདི༔ གཏད་པའི་ལས་ཅན་ཇི་ལྟ་བུ༔ ཞུས་པའི་ལན་དུ་བཀའ་བསྩལ་པ༔ ཀྱེ་མ་རང་རིག་རིག་རྩལ་འཁོར༔ ཐེག་པ་ཀུན་གྱི་བཅུད་བསྡུས་པའི༔ རྒྱུད་འདི་ཁྱད་པར་ལྔ་དང་ལྡན༔ རྒྱུད་འདི་མཐོང་བས་བསྙེན་སྒྲུབ་ཟིན༔ ཚིག་འདི་ཐོས་པས་རྟོགས་པ་འཆར༔ ལུང་འདི་སྣང་བས་གཏན་ལ་ཕེབས༔ དོན་འདི་བསྟན་པས་འཛིན་ཆགས་ཞིག༔ ཉམས་སུ་བླངས་པས་ལྷག་མེད་འགྲུབ༔ དེ་ཕྱིར་ཁྱད་འཕགས་གསང་རྒྱུད་འདི༔ ལྟ་སྒོམ་ཀུན་གྱི་མཐར་ཐུག་ཆེ༔ རྒྱུད་འདི་རིག་པ་ཙམ་གྱིས་ཀྱང༔ རྡོ་རྗེ་སེམས་དཔའ་ང་དང་མཉམ༔ འདི་ནི་བློ་ཆུང་ཤེས་རབ་དམན༔ བླ་མ་གསང་ཞིང་རང་ཆེ་འབྱིན༔ བཀའ་བསྩལ་གཅོག་ཅིང་དམ་མི་བསྲུང༔ སྣོད་ངན་ལག་ཏུ་ཤོར་ར་རེ༔ བློ་ཆེ་ཁོག་ཡངས་དད་པ་ཆེ༔ དམ་གཙང་བླ་མས་ཅི་གསུང་སྒྲུབ༔ གཏོང་ཕོད་ཆེ་ཞིང་སྒྲུབ་ལ་བརྩོན༔ སྣོད་ལྡན་བུ་ལ་འདི་སྟོན་ཅིག༔ ཅེས་གསུངས་ནས༔ དགའ་རབ་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་རྗེས་སུ་ཡི་རང་སྟེ༔ སྟོན་པས་གསུངས་པ་ལ་མངོན་པར་བསྟོད་དོ༔ ཐེག་པ་ཀུན་གྱི་སྙིང་གི་ཐིག་ལེ་ཞེས་བྱ་བ་ལས༔ རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གསུམ་པ་འོ༔ ཐེག་པ་ཀུན་གྱི་ཡང་བཅུད་སྙིང་གི་ཐིག་ལེ་ཞེས་བྱ་བའི་ལྟ་བའི་མཐར་ཐུག་ཉམས་ལེན་གནད་ཀྱི་གདམས་པ་རྫོགས་སོ༔ གཟའ་བདུད་ཆེན་པོས་བཀའ་འདི་ཐུབ་པར་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ དམ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈ སྤྲུལ་པའི་གུ་རུ་ཀུན་སྐྱོང་གླིང་པས་མ་ཚོར་གཉན་གྱི་བྲག་ནས་གདན་དྲངས་པའོ།། །། ༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ བསྟན་པའི་ཉིང་ཁུང་སྙིང་ཐིག་གི་ལོ་རྒྱུས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈ རྒྱ་རྒྱ་རྒྱ་རྒྱ༔ ྈྈྈ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ འཁོར་འདས་མཐའ་གྲོལ་ཀློང་ལ་ཕྱག་འཚལ་ལོ༔ འབྱུང་བ་བཞི་འདུས་མི་ལུས་རིན་ཆེན་ལ༔ དུས་གསུམ་མ་འགགས་མཁྱེན་པ་ཀུན་གསལ་ཞིང༔ སྐུ་གསུམ་རང་ཆས་ས་ལེ་ཞལ་སྟོན་པ༔ སྔོན་ཆད་འཛམ་གླིང་ས་ལ་མ་གྲགས་པའི༔ རྡོ་རྗེ་སེམས་དཔའ་སྙིང་གི་ཐིག་ལེ་ཆེ༔ ཐེག་པ་ཀུན་གྱི་ཉིང་ཁུ་འདི་ཉིད་ཤར༔ དེ་ལ་དང་པོ་རྒྱལ་བ་དགོངས་པའི་བརྒྱུད་ཚུལ་བསྟན་པ་ནི༔ ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ཀློང་ལས༔ ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་ངོ་བོར་ཤར་ཏེ༔ དེ་ཉིད་ཀྱི་རང་བཞིན་ཐུགས་རྗེ་ལས་བྱུང་བ༔ ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ༔ རྡོ་རྗེ་སེམས་དཔའ་ཞེས་བྱ་བ༔ སྐུ་མཚན་གྱི་མེ་ཏོག༔ དཔེ་བྱད་བཟང་པོའི་འབྲས་བུས་བརྒྱན་པ༔ སངས་རྒྱས་ཀྱི་ཡོན་ཏན་སྟོབས་དང་མི་འཇིགས་པ་བཞི་ལ་སོགས་པ་མངའ་བ༔ དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་དབང་བསྐུར་བ༔ དར་དཀར་གྱི་སྟོད་གཡོགས༔ པ་ཏི་ཁྲ་བོའི་ཤམ་ཐབས་དང༔ རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ ཤེལ་གྱི་ཁ་དོག་དང་འདྲ་སྟེ༔ དཀར་ལ་འཚེར་བ༔ གདན་ཡང་སྨོན་ལམ་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་གླང་པོ་ཆེ་བརྒྱད་དུ་སྤྲུལ་ནས༔ རིན་པོ་ཆེའི་ཁྲི་དང༔ པདྨ་ཉི་མའི་གདན་ལ༔ སེམས་དཔའི་སྐྱིལ་ཀྲུང་དུ་རྡོ་རྗེ་ཐུགས་ཀར་བཅང་ཞིང༔ དྲིལ་བུ་དཀུར་བརྟེན་ནས་བཞུགས་པ༔ སྐུ་བལྟ་བས་མི་ངོམས་པ༔ ཤིན་ཏུ་འཚེར་བ་ལྷང་ངེ་བ༔ གསལ་བ་ལྷན་ནེ་བ༔ ཞི་བ་ལྷམ་མེ་བ༔ དཔེར་ནམ་མཁའི་འཇའ་ཚོན་ནམ༔ མེ་ལོང་གི་གཟུགས་བརྙན་ལྟར༔ དངོས་པོ་མ་གྲུབ་པ་ཞིག༔ བདེ་ཆེན་མཁའ་དབྱིངས་རྣམ་པར་དག་པའི་ཀློང༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༔ གསུང་དང༔ ཐུགས་དང༔ ཡོན་ཏན་དང༔ ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་འོག་མིན་གྱི་གནས༔ ཆོས་དབྱིངས་ཀྱི་མཁའ༔ དབྱིངས་ཉིད་ཀྱི་ཀློང༔ སེམས་ཉིད་ཀྱི་རྩལ༔ ཡེ་ཤེས་ཀྱི་སྒྲིབ་པ་མི་མངའ་བའི་གཞལ་ཡས་ཁང་དུ་ཤར་རོ༔ ཉིད་ལས་མངོན་པར་བྱུང་བའི་འཁོར་ནི༔ ཉིད་ཀྱི་རང་བཞིན་ཆོས་སྐུ་དང༔ ཉིད་ཀྱི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་དང༔ ཉིད་ཀྱི་རང་རྩལ་སྤྲུལ་པའི་སྐུ་དང༔ ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང༔ འདོད་ཁམས་དང༔ གཟུགས་ཁམས་དང༔ གཟུགས་མེད་ཁམས་དང༔ འདས་པ་དང༔ མ་འོངས་པ་དང༔ ད་ལྟར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༔ འཇིག་རྟེན་པ་དང༔ འཇིག་རྟེན་ལས་འདས་པ་དང༔ མུ་སྟེགས་ལ་སོགས་དང༔ སེམས་དཔའ་དང༔ ཕྱག་ན་རྡོ་རྗེ་དང༔ ཁྱད་པར་དུ་སྤྲུལ་པ་དགའ་རབ་རྡོ་རྗེ་ཉིད་དང་བཅས་ཏེ༔ ཐམས་ཅད་ཐིག་ལེ་ཆེན་པོ་གཅིག་གི་ངང་དུ་བཞུགས་སོ༔ དེའི་དུས་སུ་ཆེ་བ་རང་ལ་གནས་པའི་རྒྱུད་འདི་ཉིད་གསུངས་ཏེ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཁྱད་པར་དུ་སྤྲུལ་པ་དགའ་རབ་རྡོ་རྗེ་ལ་ཚིག་གི་གདམས་པ་དང༔ དོན་གྱི་གདམས་པ་ཐམས་ཅད་དགོངས་པ་ཙམ་གྱིས༔ རང་བབས་སུ་བྱིན་གྱིས་བརླབས་ཏེ་སྣང་ནས༔ རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཀློང་དུ་ཡལ་ལོ༔ ངོ་བོ་སྟོང་ཞིང་རང་བཞིན་གསལ་ཏེ༔ ཐུགས་རྗེས་ཀུན་ལ་སྣང་བར་ནུས་ཏེ༔ དཔེ་ནམ་མཁའི་འཇའ་ཚོན་ནམ༔ མེ་ལོང་གི་གཟུགས་བརྙན་ལྟར་རོ༔ ྈྈྈ ྈྈྈྈྈྈྈ གཉིས་པ་རིག་འཛིན་བརྡའི་བརྒྱུད་པ་ནི༔ སྟོན་པ་དགའ་རབ་རྡོ་རྗེ་ཞེས་བྱ་བ༔ ཀློང་དགུའི་བམ་པོ་ཉི་ཁྲི་ཆིག་སྟོང་ཐུགས་ལ་མངའ་བ༔ རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ་མཁས་པ་དེ་ཉིད༔ རྒྱ་གར་བསིལ་བ་ཚལ་གྱི་དུར་ཁྲོད་བྱ་བ་དེར༔ མཁའ་འགྲོ་མ་ཉི་མའི་འོད་ཟེར་བྱ་བ་དང༔ རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་འཇིག་རྟེན་བདེ་བའི་རོ་དང་ལྡན་པ་ཞེས་བྱ་བ་སོགས༔ ཤེས་རབ་ཀྱི་གདུལ་བྱ་མཁའ་འགྲོ་མ་གྲངས་ལས་འདས་པ་ལ༔ ལོ་བདུན་ཅུ་བར་དུ་ཆོས་གསུངས་པའི་དུས་སུ༔ ལྷོ་ནུབ་མཚམས་སུ་མཚོ་གླིང་ལས་འཁྲུངས་པའི༔ ཨུ་རྒྱན་པདྨ་བདག་ཉིད་ཀྱིས༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་ཕྱིན་ཏེ༔ སྤྲུལ་པ་པོ་དགའ་རབ་རྡོ་རྗེ་ཉིད་ཀྱིས༔ རྫོགས་པ་ཆེན་པོ་འབུམ་ཕྲག་ཉི་ཤུ་རྩ་བཞི་ལས་བྱུང་བ༔ ལྟ་བ་ནམ་མཁའ་ཀློང་ཡངས་དང༔ བསྟན་པ་ཀུན་གྱི་ཡང་བཅུད་རྡོ་རྗེ་སེམས་དཔའི་སྙིང་ཐིག་འདི་ཉིད༔ ལྷུན་གྲུབ་ཆེན་པོའི་བརྡ་ཙམ་གྱིས་བསྟན་ཅིང༔ བདག་གིས་ཁོང་དུ་ཆུད་དེ༔ ཡིན་ལུགས་ཀྱི་སྟེང་དུ་མཛུབ་མོ་བཙུགས་ཏེ༔ ཚིག་དང་ཡི་གེ་དོན་གྱི་རྒྱུད་མ་ལུས་པ་བཀའ་བབས་ཏེ་གནང་ངོ༔ དེ་ནི་རིག་འཛིན་བརྡའི་བརྒྱུད་པའོ༔ ྈྈྈ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈ གསུམ་པ་གང་ཟག་སྙན་ཁུང་བརྒྱུད་པ་ནི༔ ཐམས་ཅད་མཁྱེན་པ་ཨོ་རྒྱན་པདྨ་ཞེས་བྱ་བ༔ སྐུ་ལ་སྐྱེ་ཤི་དང་བསྒྲེས་རྒུད་མི་མངའ་བ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་གཡོག་བྱེད་པ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ་བ་དེ་ཉིད༔ རྒྱ་གར་དུ་པཎྜི་ཏ་ལྔ་བརྒྱའི་ཚོགས་དཔོན་ལ་བཞུགས་པའི་དུས་སུ༔ འཕགས་པ་འཇམ་དཔལ་གྱི་སྤྲུལ་པ༔ བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བསམ་ཡས་གཙུག་ལག་ཁང་བཞེངས་པའི་ས་འདུལ་བའི་ཕྱིར་གདན་དྲངས༔ སྨོན་ལམ་དང་ཐུགས་རྗེས་བོད་དུ་བྱོན༔ སྤྱིར་བོད་ཡུལ་གྱི་སྒྲུབ་གནས་གངས་དང༔ བྲག་ཕུག་དང་གཙུག་ལག་ཁང་དང༔ དབེན་གནས་རྣམས་སུ་ལོ་བརྒྱ་དང་བཅུ་གཅིག་བཞུགས་ཏེ༔ ཁྱད་པར་དུ་མུ་ཏིག་ཤེལ་གྱི་སྤ་མ་གང་གི་ཕུག་པར་ལོ་གསུམ་བཞུགས་པའི་དུས་སུ༔ བོད་ཕྲུག་མཁས་པ་བཻ་རོ་ཙ་ནས་ཕྱིན་ཅི་མ་ལོག་པའི་གདམས་པ་རྣམས༔ སེམས་མཐིལ་ཐུག་པར་ཞུས་ཤིང༔ ཁྱད་པར་རྡོ་རྗེ་སེམས་དཔའི་ཉིང་ཁུ་ཡང་བཅུད་འདི་ཟབ་ཁྱད་དུ་གནང་ཞིང༔ ཚིག་དང་ཡི་གེ་དོན་གྱི་རྒྱུད་མ་ལུས་པ་བཀའ་བབས་སོ༔ ྈྈྈྈྈྈྈྈ རྒྱ་རྒྱ་རྒྱ་རྒྱ༔ ྈྈྈ སྤྱིར་རྫོགས་པ་ཆེན་པོ་ལ་ཕྱི་སྐོར་ནང་སྐོར་གསང་སྐོར༔ གསང་བ་བླ་ན་མེད་པའི་སྐོར་སོགས་མང་དུ་ཤེས་ཀྱང༔ འདི་ཉིད་ཡང་བཅུད་དམ་པའོ༔ བཻ་རོ་བདག་གིས་ཀྱང་སློབ་དཔོན་ལ་མཉེས་པའི་ཞབས་ཏོག་བགྱིས་པས་བཀའ་བབས་སོ༔ བདག་གིས་ལྡན་མ་རྩེ་མང་ཞེས་བྱ་བ༔ པཎྜི་ཏ་ཀུན་གྱི་ཡིག་མཁན་དེ་ཉིད་དང༔ ཨ་ཙརྻ་དྷརྨ་ཤཱི་ལ་་་ཡེ་ཤེས་སྣང་།གཉིས་ལ་སྤ་མ་གང་གི་ཕུག་པ་གོང་མར་དོན་རྒྱུད་ཕུ་ཐག་ཆོད་པར་གཏན་ལ་ཕབ་ཅིང༔ དཔེ་རྒྱུད་ནི་ཕྱི་མའི་དོན་དུ་སྦ་བར་བཀའ་བསྒྲགས་སོ༔ ྈྈྈྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལུང་བསྟན་གཏད་རྒྱའི་བརྒྱུད་པ་ནི༔ སློབ་དཔོན་པདྨས་གསུངས་ནས་ནི༔ ཡི་གེར་འདེབས་དུས་འདི་སྐད་གསུངས༔ ཨེ་མ་ཧོ༔ སློབ་དཔོན་བཻ་རོ་ཙ་ན་དང༔ ཡིག་མཁན་ལྡན་མ་རྩེ་མང་དང༔ རྟོགས་ལྡན་དྷརྨ་ཤཱི་ལ་གསོན༔ ཐེག་དགུ་ཡོངས་དྲིལ་ཨ་ཏི་ཡི༔ ལྟ་བའི་མཐར་ཐུག་རྫོགས་པ་ཆེ༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་འདི༔ ད་ལྟ་སྤེལ་བའི་གནས་མེད་པས༔ ཕྱི་མའི་དུས་སུ་འགྲོ་དོན་ཆེ༔ དུས་ངན་སུམ་ཅུ་ཁ་རལ་ལ༔ ས་གཏེར་མི་ཐུབ་གཏེར་འདོན་མང༔ སངས་རྒྱས་བསྟན་པ་ནུབ་ཁ་ལ༔ གནམ་ལ་ཆར་མེད་ཚད་པ་རྒྱས༔ ས་ལ་ཞག་མེད་འཇག་སྐྱ་སྐྱེ༔ བར་དུ་ལྷ་འཁྲུག་གཟའ་སྐར་འཁྲུག༔ རྒྱལ་ཁྲིམས་འཁྲུགས་པས་གདན་ས་འཕོ༔ ཆོས་ཁྲིམས་ཞིག་པས་བུད་མེད་ལེན༔ དམག་འཁྲུག་དར་ཞིང་དམ་ཆོས་ནུབ༔ དགེ་སྤྱོད་མི་དར་སྡིག་སྤྱོད་དར༔ ཉི་ཟླ་དམར་ཞིང་རླུང་དམར་ཆེ༔ སྐར་མ་མི་སྡུག་བྱང་ནས་སྟོན༔ ཡུལ་ཁྲིམས་མེད་པར་དམེ་འཁྲུག་བྱེད༔ སྟོད་སྨད་བར་གསུམ་ཧོར་གྱིས་འདུལ༔ མཐའ་མི་ཐམས་ཅད་དབུས་སུ་སྡིགས༔ དབུས་པ་མཐའ་མོན་ལྷོ་ལ་བྲོས༔ གོས་སུ་ཤིང་དང་ལྕགས་ཞུ་གྱོན༔ ཟས་སུ་ཤ་དང་ཁྲག་ལ་སྤྱོད༔ ནོར་དུ་ས་རྡོ་གཉིས་པོ་བརྟེན༔ གཏམ་སྐད་ཟླ་རེ་ཞག་རེར་འགྱུར༔ ལྕགས་ཁྱི་ཕག་ལ་དམག་གིས་འཇོམས༔ དེ་དུས་བསྟན་མཇུག་སྐྱོང་བྱེད་པ༔ བཻ་རོ་ཁྱོད་ཀྱི་སྤྲུལ་པ་མཆོག༔ ཆུ་ཁམས་བྱ་འམ་ཁྱི་ལོ་པ༔ ཡབ་མེད་ཡུམ་བྲལ་སྔགས་འཆང་རིགས༔ ཨུ་རྒྱན་མིང་ཅན་ཤེས་རབ་ཅན༔ མ་ངེས་སྤྱོད་པས་འགྲོ་བ་འདུལ༔ གནས་མེད་རླུང་བཞིན་ཀུན་ཏུ་རྒྱུ༔ མོན་བལ་་་མྱ་ངན་ལྷོ་བུའི་ཕྱོགས་སུ་ལས།རྩེ་ལྔའི་ཕྱོགས་སུ་འདུས༔ ཐུགས་གཏེར་དགོངས་གཏེར་མང་ཞིག་འབྱེད༔ ཟབ་ཆོས་རྫོགས་ཆེན་བདག་པོར་འབྱུང༔ ཁ་འབྱམས་རྒྱུ་འབྲས་ཁྱད་མི་གསོད༔ ཇི་ལྟ་ཇི་སྙེད་མངོན་དུ་གྱུར༔ རྒྱུད་དག་སྐྱེས་བུ་དེ་ཡི་ཐུགས་ལ་ཐིམ༔ རྫོགས་པ་ཆེན་པོས་དབུས་གཙང་ཁྱབ་པར་བྱེད༔ བླ་མ་ཞི་དྲག་གྲུབ་པ་ཐོབ་པར་བྱེད༔ དེ་ནས་ཨོ་རྒྱན་དྲུང་དུ་འོང༔ དེ་ཡི་དོན་དུ་གཏེར་འདི་སྦེད༔ དེ་དང་སུ་འཕྲད་མཁའ་སྤྱོད་འགྲོ༔ ཁྲི་ཕྲག་གཅིག་ལ་འབྲེལ་བ་ཐོགས༔ སྟོང་ཕྲག་གཅིག་གིས་ལམ་སྣ་ཟིན༔ སྐྱེ་བ་མཐའ་ཆོད་བཅུ་དྲུག་འོང༔ དེས་ཀྱང་ཐུགས་ཀྱི་སྲས་བཞི་འམ༔ བརྒྱད་ལས་མི་མང་ཀུན་ལ་གསང༔ ས་མ་ཡ༔ ྈྈྈྈྈ ྈྈྈྈ ྈྈྈྈ དེ་ལ་འདུད་བྱེད་བུ་བཞི་ནི༔ ད་ལྟའི་ལྡན་མ་རྩེ་མང་ཁྱོད༔ རྒྱལ་རྒྱུད་སྐྱེ་བ་མང་བརྒྱུད་ནས༔ སྐྱེ་བའི་མཐའ་ཆོད་སྟོབས་པོ་ཆེ༔ མཚལ་ཐང་བྱེ་མ་ཅན་ཞེས་པར༔ སྡེ་སྐྱོང་བསྟན་པའི་སོ་ནམ་བྱེད༔ དགེ་བའི་མིང་ཅན་རྟ་ཁྱི་ལུག་་་སྟག་ལུག།གི་ལོ༔ ལུས་གཡོན་སྨེ་བའི་ག་ཤ་ཅན༔ ཆོས་མིན་བྱ་བ་མི་སེམས་འབྱུང༔ ས་རྟགས་ཐམས་ཅད་ཤར་བའི་དུས༔ བར་ཆད་ཀུན་ལ་འཛེམ་པར་བྱ༔ ཤོག་སེར་དམ་རྫས་མ་ལུས་ཀུན༔ དངོས་གྲུབ་ལོངས་ལ་གཏེར་དུ་སྦོས༔ ལོ་གསུམ་དབེན་སར་ཉམས་སུ་ལོངས༔ ས་མ་ཡ༔ གཏེར་རྒྱ༔ བཀའ་རྒྱ༔ ཟབ་རྒྱ༔ ཨེ་མ་བཻ་རོའི་སྤྲུལ་པ་དེ༔ རྗེ་འབངས་རྒྱ་མཚོས་བྱིན་བརླབས་པས༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ༔ མིང་འདོགས་མཁན་བརྒྱུད་རྡོ་རྗེའི་མིང༔ དཔེ་སྤྱད་དངོས་བརྒྱུད་བྱིན་བརླབས་པའི༔ པདྨ་ཀུན་སྐྱོང་གླིང་པ་ཞེས་བྱ་བ༔ ཉམས་དངོས་ཁྲིད་བཏབ་སྙན་བརྒྱུད་ལ༔ བདུད་ཀྱི་བར་ཆད་མ་བྱུང་ན༔ སྤྲུལ་སྐུ་དང་འཕྲད་རྟོགས་གྲོལ་འགྲོ༔ ཆོས་འདིས་སྨིན་ཅིང་གྲོལ་བར་བྱེད༔ བྱང་ཕྱོགས་བསྟན་པ་དར་རྒྱས་འགྱུར༔ ལྷག་མེད་དག་ཀྱང་འགྲོ་བར་སྲིད༔ སྙིང་གི་ཐིག་ལེ་འགྲོ་དོན་ཆེ༔ ྈྈྈྈྈྈྈྈ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨེ་མ་ཧོ༔ རྟོགས་ལྡན་དྷརྨ་ཤཱི་ལ་ཁྱོད༔ སྐྱེ་བ་སུམ་ཅུར་འགྲོ་དོན་བྱེད༔ སྐྱེ་མཐའ་ཤེས་རབ་ཅན་གྱི་མིང༔ གཏེར་གནས་འདི་ནས་ལྷོ་ནུབ་ན༔ བྱང་ཁམས་ལྡན་པ་མི་ཡི་ཚོགས༔ དཀར་པོའི་ཆོས་ལ་འཕྲོ་སད་ནས༔ ཨོ་རྒྱན་སྤྲུལ་པ་ཤེས་དབང་ཁྱོད༔ རྣལ་འབྱོར་ལམ་རིམ་ལ་སོགས་པ༔ ཟབ་ཆོས་འགའ་ཡར་ཉམས་སུ་ལོངས༔ ཡུལ་ནི་ཡར་ཕྱོགས་ཟ་ཡི་འབྲོག༔ ཞང་རིགས་སྤྲེལ་སྦྲུལ་རྟོགས་པ་ཅན༔ མི་ཡི་ལོ་གྲངས་བརྒྱ་ཕྲག་སྡོད༔ རིགས་ལྔའི་རྟགས་ནི་གཡས་ན་འཆང༔ ཧེ་རུ་ཀ་ཡི་རྟགས་ལྔ་གཡོན་ན་འཆང༔ གྲིབ་གནོན་བུད་མེད་རྐྱེན་བྱས་ནས༔ དབང་པོ་འགྲིབ་བམ་སྐྱོན་ཅན་སོང༔ ལུས་ལ་ཤ་མཚན་ལྦ་སྨེས་བརྒྱན༔ ཨོ་རྒྱན་ང་ལ་སྙིང་ནས་མོས༔ བཻ་རོའི་སྤྲུལ་སྣང་དངོས་འཕྲལ་སད༔ སྤྲུལ་སྐུའི་འགྲོ་དོན་དེ་ཡིས་སྤེལ་བར་བྱེད༔ སྔོན་གྱི་དམ་ཚིག་འབྲལ་མི་ཕོད༔ འཁོར་བའི་སེམས་ཅན་མ་ཟད་བར༔ ཐུགས་ཀྱི་གཏེར་ལ་ལོངས་སྤྱོད་ཕྱིར༔ བརྒྱུད་པའི་བུ་བཞིས་དར་མདུང་འཛུགས༔ སངས་རྒྱས་་་འོད་གསལ།བྱང་ཆུབ་རིན་ཆེན་དཔལ༔ ཡོན་ཏན་་་བཀྲ་ཤིས།ཕ་ལ་པྲཛྙཱ་འབྱིན༔ ཀུན་དགའི་་་པདྨ།མིང་ཅན་བྱང་ཆུབ་སེམས༔ འབྲེལ་ཚད་དོན་ལྡན་མཁའ་སྤྱོད་དུ༔ མཁའ་འགྲོས་བསུ་ཞིང་འགྲོ་བར་བྱེད༔ དེ་དུས་དར་ཞིང་རྒྱས་པ་སྟེ༔ ྈྈྈྈ འཛོམ་ཡིག་བཞི་རུ་བུ་བརྒྱད་འབྱུང༔ ཉེ་བའི་བུ་མོ་གཅིག་ལ་སོགས༔ ཉེར་གཅིག་ལ་སོགས་གུས་པས་བསྟེན་པའི་དུས༔ དེ་ལ་ལྷག་མ་མེད་པར་གཏོད༔ དེ་ཡིས་འཛམ་གླིང་ཆོས་འདིས་ཁྱབ༔ འགྲོ་དོན་འབྱུང་བར་འུར་ཞིང་འགྱུར༔ ཅེས་ཤོག་སེར་རྣམས་བཻ་རོའི་ཕྱག་ཏུ་གཏད༔ ལྡན་མ་རྩེ་མང་དང༔ དྷརྨ་ཤཱི་ལའི་མགོ་ཐོག་ཏུ་བཞག་སྟེ༔ ལུང་བསྟན་གཏད་རྒྱ་དང་བཅས་ནས་བཀའ་གཏད་དོ༔ ྈྈྈྈྈྈྈྈྈ གཏད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨེ་མ་ཧོ༔ བཻ་རོའི་སྙན་བརྒྱུད་ས་སྟེང་དཀོན་པའི་ཆོས༔ བདག་ནི་ལས་ཀྱི་འཕྲོ་སད་མི་རུ་སྐྱེས༔ ཆིག་བརྒྱུད་ཡང་ཡང་མྱོང་བ་སྙིང་པོའི་དོན༔ བོད་ཕྲུག་མཁས་པ་བཻ་རོ་ཙ་ན་ངས༔ གཅིག་གིས་གཅིག་གཏད་གཅིག་ལ་བཤད་པ་འདི༔ ཡི་གེ་མེད་ཀྱང་ཕྱི་རབས་དོན་ཉིད་དུ༔ སློབ་དཔོན་ཉིད་ལ་ཡང་ཡང་ནན་གྱིས་ཞུས༔ རྫོགས་པར་གཏན་ཕབ་འཛོམ་ཡིག་དག་དང་བཅས༔ ཨོ་རྒྱན་ལུང་བསྟན་མ་ཚོར་མཚོ་བྲག་ཏུ༔ ཆོས་འབྱུང་སྒྲོམ་བུ་རིན་ཆེན་ཁ་བད་ཅན༔ རིམ་པ་བདུན་དུ་རྒྱས་གདབ་ཚགས་དམ་སྦས༔ ཀླུ་དང་གཟའ་བདུད་རྡོ་རྗེ་འབར་བ་ཡིས༔ དུས་ལ་མ་བབས་བར་དུ་ཐུབ་པར་སྲུངས༔ མ་གཏང་ཐུབ་པར་སྲུངས་ཤིག་ས་མ་ཡ༔ དུས་ལ་བབས་ཚེ་སྐྱེས་བུའི་ལག་ཏུ་གཏོད༔ ལས་འཕྲོ་མེད་པས་རྔམས་ན་རྔམས་ཟས་གྱིས༔ ཟབ་ལ་རྒྱ་ཆེའི་ཆོས་མང་གི༔ ཟླ་གསུམ་སངས་རྒྱས་འདི་འདྲ་དཀོན༔ ཀ་དག་ཐེག་པའི་ཡང་རྩེ་མཆོག༔ བློན་འབངས་རྒྱལ་པོ་ལ་སོགས་པས༔ བདག་ཉིད་ཚ་བ་རོང་དུ་སྤྱུགས༔ སྙིང་སྐྲན་ཁོང་བཅུག་འདི་མ་བསྟན༔ སེམས་སྡེ་ཀློང་སྡེ་མན་ངག་སྡེ༔ བླ་མེད་ཐེག་པ་ལ་སོགས་པ༔ ཨ་ཏི་འབུམ་ཕྲག་དྲུག་ཅུ་ཤེས༔ སྐད་རིགས་ཡིག་རིགས་མི་གཅིག་པ༔ ཉི་ཤུ་རྩ་ལྔ་བསྡུས་ཆོག་ཤེས༔ མོ་སྨན་རྩིས་བོན་མཐའ་རྟེན་ནས༔ མདོ་སྔགས་ཡང་ཟབ་མང་པོ་བསྒྱུར༔ འདི་ཉིད་ལྡན་མ་རྩེ་མང་དང༔ དྷརྨ་མ་གཏོགས་མ་སྤེལ་ལོ༔ དུས་ངན་བཞི་བཅུ་ཁ་རལ་དུས༔ ཨུ་རྒྱན་བསྟན་པ་ནུབ་ཁའི་དུས༔ ཟོག་པོ་འཆོལ་བར་སྤྱོད་པའི་དུས༔ པདྨ་བདག་ལ་ཁ་འཕངས་ནས༔ ཆོས་མིན་བྱ་བས་བསླུ་བའི་དུས༔ དེ་དུས་པདྨས་བྱིན་བརླབས་པའི༔ སྤྲུལ་པ་གཅིག་དང་ཕྲད་པར་ཤོག༔ ྈྈྈྈྈྈྈ ྈྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ༈ ཨེ་མ་ཧོ༔ གཏེར་ཆོས་ཟབ་མོ་འདི་ཉིད་ནི༔ རྒྱལ་བ་དགོངས་པའི་བརྒྱུད་པ་ཚང༔ རིག་འཛིན་བརྡ་ཡི་བརྒྱུད་པ་ཚང༔ གང་ཟག་སྙན་བརྒྱུད་འདི་ལ་ཚང༔ ཐུགས་རྗེ་བྱིན་རླབས་བརྒྱུད་པ་ཚང༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཚང༔ ལས་འཕྲོ་གཏེར་གྱི་བརྒྱུད་པ་ཚང༔ དགོངས་པས་བརྒྱུད་པས་དགོངས་བརྒྱུད་ཡིན༔ བརྡ་རུ་བརྒྱུད་པས་བརྡའ་བརྒྱུད་ཡིན༔ རྣ་བར་ཐོས་པས་སྙན་བརྒྱུད་ཡིན༔ ཐུགས་ལ་གསལ་བས་ཐུགས་གཏེར་ཡིན༔ ཞལ་ནས་ཕྱུང་པས་བཀའ་མ་ཡིན༔ གཅིག་གིས་གཅིག་ལ་ཐུགས་བཅུག་པས༔ བྱིན་རླབས་ཐུགས་རྗེའི་བརྒྱུད་པ་ཡིན༔ ཐོས་པས་ཐམས་ཅད་གྲོལ་བར་ངེས༔ དགོངས་ཚིག་གཅིག་ནས་གཅིག་ལ་གཏད༔ འདི་ཟབ་ཆོས་ཀུན་ཉིང་ཁུ་ཡིན༔ ཨོ་རྒྱན་བཻ་རོས་བཀའ་སྲུང་ལ༔ སྨོན་ལམ་བཏབ་ནས་བཀའ་ལུང་གཏད༔ སྨོན་ལམ་དབང་བསྐུར་བརྒྱུད་པ་ཚང༔ དགའ་རབ་རྡོ་རྗེས་ཨོ་རྒྱན་ཉིད་ལ་གཏད༔ ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་ཀྱིས༔ བཻ་རོ་རྗེ་འབངས་ཉི་ཤུ་རྩ་ལྔར་གཏད༔ རྗེ་འབངས་རྒྱ་མཚོ་བདག་རྣམས་ཀྱིས༔ བྱིན་རླབས་སྤྲུལ་པ་གཅིག་ལ་གཏད༔ བདག་གིས་མཁའ་འགྲོའི་སྲུང་མ་རྣམས་ལ་གཏད༔ སྲུང་མ་རྣམས་ཀྱིས་ལྔ་ལྡན་བུ་ཡི་མཆོག༔ ཐུགས་ཀྱི་གཏེར་བདག་རྡོ་རྗེའི་མིང་ཅན་དེ་ལ་གཏོད༔ དེས་ཀྱང་སྐྱེད་བྲག་འཁར་བའི་རྡོ་རྗེ་རཱ་ཧུ་ལ༔ མདའ་གང་པ་གཅིག་ཏུ་བཅུག་ནས༔ ཨོ་རྒྱན་གྱི་ལུང་བསྟན་ཕྱི་ནང་གསང་གསུམ་འདུག་པས༔ ཨོ་རྒྱན་པདྨ་བཻ་རོ་ཙ་ན་དང༔ རྗེ་འབངས་ཉི་ཤུ་རྩ་ལྔས་བྱིན་གྱིས་བརླབས་པ་ཡི༔ སྤྲུལ་པ་མཆོག་སྤྲུལ་གཅིག་དང་འཕྲད་པར་ཤོག༔ མིང་ཡང་པདྨ་རྒྱལ་པོར་མིང་བཏགས་ཤིང༔ གསང་མཚན་པདྨ་ཀུན་སྐྱོང་གླིང་པ་དང་འཕྲད་པར་ཤོག༔ གཏེར་སྟོན་དེ་ཡིས་ལུང་བསྟན་བུ་ལ་གཏོད༔ དེས་ཀྱང་གསང་ཞིང་གཏེར་སྲུང་མཁའ་འགྲོ་མཆོད༔ ཚོགས་འཁོར་བརྒྱ་རྩ་ཐོངས་ལ་སྤེལ༔ བརྒྱུད་པ་ཐམས་ཅད་རྫོགས་པ་ཡི༔ ཟབ་མོའི་དམ་ཆོས་འདི་ཉིད་དང༔ སུ་འཕྲད་གདོད་མར་གྲོལ་བར་ངེས༔ གཅིག་བརྒྱུད་ཡིན་པས་སྤེལ་མི་བྱ༔ གསང་ན་སླར་ཡང་དར་ཆ་ཆེ༔ ྈྈྈྈྈྈྈ ྈྈྈྈ སྨོན་ལམ་བཏབ་ཅིང་ལས་ཀྱི་ས་བོན་བཏབ་ཚུལ་གཏེར་གནས་དྲུང་དུ་འོང༔ ཨེ་མ་ཧོ༔ སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ༔ མཁའ་འགྲོའི་ཚོགས་འཁོར་བསྐོར་བའི་དུས༔ བདག་འདྲ་ཨ་ཙ་ར་ས་ལེ་ཡིས༔ གཏེར་གནས་དྲུང་དུ་སྨོན་ལམ་བཏབ༔ སློབ་དཔོན་ལོ་ཙཱའི་སྤྲུལ་པ་ཉིད༔ ཨོ་རྒྱན་ཐུགས་ཀྱི་བཀའ་བབས་ཏེ༔ ཟབ་ཆོས་གཏེར་འདི་སྤེལ་བའི་ཚེ༔ བུ་ཆེན་བཅུ་དྲུག་གཅིག་སྐྱེས་ནས༔ འཁོར་གྱི་ཐོག་མར་བཀའ་བབས་ཤིང༔ རང་ནོར་རང་ལོངས་སྤྱོད་པར་ཤོག༔ སེམས་ཅན་སྨིན་གྲོལ་འགོད་པར་ཤོག༔ དེ་བཞིན་བུ་ཆེན་བཅུ་དྲུག་གིས༔ ཆོས་བདག་རེ་རེར་སྨོན་ལམ་བཏབ༔ ྈྈྈྈྈྈྈ གཏེར་གནས་རེ་རེའི་དྲུང་དུ༔ བུ་ཆེན་རེ་རེས་སྨོན་ལམ་བཏབ་ཚུལ་འདི་རྣམས་སོ༔ ནམ་ཞིག་འདི་ལ་སྤྱོད་པའི་དུས༔ ཆོས་ཕྱིར་དཀའ་བ་སྤྱད་ནུས་པ༔ ཅི་ཡོད་ཆོས་ཕྱོགས་གཏོང་ནུས་པ༔ དམ་ཚིག་གཙང་ཞིང་སྙིང་རྗེ་ཆེ༔ འགྲོ་ཀུན་འདྲེན་པར་བདག་གྱུར་ཅིག༔ ྈྈྈྈྈྈྈྈྈ ཨེ་མ་ཟབ་ཆོས་སྙིང་གི་ཐིག་ལེ་འདི༔ རྒྱུད་ལས་གང་གསུངས་བུ་མཆོག་ནི༔ གསུམ་ལས་མང་ན་བཀའ་ཆད་འོང༔ ལོ་གསུམ་བརྟག་པ་གྱིས་ལ་སྤེལ༔ ལྔ་ལྡན་བུ་ཡི་དཔལ་དུ་ཤོག༔ དམ་ཉམས་ཁྲམ་པ་གཡོ་སྒྱུ་མཁན༔ ཁ་སྤྱང་དྲེད་པོ་གཡོ་སྒྱུ་མཁན༔ ཁ་ཡང་གཏིང་ཐུག་ཀླད་མེད་ལ༔ འདི་བྱིན་བསྟན་བླ་རིན་མེད་བཙོང༔ མཁའ་འགྲོ་རྣམས་ཀྱི་བཀའ་ཆད་འོང༔ གསེར་གྱི་མཎྜལ་བརྒྱ་འབུལ་དང༔ སྒྲུབ་པ་ལོ་ཟླར་འབུལ་བ་དང༔ ཚོགས་འཁོར་བརྒྱ་རྩ་མེད་པ་ལ༔ གསེར་ཆོས་ཡིན་པས་དམ་པར་བྱ༔ འདི་ཉིད་མཁའ་འགྲོའི་བཀའ་གཏད་དང༔ གཏེར་འབྱིན་ཆོས་བཀའ་འབྱེད་དུས་སུ༔ མཁའ་འགྲོ་རྣམས་ཀྱིས་ལུང་བསྟན་འོང༔ འདི་ཡི་ཆོས་བཀའ་ཞལ་ཕྱེ་བས༔ སངས་རྒྱས་བསྟན་པ་སུམ་ཅུར་བསྲིང༔ ཧོར་དམག་མུ་གེའི་ནད་ཡམས་ཞི༔ ས་ཕྱོགས་ཡུལ་སྡེ་ལོ་ཕྱུགས་ལེགས༔ བཀྲ་ཤིས་རྟགས་ནི་མང་དུ་འབྱུང༔ དང་པོར་འདུས་པའི་འཁོར་སློབ་ནི༔ ཁྱི་ཕག་ཡིན་ཡང་བདེ་ཆེན་ཞིང་དུ་འགྲོ༔ ྈྈྈ ྈྈ ས་རྟགས་ཐམས་ཅད་ཤར་བའི་དུས༔ བར་ཆད་ཀུན་ལ་འཛེམ་པར་བྱ༔ ཤོག་སེར་དམ་རྫས་མ་ལུས་ཀུན༔ དངོས་གྲུབ་ལོངས་ལ་གཏེར་དུ་སྦོས༔ ལོ་གསུམ་དབེན་སར་རང་ཉམས་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ བཀའ་རྒྱ༔ ཨེ་མ་མངའ་བདག་བཻ་རོའི་སྤྲུལ་པ་དེ་ལ༔ རྒྱལ་བ་དགོངས་བརྒྱུད༔ རིག་འཛིན་བརྡ་བརྒྱུད༔ མིང་འདོགས་མཁན་བརྒྱུད་ཀུན་སྐྱོང་གླིང༔ ཉམས་དངོས་ཁྲིད་བཏབ་སྙན་བརྒྱུད་དང༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་དང༔ ཚིག་བརྒྱུད་ཤོག་སེར་བརྒྱུད་པ་དང༔ བཀའ་བབས་བྱིན་རླབས་བརྒྱུད་པ་དང༔ ཉམས་ལེན་མཐར་ཐུག་བརྒྱུད་པ་དང༔ ཐམས་ཅད་དུས་མཉམ་གཅིག་ཏུ་སྦྱོར༔ འདི་ཉིད་རྟོགས་གྲོལ་དུས་གཅིག་འབྱུང༔ སྦས་པའི་གཏེར་ཁ་བརྒྱ་རྩ་འབྱེད༔ དགོངས་གཏེར་རྡོ་རྗེ་སེམས་དཔའི་རྒྱུད༔ བསྟན་པ་ཀུན་གྱི་ཡང་བཅུད་མཆོག༔ སྐལ་ལྡན་རེག་པ་དོན་དང་ལྡན༔ ཨོ་རྒྱན་ཐུགས་སྲས་དངོས་དང་སྤྲོད༔ ས་མ་ཡ་རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ ལུང་རྒྱ༔ མེ་ལོང་ལྟ་བུའི་ལུང་བསྟན་མཆོག །ཕྱི་ནང་མ་བསྒྲིབས་ཀུན་ཏུ་གསལ། །རྗེས་འཇུག་ལུང་བསྟན་ངེས་ཤེས་འདྲོང་། །གསལ་བའི་ལྡེ་མིག་ངོ་མཚར་ཆེ། །སྤྲུལ་སྐུ་ཀུན་སྐྱོང་གླིང་པས་སྐྱེ་བྲག་ནས་གདན་དྲངས་པའོ། །ྀཨཚ།༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ ཡེ་ཤེས་སྤྲོས་བཅས་དང་སྤྲོས་མེད་ཀྱི་དབང་བཞུགས་སོ༔ ྈྈྈྈྈ ྈྈྈྈ རྒྱ་གར་སྐད་དུ༔ བཛྲ་སཏྭ་ཏི་ལ་ཨ་བྷི་ཥིཉྩ་ནཱ་མ༔ བོད་སྐད་དུ༔ ཨ་ཏི་ཡང་རྩེ་ཐེག་པའི་ཡང་བཅུད་ཀྱི་དབང་ཞེས་བྱ་བ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཕྱོགས་སུ་མ་ལྷུང་བ༔ མ་བསྒོམ་པར་སངས་རྒྱ་བ༔ རྒྱུད་ཐམས་ཅད་ཀྱི་རྩ་བ༔ ལུང་ཐམས་ཅད་ཀྱི་མཛོད༔ མན་ངག་ཐམས་ཅད་ཀྱི་ཉིང་ཁུ༔ གསང་བ་ལས་ཀྱང་ཡང་གསང་བ༔ རྡོ་རྗེ་སེམས་དཔའ་མ་འཁྲུལ་པའི་དགོངས་པ༔ འཁོར་བ་དོང་སྤྲུགས་སུ་ངོ་སྤྲད་པ༔ བསྟན་པ་ཐམས་ཅད་ཀྱི་ཡང་བཅུད༔ ཕྱི་ནང་གསང་བ་གསུམ་གྱི་ཡང་བཅུད༔ སྐུ་གསུམ་སྟོན་པའི་མེ་ལོང༔ འདིའི་དབང་བསྐུར་བསྟན་པ་ནི༔ དབེན་གནས་དགའ་བའི་གནས་མཆོག་ཏུ༔ རྒྱུད་ནས་གསུངས་པ་ཇི་བཞིན་དུ༔ བླ་མ་མཚན་ཉིད་དང་ལྡན་པ་དང༔ སློབ་མ་དམ་ཚིག་དང་ལྡན་པ་ནི༔ གསུམ་མམ་ལྔའམ་བདུན་ལ་སོགས་པ་ལ༔ སྤྲོས་བཅས་དང་ནི་སྤྲོས་མེད་དང༔ ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་དང༔ དབང་བཞི་རིམ་པར་བསྐུར་བར་བྱ༔ དེ་ལ་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ༔ དེ་ལ་སྔོན་དུ་འགྲོ་བ་ནི༔ རྒྱུད་ལས༔ གཏོར་ཚོགས་མཐུན་རྐྱེན་ཚོགས་པར་བསགས༔ ཁྲུས་བྱས་སྐྱབས་སོང་མཎྜལ་འབུལ༔ ཞེས་པས༔ མཎྜལ་པདྨ་འདབ་བརྒྱད་དཔེའུ་ཆུང་ལྟར་བཤམས་ལ༔ མུ་ཁྱུད་འཇའ་ཚོན་རིས་སུ་བསྐོར་བའི་དབུས་སུ༔ རིན་པོ་ཆེའི་བུམ་པའམ་རྫ་བུམ་ཚད་དང་ལྡན་པ༔ གུ་གུལ་གྱི་དུད་པས་བདུག་ཅིང་བགེགས་བསྐྲད༔ སྨན་ལྔ༔ འབྲུ་ལྔ༔ སྙིང་པོ་ལྔ༔ རིན་པོ་ཆེ་ལྔ་ལ་སོགས་བུམ་རྫས་ཀྱིས་བཀང་སྟེ༔ ཁ་རྒྱན་དང་མགུལ་ཆིངས་སྣ་ལྔས་བརྒྱན་པ་གཞག་པར་བྱའོ༔ དེའི་གཡས་སུ་ཀ་པཱ་ལ་མཚན་དང་ལྡན་པའི་ནང་དུ་ཆང་བཟང་པོས་བཀང་ལ༔ ཨ་མྲྀ་ཏ་དང་མངར་གསུམ་བཏབ་ལ་གཞག༔ གཡོན་དུ་རྩ་བ་གསུམ་གྱི་གཏོར་མ་རྒྱན་དང་ལྡན་པ་གཅིག་བཟང་དུ་བཤམ༔ མདུན་དུ་རྨ་བྱའི་མདོངས་ཕོད་བཙུགས༔ གཞན་ཡང་ཕྱི་ནང་གསང་བའི་མཆོད་པ༔ མཁའ་འགྲོ་ཆོས་སྐྱོང་མཉེས་པའི་གཏོར་ཚོགས་རྒྱན་གྱིས་མཛེས་པ་བཤམ༔ ཡོལ་བ་དང་བླ་བྲེས་ལ་སོགས་པ་ཕྱི་ནང་གི་བཀོད་པས་མཛེས་པར་བཤམ༔ དེ་ནས་བླ་མ་ཉིད་ཁྲི་མཐོན་པོའི་ཁར་བཞུགས་ཏེ༔ ཏིང་ངེ་འཛིན་དང་ལྡན་པས་ལས་བུམ་གྱི་ཆུས་སློབ་མ་རྣམས་ལ་ཁྲུས་དག་པར་བྱས་ལ༔ བགེགས་བསྐྲད༔ སྐྱབས་སུ་འགྲོ་བ་དང༔ སེམས་བསྐྱེད་པ༔ ཐུན་མོང་བ་རྣམས་བྱས་ལ༔ ཕྲིན་ལས་ཀྱི་གཞུང་བསྲང་སྟེ༔ ཚོགས་ལ་རོལ་བར་བྱའོ༔ དེ་ནས་སློབ་མ་རྣམས་ལངས་ལ་ལག་ཏུ་མེ་ཏོག་ཐོགས་ཏེ༔ ཐོག་མར་ཞུ་བ་འདི་ལྟར་དུ་འབུལ་བར་བྱའོ༔ ཀྱེ་ཧོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ ལས་ཀྱི་རྡོ་རྗེ་དམ་ཚིག་ཅན༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ དད་མོས་ལྡན་པའི་སློབ་མ་ལ༔ ཡང་དག་སྨིན་བྱེད་དབང་བསྐུར་བཞི་རྫོགས་ཞུ༔ གྲོལ་བྱེད་རིག་པའི་ཡེ་ཤེས་བསྟན་དུ་གསོལ༔ ཞེས་ལན་གསུམ་བརྗོད་ནས༔ བླ་མས་འདི་སྐད་དོ༔ ཧོ༔ བུ་རྣམས་ལེགས་པར་གུས་པས་ཉོན༔ དམ་ཚིག་སྡོམ་པ་ཀུན་ཐུབ་བམ༔ སྙིང་པོའི་དོན་ནི་སྒོམ་ནུས་སམ༔ ཡང་དག་དོན་ལ་འཇུག་ནུས་སམ༔ ཞེས་པས་ལན་གསུམ་གསུམ་དྲི་བར་བྱའོ༔ སློབ་མས་འདི་སྐད་བརྗོད་པར་བྱ༔ འདི་ནས་གཟུང་སྟེ་བྱང་ཆུབ་བར༔ བླ་མས་ཅི་གསུང་སྒྲུབ་ནུས་ཤིང༔ ཡང་དག་དོན་ལ་འཇུག་པ་དང༔ སྙིང་པོའི་དོན་ནི་སྒོམ་ནུས་ལགས༔ ཞེས་དམ་བཅའ༔ དེ་ནས་སྐྱབས་འགྲོ་སེམས་སྐྱེད་སྡོམ་པ་འབོགས༔ བླ་མའི་དྲུང་དུ་སློབ་མ་རྣམས་ཙོག་པུར་འདུག་སྟེ༔ མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་བཞུགས་པར་བསྒོམ་སྟེ༔ མོས་ཤིང་གུས་པས་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཞིང་གྱུར་དགེ་འདུན་ལ༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་འབྱུང་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ ཁྱབ་བརྡལ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུར༔ བདག་དང་འགྲོ་དྲུག་སྐྱབས་སུ་མཆི༔ ཧོ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་དགོངས༔ འདི་ནས་བྱང་ཆུབ་མ་འཐོབ་བར༔ འགྲོ་དྲུག་མ་བུའི་འདུ་ཤེས་ཀྱིས༔ བྱང་ཆུབ་སྨོན་པའི་སེམས་བསྐྱེད་དོ༔ ཧོ༔ སྔོན་གྱི་རྒྱལ་བས་སྡོམ་བཟུང་ལྟར༔ དེང་ནས་འཁོར་བ་མ་སྟོངས་བར༔ མ་གྲོལ་སྒྲོལ་དང་མ་བསྒྲལ་བསྒྲལ༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ དེ་ནས་སྡོམ་པ་གཟུང་བ་ནི༔ ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ བླ་མ་ཡི་དམ་མི་སྤང་ངོ༔ སྐུ་གསུམ་ཉིད་དང་འབྲལ་མི་བྱ༔ རང་སེམས་གཙང་མར་དཔང་འཛུག་གོ༔ དེ་ནས་མཎྜལ་འབུལ་བ་ནི༔ མཎྜལ་གྱི་ཚོམ་བུ་རྣམས་བཀོད༔ སློབ་བུ་རྣམས་ཀྱིས་ཚིག་འདིས་འབུལ༔ ཨེ་མ་ཧོ༔ ཕྱི་ནང་སྣོད་བཅུད་འཇིག་རྟེན་ཞིང་ཁམས་སུ༔ དངོས་འབྱོར་ཡིད་སྤྲུལ་བླ་མེད་མཆོད་པའི་རྫས༔ རང་སྣང་དག་པས་བཤམས་པའི་མཎྜལ་འདི༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་འབུལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་འབུལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་འབུལ༔ བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ སྐུ་གསུམ་ལྷུན་གྲུབ་འབྲས་བུ་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་འབུལ༔ བྱིན་དབབ་པ་ནི༔ རྡོ་རྗེ་སེམས་དཔའ་དང༔ ཨོ་རྒྱན་ཡབ་ཡུམ་གྱི་ལྷ་ཚོགས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཁྲ་དཔུང་ངེ་འཐིབས་སེ་བཞུགས་པར་བསྒོམས་ལ༔ རོལ་མོའི་སྒྲ་དང་བཅས་ཏེ༔ རིག་པ་ནམ་མཁའི་དབྱིངས་སུ་འཕང་ཞིང༔ ཤེས་པ་གཟེངས་བསྟོད་ལ༔ སྤོས་དང་རོལ་མོ་དང༔ གླུ་གར་རུས་རྒྱན་ལ་སོགས་འཆམས་པར་བྱའོ༔ དེ་ནས་མནའ་ཆུ་བླུད་པ་ནི༔ ཧཱུྃ༔ དམ་ཚིག་བདུད་རྩིའི་ཆུ་འདི་ཉིད༔ ཁྱེད་ལ་སྦྱིན་གྱིས་ཐུབ་པར་སྲུངས༔ ཉམས་ན་དམྱལ་བའི་རྒྱུ་ཡིན་ཏེ༔ ཐུབ་ན་ཡོན་ཏན་བསམ་མི་ཁྱབ༔ དེས་ན་དམ་སྲུངས་ཆུ་འདི་འཐུངས༔ ས་མ་ཡ་ཨ་མྲྀཏ་ཧཱུྃ༔ སློབ་མས་ཁས་བླངས་པ༔ ཧོ༔ ཇི་ལྟར་ཁས་བླངས་དམ་བཅས་ལྟར༔ སྲོག་ཕྱིར་མི་གཏང་ན་ར་ཀན༔ བསྐལ་པ་ཞིག་ཀྱང་གཏང་རེ་ཤི༔ ཞེས་བརྗོད་དོ༔ གཉིས་པ་དབང་བསྐུར་བ་དངོས་གཞི་ལ༔ རྒྱུད་ལས༔ སྔོན་འགྲོའི་རིམ་པ་རྫོགས་ནས་ནི༔ དེ་ནས་དངོས་གཞིའི་རིམ་པ་བསྟན༔ སྤྲོས་བཅས་བུམ་དབང་ལུས་ལ་བསྐུར༔ ཞེས་པས༔ དབུས་ཀྱི་བུམ་པ་དེ་ཉིད༔ དཀོན་མཆོག་གསུམ་དུ་གསལ་བའི་མཛོད་སྤུ་ནས་འོད་ཟེར་བྱུང་སྟེ་སློབ་བུའི་ལུས་ལ་ཐིམ་པས༔ ལུས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག༔ སྐུ་བུམ་དབང་ཐོབ་པའི་མོས་པ་བྱས་ལ༔ བུམ་པ་སྤྱི་བོར་བཞག་ནས༔ ཨོཾ༔ དཀོན་མཆོག་གསུམ་གྱི་དབང་བསྐུར་ནི༔ བུམ་པ་འདི་ལ་བརྟེན་ནས་མཛད༔ བུམ་པ་ཡེ་ཤེས་གཞལ་ཡས་ཁང༔ ཕྱི་ནང་མེད་པར་ཟང་ཐལ་སྐུ༔ དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས༔ ལུས་ཀྱི་སྡིག་པ་དག་གྱུར་ནས༔ བསྐྱེད་རིམ་ལྷ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཨོཾ་ཨོཾ༔ ཞེས་བུམ་ཆུ་ཁར་བླུད༔ བུམ་པ་གནས་གསུམ་དུ་གཞག༔ དེས་ལྷའི་སྐུ་སྒོམ་པའི་སྐལ་བ་ལ་དབང༔ བསྐྱེད་པ་མ་ཧཱ་ཡོ་གའི་དབང་ཐོབ་པ་ཡིན་ནོ༔ དེ་ནས་བླ་མ་ཡོན་གྱིས་མཉེས་པར་བྱའོ༔ དེ་ནི་སྤྲོས་བཅས་བུམ་པའི་དབང་ངོ༔ ྈྈྈྈ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈྈྈྈྈ གཉིས་པ་སྤྲོས་མེད་ཀྱི་དབང་བསྐུར་ནི༔ རྒྱུད་ལས༔ སྤྲོས་མེད་གསང་དབང་ངག་ལ་བསྐུར༔ ཞེས་པས༔ གོང་ལྟར་ཚོགས་གཏོར་དང༔ ཞུ་བ་འབུལ་བ་དང༔ དམ་ཚིག་མནའ་ཆུ་བླུད་པ་ཡན་ཆད་སྔོན་དུ་སོང་ནས༔ དངོས་གཞི་བྷནྡྷ་བདུད་རྩིས་བཀང་པ་དེ་ཉིད༔ རྩ་བ་གསུམ་གྱི་ལྷ་ཚོགས་ཡབ་ཡུམ་སྡེ་དང་བཅས་པར་བསམ་ལ༔ མགྲིན་པར་བཞག་སྟེ༔ རྩ་བ་གསུམ་དུ་གསལ་བའི་ལྗགས་ལས་འོད་ཟེར་བྱང་སེམས་དཀར་དམར་གྱི་ཚུལ་དུ་བབས༔ ངག་ལ་ཐིམ་པས་ངག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག༔ གསུང་གི་དབང་ཐམས་ཅད་ཐོབ་པར་མོས་པ་བྱས་ཏེ༔ ཨཱ༔ རྩ་བ་གསུམ་གྱི་དབང་བསྐུར་ནི༔ བདུད་རྩི་འདི་ལ་བརྟེན་ནས་མཛད༔ ཐོད་པ་ཡེ་ཤེས་གཞལ་ཡས་ཁང༔ ཕྱི་ནང་མེད་པ་ཟང་ཐལ་སྐུ༔ རྩ་བ་གསུམ་གྱི་བྱིན་གྱིས་བརླབས༔ ངག་གི་སྒྲིབ་པ་དག་གྱུར་ནས༔ བཟླས་བརྗོད་སྔགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱཿཨཱ༔ ཞེས་བདུད་རྩི་ལྕེ་ལ་གཞག༔ དེས་སྙིང་པོ་བཟླས་པའི་སྐལ་བ་དང་ལྡན༔ ལུང་ཨ་ནུ་ཡོ་གའི་དབང་ཐོབ་པ་ཡིན་ནོ༔ བླ་མ་ཡོན་གྱིས་མཉེས་པར་བྱས༔ དེ་ནི་སྤྲོས་མེད་གསང་བའི་དབང་ངོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈ ྈྈྈ ྈྈྈྈྈ གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི༔ རྒྱུད་ལས༔ ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི༔ དབང་མཆོག་སེམས་ལ་བསྐུར་བར་བྱ༔ ཞེས་པས༔ གཏོར་ཚོགས་འབུལ་བ༔ ཞུ་བ་འབུལ་བ༔ མནའ་ཆུ་བླུད་པ་ཡན་ཆད་ཀྱི་སྔོན་འགྲོ་རྣམས་སྤྲོས་བཅས་ཀྱི་སྐབས་ལྟར་བྱས་ལ༔ དངོས་གཞི་ནི༔ གཏོར་མ་རྒྱན་དང་ལྡན་པ་དེ་ཉིད༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་རྟགས་སུ་གསལ་བས༔ སྐུ་གསུམ་གྱི་ལྷ་ཚོགས་སྣང་ལ་རང་བཞིན་མེད་པའི་ཐུགས་ཀ་ནས་ཡེ་ཤེས་ལྔ་ལྡན་གྱི་འོད་ཟེར་བྱུང་སྟེ༔ རང་གི་སྙིང་ག་ལ་ཐིམ་པས་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག༔ ཐུགས་ཀྱི་དབང་ཐམས་ཅད་ཐོབ༔ ཡེ་ཤེས་རང་གསལ་དོན་ཐམས་ཅད་རྒྱུད་ལ་སྐྱེས་པར་བསམ༔ གཏོར་མ་སྙིང་ཁར་བཞག་སྟེ༔ ཧཱུྃ༔ སྐུ་གསུམ་རྫོགས་པའི་དབང་བསྐུར་ནི༔ གཏོར་མ་འདི་ལ་བརྟེན་ནས་མཛད༔ གཏོར་སྣོད་རྣམ་དག་ཆོས་ཀྱི་སྐུ༔ གཏོར་མ་འདོད་ཡོན་ལོངས་སྤྱོད་རྫོགས༔ སྣ་ཚོགས་རྒྱན་ལྡན་སྤྲུལ་པའི་སྐུ༔ སྐུ་གསུམ་ཡོངས་རྫོགས་བྱིན་བརླབས་པས༔ སེམས་ཀྱི་སྒྲིབ་པ་དག་གྱུར་ནས༔ སྟོང་གསལ་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཞེས་གཏོར་མ་སྙིང་ཁར་ལན་གསུམ་གཏུགས༔ རྫོགས་རིམ་སྒོམ་པའི་སྐལ་བ་དང་ལྡན་ཞིང༔ རྫོགས་པ་ཆེན་པོ་ཨ་ཏིའི་དབང་ཐམས་ཅད་ཐོབ་པ་ཡིན་ནོ༔ བླ་མ་ཡོན་གྱིས་མཉེས་པར་བྱ༔ དེ་ནི་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈ ྈྈྈྈྈྈྈ བཞི་པ་རབ་ཏུ་སྤྲོས་མེད་རིག་པའི་རྩལ་དབང་ནི༔ རྒྱུད་ལས༔ རབ་ཏུ་སྤྲོས་མེད་རྩལ་གྱི་དབང༔ ཅིར་སྣང་དག་པར་བསྐུར་བར་བྱ༔ ཞེས་གསུངས་པས༔ གཏོར་ཚོགས་འབུལ་བ༔ ཞུ་བ་འབུལ་བ་དང་མནའ་ཆུ་བླུད་པ་ཡན་སྔོན་འགྲོ་རྣམས་སྤྲོས་བཅས་ཀྱི་སྐབས་ལྟར་བྱས་ལ༔ དངོས་གཞིར་རྨ་བྱའི་མདོངས་བསྟན་ཏེ༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་སྐུ་ཡི་རང་མདངས་ལས༔ ཁ་དོག་སྣ་ཚོགས་སྟོན་མཛད་པ༔ ལུ་གུ་རྒྱུད་ཀྱི་ངོ་བོ་ཉིད༔ དེ་ཡི་རྟགས་སུ་རྨ་བྱ་འདི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་སྦུབས་སུ་སངས་རྒྱས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ནམ་མཁའ་དྭངས་པའི་ཕྱོགས་སུ་རྨ་བྱ་བསྟན་ནས༔ མིག་འབྲས་མ་ཡེངས་པར་དེར་འཛིན་མེད་པར་སལ་ལེ་ཞོག་ཅིག༔ ཅེས་བརྗོད༔ དེས་རྫོགས་པ་ཆེན་པོ་བླ་ན་མེད་པ་སྒོམ་པའི་སྐལ་བ་དང་ལྡན༔ རྫོགས་པ་ཆེན་པོ་བླ་ན་མེད་པའི་དབང་ཐམས་ཅད་ཐོབ་པ་ཡིན་ནོ༔ དེའང་རྒྱུད་ལས༔ དེ་ཡིས་དབང་མཆོག་མ་ལུས་ཐོབ༔ གསང་སྔགས་འཆང་བའི་སྣོད་དུ་རུང༔ དགའ་སྟོན་བྱ་ཞིང་ཚོགས་ཀྱི་འཁོར་ལོ་བསྐོར༔ ཞེས་གསུངས་སོ༔ བླ་མ་མཁའ་འགྲོ་ཆོས་སྐྱོང་མཉེས་པའི་ཚོགས་འཁོར་དང༔ དགའ་སྟོན་ཆེན་པོ་བྱ༔ བླ་མ་དེ་ལ་བཞེད་པ་མེད་ཀྱང༔ ཡོན་གྱིས་མཉེས་པར་བྱས་ཏེ༔ བུ་དང་བུ་མོ་ཆུང་མ་ནོར་བུ་ལ་སོགས་མཁོ་བའི་ཡོ་བྱད་ཀུན་གྱིས་མཉེས་པར་བྱ་སྟེ༔ དེ་ནི་རབ་ཏུ་སྤྲོས་མེད་རིག་པ་རྩལ་གྱི་དབང་ཞེས་བྱ་སྟེ༔ ཐེག་པ་ཡོངས་རྫོགས་ཀུན་གྱི་སྙིང་པོ་ཡིན་ནོ༔ ྈྈྈྈ ྈྈ གསུམ་པ་རྗེས་ཀྱི་རིམ་པ་ལ་ཡང༔ དབང་བརྟན་པའི་དམ་ཚིག༔ དབང་མ་འཐོབ་པའི་སྐྱོན༔ ཐོབ་པའི་ཡོན་ཏན་ནོ༔ དང་པོ་དབང་བརྟན་པའི་དམ་ཚིག་ནི༔ རྒྱུད་ལས༔ ཉན་ཐོས་བྱང་ཆུབ་སེམས་དཔའ་དང༔ གསང་སྔགས་དམ་ཚིག་མ་ཉམས་བསྲུང༔ ཁྱད་པར་དམ་ཚིག་སྐུ་གསུང་ཐུགས༔ སྲོག་ལ་བབ་ཀྱང་བསྲུང་བར་བྱ༔ ཞེས་པས༔ སྤྱིར་ན་ཉན་ཐོས་ཀྱི་འདུལ་ཁྲིམས༔ བྱང་ཆུབ་སེམས་དཔའི་བསླབ་པ༔ གསང་སྔགས་ཀྱི་དམ་ཚིག་རྣམས་གཞུང་བཞིན་དུ་མ་ཉམས་པར་བྱ་ཞིང༔ ཁྱད་པར་དུ་ཐེག་མཆོག་འདིའི་དམ་ཚིག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྲུང་ན༔ དམ་ཚིག་བསྲུང་བྱ་ཐམས་ཅད་རྫོགས་པ་ཡིན་ལ༔ སྐུའི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་དང༔ སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་དང༔ ཡི་དམ་ཞི་ཁྲོ་མཆེད་ལྕམ་དང༔ སེམས་ཅན་ཐམས་ཅད་ལ་འཐབ་རྩོད་དང་རྐུ་འཕྲོག༔ རྡེག་བཙོག་གསོད་གཅོད༔ དག་སྣང་ལོག་པ་ལ་སོགས་པའི་མི་དགེ་བ་རྣམས་མི་བྱ་ཞིང༔ སྐུའི་རིགས་སུ་གྱུར་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་པ་འབུལ་ལོ༔ སྣོད་བཅུད་ཐམས་ཅད་ལྷ་རུ་བསྒོམ༔ དེ་ནི་སྐུའི་དམ་ཚིག་ཡིན༔ བསྲུངས་པའི་ཡོན་ཏན་ནི༔ གནས་སྐབས་སུ་ལུས་ཀྱི་ནད་གདོན་ཞི༔ གཟི་བརྗིད་ཕུན་སུམ་ཚོགས༔ མཐར་ཐུག་བདེ་བར་གཤེགས་པའི་སྐུ་ཐོབ་པ་ལ་སོགས་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ༔ མ་བསྲུང་ན་ན་རག་དམྱལ་བར་སྐྱེས་ཏེ༔ ལུས་ལ་སྡུག་བསྔལ་སྣ་ཚོགས་འབྱུང་ངོ༔ གསུང་གི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་གྱིས་ཅི་གསུང་གི་བཀའ་ཉན་ཞིང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ མཆེད་དང་ལྕམ་དྲལ་གང་ཟག་ཕལ་པ་རྣམས་ལ་ཡང་མི་སྨད་ཅིང༔ དད་པ་ཚུལ་བཞིན་བྱེད༔ བཟླས་བརྗོད་གང་འགྲུབ་བྱེད་ཅིང་འབྱུང་བ་ལྔ་ལ་སོགས་པའི་སྒྲ་སྐད་ཐམས་ཅད༔ ཆོས་དང་གསང་སྔགས་ཀྱི་རང་སྒྲར་བསམ་མོ༔ གསུང་གི་དམ་ཚིག་བསྲུང་ན༔ གནས་སྐབས་སུ་ངག་ལ་ནུས་པ་འབྱུང༔ བདེན་པའི་ཚིག་འགྲུབ༔ མཐར་ཐུག་བདེ་བར་གཤེགས་པའི་གསུང་ཐོབ་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ༔ གསུང་གི་དམ་ཚིག་ཉམས་ན་འགྲོ་བ་རྣམས་ངག་ལ་མི་ཉན༔ ངག་གླེན་ལྐུགས་ལ་སོགས་པ་ལྟས་ངན་མི་མཐུན་པ་སྣ་ཚོགས་འབྱུང་ངོ༔ ཐུགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ་དང༔ སེམས་ཅན་ཐམས་ཅད་ལ་བསམ་ངན་དང༔ བློ་ངན་ཐམས་ཅད་སྤངས་ལ༔ བསམ་པ་བཟང་པོས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ མཐར་ཅི་བསམ་ཐམས་ཅད་ཆོས་དང་མཐུན་པ་ལ་སོགས་བྱའོ༔ ཐུགས་ཀྱི་དམ་ཚིག་བསྲུངས་པའི་ཡོན་ཏན་ནི༔ གནས་སྐབས་སུ་བསམ་པ་ཡིད་བཞིན་དུ་འགྲུབ༔ མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་རོ༔ ཐུགས་ཀྱི་དམ་ཚིག་ཉམས་ན༔ གནས་སྐབས་སུ་བསམ་ངན་དང་བློ་ངན་འཆར་ཞིང༔ སྙིང་རླུང་དང་སྨྱོ་འབོག་འོང་ངོ༔ མཐར་ཐུག་ཏིང་ངེ་འཛིན་ནུབ༔ ལྟ་བ་ལོག་པར་འགྱུར་ཏེ༔ ན་རག་གི་སྡུག་བསྔལ་མྱང་བར་འགྱུར་བས༔ དམ་ཚིག་མ་ཉམས་པར་བསྲུང་བ་གཅེས་སོ༔ དབང་མ་འཐོབ་པའི་སྐྱོན་ནི༔ རྒྱུད་ལས༔ དེ་ལྟར་དབང་མཆོག་མ་འཐོབ་ན༔ གསང་སྔགས་འགྲུབ་པར་ག་ལ་འགྱུར༔ ཅེས་གསུངས་པས༔ དབང་མ་འཐོབ་པ་ནི༔ དཔེར་ན༔ རྫ་སོ་མ་བཏང་བར་ཆུ་བླུགས་པ་དང་འདྲ་སྟེ༔ དེ་མ་ཐག་ཏུ་འཇིག་པར་འགྱུར་རོ༔ མཉན་པ་སྐྱ་བ་མེད་པ་དང་འདྲ་སྟེ༔ སྡུག་བསྔལ་གྱི་ཆུ་བོ་ལས་བརྒལ་མི་ནུས་སོ༔ བྲག་སྐམ་པོ་ལ་སོ་ནམ་བྱས་པ་དང་འདྲ་སྟེ༔ གསང་སྔགས་ཀྱི་འབྲས་བུ་སྨིན་པར་མི་འགྱུར་རོ༔ དབང་ཐོབ་པའི་ཡོན་ཏན་ནི༔ རྒྱུད་ལས༔ དབང་རྣམས་རབ་ཏུ་ཐོབ་བྱས་ན༔ གསང་སྔགས་ཐམས་ཅད་མ་བསྒྲུབ་འགྲུབ༔ ཅེས་པས༔ དབང་ཐོབ་པའི་སྐལ་ལྡན་དེ་ཉིད༔ ཚེ་འདིར་བསམ་པ་ཐམས་ཅད་འགྲུབ་ཅིང༔ གསང་སྔགས་ཀྱི་འབྲས་བུ་ཐམས་ཅད་མ་བསྒྲུབ་པར་འགྲུབ་པ་ཡིན་ནོ༔ བར་དོ་ལ་རང་ངོ་ཤེས་ནས་ཕྱི་མ་མངོན་པར་རྫོགས་པར་སངས་རྒྱ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཐེག་པ་ཀུན་གྱི་ཡང་བཅུད་ཀྱི༔ སྨིན་བྱེད་དབང་བསྐུར་རིམ་པ་ནི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱུད་དོན་བླ་མའི་གསུང་རྣམས་ལ༔ བརྟེན་ནས་གསལ་བར་བཀོད་པ་འོ༔ འདི་ནི་གཞན་དང་མི་འདྲ་སྟེ༔ སྨིན་དང་གྲོལ་བ་དུས་གཅིག་འབྱུང༔ ཟབ་ཕྱིར་རིན་ཆེན་ས་ལ་སྦས༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ཐེག་པ་ཀུན་གྱི་ཡང་བཅུད༔ སྙིང་གི་ཐིག་ལེའི་རིམ་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ྈྈྈྈྈྈྈྈྈྈ སྤྲུལ་སྐུ་ཀུན་སྐྱོང་གླིང་པས་མ་ཚོར་གཉན་གྱི་གསང་ཕུག་ནས་གདན་དྲངས་པའི་གཏེར་མའོ།། ༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ སྔོན་དུ་འགྲོ་བའི་ཁྲིད་མཆོག་འཁོར་བ་དོང་སྤྲུག་བཞུགས་སོ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ ལས་དང་སྐལ་བར་ལྡན་པ་ཡི༔ སྐྱེས་བུས་དོན་ཆེན་ཐོབ་འདོད་ན༔ ལམ་མཆོག་འདི་ལ་འཇུག་པའི་ཕྱིར༔ སྔོན་འགྲོའི་གནད་རྣམས་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལམ་མཆོག་ཐེག་པ་ཀུན་གྱི་ཡང་བཅུད༔ འདིར་འཇུག་པའི་སྐྱེས་བུ་རྣམས་ཀྱིས༔ སྔོན་དུ་འགྲོ་བའི་གདམས་པ་ལ༔ གོལ་ས་མེད་པའི་ལམ༔ འཆུགས་པ་མེད་པའི་གནད༔ ལོང་བའི་སྣ་ཁྲིད་དང་འདྲ་བ་འདི་ཉིད་ཉམས་སུ་ལེན་པ་གཅེས་སོ༔ རྒྱུད་ལས༔ འཁོར་བའི་ཉེས་དམིགས་མི་རྟག་བསྒོམ༔ རིགས་དྲུག་སྡུག་བསྔལ་ཡིད་ལ་བསམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ཤིང༔ ཞེས་གསུངས་པས༔ དང་པོ་བློ་ཆོས་སུ་འགྲོ་བར་བྱ༔ འཁོར་བའི་ཉེས་དམིགས་དང༔ མི་རྟག་པ་བསྒོམ་སྟེ༔ འཁོར་བ་འདི་ནི་རླུང་གི་འཁོར་ལོ་དང་འདྲ་སྟེ༔ ཐོན་པའི་དུས་མེད༔ ཁམས་གསུམ་རིགས་དྲུག་གི་ལུས་གང་བླངས་ཀྱང༔ བདེ་བའི་གོ་སྐབས་མེད༔ སྡུག་བསྔལ་གྱིས་རབ་ཏུ་གཟིར་ནས་ཉོན་མོངས་པར་གྱུར་ཏེ༔ དམྱལ་བའི་གནས་ནའང༔ ཚ་དམྱལ་བརྒྱད༔ གྲང་དམྱལ་བརྒྱད༔ ཉི་ཚེ་བ་དང༔ ཉེ་འཁོར་ལ་སོགས༔ བཙོ་བསྲེག་བཤའ་དང་གཏུབ༔ འཁྱག་པ་སྡུག་བསྔལ་ལ་སོགས་བསམ་གྱིས་མི་ཁྱབ༔ བྱོལ་སོང་ལའང་གསད་གཅད་བཀོལ་སྤྱོད་ལ་སོགས་ཉིང་ཤ་ཉིང་གིས་ཟ་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ༔ ཡི་དྭགས་ལའང་ཕྱི་ནང་གི་སྒྲིབ་པ་ཅན་ལ་སོགས་པ་བཀྲེས་སྐོམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ༔ ལྷ་མ་ཡིན་གྱི་གནས་ལའང་ཕྲག་དོག་དང་འཐབ་རྩོད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ༔ ལྷའི་གནས་ནའང༔ འཆི་འཕོ་ལྟུང་བའི་སྡུག་བསྔལ་ལ་སོགས་པ་དཔག་ཏུ་མེད་པ་ཡོད་ཅིང༔ མིར་སྐྱེས་ཀྱང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་ཅིང༔ ད་རེས་དམ་པའི་ཆོས་མེད་ན་དཔེར་ན་མྱུར་འགྲོའི་འཁོར་ལོ་ལྟ་བུར་འཁོར་བར་འཁོར་ཏེ༔ བདེ་བའི་གོ་སྐབས་གཅིག་ཀྱང་མེད་པར་སྡུག་བསྔལ་གྱིས་གཟིར་བས་ཐར་པའི་སྐབས་མེད་པ་ཡིན་ནོ༔ དེ་ལྟར་ཡིན་པའང་རྒྱུད་ལས༔ རྣམ་སྨིན་ལས་ཀྱིས་རྐྱེན་བྱས་ནས༔ རླུང་གི་འཁོར་ལོ་ལྟ་བུར་འཁོར༔ རིགས་དྲུག་ལ་སོགས་གཟུགས་སུ་སྐྱེས༔ སྡུག་བསྔལ་མཚོན་གྱིས་རབ་ཏུ་གཟིར༔ དམྱལ་བའི་གནས་སུ་བཙོ་དང་སྲེག༔ བཀྲེས་ཤིང་སྐོམ་པ་ཡི་དྭགས་ཏེ༔ མ་རིག་བཀོལ་སྤྱོད་བྱོལ་སོང་ལ༔ མི་ལ་སྐྱེ་རྒ་ན་དང་འཆི༔ ལྷ་མ་ཡིན་ལ་འཐབ་ཅིང་རྩོད༔ ལྷ་ཡང་ལྟུང་བའི་སྡུག་བསྔལ་ཏེ༔ གང་དུ་འཁོར་ཡང་བདེ་བ་མེད༔ དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན༔ རྒྱུན་ཆད་མེད་པར་ཡུན་རིང་འཁོར༔ ཅེས་གསུངས་པས༔ འཁོར་བ་འདི་ན་བདེ་བའི་གོ་སྐབས་མེད་ཅིང༔ ཉེས་དམིགས་ཤིན་ཏུ་མང་བས༔ ཆོས་བྱེད་པར་རབ་ཏུ་གཅེས་སོ༔ ཆོས་དེ་ཡང་ད་ལྟ་ཉིད་དུ་མ་བྱས་ན༔ འཇིག་རྟེན་ཐམས་ཅད་མི་རྟག་པའི་རང་བཞིན་ཡིན་ཏེ༔ ཕྱི་ནམ་ཟླའི་འགྱུར་ལྡོག༔ ནང་ཕུང་པོའི་དར་གུད༔ ཉིན་མཚན་སྔ་ཕྱིའི་འགྱུར་ལྡོག་ལ་སོགས་མི་རྟག་པའི་མཚན་ཉིད་ཡིན་ཞིང༔ ཚེ་ཚད་ནི་ལྔ་བཅུ་ཁ་རལ་གྱི་དུས་སུ་སོང་ཞིང༔ དེ་ལའང་འཆི་རྐྱེན་བསམ་གྱིས་མི་ཁྱབ་ཅིང༔ ཚེའི་ཚད་ཀྱང་མི་ཐུབ་པའི་ནད་མཚོན་མུ་གེ་ལ་སོགས་པ་གློ་བུར་གྱི་འཆི་རྐྱེན་ཤིན་ཏུ་མང་བས་མི་རྟག་པར་གོ་དགོས༔ དེ་ལྟར་མི་རྟག་པར་གོ་ནས་དམ་པའི་ཆོས་ལ་འཇུག་དགོས་ཏེ༔ དེ་ལྟར་འཇུག་པ་ལའང་མི་རྟག་པར་བསྒོམ་པ་ནི༔ མི་མེད་པའི་གནས་སུ་རང་གཅིག་པུར་ཕྱིན་ལ༔ གོང་ལྟར་རིགས་དྲུག་གི་སྡུག་བསྔལ་བློ་ལ་བླང༔ རང་གིས་དྲན་ནས་ད་ལྟའི་བར་གྱི་མི་ཤི་བ་དང༔ དགེ་སྡིག་གི་ལས་བྱས་པ་རྣམས་རྡེའུ་འཐུ་ཞིང༔ མི་རྟག་པ་སོགས་བསམ་པ་རྣམས་ཞག་རེའི་བར་དུ་བྱའོ༔ མི་རྟག་པ་བསྒོམ་པ་འབའ་ཞིག་བྱའོ༔ དེས་འཁོར་བ་ལས་བློ་ལོག་ཆོས་ལ་འཇུག་པའི་དགོས་པ་ཡོད༔ དེ་ལྟར་འཁོར་བའི་འཇིགས་པ་ལས་སྐྱོབ་ཅིང༔ བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པ་ལ༔ སྐྱབས་དཀོན་མཆོག་གསུམ་ལས་ལྷག་པ་མེད༔ འདི་ཕྱིའི་རེ་ལྟོས་ཐམས་ཅད་དཀོན་མཆོག་གསུམ་ཁྱེད་མཁྱེན་སྙམ་པའི་བློས་ཉིན་མཚན་དུས་གསུམ་གསུམ་དུ༔ སྐྱབས་འགྲོ་ལ་འབད་པར་བྱ༔ དེས་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པའི་དགོས་པ་ཡོད༔ བླ་ན་མེད་པའི་བྱང་ཆུབ་དེའང་རང་གཅིག་པུའི་དོན་མ་ཡིན་ལ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒྲུབ་སྙམ་པའི་སེམས་བསྐྱེད་པར་བྱ་སྟེ༔ དེས་ཐེག་པ་ཆེན་པོའི་གྲལ་དུ་ཚུད་པའི་དགོས་པ་ཡོད༔ དེའང་རང་གཞན་གྱི་དོན་ལ་ཚོགས་གཉིས་མ་རྫོགས་ན་སྒྲིབ་གཉིས་མི་དག་ཅིང༔ སངས་རྒྱས་ཀྱི་ཡོན་ཏན་ཐོབ་པར་དཀའ་བས་ཡན་ལག་བཅུ་པའི་སྒོ་ནས་ཚོགས་གསག་ཅིང༔ མཎྜལ་འབུལ་བ་ལ་འབད་པར་བྱའོ༔ དེས་ཚོགས་རླབས་པོ་ཆེ་རྫོགས་པའི་དགོས་པ་ཡོད༔ དེའང་རྒྱུད་ཀྱི་སྡིག་པ་རྣམས་དག་པར་བྱེད་པའི་ཕྱིར༔ ཡི་གེ་བརྒྱ་པ་བགྲང་ཞིང༔ བླ་མ་ལ་གསོལ་བ་གདབ་པར་བྱའོ༔ རང་གི་སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ༔ བླ་མ་བརྒྱུད་པ་དང་བཅས་པ་རྣམས་བཞུགས་པར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་དག་པའི་གནས་མཆོག་ཏུ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ སྟོང་ཉིད་རྟོགས་པར་བྱིན་གྱིས་རློབས༔ ལྔ་ལྡན་ཐིག་ལེའི་གནས་མཆོག་ཏུ༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ འོད་གསལ་འཆར་བར་བྱིན་གྱིས་རློབས༔ ཐུགས་རྗེ་ཀུན་ཁྱབ་གནས་མཆོག་ཏུ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ གཉིས་འཛིན་གྲོལ་བར་བྱིན་གྱིས་རློབས༔ རང་སྣང་དག་པའི་གནས་མཆོག་ཏུ༔ རིག་འཛིན་པདྨ་འབྱུང་གནས་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ ལྷག་མེད་འགྲུབ་པར་བྱིན་གྱིས་རློབས༔ མཛད་པ་མཐར་ཕྱིན་གནས་མཆོག་ཏུ༔ མཁས་པ་བཻ་རོ་ཙ་ན་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ གཞན་དོན་འགྲུབ་པར་བྱིན་གྱིས་རློབས༔ བསྒྲུབས་རྟགས་རང་སར་ཐོན་པའི་གནས་མཆོག་ཏུ༔ རྗེ་འབངས་ཉི་ཤུ་རྩ་ལྔ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ གྲུབ་རྟགས་རྫུ་འཕྲུལ་ཐོན་པར་བྱིན་གྱིས་རློབས༔ ཟབ་གཏེར་མཚོ་མོ་རྡོལ་བའི་གནས་མཆོག་ཏུ༔ གྷུ་རུ་པདྨ་རྒྱལ་པོ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ མངོན་སུམ་འདུ་འབྲལ་མེད་པར་བྱིན་གྱིས་རློབས༔ མ་ཚོར་རྡོ་རྗེའི་གནས་མཆོག་ཏུ༔ དམ་ཆོས་རྡོར་སེམས་སྙིང་ཐིག་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ ཕུང་པོ་འོད་ལུས་འགྲུབ་པར་བྱིན་གྱིས་རློབས༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ དྲིན་ཅན་རྩ་བའི་བླ་མ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ བརྩེ་གདུང་འབྲལ་མེད་གཞལ་ཡས་སུ༔ རྡོ་རྗེ་མཆེད་དང་ལྕམ་དྲལ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ དམ་ཚིག་བསྲུང་བར་བྱིན་གྱིས་རློབས༔ ཙིཏྟ་དུང་ཁང་འབར་བའི་གནས་མཆོག་ཏུ༔ ཡི་དམ་ཞི་ཁྲོ་རང་གསལ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ ལེགས་ཉེས་སྟངས་འཛིན་གནས་མཆོག་ཏུ༔ ཆོས་བདག་མཁའ་འགྲོ་སྡེ་ལྔ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ རང་རྒྱུད་ཆོས་ལ་བཀོལ་བར་བྱིན་གྱིས་རློབས༔ བཀའ་དང་དམ་ཚིག་གཉན་གྱི་གནས་མཆོག་ཏུ༔ ཆོས་སྐྱོང་གཏེར་བདག་ཕོ་མོ་ལ༔ བརྒྱུད་འཛིན་བུ་སློབ་གསོལ་བ་འདེབས༔ སྒྲུབ་པའི་བར་ཆད་སེལ་བར་བྱིན་གྱིས་རློབས༔ ཞེས་དབྱངས་དང་བཅས་པས་གསོལ་བ་འདེབས༔ བྱིན་རླབས་འབྱུང་བའི་དགོས་པ་ཡོད༔ དེ་རྣམས་ཀྱིས་ཐེག་པ་སྤྱི་དང་མི་འགལ་ཞིང༔ བློ་ཆོས་སུ་འགྲོ་བའི་དགོས་པ་ཡོད༔ ༈ ཁྱད་པར་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་ནི༔ དང་པོ་ལུས་ཀྱི་སྔོན་དུ་འགྲོ་བར་བྱེད་པ་སྟེ༔ རྒྱུད་ལས༔ ལུས་ནི་རྡོ་རྗེ་སྐྱིལ་ཀྲུང་བྱ༔ ལུས་པོ་ཆ་བསྲང་རྐང་ལག་མཐིལ༔ མཉམ་པར་སྦྱར་ལ་ཤིན་ཏུ་བསྒྲིམ༔ ལུས་ནི་འཁོར་འདས་རུ་ཤན་ཕྱེད༔ ཅེས་གསུངས་པས༔ ལུས་ཀྱི་འདུག་ཚུལ་རྡོ་རྗེ་སྐྱིལ་ཀྲུང་བྱ༔ རྒལ་ཚིགས་དྲང་པོར་བསྲངས་ལ༔ རྐང་མཐིལ་གཉིས་སྦྱར་ཏེ་ས་ལ་བཙུགས༔ ལག་མཐིལ་གཉིས་སྤྱི་བོར་སྦྱར་ཏེ་མགོ་ལ་མ་རེག་པར༔ ལུས་ཀྱི་སྟོད་སྨད་བར་གསུམ་གྲིམ་ཤ་དང་ལྡན་པར་བྱ་སྟེ༔ དེ་ལྟར་ཞག་གསུམ་བྱས་པས་ལུས་འཁོར་འདས་རུ་ཤན་ཕྱེད་པར་འགྱུར་ཏེ༔ ཕྱིན་ཆད་ལུས་འཁོར་བར་མི་ལྡོག་པའི་དགོས་པ་ཡོད༔ དེ་ནས་ངག་གི་སྔོན་དུ་འགྲོ་བ་བྱ་སྟེ༔ རྒྱུད་ལས༔ ངག་ནི་ཡི་གེ་བརྒྱ་པ་བརྗོད༔ རྗེས་ལ་རིག་པ་ཧཱུྃ་དུ་བསྒྱུར༔ ལུས་དང་ཕྱི་ནང་སྣོད་བཅུད་ཀུན༔ ཟང་ཐལ་བྱ་ཞིང་ཧཱུྃ་སྒྲ་སྒྲོགས༔ ངག་ནི་འཁོར་འདས་རུ་ཤན་ཕྱེད༔ ཅེས་གསུངས་པས༔ རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད་པའི་སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་ལ་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བཅུད་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་བབས་ཏེ་རང་གི་སྤྱི་བོར་ཐིམ་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་སུ་གྱུར་པར་བསམ་ལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་བཛྲ་སཏྭ་ཨཱ༔ ཞེས་པ་ཅི་ནུས་སམ༔ བརྒྱ་རྩ་རེ་བཟླས་པའི་རྗེས་ལ༔ རང་གི་རིག་པའི་ངོ་བོ་ཧཱུྃ་དུ་གྱུར་ཏེ༔ ཧཱུྃ་ཞེས་པའི་སྒྲ་དེ་རིང་པོ་དང་ལྡན་པས་ཕྱི་རོལ་གྱི་སྣང་བ་སྣོད་བཅུད་ཀུན་ལ་ཟང་ཐལ་དུ་བྱ་ཞིང༔ རྗེས་ཀྱི་ཤེས་པ་མ་བཅོས་པའི་ངང་དུ་བཞག་པ་ལ་ཞག་གཅིག༔ ཡང་གོང་བཞིན་ཡི་གེ་བརྒྱ་པ་བཟླས་པའི་རྗེས་ལ༔ ཧཱུྃ་ཞེས་པའི་སྒྲ་རིང་པོ་ལྡན་པས་ལུས་ཀྱི་ཕྱི་ནང་མགོ་མཇུག་ཐམས་ཅད་ཟང་ཐལ་བྱ་ཞིང༔ རྗེས་ཀྱི་ཤེས་པ་མ་བཅོས་པའི་ངང་ལ་བཞག་པ་ཞག་གཅིག་བྱས་པས་ངག་གི་འཁོར་འདས་རུ་ཤན་ཕྱེད་པར་འགྱུར་ཏེ༔ ཕྱིན་ཆད་ངག་འཁོར་བར་མི་ལྡོག་པའི་དགོས་པ་ཡོད༔ དེ་ནས་སེམས་ཀྱི་སྔོན་དུ་འགྲོ་བ་ནི༔ རྒྱུད་ལས༔ སེམས་ནི་དང་པོ་བྱུང་ས་དང༔ བར་དུ་གནས་དང་ཐ་མར་འགྲོ༔ ལེགས་པར་བརྟགས་ལ་མཉམ་པར་གཞག༔ དེས་ནི་སེམས་ཀྱི་རུ་ཤན་ཕྱེད༔ ཅེས་གསུངས་པས༔ སེམས་ཞེས་བྱ་བ་འཁོར་འདས་ཀུན་གྱི་རྩ་བ་འདི་ཉིད༔ དང་པོར་འབྱུང་ས་བརྟག་པར་བྱ་སྟེ༔ ཕྱི་ནང་སྣོད་བཅུད༔ འཁོར་འདས་བེམ་རིག་གང་ལས་བྱུང་ལེགས་པར་བརྟགས་པས༔ བྱུང་ས་མེད་པར་ཐག་ཆོད་པ་དང༔ བར་དུ་གནས་ས་གང་ན་གནས་ལེགས་པར་བརྟགས༔ ཕྱི་ནང་སྣོད་བཅུད་རྣམས་སུ་ངེས་པ་ཅན་འདིར་གནས་ཀྱི་ས་མ་རྙེད་པ་དང༔ ཐ་མ་འགྲོ་ས་བརྟག་གོ༔ ཕྱི་ནང་སྣོད་བཅུད་འཁོར་འདས་ལ་སོགས་ཕྱོགས་བཅུ་གང་དུ་འགྲོ་བ་བརྟགས་ཀྱང༔ འགྲོ་སའམ༔ འགྲོ་མཁན་མེད་པར་ཐག་མ་ཆོད་བར་དུ་གཅད་དོ༔ དེ་རྣམས་ཀྱི་རྗེས་ཀྱི་ཤེས་པ་མ་བཅོས་པར་ཀློད་ལ་བཞག་པས༔ སེམས་རུ་ཤན་ཕྱེད་པར་འགྱུར་རོ༔ དེ་ལྟར་འགྲོ་གནས་བྱུང་གསུམ་ལ་ཞག་གསུམ་དུ་བྱས་པས༔ ཕྱིན་ཆད་འཁོར་བར་མི་ལྡོག་པའི་དགོས་པ་ཡོད༔ དེ་ནས་ལུས་ངག་ཡིད་གསུམ་རང་སོར་གཞག་པ་གཅེས་སོ༔ དེ་ཡང་རྒྱུད་ལས༔ དེ་ནས་སོར་འཇུག་རིམ་པ་ནི༔ ལུས་ནི་བྱ་བྲལ་གང་བདེར་འདུག༔ ངག་ནི་བྱ་བྲལ་སྨྲ་བརྗོད་བྲལ༔ ཡིད་ནི་བྱ་བྲལ་འཕྲོ་འདུ་སྤང༔ ཞེས་གསུངས་པས༔ ལུས་ནི་བྱ་བྱེད་སྤངས་ལ་རྩོལ་བའི་འདུག་སྟངས་དང་བྲལ་ཏེ༔ གང་བདེར་འདུག་ལ་ལྷོད་ཀྱིས་ཀློད་པར་བྱའོ༔ ངག་ནི་སྨྲ་བརྗོད་ཀུན་རྒྱུན་བཅད་ལ༔ ལྐུགས་པ་ལྟ་བུར་ལྷོད་དེ་གཞག་གོ༔ ཡིད་ཀྱི་བྱ་བྱེད་བཟང་ངན་རྟོག་པའི་འཕྲོ་འདུ་ཐམས་ཅད་སྤངས་ལ༔ བློ་རྟོག་གི་འགྱུ་བ་མེད་པར་ལྷོད་དེ་བཞག་པ་ནི་གནད་ཡིན་ནོ༔ དེ་ལ་ཞག་གསུམ་བྱ་བ་ནི་ཤིན་ཏུ་གཅེས་སོ༔ དེ་ལྟར་སོར་ཆུད་པའི་ཉམས་མྱོང་ཤར་བ་དང༔ བླ་མས་ངོ་སྤྲོད་གདབ་པར་བྱ་སྟེ༔ རྒྱུད་ལས༔ མིག་གཉིས་བར་སྣང་སྟོང་པ་ལ༔ དམིགས་གཏད་མེད་པར་ཧད་དེ་བཞག༔ ངང་དྭངས་ས་ལེ་སིང་ངེ་བ༔ སྨྲ་རུ་མེད་པའི་ཉམས་མྱོང་འཆར༔ དེ་དུས་སྐུ་གསུམ་ངོ་སྤྲོད་གདབ༔ དེ་ཡིས་མྱ་ངན་འདས་ལ་སྦྱོར༔ ཞེས་གསུངས་པས༔ སློབ་བུ་གནས་དབེན་ཞིང་དྭངས་པའི་གནས་སུ་ལུས་ངག་ཡིད་གསུམ་ལ་ཕྱི་ནང་གི་འཁྲི་བ་མེད་པར་ཁྲིད་ལ༔ རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་གཞག་ཏུ་བྱས་ཏེ་ལུས་ཀྱི་ཆ་བསྲངས་ལ༔ མ་བཅོས་པ་ལྷོད་དེ་བའི་ངང་ལ་མིག་གཉིས་མདུན་གྱི་བར་སྣང་སྟོང་པ་ལ་དམིགས་གཏད་མེད་པར་ཧྲིག་གེ་ཧད་དེ་བཞག་པས༔ དེ་ཉིད་ལས་མ་བཅོས་པའི་ངང་དྭངས་སིང་ངེ་བ༔ སྨྲ་རུ་མེད་པའི་ཉམས་མྱོང་འཆར་ཏེ༔ དེའང་སེམས་ལ་བྱུང་ས་མེད་པས་གཟུགས་དང་ཁ་དོག་མེད་པ༔ སྐྱེ་འཆི་དང་འཕོ་འགྱུར་མེད་པ༔ འདི་ལྟར་ཡིན་ཞེས་བསྟན་དུ་མེད་པའི་ཧད་དེ་ཧྲིག་གེ་བ་འདི་ཉིད་ཆོས་སྐུ་ཡིན་ནོ༔ གང་དུ་ཡང་གནས་ས་མ་རྙེད་པ་དེའི་ངང་དྭངས་སིང་ངེ་བ་འདི་ལྟར་བསྟན་དུ་མེད་ཅིང༔ མ་འགགས་པར་སིང་ངེ་བ་འདི་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ༔ སེམས་ལ་འགྲོ་བའི་ཡུལ་དང༔ འགྲོ་རྒྱུའི་དངོས་པོ་མ་རྙེད་དེ་དྭངས་སིང་ངེ་བ་འདི་ལ་མཁྱེན་རིག་མ་འགགས་པ་འདི་ཉིད་སྤྲུལ་སྐུ་ཡིན་ནོ༔ དེ་ལྟར་སྐུ་གསུམ་པོ་དེའང་གཞན་ནས་རྩོལ་བས་བཙལ་ཞིང་བསྒྲུབ་པའམ༔ ཕྱི་དུས་ལ་མི་རེ་བས་གདན་ཐོག་འདི་ཉིད་དུ་ངོ་སྤྲོད་པ་ཡིན་པས༔ དགའ་བར་སོམ་ཞིག་ཅེས་པས་སྤྲོ་བ་ཡང་བསྐྱེད་པར་བྱའོ༔ དེ་ལྟར་དུ་ངོ་སྤྲོད་པས་མྱ་ངན་ལས་འདས་པ་ལ་སྦྱོར་བའི་དགོས་པ་ཡོད༔ ཨེ་མ་འདི་ལྟར་ཐེག་པའི་བཅུད་མཆོག་གིས༔ འཆུགས་མེད་ལམ་དུ་འཇུག་པའི་གནད༔ སྔོན་དུ་འགྲོ་བས་གྲོལ་བ་འདི༔ གཞན་དང་མི་འདྲ་ཁྱད་འཕགས་ཆོས༔ སྤེལ་བར་ཕངས་པས་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈྈྈྈྈ ྈྈྈྈྈྈྈ གཏེར་སྟོན་ཆེན་པོ་ཀུན་སྐྱོང་གླིང་པས་མ་ཚོར་གཉན་གྱི་བྲག་ནས་གདན་དྲངས་པའོ།། ༄༅༔ ཁྲེགས་ཆོད་འཁོར་བ་དོང་སྤྲུག་དངོས་གཞི་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ ལས་དང་སྐལ་བར་ལྡན་པ་ཡི༔ སྐྱེས་བུས་དོན་ཆེན་ཐོབ་འདོད་ན༔ ལམ་མཆོག་འདི་ལ་འཇུག་པའི་ཕྱིར༔ དངོས་གཞིའི་ལམ་རྣམས་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལམ་མཆོག་ཐེག་པ་ཀུན་གྱི་ཡང་བཅུད་འདིར་འཇུག་པའི་སྐྱེས་བུ་རྣམས་ནི༔ དངོས་གཞིའི་ཉམས་ལེན་གནད་ཀྱི་གདམས་པ་ནི༔ དབང་པོ་རབ་འབྲིང་ཐ་མ་གསུམ་དང་སྦྱར་ཏེ༔ ཚེ་འདིར་གྲོལ་བར་བྱེད་པའི་གདམས་པ་འདི་ལ་གསུམ་ལས༔ དབང་པོ་ཐ་མ་སྒོམ་པས་སངས་རྒྱ་བ་བསྐྱེད་རྫོགས་ཀྱི་གདམས་པ་ནི་སྒྲུབ་ཐབས་སུ་ཤེས་སོ༔ དེའང་དབང་པོ་འབྲིང་རྟོགས་པས་གྲོལ་བ་ཁྲེགས་ཆོད་གཞིའི་ཉམས་ལེན་དང༔ དབང་པོ་རབ་མཐོང་བས་གྲོལ་བ་ཐོད་རྒལ་ལམ་གྱི་ཉམས་ལེན་གཉིས་ཏེ༔ རྒྱུད་ལས༔ དངོས་གཞི་ཁྲེགས་ཆོད་ཐོད་རྒལ་གཉིས༔ ཁྲེགས་ཆོད་གཞི་ཡི་ཉམས་ལེན་ནི༔ ཞེས་གསུངས་པས༔ དང་པོ་ཁྲེགས་ཆོད་གཞིའི་ཉམས་ལེན་ནི༔ ལུས་ངག་ཡིད་གསུམ་བྱ་བྱེད་རྩོལ་བ་སྤངས་ཏེ༔ བྱར་མེད་དགོས་མེད་འཛིན་མེད་དུ་སོར་འཇུག་གི་སྐབས་བཞིན་ལྷོད་དེ་བཞག་ལ༔ བླ་མས་ངོ་སྤྲད་པའི་དོན་སྐྱོང་བ་ཡིན༔ སྟོང་གསལ་འགག་མེད༔ སྐུ་གསུམ་དབྱེ་བ་མེད་པའི་ངང་དེ་ཉིད་ལས༔ ཕྱི་རོལ་ཚོགས་དྲུག་གི་སྣང་བ་དཀར་དམར་དུ་གསལ་བ་ཐམས་ཅད༔ སེམས་ཉིད་ཕྱིར་ཤར་བའི་རང་མདངས་ཡིན་ཞིང༔ གཞན་ནས་བྱུང་བ་མ་ཡིན་ཕྱིའི་སེམས་སུ་རིག་པར་བྱ་སྟེ༔ སྣང་བ་ལ་དགག་སྒྲུབ་མེད་པར༔ སྣང་ཐོག་ཏུ་ལྷོད་དེ་གཞག༔ རིག་པའི་འགྱུ་བྱེད༔ བཟང་ངན་གྱི་རྟོག་པ་དུག་ལྔ་ཆགས་སྡང་ཐམས་ཅད་སེམས་ཉིད་སྟོང་གསལ་དེའི་རྩལ་ལས་གཞན་ནས་བྱུང་བ་མ་ཡིན་ཞིང༔ དངོས་པོ་དང་མཚན་མར་མ་གྲུབ་སྟེ༔ ངོ་བོ་སྟོང་པ་ཉིད་ཁོ་ན་རང་དུ་འདུག་པས༔ ནང་གི་སེམས་སུ་རིག་པར་བྱ་སྟེ༔ རྟོག་པ་ལས་བྱུང་ཚོར་དང༔ བཟང་ངན་གྱི་རྩིས་གདབ་པ་མེད་པར༔ འགྱུ་བ་རང་གྲོལ་དུ་གཞག་གོ༔ དབང་པོ་སྒོ་ལྔ་ལ་སོགས་པ་རྐྱེན་གྱིས་ཚོར་བའི་རྣམ་པར་ཤེས་པ་གསལ་རིག་སྣ་ཚོགས་སུ་འཆར་བ་ཁོ་རང་མ་གཏོགས་པ༔ ཕྱི་རོལ་ནས་བྱུང་བ་དང༔ གཞན་གྱིས་བཅོས་པ་མ་ཡིན་པས༔ བར་གྱི་སེམས་སུ་རིག་པར་བྱས་ལ༔ གང་ལའང་ཞེན་པ་མེད་པར་ལྷོད་དེ་གཞག་གོ༔ གཞན་ཡང་རྟག་ཆད༔ ཆེ་ཆུང༔ ཡིན་མིན༔ བཟང་ངན༔ སྣོད་བཅུད་འཁོར་འདས་ལ་སོགས་གཉིས་འཛིན་གྱི་རྟོག་པ་ལུང་དུ་མ་བསྟན་པ་རྣམས༔ སྟོང་གསལ་འཛིན་མེད་ཁོ་རང་གི་རང་མདངས་དེ་ཉིད་ལས༔ ཕྱི་ནང་བར་གསུམ་ལ་སོགས་པའི་དབྱེ་བ་མེད་པས༔ སྐུ་གསུམ་ལྷུན་གྲུབ་ཐིག་ལེ་ཉག་གཅིག་ཏུ་གང་གིའང་འཛིན་རྟོག་མེད་པར་ལྷོད་དེ་གཞག་པ་གནད་ཡིན་ནོ༔ དེའང་རྒྱུད་ལས༔ དེ་ལྟར་རྟོགས་པར་བྱེད་པའི་ཐབས༔ ལུས་ངག་ཡིད་གསུམ་རྩོལ་བ་སྤང༔ བྱ་བ་བཏང་བས་བདེ་བ་རྙེད༔ རྣམ་སྣང་ཆོས་བདུན་ངང་དུ་ཀློད༔ སྣང་བ་དཀར་དམར་ཕྱི་ཡི་སེམས༔ རིག་པ་འགྱུ་བྱེད་ནང་གི་སེམས༔ སྒོ་ལྔའི་དབང་པོ་བར་གྱི་སེམས༔ གཉིས་འཛིན་རྟོག་པ་ལུང་མ་བསྟན༔ སྟོང་གསལ་འཛིན་མེད་སེམས་སུ་གཅིག༔ ཅེས་གསུངས་སོ༔ དེ་ལྟ་བུའི་སེམས་ཉིད་དེ་ཡང་སྔ་ཕྱི་ད་གསུམ་གྱིས་སྟོང་པ༔ བྱུང་གནས་འགྲོ་གསུམ་གྱིས་སྟོང་པ༔ གསལ་རིག་མ་འགགས་པ༔ ཕྱི་རོལ་ཡུལ་གྱི་སྣང་བ་དང༔ ནང་དྲན་པའི་ཤེས་བྱེད་གཉིས་སུ་མེད་པ་སྟོང་གསལ་ཆོས་ཀྱི་སྐུ་ཡིན་ཏེ༔ རྒྱུད་ལས༔ སེམས་ཉིད་སྔ་ཕྱི་ད་གསུམ་སྟོང༔ སྟོང་གསལ་རིག་པ་མ་འགགས་གསལ༔ སྣང་ཤེས་གཉིས་མེད་ཆོས་ཀྱི་སྐུ༔ ཞེས་གསུངས་སོ༔ དེ་ཉིད་ཀྱི་དོན་ལམ་དུ་ཁྱེར་བ་ལ་ཡང༔ གོང་དུ་བསྟན་པའི་ཕྱི་ནང་བར་གསུམ་གྱི་སེམས༔ གཉིས་འཛིན་གྱི་རྟོག་པ་མེད་པའི་ངང་དེ་ཉིད་ལས༔ ཚོགས་དྲུག་མ་འགགས་ལྷུག་པར་བཞག་ཅིང༔ དབང་པོ་རང་ཡན་ལྷོད་དེ་བཞག་སྟེ་མ་བཅོས་པ༔ རྣལ་མ༔ སོ་མ༔ ལྷུག་པ༔ གྱི་ནར༔ ཁོ་ན༔ སེམས་ལ་བཟོ་མི་བསྐུལ་བར་གཞག་པ་གནད་ཡིན་ནོ༔ དེ་ཡང༔ རྒྱུད་ལས༔ ཚོགས་དྲུག་མ་འགགས་ལྷུག་པ་ལ༔ དབང་པོ་རང་ཡན་ཀློད་ལ་གཞག༔ རྣལ་མ་སོ་མ་ལྷུག་པ་སྟེ༔ གྱི་ནར་གནས་པ་ཁོ་ན་འོ༔ ཞེས་གསུངས་སོ༔ དེའང་སངས་རྒྱས་སྒམ་ནས་བཟང་དུ་བཏང་བ་མ་ཡིན་ཞིང༔ སེམས་ཅན་སྒྲིན་པོས་ངན་དུ་བསླད་པ་མེད་པས་ཡེ་གདོད་མ་ནས་རང་བྱུང་གི་ཡེ་ཤེས་སྐྱེ་འགག་གནས་གསུམ་གྱི་གཞི་རྩ་དང་བྲལ་བ་མཐའ་བྲལ་བློའི་ཡུལ་ལས་འདས་པར་བཞག་པ་ཡིན་ནོ༔ རྒྱུད་ལས༔ སྐྱེ་འགག་གནས་གསུམ་གཞི་རྩ་བྲལ༔ རང་བྱུང་ཡེ་ཤེས་གདོད་ནས་དག༔ མཐའ་བྲལ་བློ་ཡི་ཡུལ་ལས་འདས༔ ཞེས་གསུངས་སོ༔ དེ་ལྟར་མཐའ་བྲལ་བློའི་ཡུལ་ལས་འདས་པ་དེའང༔ ཡེ་ཤེས་གསུམ་ལྡན་དུ་ཡོད་དེ༔ རྒྱུད་ལས༔ གཞི་འི་ངོ་བོ་སྟོང་པ་ཉིད༔ རང་བཞིན་འོད་དུ་གསལ་བ་ལ༔ ཐུགས་རྗེས་ཀུན་ཏུ་སྣང་བ་སྟེ༔ ཡེ་ཤེས་གསུམ་ལྡན་ཚུལ་དུ་གནས༔ ཞེས་གསུངས་པས༔ རྟོགས་ཏེ་སངས་རྒྱས་མ་བྱུང༔ མ་རྟོགས་ཏེ་སེམས་ཅན་མེད་པའི་སྔོན་རོལ་ནས༔ གདོད་མའི་གནས་ལུགས་ཐོག་མའི་གཞི་དེ༔ ངོ་བོ་སྟོང་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བ༔ འགག་པ་མེད་པའི་ཐུགས་རྗེ་སྣ་ཚོགས་པར་ཀུན་ཏུ་སྣང་ཡང༔ སྟོང་གསལ་རྗེན་པ་ཉིད་དུ་སྣང་བ་ལས་ངན་དུ་སོང་བ་ནི་མེད་དེ༔ སྟོང་གསལ་འཛིན་མེད་སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་གསུམ་ལྡན༔ རང་ཆས་ཉག་གཅིག་བྱེད་པ་མེད་པ་ཆེན་པོའི་ཚུལ་དུ་གནས་པ་ཡིན་ནོ༔ དེ་ཁོ་ན་ཉིད་སངས་རྒྱས་ཀྱི་དགོངས་པ་ལས་གཞན་ནས་བཙལ་དུ་མེད་དེ༔ ཡེ་གྲོལ་ཡིན་པས་འབད་བཅས་ཀྱི་རྩོལ་བ་མི་དགོས༔ རྟོགས་པ་ཙམ་གྱིས་སངས་རྒྱ་བ་ཡིན་ནོ༔ དེ་ལྟར་ཡེ་ནས་གནས་པའི་ཆོས་ཉིད་དེ་རྟོགས་པ་ཙམ་ལས་དུས་གསུམ་གྱི་སངས་རྒྱས་ཀྱང་གཞན་ན་མེད་དོ༔ དེའང་རྒྱུད་ལས༔ ཐམས་ཅད་ཡེ་གྲོལ་ཆེན་པོ་སྟེ༔ འབད་རྩོལ་མེད་དེ་གནད་ཀྱིས་གྲོལ༔ བསྐྱར་མི་དགོས་ཏེ་ཡེ་ནས་གྲོལ༔ ཞེས་དང༔ གཞན་ཡང་ཡེ་ནས་གནས་པའི་ཆོས་ཉིད་ཡིན༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱང༔ དེ་ཡི་དོན་ལ་དགོངས་པ་མཛད༔ ཅེས་གསུངས་པས༔ དེ་ཉིད་མ་གཏོགས་པའི་སངས་རྒྱས་ཁ་མིག་རྣ་བ་ཅན་ཐོབ་རྒྱུ་མེད་དེ༔ འཁོར་འདས་གཉིས་མེད་འཛིན་པ་ཡེ་ནས་དག་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན་ནོ༔ དེའང་རྒྱུད་ལས༔ དེ་ཡི་དོན་ལས་གཞན་མ་ཡིན༔ དེ་ལ་འཁོར་འདས་གཉིས་སུ་མེད༔ ཅེས་གསུངས་སོ༔ དེ་ནི་དབང་པོ་འབྲིང་རྟོགས་པས་གྲོལ་བ་ཁྲེགས་ཆོད་གཞིའི་ཉམས་ལེན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་ཀུན་སྐྱོང་གླིང་པའི་གཏེར་མའོ།། ༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ ཁྲེགས་ཆོད་འཁོར་བ་དོང་སྤྲུག་གི་ཐོད་རྒལ་བཞུགས་སོ༔ ྈྈྈྈྈ ད་ནི་དབང་པོ་རབ་མཐོང་བས་གྲོལ་བ༔ ཐོད་རྒལ་གྱི་ཉམས་ལེན་བསྟན་པ་ནི༔ དེ་ནས་ལུས་ངག་ཡིད་གསུམ་ཕྱི་ནང་གི་བྱ་བ་དང་བྲལ༔ དགེ་སྡིག་བྱ་བྱེད་བསམ་མནོ་ཀུན་སྤངས་ཏེ༔ གོང་དུ་བསྟན་པའི་ཁྲེགས་ཆོད་ཀྱི་ལྟ་བའི་ངང་ནས་མ་གཡོས་པར༔ མཐོང་བ་ཙམ་གྱིས་གྲོལ་བའི་ཐོད་རྒལ་ལམ་དུ་བྱེད་པ་ནི༔ རྒྱུད་ལས༔ ཁྲེགས་ཆོད་དེ་ལ་གཞི་བྱས་ནས༔ ཐོད་རྒལ་ལམ་དུ་བྱེད་པ་ནི༔ བྱ་བ་བྲལ་བ་གཞིར་བཞག་ནས༔ དགེ་སྡིག་བྱ་བ་ཀུན་སྤང་སྟེ༔ ཞེས་གསུངས་པས༔ གནས་མཐོ་ཞིང་དྭངས་པར༔ སྟན་བདེ་བའི་སྟེང་དུ༔ ལུས་དྲང་སྲོང་ཙོག་པུའི་འདུག་སྟངས་བྱ་སྟེ༔ ཙོག་པུར་འདུག་ལ་རྐང་པའི་ལོང་བུ་གཉིས་གཤིབས༔ ལག་པའི་གྲུ་མོ་གཉིས་པུས་མོ་ལ་བཀལ་ལ༔ ལག་མཐིལ་གཉིས་ཀྱིས་འགྲམ་པ་གཡས་གཡོན་སྐྱོར་ལ༔ ནམ་མཁའ་དྭངས་པ་སྤྲིན་དང་ཁུ་རླངས་ལ་སོགས་བྲལ་བ་ལ༔ ཁ་ལྷོ་ཕྱོགས་སུ་བསྟན་ལ༔ མིག་གཉིས་ཐད་ཀའི་ནམ་མཁའ་ལ་མིག་འབྲས་མི་འགུལ་བར་རང་ལུགས་སུ་བལྟའོ༔ དེའང་རྒྱུད་ལས༔ ལུས་ནི་བདེ་བའི་སྟན་ལ་འདུག༔ དྲང་སྲོང་ཙོག་པུའི་འདུག་སྟངས་བྱ༔ ནམ་མཁའ་རྐྱེན་དང་བྲལ་བའི་དུས༔ མིག་གཉིས་ཐད་ཀའི་མཁའ་ལ་བལྟ༔ ཞེས་གསུངས་སོ༔ དེ་ལྟར་བལྟས་པས་དབང་པོའི་མངོན་སུམ་དུ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་ཞིང་རྟ་རྔའི་མདུད་པ་འདྲ་བ༔ བར་བར་ན་ཐིག་ལེ་ཡུངས་འབྲུ་ཙམ་པས་བརྒྱན་པ༔ འགྲོ་འོང་དང་བཅས་པ་འཆར་བ་སྟེ༔ མ་འཁྲུལ་པའི་སངས་རྒྱས་ཡིན་ནོ༔ རྒྱུད་ལས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ ཕྲ་ཞིང་རྟ་རྔའི་མདུད་པ་འདྲ༔ བར་བར་ཐིག་ལེ་ཡུངས་འབྲུ་ཙམ༔ དེ་ཡང་འགྲོ་འོང་དག་དང་བཅས༔ ཞེས་པ་དང༔ གཞན་ཡང་ལུ་གུ་རྒྱུད་ཀྱི་མཚན་ཉིད་ནི༔ རྣམ་པར་རྟོག་པ་ཀུན་དག་ནས༔ མ་འཁྲུལ་པ་ཡི་སངས་རྒྱས་སོ༔ ཞེས་གསུངས་སོ༔ དེ་ཉིད་ཀྱང་གདོད་མའི་གནས་ལུགས་ཡེ་ཤེས་གསུམ་ལྡན་དུ་བཞུགས་ཏེ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ངོ་བོ་དེ་ཡང༔ སྟོང་པ་ངོས་གཟུང་དམིགས་གཏད་དང་བྲལ་བ༔ རང་བཞིན་གྱིས་གསལ་ལ་དྭངས་པ༔ ཐུགས་རྗེའི་མཁྱེན་པ་མ་འགགས་པར་གནས་སོ༔ དེ་ལྟར་ཡང་རྒྱུད་ལས༔ ངོ་བོ་སྟོང་པ་དམིགས་གཏད་བྲལ༔ རང་བཞིན་གསལ་དག་ཆོས་ཀྱི་དབྱིངས༔ ཐུགས་རྗེའི་མཁྱེན་པ་མ་འགགས་པ༔ རྣམ་པར་དག་པའི་ལུ་གུ་རྒྱུད༔ དབྱིངས་དང་འདུ་འབྲལ་མེད་པར་འཆར༔ ཞེས་པས༔ དབྱིངས་རྣམ་པར་དག་པ་ནམ་མཁའ་རྐྱེན་དང་བྲལ་བ་དང༔ རིག་པ་ལུ་གུ་རྒྱུད་ངོ་བོ་སྟོང་གསལ་ཐིག་ལེ་གསལ་བ་དེ་ཉིད་འདུ་འབྲལ་མེད་པར་འཆར་རོ༔ དེ་ཉིད་འདུ་འབྲལ་མེད་པར་ཉམས་སུ་བླངས་པས༔ ཡེ་ཤེས་ཁ་དོག་ལྔ་དང་ལྡན་པ༔ གྱེན་འགྲེང་དང༔ རྩིབས་ཤར་དང༔ ཟ་འོག་གི་གུར་ཁྱིམ་ལྟ་བུ་དང༔ ཐིག་ལེ་རྐྱང་པ་དང༔ གཉིས་འབྲེལ་དང༔ གསུམ་འབྲེལ་དང༔ ལྔ་ལྡན་གྱི་ཚོམ་བུ་དང༔ ཐིག་ལེ་དེ་ཉིད་ཀྱང་འོད་ལྔས་བསྐོར་བའི་ནང་དུ༔ རྡོ་རྗེ་སེམས་དཔའ་ཕྱེད་སྐུ་དང༔ སྐུ་ཡོངས་སུ་རྫོགས་པ་དང༔ རིགས་ལྔ་ཚོམ་བུ་དང་བཅས་པར་འཆར་ཏེ༔ བེམ་པོའི་སྣང་བ་ཐམས་ཅད་རང་འགགས་ནས་འདི་ལྟར་སྣང་བ་ཐམས་ཅད་དག་པའི་ཞིང་ཁམས༔ གདོད་མའི་གནས་ལུགས༔ ཡེ་ཤེས་ལྔའི་རྣམ་པར་འཆར་རོ༔ དེ་དག་ནི་སེམས་ཅན་གྱིས་བྱས་པའམ༔ སངས་རྒྱས་ཀྱིས་མཛད་པ་ལྟ་བུ་མ་ཡིན་ཏེ༔ རང་བྱུང་ལྷུན་གྲུབ་ཆེན་པོ་རང་ཤར་བ་ཡིན་ནོ༔ འདི་ཉིད་མཐོང་བ་ཙམ་གྱིས་ཆོས་ཉིད་མངོན་སུམ་དུ་མཇལ་བ་ཞེས་བྱ་བ་ཡིན་ཏེ༔ ལས་དང་དགེ་སྡིག་ཐམས་ཅད་ཟད་པ་ཡིན༔ དབང་བཞི་དུས་གཅིག་ཐོབ་པ་ཡིན༔ སངས་རྒྱས་ཐམས་ཅད་དང་མཇལ་བ་ཡིན༔ འཁོར་བ་དང་རྒྱབ་གྱེས་པ་ཡིན་པས་ཆོས་ཉིད་མངོན་སུམ་གྱི་གནད་འདི་དང་འབྲལ་བ་མེད་པར་ཉམས་སུ་ལོངས་ཤིག༔ དེ་ལྟར་མངོན་སུམ་སྣང་བ་གསལ་བ་དེའང༔ ཕྱི་ནམ་མཁའ་རྣམ་པར་དག་པའི་ཀློང་དུ༔ ནང་གི་དབྱིངས་འོད་དང་འོད་ཁྱིམ་དུ་གསལ་བ་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྐུ་དང་ཐིག་ལེའི་རྣམ་པ་དེ་ཉིད༔ ཡེ་གནས་ཀྱི་ཆོས་ཉིད་རིག་པའི་ཡེ་ཤེས་ཡིན་པས༔ དེ་ཉིད་ཀྱི་སྟེང་དུ་འཛིན་མེད་རང་སྣང་དུ་ཙེན་ནེ་བཞག་པས༔ འཁྲུལ་པ་རང་སར་དག་ནས༔ མ་དག་པའི་སྣང་བ་སངས་ཏེ༔ སྐུ་དང་ཡེ་ཤེས་གསལ་ལ་མ་འགགས་པར་སངས་རྒྱས་ནས་བསམ་མེད་ཆོས་སྐུ་སྤྲོས་དང་བྲལ༔ ཀ་དག་གི་ས་ལ་རང་ས་ཟིན་ནས་སངས་རྒྱས་པ་ཡིན༔ གནས་ལུགས་ཀྱི་དོན་དེ་ཉིད་ལས་འཁོར་བ་སྤངས་པ་དང༔ མྱང་འདས་ཐོབ་རྒྱུ་མེད་དོ༔ རྟོག་མེད་ཀྱི་རིག་པ་རང་གསལ་བློ་འཛིན་གྱི་ཞེ་འདོད་དང༔ དམིགས་གཏད་ཀྱི་སྒོམ་པ་མེད་དེ༔ བཏང་སྙོམས་མེད་པའི་སྒོམ་པ་གསལ༔ མཁས་པས་བློས་བཅོས་པ་དང༔ བླུན་པོས་བསླད་པ་མེད་དེ༔ སྤང་འཆོས་ཀྱིས་བྱས་པ་མེད་པའི་སྤྱོད་པར་གསལ་ལོ༔ དེ་ལྟར་ཡང་རྒྱུད་ལས༔ སྤང་ཐོབ་མེད་པའི་ལྟ་བ་ལ༔ རྟོག་པ་མེད་པའི་རིག་པ་གསལ༔ ཞེ་འདོད་མེད་པའི་སྒོམ་པ་ལ༔ བཏང་སྙོམས་མེད་པའི་ཏིང་འཛིན་གསལ༔ བཅོས་བསླད་མེད་པའི་སྤྱོད་པ་ལ༔ བྱས་པ་མེད་པའི་བྱུང་བ་གསལ༔ ཞེས་གསུངས་སོ༔ དེ་ལྟ་བུའི་ལྟ་སྒོམ་སྤྱོད་པ་དེའང༔ ཡེ་སངས་རྒྱས་པའི་གནས་ལུགས་ཀྱི་ངང་ལས་རོལ་པ་ཤར་བ་ཙམ་ལས༔ ཉམས་སུ་བླང་རྒྱུ་དང་བླང་བྱའི་དངོས་པོ་རྟོག་མེད་ཀྱི་དངོས་འཛིན་དང་བྲལ་བ་དེ་ཉིད་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ཏེ༔ དེའི་རྩལ་འགག་པ་མེད་པའི་མདངས༔ ཕྱི་ནང་བར་གསུམ་གྱི་སེམས་ཉིད༔ རྟོག་མེད་རང་མདངས་ཆེན་མོ༔ འགག་པ་མེད་པར་ཤར་བ་ལ་ལོངས་སྐུ་ཞེས་བྱ་བ་སྟེ༔ དེ་ཉིད་ཀྱང་མཚན་མའི་སྤྱོད་ཡུལ་དང་བྲལ་བའི་ཆོས་ཉིད་མཁྱེན་གཉིས་མ་འགགས་པར་ཤར་ནས༔ འགྲོ་དོན་རྒྱ་ཆེན་པོ་མཛད་ཅིང༔ སེམས་ཅན་ཐམས་ཅད་འདྲེན་པའི་སྤྲུལ་པའི་སྐུ་ཡིན་ནོ༔ དེ་ལྟར་སྐུ་གསུམ་གྱི་དབྱེ་བ་ཚིག་གསུམ་དུ་བརྗོད་པ་དེའང་སྣང་སྟོང་འཁོར་འདས་བཟང་ངན་གཟུང་འཛིན་མེད་པའི་རིག་པ་ལ༔ ས་ལམ་ཐམས་ཅད་སྦྱོང་བགྲོད་མེད་པར་ཡོངས་སུ་རྫོགས་ཏེ༔ ཕྱིར་མི་ལྡོག་པའི་རིག་པ་ལ༔ སྐུ་གསུམ་ལྷུན་གྲུབ་ཐིག་ལེ་ཉག་གཅིག་ངང་དུ་རྫོགས་པ་ཡིན་ནོ༔ དེ་ལྟར་ཡང་རྒྱུད་ལས༔ བསམ་དང་བྲལ་བའི་ཆོས་སྐུ་ལ༔ འགག་པ་མེད་པའི་ལོངས་སྐུ་གསལ༔ མཚན་མ་མེད་པའི་ཆོས་དབྱིངས་ལས༔ ཐམས་ཅད་འདྲེན་པའི་སྤྲུལ་སྐུར་གསལ༔ གཟུང་འཛིན་མེད་པའི་རང་བཞིན་ལ༔ ཕྱིར་མི་ལྡོག་པའི་སྐུ་གསུམ་རྫོགས༔ ཞེས་གསུངས་པས༔ སྐུ་གསུམ་ཕྱིར་མི་ལྡོག་པའི་དོན་དེ་ཉིད་ལས༔ གཞན་ནས་འཐོབ་རྒྱུ་དང༔ འཐོབ་བྱའི་ཞེ་འདོད་གཏན་ནས་ཟད་པ་ནི༔ ཆོས་ཉིད་ཀ་དག་ཅེས་མིང་བཏགས་པ་ལས༔ གཞན་འཐོབ་རྒྱུའི་འབྲས་བུ་མེད་པར་ཡིད་ཆེས་ཏེ༔ གདོད་མའི་སར་གྲོལ་བའོ༔ དེ་ནི་དབང་པོ་རབ་མཐོང་བ་ཙམ་གྱིས་གྲོལ་བའི་གནད༔ ཐོད་རྒལ་ལམ་དུ་བྱེད་པའི་གདམས་པ༔ གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ༔ ཨེ་མ་ཧོ༔ འདི་ལྟར་ཐེག་མཆོག་ཡང་བཅུད་སྣོད༔ དབང་པོ་རིམ་གསུམ་གྲོལ་བའི་ཐབས༔ གཞན་ལས་ཁྱད་འཕགས་གདམ་པའི་བཅུད༔ མཐོང་བ་ཙམ་གྱིས་རྟོགས་པ་དང༔ རྟོགས་པ་ཙམ་གྱིས་གྲོལ་བ་ཡི༔ གདམས་པའི་བཅུད་མཆོག་ཟབ་མོ་འདི༔ ཞག་བདུན་བསྒོམས་པས་ཕྱིར་མི་ལྡོག༔ ལོ་བདུན་བསྒོམ་ན་ཕུང་པོ་ལྷག་མེད་འགྲུབ༔ གཞན་དང་མི་འདྲ་ཁྱད་པར་ཆེ༔ སྤེལ་བར་ཕངས་ནས་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈྈྈྈྈྈྈ སྤྲུལ་སྐུ་ཀུན་སྐྱོང་གླིང་པས་མ་ཚོར་རྡོ་རྗེའི་སྒྲུབ་ཕུག་ནས་སྤྱན་དྲངས་པའི་གཏེར་མའོ།།༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ རྗེས་ཀྱི་རྟགས་ཚད་བཞུགས་སོ༔ ྈྈྈྈ ྈྈྈྈྈྈྈྈྈྈ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ ལས་དང་སྐལ་བར་ལྡན་པ་ཡི༔ སྐྱེས་བུས་དོན་ཆེན་ཐོབ་འདོད་ན༔ ལམ་མཆོག་འདི་ལ་ཞུགས་པ་ཡི༔ རྗེས་ཀྱི་གདམས་པ་བསྟན་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལམ་མཆོག་ཐེག་པ་ཀུན་གྱི་ཡང་བཅུད་འདི་ཉམས་སུ་བླངས་པའི་སྐྱེས་བུ་ཀུན་གྱི་རྗེས་ཀྱི་རིམ་པ་སྟོན་པ་ལ༔ རྟགས་དང་ཚད་རྣམ་པ་གཉིས་ཏེ༔ དེ་ལའང་རྟགས་ཀྱི་རིམ་པ་ནི༔ གང་ཟག་དབང་པོ་རབ་འབྲིང་རྣམས་ཀྱིས་གཞི་ཁྲེགས་ཆོད་ཀྱི་སྟེང་ནས༔ ལམ་ཐོད་རྒལ་ཉམས་སུ་བླངས་པས༔ རིག་པའི་ངོ་བོ་དེ་ཡང་ལྕགས་ཐག་བརྐྱང་པ་ལྟ་བུ་ལ༔ ཚིགས་མཚམས་རྣམས་སུ་ཐིག་ལེས་བརྒྱན་པ་འཆར་ཏེ༔ གང་དུ་བལྟས་པའི་ཕྱོགས་སུ་རྒྱུག་པར་སྣང་བ་ལ༔ མིག་གི་དབང་པོས་དེ་ཉིད་ལ་མ་འགུལ་བར་གཟིར་བས༔ རིག་པ་ཉིད་ཀྱང་དལ་དུ་འགྲོ་ཞིང༔ དབྱིངས་ཀྱི་སྣང་བ་དེ་ཡང་ཁ་དོག་ལྔ་དང་ལྡན་པ༔ གྱེན་འགྲེང་དང་རྩིབས་ཤར་དང༔ ཟ་འོག་གི་གུར་ཁྱིམ་ལྟ་བུ༔ སྣམ་བུ་བརྐྱང་པ་ཙམ་འཆར་ཏེ༔ དེ་རྣམས་ཀྱི་ནང་དུ་ཐིག་ལེ་རྐྱང་པ་དང༔ གཉིས་འབྲེལ་དང༔ གསུམ་འབྲེལ་དུ་འཆར་ཏེ༔ དེ་ཉིད་འགུལ་བ་མེད་པར་བལྟས་པས༔ དུས་ནམ་ཞིག་ན༔ ཐིག་ལེ་ལྔ་ལྡན་གྱི་ཚོམ་བུ༔ འོད་ལྔའི་ར་བས་བསྐོར་བའི་ནང་དུ༔ རྡོ་རྗེ་སེམས་དཔའ་ཕྱེད་སྐུ་དང༔ སྐུ་རྒྱན་ཆས་མཛེས་ཤིང་རྫོགས་པ༔ རིགས་ལྔ་ཡབ་ཡུམ་ཚོམ་བུ་དང་བཅས་པ་གསལ་ལོ༔ དེ་ཉིད་ལ་བར་མ་ཆད་པར་བལྟས་པས༔ བེམ་པོའི་སྣང་བ་རྣམས་རང་འགགས་ཏེ༔ ཡེ་ཤེས་ལྔའི་སྣང་བ་འོད་ལྔའི་ཞིང་ཁམས་དབང་པོའི་མངོན་སུམ་དུ་འགྱུར་ཚད་དུ་འཆར་ཏེ༔ དེའི་ཚེ་རང་གི་ལུས་ཀྱང་འོད་དུ་གསལ་བས༔ མ་དག་འཁྲུལ་པའི་སྣང་བ་རང་དག་ནས༔ གསལ་བ་ཡེ་ཤེས་ཀྱི་སྣང་བ་ཅན་དུ་གསལ༔ ཡིད་དཔྱོད་བློའི་ཆོས་རྣམས་ཟད༔ དེའི་དུས་ན༔ ཉམས་སུ་མ་བླང་ཀྱང་འཁོར་འདས་རྒྱབ་གྱེས་པ་ཡིན་ནོ༔ ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ཡིན་ནོ༔ དེ་སྐད་དུ་ཡང་རྒྱུད་ལས༔ རྟགས་ནི་ཚོམ་བུ་ལྔ་ལྡན་ལ༔ རིགས་ལྔ་ཡབ་དང་ཡུམ་དུ་ལྡན༔ རང་ལུས་ཉིད་ཀྱང་འོད་དུ་གསལ༔ ཞེས་གསུངས་སོ༔ དེ་ལྟར་ཉམས་སུ་བླངས་པའི་དུས༔ ལུས་ནི་གླེན་པ་ལྟ་བུར་སོང་སྟེ༔ བཅོས་མའི་ཚུལ་འཆོས་གྲོལ་བ་དང༔ ངག་ནི་ལྐུགས་པ་ལྟ་བུར་སོང་སྟེ༔ ངག་གི་སྨྲ་བ་རྒྱུན་ཆད་པ་དང༔ གཞན་གྱི་ལད་མོ་བཟློ་བ་མ་གཏོགས་པ༔ བརྗོད་པའི་གཏམ་གྱི་ངོས་གཟུང་དང་བྲལ་བར་འགྱུར་རོ༔ དེ་སྐད་དུ་ཡང་རྒྱུད་ལས༔ ལུས་ནི་གླེན་པ་ལྟ་བུར་གྲོལ༔ ངག་ནི་ལྐུགས་པ་སྨྲ་བརྗོད་བྲལ༔ ཅེས་གསུངས་སོ༔ དེ་ནས་ཚད་ཀྱི་རིམ་པ་ལ་ཡང༔ དེ་ལྟར་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ལ༔ རྨི་ལམ་ནའང་ཆོས་ཀྱི་བྱ་བ་བྱེད་པ་དང༔ རྨི་ལམ་རྨི་ལམ་དུ་ངོ་ཤེས་པ་དང༔ རྨི་ལམ་རྒྱུན་ཆད་པར་འགྱུར་རོ༔ སེམས་ཀྱི་གདེང་ཐག་ཆོད་པས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལ་ཉམ་མི་ང་བ་དང༔ ཁམས་གསུམ་རིགས་དྲུག་ཏུ་ལྷུང་གིས་དོགས་པ་མེད་པ་དང༔ རང་སེམས་སངས་རྒྱས་སུ་ཐག་ཆོད་པས༔ མྱ་ངན་ལས་འདའ་བར་མི་རེ་བ་དང༔ སངས་རྒྱས་ཀྱི་ཡོན་ཏན་ལ་བྲོད་པ་མི་སྐྱེ་བ་འབྱུང་ངོ༔ དེ་ལྟར་ཡང་རྒྱུད་ལས༔ ཚད་ནི་རྨི་ལམ་རྒྱུན་ཆད་དང༔ དམྱལ་བ་དག་ལ་ཉམ་མི་ང༔ འཁོར་བར་ལྷུང་གིས་དོགས་པ་མེད༔ མྱ་ངན་འདས་ལ་རེ་བ་མེད༔ སངས་རྒྱས་པ་ལ་བྲོད་པ་མེད༔ ཅེས་གསུངས་སོ༔ དེ་ལྟ་བུའི་གདེང་དང་ལྡན་པ་དེ་ཡང༔ ལམ་རྣམས་མཐར་ཕྱིན་ཏེ་གདོད་མའི་གནས་ལུགས༔ བློ་རྟོག་གི་བསམ་བརྗོད་ལས་འདས་པ༔ སྤྲོས་པའི་གཞི་དང་བྲལ་བ༔ ཀ་ནས་དག་པ་གདོད་མའི་ས་ལ་ཡང་དག་པར་སངས་རྒྱས་པའོ༔ དེ་ཡང་རྒྱུད་ལས༔ གདོད་མའི་གནས་ལུགས་གཞི་ལ་དག༔ ཅེས་གསུངས་སོ༔ རྫོགས་པ་ཆེན་པོ་བྱ་བྲལ་ལྷུན་གྱིས་གྲུབ་པའི་འབྲས་བུ་མངོན་དུ་བྱ་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དེ་རྣམས་ཀྱིས་ཉམས་སུ་ལེན་པའི་རྟགས་ཚད་དང༔ མཐར་ཐུག་གི་འབྲས་བུ་བསྟན་པའོ༔ ཨེ་མ་ཧོ༔ འདི་ལྟར་ཐེག་པའི་ཡང་བཅུད་ཀྱི༔ ཉམས་ལེན་གནད་དུ་བསྣུན་པ་ཡི༔ རྟགས་ཚད་འབྲས་བུའི་འཆར་ཚུལ་རྣམས༔ ཚིག་ཉུང་དོན་དུ་འདྲིལ་བར་བཀོད༔ གཞན་དང་མི་འདྲ་ཁྱད་ཆེ་བས༔ སྤེལ་བར་ཕངས་ནས་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་སྟོན་ཆེན་པོ་ཀུན་སྐྱོང་གླིང་པས་གཙང་ཟབ་བུ་ལུང་གི་མདའ་མ་ཚོར་ཨུ་རྒྱན་ཕུག་ནས་གདན་དྲངས་པའོ།། ༄༅༔ རྡོར་སེམས་སྙིང་ཐིག་ལས༔ རྩ་བ་གསུམ་གྱི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨུ་རྒྱན་པདྨ་ཡིས༔ རྩ་བ་གསུམ་གྱི་སྒྲུབ་ཐབས་འདི༔ རྒྱུད་ནས་ཕྱུང་སྟེ་གུད་དུ་སྦས༔ སྐལ་པ་ཅན་གྱིས་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ ཐེག་མཆོག་འདིར་ཞུགས་སྐལ་ལྡན་འཁོར་བ་བློས་བཏང་ནས་རི་ཁྲོད་ཀྱི་དབེན་གནས་འགྲིམ་ནུས་པ་གཅིག་གིས༔ རྩ་བ་གསུམ་རང་དང་གཉིས་མེད་དུ་བསྒྲུབ་པར་བྱ་སྟེ༔ སྔོན་འགྲོ་ནི༔ གནས་ཡིད་དུ་འོང་བར༔ གྲུབ་ཐོབ་ཀྱི་ཞབས་ཀྱིས་བཅགས་པ༔ མི་རྒོད་ལ་སོགས་པའི་འགལ་རྐྱེན་མེད་པར་དྭངས་ཤིང་མཐོ་བའི་ས་རུ༔ ཚེ་འདིའི་བྱ་བ་བཏང་ལ༔ སྟན་བདེ་བ་ལ་འདུག༔ མདུན་གྱི་ནམ་མཁའ་ལ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་བཞུགས་པར་གསལ་བཏབ་ལ༔ སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ༔ དཀོན་མཆོག་གསུམ་སོགས་དགོངས་སུ་གསོལ༔ དེང་གཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་མ་བུའི་འདུ་ཤེས་ཀྱིས༔ མ་གྲོལ་སྒྲོལ་དང་མ་བསྒྲལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ སེམས་ཅན་ཐམས་ཅད་བདེ་གྱུར་ཅིག༔ སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག༔ བདེ་དང་བྲལ་བར་མ་གྱུར་ཅིག༔ ཉེ་རིང་ཆགས་སྡང་བྲལ་གྱུར་ཅིག༔ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར༔ ཅེས་ལན་གསུམ་བརྗོད༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ རང་བཞིན་གནས་ནས་འདིར་གཤེགས་ཤིག༔ སྤྱི་གཙུག་པདྨ་ཉི་ཟླའི་སྟེང༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ ལུས་ངག་ཡིད་གསུམ་གུས་པ་ཡིས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པ་རྣམས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ༔ ལུས་ངག་ཡིད་གསུམ་སྡིག་པ་རྣམས༔ རབ་གནོང་འགྱོད་པས་བཤགས་པར་བགྱི༔ གསང་སྔགས་བླ་མེད་སྒྲུབ་པ་ལ༔ བདག་ནི་རྗེས་སུ་ཡི་རང་ངོ༔ ནམ་མཁའ་མཉམ་པའི་སེམས་ཅན་ལ༔ སྨིན་གྲོལ་ཆོས་འཁོར་བསྐོར་བར་སྐུལ༔ འཁོར་བ་དོང་ནས་མ་སྤྲུགས་བར༔ སེམས་ཅན་དོན་ལ་བཞུགས་སུ་གསོལ༔ དུས་གསུམ་བསགས་པའི་དགེ་བ་རྣམས༔ ཐམས་ཅད་མཁྱེན་པའི་ས་རུ་བསྔོ༔ བདག་སོགས་སེམས་ཅན་མ་ལུས་ཀུན༔ བླ་མེད་གོ་འཕང་མྱུར་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་འཇིག་རྟེན་ཞིང་ཁམས་འདིར༔ དངོས་འབྱོར་ཡིད་སྤྲུལ་བླ་མེད་མཆོད་པའི་སྤྲིན༔ རང་སྣང་དག་པས་བཤམས་པའི་མཎྜལ་འདི༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་འབུལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་འབུལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་འབུལ༔ བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ སྐུ་གསུམ་ལྷུན་གྲུབ་འབྲས་བུ་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ རིག་པ་སྟོང་གསལ་འཇའ་འོད་ཞིང་ཁམས་སུ༔ ཧཱུྃ་ལས་རྡོར་སེམས་སྐུ་མདོག་དཀར་ལ་འཚེར༔ ཞལ་གཅིག་འཛུམ་མདངས་རིན་ཆེན་རྒྱན་གྱིས་མཛེས༔ བལྟ་བས་མི་ངོམས་རྡོ་རྗེ་དྲིལ་བུ་འཛིན༔ ཉི་ཟླ་པད་གདན་ཕྱེད་སྐྱིལ་འགྱིང་ཚུལ་བཞུགས༔ སྙིང་ནང་སངས་རྒྱས་སུམ་ཅུ་རྩ་དྲུག་དང༔ དུང་ཁང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང༔ རྩ་ནང་ཐུབ་དྲུག་དཔའ་བོ་མཁའ་འགྲོས་ཁེངས༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་མཉེན་ལྕུག་འཁྲིལ༔ གནས་གསུམ་ཐིག་ལེ་འབྲུ་གསུམ་དཀར་དམར་མཐིང༔ སྤྱི་གཙུག་ཨུ་རྒྱན་བཻ་རོ་བི་མ་ལ༔ རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས་ཀྱིས་བསྐོར༔ ཆུ་ཟླ་འཇའ་ཚོན་སྣང་གསལ་ལྟ་བུར་བསྐྱེད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ཞེས་སོགས་ཅི་ནུས་བཟླ༔ མཐར་རྡོར་སེམས་འོད་དུ་ཞུ་ནས་བདག་དང་སེམས་ཅན་ཐམས་ཅད་ལ་ཐིམ་པར་གྱུར༔ བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས༔ མི་དགེ་བཅུ་ལ་སྤྱད་པ་མཐོལ་ལོ་བཤགས༔ མཚམས་མེད་ལྔ་ལ་སྤྱད་པ་མཐོལ་ལོ་བཤགས༔ ཉེ་བ་ལྔ་ལ་སྤྱད་པ་མཐོལ་ལོ་བཤགས༔ ལྕི་བ་བཞི་ལ་སྤྱད་པ་མཐོལ་ལོ་བཤགས༔ ལོག་པ་བརྒྱད་ལ་སྤྱད་པ་མཐོལ་ལོ་བཤགས༔ ཁ་ན་མ་ཐོ་བགྱིས་པ་མཐོལ་ལོ་བཤགས༔ ཉན་ཐོས་ཀྱི་འདུལ་ཁྲིམས་ཉམས་པ་མཐོལ་ལོ་བཤགས༔ བྱང་ཆུབ་སེམས་ཀྱི་བསླབ་བྱ་ཉམས་པ་མཐོལ་ལོ་བཤགས༔ གསང་སྔགས་ཟབ་མོའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས༔ སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས་དང་བཅས་པ་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ༔ དངོས་གཞི་ནི༔ ཨོཾ་བཛྲ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་པས་ཕྱི་ནང་གི་ཆོས་ཐམས་ཅད་གསལ་སྟོང་ངོས་གཟུང་དང་བྲལ་བའི་ངང་ལས༔ སྣ་ཚོགས་པདྨ་འདབ་མ་བཞི་པ་དང་ཉི་ཟླའི་སྟེང་དུ༔ རང་གི་རིག་པ་ཧཱུྃ་དཀར་པོ་ལས་ཡི་དམ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་མདངས་དྲི་མ་མེད་པ༔ རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ༔ ཞབས་སྐྱིལ་ཀྲུང༔ ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ༔ ཆེ་ཆུང་ཚད་མེད་མཚན་དང་དཔེ་བྱད་དུ་ལྡན་པ༔ བལྟ་བས་ཆོག་མི་ཤེས་པ༔ ཡེ་ནས་རང་གསལ་ཡིན་པ་དེ་གསལ་གདབ་བོ༔ དེ་ལྟར་གསལ་བའི་སྤྱི་གཙུག༔ མགྲིན་པ༔ སྙིང་ཁ་གསུམ་དུ༔ ཐིག་ལེ་དཀར་པོ་དམར་པོ་མཐིང་ཁ་གསུམ༔ ཡེ་ཤེས་ལྔའི་མུ་ཁྱུད་དང་ལྡན་པའི་ནང་དུ༔ ཨོཾ་ཨཱཿཧཱུྃ་གསུམ་གསལ་གདབ༔ དེའི་སྤྱི་བོའི་གཙུག་ཏུ་ཨོ་རྒྱན་བདག་ཉིད་ཆ་ལུགས་རྡོ་རྗེ་སེམས་དཔའ་དང་འདྲ་བ་ལ༔ སྐུ་མདོག་མཐིང་ག་གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པ༔ ཡུམ་ཡེ་ཤེས་མཚོ་རྒྱལ་དཀར་མོ་དང་གཉིས་སུ་མེད་པ་ཞིག་བསྐྱེད༔ ཕྱོགས་བཞིའི་པདྨ་འདབ་བཞི་ལ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ༔ ལྷོར་རིན་ཆེན་མཁའ་འགྲོ་སེར་མོ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ༔ གྲི་གུག་དང་ཐོད་ཁྲག་བསྣམས་པ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་ཅིང༔ བདེ་བའི་གར་སྟབས་དང་ལྡན་པར་བསྒོམ༔ གཞན་ཡང་བརྒྱུད་པའི་བླ་མ་རྣམས་དང༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་དང་བཅས་པ་སྤྲིན་བཞིན་དུ་འཐིབས་པར་བསམ༔ དེ་ལྟ་བུའི་དཀྱིལ་འཁོར་གསལ་གདབ་ཙམ་མ་གཏོགས༔ ཡེ་ནས་རང་ཡིན་ཀྱང་གཉིས་འཛིན་གྱི་རྟོག་པ་བསལ་བའི་ཕྱིར༔ སྤྱན་དྲངས་ཤིང་ཕྱག་དང་མཆོད་བསྟོད་འབུལ༔ བཟླས་པ་བྱ་བ་ནི༔ ཐུགས་ཀའི་ཧཱུྃ་ལ་ཨོཾ་ཨཱཿཧཱུྃ་གུ་རུ་པདྨ་བཛྲ་སཏྭ་ཨ་ཧ་རི་ནི་ས་སིདྡྷི་ཧཱུྃ༔ ཞེས་པས་བསྐོར་བར་བསམ༔ ངག་ཏུ་བཟླས་པས༔ ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས་ཏེ༔ བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག༔ སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་སྦྱངས༔ ཚུར་འདུས་ཡེ་ཤེས་ཀྱི་བདུད་རྩིས་ལུས་གང་བར་བསམ་ཞིང༔ གཟུགས་སུ་སྣང་བ་ཐམས་ཅད་ཡི་དམ་གྱི་ལྷ༔ སྒྲར་གྲགས་པ་ཐམས་ཅད་འབྲུ་གསུམ་གྱི་སྒྲ༔ དྲན་རྟོག་ཐམས་ཅད་ཆོས་དབྱིངས་ཀྱི་དགོངས་པ༔ དེ་ལས་མ་ཡེངས་པར་གསལ་སྟོང་གི་དོན་ལ་རྩེ་གཅིག་ཏུ་གནས་པར་བྱའོ༔ དེ་ལྟར་ཞག་བདུན་ནམ་ཉེར་གཅིག་ཏུ་བསྒྲུབས་པས༔ བྱིན་གྱིས་བརླབས་པའི་རྟགས༔ གསང་སྔགས་སྤྱི་དང་མཐུན་པར་འབྱུང་ཞིང༔ ཁྱད་པར་དུ་ལུས་ལ་བདེ་བ་འབར༔ ངག་ལ་ནུས་པ་འབྱུང༔ སེམས་ལ་རྟོགས་པ་འཆར༔ མ་དང་མཁའ་འགྲོ་འདུ༔ ཐིག་ལེ་འཕེལ་ཞིང་ཁམས་རྒྱས༔ སྐུ་གདུང་རིང་བསྲེལ་འཕེལ་བའི་ཕུང་པོ་ལྷག་མེད་དུ་སངས་རྒྱ་བར་འགྱུར་རོ༔ རྗེས་ནི་ཚོགས་ཀྱི་འཁོར་ལོས་རྩ་བ་གསུམ་མཉེས་པར་བྱ་ཞིང༔ རང་འདོད་མེད་པའི་འགྲོ་དོན་ལ་བརྩོན་པ་གཅེས་སོ༔ ཨེ་མ་རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རང་དང་གཉིས་མེད་སྒྲུབ་པའི་ཐབས༔ ཡང་ཟབ་བཅུད་ཀྱི་གདམས་པ་འདི༔ དེ་སྔ་འཇིག་རྟེན་སྤེལ་བ་མེད༔ འདི་དང་སུ་འཕྲད་སྐལ་པ་ཆེ༔ སྐྱེ་བ་ཟད་པའི་སྐྱེས་བུ་འོ༔ ད་ལྟ་སྤེལ་བའི་གནས་མེད་པས༔ མ་འོངས་དོན་དུ་གཏེར་དུ་སྦོས༔ ཕྱི་མ་ལས་འཕྲོ་ཅན་དང་འཕྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ རྡོར་སེམས་སྙིང་ཐིག་ལས༔ རྩ་བ་གསུམ་གྱི་ལས་བྱང་དོན་གྱི་གསལ་འདེབས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ བསོད་ནམས་ཆེན་པོ་མྱུར་རྫོགས་ཤིང༔ བླ་མེད་བྱང་ཆུབ་འཐོབ་བྱའི་ཕྱིར༔ རྩ་བ་གསུམ་གྱི་ལས་བྱང་བསྟན༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ཡིད་འོང་དབེན་པའི་གནས་མཆོག་ཏུ༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཀྲམ༔ རིན་པོ་ཆེའི་སྣོད་དམ༔ བྷནྡྷ་མཚན་ཉིད་དང་ལྡན་པར༔ རྒྱན་དང་ལྡན་པའི་གཏོར་མ་བཤམས་ལ༔ ཚོགས་དང་མཆོད་པའི་ཡོ་བྱད་བསགས་ཏེ༔ རང་བཞིན་ལྟ་བས་མཚམས་གཅད་པ་ནི༔ ཧཱུྃ༔ ང་ནི་ཡེ་ནས་རྡོ་རྗེ་སེམས༔ སྐུ་ཡི་སྤྲུལ་པས་ནམ་མཁའ་གང༔ གསུང་གིས་སྟོང་གསུམ་སྒྲ་སྒྲོག་ཅིང༔ ཐུགས་ཀྱི་འོད་ཟེར་གློག་སྟོང་འཁྱུག༔ ཡེ་ཤེས་མེ་ཡིས་ཕྱོགས་མཚམས་གང༔ སྣོད་བཅུད་ལྷ་དང་གཞལ་ཡས་ཁང༔ བགེགས་དང་བར་ཆད་ག་ལ་ཡོད༔ ཡེ་གྲོལ་ཆེན་པོར་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ༔ ཕཊ་ཕཊ་ཕཊ༔ གནས་ལུགས་ཀྱི་དོན་གསལ་བཏབ་སྟེ༔ ཚོགས་གཏོར་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་དངོས་འཛིན་རྣམ་རྟོག་གི་ཉེས་སྐྱོན་ཐམས་ཅད་བསལ༔ ཨོཾ་ཨཱཿཧཱུྃ་གསུམ་བརྗོད་པས༔ ཡེ་ཤེས་ལྔ་ལྡན་གྱི་བདུད་རྩི༔ དུག་ལྔ་བསྒྲལ་པའི་རཀྟ༔ འདོད་ཡོན་ལྔ་ལྡན་གྱི་གཏོར་མ༔ དངོས་གྲུབ་འབྱུང་བའི་ཚོགས་གཏོར་དུ་བྱིན་གྱིས་བརླབ་བོ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་དང༔ ཚོགས་གསག་པ་རྣམས་སྒྲུབ་ཐབས་ལྟར་བྱའོ༔ དེ་ནས་གཉིས་པ་རང་ཉིད་རྩ་བ་གསུམ་གྱི་དཀྱིལ་འཁོར་ཡེ་ནས་ཡིན་པ་དེ་གསལ་བཏབ་པ་ནི༔ ཧཱུྃ༔ སྟོང་གསལ་བྱ་རྫོགས་ཆེན་པོའི་ངང༔ སྟོང་ཉིད་སྙིང་རྗེས་ཀུན་ལ་ཁྱབ༔ འགག་མེད་རིག་པ་ཧཱུྃ་དུ་ཤར༔ ལྔ་ལྡན་ཡེ་ཤེས་གཞལ་ཡས་ཁང༔ པད་སྡོང་འདབ་བཞི་ཉི་ཟླའི་སྟེང༔ ཧཱུྃ་ལས་རང་ཉིད་རྡོ་རྗེ་སེམས༔ དཀར་གསལ་སྐྱིལ་ཀྲུང་རྡོར་དྲིལ་བསྣམས༔ རིན་ཆེན་རྒྱན་མཛེས་མཚན་དཔེར་ལྡན༔ སྤྱི་གཙུག་ཨོ་རྒྱན་ཡབ་ཡུམ་གསལ༔ འདབ་བཞིར་རིགས་བཞིའི་མཁའ་འགྲོ་བསྒོམ༔ ཡེ་རྫོགས་རྩ་གསུམ་ལྷ་ཚོགས་རྣམས༔ དམིགས་མེད་ཟང་ཐལ་ཀློང་དུ་བསྐྱེད༔ ཨོཾ་ཨཱཿཧཱུྃ༔ ཞེས་པས༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ དེ་ལྟར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་རང་དང་གཉིས་སུ་མེད་ཀྱང་གཉིས་སྣང་གི་རྟོག་པ་བསལ་ཕྱིར་སྤྱན་དྲང་བ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ བཀའ་བབས་ལུང་གི་ཕོ་བྲང་ནས༔ བརྒྱུད་པའི་བླ་མ་གཤེགས་སུ་གསོལ༔ སྐུ་གསུམ་རིག་རྩལ་ཞིང་ཁམས་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ ཕྲིན་ལས་རྣམ་བཞིའི་གཞལ་ཡས་ནས༔ མཁའ་འགྲོ་རིགས་བཞི་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ བཀའ་སྲུང་གཏེར་བདག་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་པས༔ ནམ་མཁའ་ལ་རྩ་གསུམ་ལྷ་ཚོགས་འཐིབས་ཀྱིས་བྱོན་པར་བསམ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་བརྡལ་བའི་དཀྱིལ་འཁོར་འདིར༔ འཁོར་བའི་སྐྱོན་བྲལ་པདྨའི་གདན༔ ཐབས་ཤེས་དབྱེར་མེད་ཉི་ཟླའི་སྟེང༔ ཡེ་ཤེས་རོལ་པའི་ལྷ་ཚོགས་རྣམས༔ བཞེངས་དང་བཞུགས་པ་མི་མངའ་ཡང༔ སེམས་ཅན་རྟོག་པ་སྦྱང་ཕྱིར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བརྗོད་པས་ཆུ་ལ་ཆུ་ཐིམ་པ་ལྟ་བུར་གྱུར་ཏེ༔ ཡེ་ནས་གཉིས་མེད་ཀྱི་དོན་དྲན་པར་བྱའོ༔ དེ་ནས་ཕྱག་འཚལ་བ་ནི༔ ཧོ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྐུ༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཡེ་ནས་རང་བྱུང་རིག་པའི་སྐུ༔ ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ འགག་མེད་རིག་རྩལ་རོལ་པའི་སྐུ༔ མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་ནཱ་མོ༔ ཞེས་གཉིས་སུ་མེད་པར་ཕྱག་འཚལ་ལོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ རང་དང་གཉིས་སུ་མེད་པའི་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་སྒྲ་སྙན་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རང་བྱུང་ནང་གི་མཆོད་པ་འབུལ༔ སྣང་སྟོང་གཉིས་མེད་བདེ་བ་ཆེ༔ གཉིས་མེད་གསང་བའི་མཆོད་པ་འབུལ༔ ཡེ་ཤེས་ལྔ་ལྡན་བདུད་རྩི་དང༔ དུག་ལྔ་བསྒྲལ་པའི་རཀྟ་དང༔ འདོད་ཡོན་ལྔ་ལྡན་གཏོར་མ་དང༔ དངོས་གྲུབ་འབྱུང་བའི་ཚོགས་མཆོད་རྣམས༔ རང་བཞིན་ལྷུན་གྲུབ་ཆེན་པོའི་རྩལ༔ རང་ལས་བྱུང་ཞིང་རང་ལ་མཆོད༔ རོལ་པ་ཆེན་པོའི་མཆོད་པ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ མ་ཧཱ་པཉྩ༔ རཀྟ༔ བྷ་ལིཾ་ཏ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་པ་འཕྲུལ་དགའི་མཆོད་པ་བཞིན་དུ༔ རང་ལས་སྤྲུལ་ཞིང་རང་མཆོད་པ༔ གཉིས་སུ་མེད་པར་རོལ་ཏེ་དགྱེས་པར་བསམ་མོ༔ དེ་ནས་ཛཔ྄་བྱ་བ་ནི༔ རྩ་བ་གསུམ་གསལ་བའི་ངང་ལས༔ ཨོཾ་ཨཱཿཧཱུྃ༔ ཞེས་བྱེ་བ་གཅིག་བསྙེན་པ་བྱ་སྟེ༔ སྒྲུབ་ཐབས་ནས་འབྱུང་བ་བཞིན་རྩ་བ་གསུམ་གྱི་སྒྲུབ་པ་ལ་འཇུག་པར་བྱའོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ངོ་བོའི་སྐུ་ནི་མཐའ་དང་བྲལ༔ རང་བཞིན་གསུང་ནི་གྲགས་ལ་སྟོང༔ ཐུགས་རྗེའི་ཐུགས་ནི་སྨྲ་བསམ་བྲལ༔ སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འགྱུར་མེད་སྐུ་གསུང་ཐུགས་དང་ལྡན༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཕྲིན་ལས་རྣམ་བཞིས་རེ་འདོད་སྐོང༔ བླ་མའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་ཅན༔ རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ༔ རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག༔ རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐྱོན་མེད་རྣམ་དག་རྡོ་རྗེའི་སྐུ༔ འགག་མེད་རང་བཞིན་ཚངས་པའི་གསུང༔ ཆོས་དབྱིངས་ཡེ་ཤེས་མཁྱེན་པའི་ཐུགས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་དོན་དང་མཐུན་པར་བསྟོད༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ སྐུ་ཡི་ཕྲིན་ལས་རབ་སྒྲུབས་ལ༔ འདོད་ཁམས་བདེ་བ་ཆེན་པོར་སྒྲོལ༔ སེམས་ཅན་འདོད་ཆགས་སྒྲོལ་བར་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ གསུང་གི་ཕྲིན་ལས་རབ་སྒྲུབས་ལ༔ གཟུགས་ཁམས་ཡེ་ཤེས་ལྔ་རུ་སྒྲོལ༔ སེམས་ཅན་ཞེ་སྡང་སྒྲོལ་བར་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ ཐུགས་ཀྱི་ཕྲིན་ལས་རབ་སྒྲུབས་ལ༔ གཟུགས་མེད་ཀ་དག་ཆེན་པོར་སྒྲོལ༔ སེམས་ཅན་གཏི་མུག་སྒྲོལ་བར་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ རང་སྣང་དགོངས་བརྒྱུད་དག་པར་བསྐུལ༔ དམ་རྫས་རྨད་བྱུང་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ༔ ཤཱནྟིཾ་པུཥྚིཾ་པཱ་ཤཾ་མཱ་ར་ཡ༔ ཨོཾ་ཨཱཿཧཱུྃ༔ ཞེས་བསྐུལ་ལ༔ བསྔོ་བ་བྱ་སྟེ༔ ཧོ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་གཞན་སེམས་ཅན་ཐམས་ཅད་ཀྱིས༔ ཚོགས་གཉིས་བསགས་པའི་དགེ་བ་རྣམས༔ མཐར་ཕྱིན་ཡོངས་གྲོལ་ཆེན་པོར་བསྔོ༔ ཞེས་དམིགས་གཏད་དང་བྲལ་བར་རྗེན་ནེ་གཞག་གོ༔ ཨེ་མ་དོན་གྱི་གསལ་འདེབས་ལས་བྱང་འདི༔ ཚོགས་གསག་བར་ཆད་བསལ་བ་དང༔ རྩ་གསུམ་ཐུགས་དམ་བསྐང་བའི་ཕྱིར༔ བཻ་རོ་བདག་གིས་ཡི་གེར་བཀོད༔ ཕྱི་རབས་འདི་འཕྲད་སྐྱེས་བུ་ཡིས༔ ནངས་ནུབ་མེད་པར་འདི་ལ་འབུངས༔ དངོས་གྲུབ་རྣམ་གཉིས་འཐོབ་པར་འགྱུར༔ རྩ་བ་གསུམ་གྱི་གཏོར་ཚོགས་ཀྱི་རིམ་པ་དོན་གྱི་གསལ་འདེབས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྩ་གསུམ་དྲིལ་སྒྲུབ་ཀྱི་སྒྲུབ་ཐབས་ལས་བྱང་ལ་ཤོག་སེར་ཞེང་སོར་བཞི་དཀྱུས་མཛུབ་གང་མཐོ་དོའི་ཕྱི་ནང་ཁེངས་ཀྱི་གདའ། སྤྲུལ་སྐུ་ཀུན་སྐྱོང་གླིང་པས་མ་ཚོར་རྡོ་རྗེ་སྐྱེ་བྲག་ནས་སྤྱན་དྲངས་པའོ།། ༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ བཏགས་གྲོལ་རེག་པ་དོན་ལྡན་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈ རྡོ་རྗེ་སེམས་དཔའི་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་འདུས་པ༔ ཨུ་རྒྱན་མཁའ་འགྲོ་གསང་བའི་ཡི་གེ་སྟོང༔ རྡོ་རྗེ་སེམས་དཔའི་གསུང་ལས་རང་བྱུང་དུ༔ སྐལ་ལྡན་བཏགས་གྲོལ་ཡང་དག་གསང་བའི་དོན༔ ཟབ་མོ་གནད་ཀྱི་གདམས་པ་བསྟན་པར་བྱ༔ ཨེ་མ་སུ་ཀ༔ དེ་ཡི་དོན་གྱི་མན་ངག་བཀྲོལ་བ་ལ༔ གདམས་པའི་ཆེ་བ་དངོས་དང་ཡོན་ཏན་དང༔ རྟགས་དང་དམ་ཚིག་ལྔ་ཡིས་སེམས་ལ་ཕུར༔ ཨེ་མ༔ རང་བྱུང་དོན་གྱི་ཡི་གེ་འདི༔ སྐལ་ལྡན་འཆང་ན་དོན་དང་ལྡན༔ སརྦ་དྷརྨ་ཧྲྀ་ད་བྷི༔ གནད་ཀྱི་ཡི་གེ་ཆེ་བ་ནི༔ འགྲོ་བ་གང་དང་འདི་ཕྲད་པ༔ མངོན་པར་སངས་རྒྱས་ཐེ་ཚོམ་མེད༔ ྈྈྈྈྈ ཨེ་མ་ཀུན་བཟང་རྡོ་རྗེ་སེམས༔ གནད་ཀྱི་ཡི་གེ་དངོས་བསྟན་པ༔ ཆུ་དར་རིན་ཆེན་མཐིང་ཤོག་ལ༔ གང་བྱེད་ཡར་ངོའི་དུས་ཉིད་དུ༔ གསོལ་བཏབ་རིན་ཆེན་གསེར་ཆུ་ལ༔ བྱིན་རླབས་ཡི་གེ་ལེགས་པ་རུ༔ འབྲུ་བཀྲམ་མགོ་གཅིག་བསྟན་པ་རུ༔ མཎྜལ་གསེར་དང་གཡུས་བརྒྱན་པ༔ བླ་མ་མཉེས་པའི་ཡོན་དུ་ཕུལ༔ ཚོགས་གཏོར་མཁའ་འགྲོ་མཉེས་བྱས་ལ༔ བླ་མ་ལྷ་ལ་གསོལ་བ་འདེབས༔ རང་བྱུང་ཡི་གེ་ཧྲཱིཿཡིག་བསྒོམ༔ དར་སྣ་ལྔ་ཡི་དབུས་སུ་དྲིལ༔ བཀྲ་ཤིས་རང་བྱུང་ཡི་གེ་བཟླ༔ སློབ་མ་འམ་ནི་རང་ཉིད་ཀྱི༔ སྤྱི་གཙུག་གམ་ནི་སྙིང་ཁར་གཞག༔ དེ་ནི་རྡོ་རྗེ་སེམས་དཔའ་དངོས༔ ཙིཏྟར་ཕུར་ཅིག་ས་མ་ཡ༔ ྈྈྈྈྈྈྈྈྈྈ ཨེ་མ་སྐལ་ལྡན་དམ་ཚིག་ཅན༔ རང་བྱུང་གནད་ཀྱི་ཡི་གེ་འདི༔ འགྲོ་བ་གང་གིས་བཅངས་གྱུར་པ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྲས་ཀྱི་ཐུ་བོར་དབང་བསྐུར་ཏེ༔ སྐད་ཅིག་ཉིད་ལ་སངས་རྒྱས་འཐོབ༔ ལུས་ནི་རྒྱལ་བའི་སྐུ་རུ་འགྱུར༔ དཔག་མེད་ནམ་མཁའ་ཡངས་པ་རུ༔ སངས་རྒྱས་རྣམས་ལ་ཆོས་ཉན་དང༔ ནམ་མཁའ་མཉམ་པའི་སེམས་ཅན་གྱི༔ རེ་རེའི་མདུན་དུ་སྤྲུལ་སྐུ་རེ༔ སེམས་ཅན་འགྲོ་དོན་བྱེད་པ་འབྱུང༔ འདིར་ཡང་ལུས་ལ་བདེ་བ་འབར༔ མཚན་དཔེ་ཡོན་ཏན་འཆར་བ་དང༔ འབྱུང་པོ་གང་ཞིག་གནོད་མི་ནུས༔ ཀུན་གྱི་ཡིད་དུ་འོང་བར་འགྱུར༔ ངག་ནི་རྒྱལ་བའི་གསུང་དུ་འགྱུར༔ ཕྱོགས་བཅུའི་འཇིག་རྟེན་ཞིང་ཁམས་སུ༔ རང་རང་སོ་སོའི་སྐད་དུ་ནི༔ གང་སྨྲས་ཆོས་སུ་འགྲོ་བ་དང༔ གསང་སྔགས་ཐམས་ཅད་རྫོགས་པ་འབྱུང༔ འདིར་ཡང་ཤེས་རབ་ཕྱོགས་མེད་སྐྱེ༔ སྔར་མ་ཐོས་པའི་ཆོས་ཤེས་ཤིང༔ ངག་གི་ནུས་པ་འཆར་བ་དང༔ བདེ་བར་གཤེགས་པའི་གསུང་རབ་རྣམས༔ འཆད་ལ་ཐོགས་པ་མེད་པར་འགྱུར༔ ཡིད་ནི་རྒྱལ་བའི་ཐུགས་སུ་འགྱུར༔ ཆོས་ཉིད་དག་པའི་དཀྱིལ་འཁོར་དུ༔ སྨྲ་བསམ་བརྗོད་མེད་བློ་ལས་འདས༔ ཆོས་སྐུ་ནམ་མཁའི་ངང་ཉིད་དུ༔ ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ༔ འདིར་ཡང་ཉམས་མྱོང་མངོན་ཤེས་འཆར༔ ལྷག་མཐོང་རྟོགས་པའི་ཡེ་ཤེས་འཆར༔ ན་དགའ་འཆི་བྲོད་གདེང་དུ་ཚུད༔ འགྲོ་དོན་ཐམས་ཅད་འབྱུང་བ་དང༔ དཔའ་བོ་མཁའ་འགྲོ་དམ་ཅན་དང༔ འགྲོ་བ་ཀུན་གྱིས་མཆོད་པར་འགྱུར༔ དབུགས་བྲལ་སངས་རྒྱས་ཉིད་ཐོབ་སྟེ༔ དེ་ལྟར་ཕན་ཡོན་བསམ་ལས་འདས༔ རང་བྱུང་གནད་ཀྱི་ཡི་གེ་འདི༔ སེམས་ཅན་གང་ཞིག་འཆི་བའི་དུས༔ རྣ་བར་བཟླས་པ་ཙམ་གྱིས་ཀྱང༔ བར་དོའི་འཇིགས་པ་བྲལ་ནས་ཀྱང༔ འཇའ་དང་འོད་ཀྱི་རྟགས་འབྱུང་ཞིང༔ སྤྲུལ་པའི་སྐུ་རུ་སངས་རྒྱས་སོ༔ འདི་ནི་དུས་གསུམ་སངས་རྒྱས་དངོས༔ སྟོང་གསུམ་བྱེ་བ་ཕྲག་བརྒྱ་ནས༔ བཙལ་ཡང་རྙེད་པར་མི་འགྱུར་རོ༔ སྙིང་དང་འདྲ་འོ་སེམས་ལ་ཕུར༔ ྈྈྈྈྈྈྈྈ ྈྈྈ ཨེ་མ་སྐལ་ལྡན་སྙིང་གི་བུ༔ དེ་ལྟར་རང་བྱུང་ཡི་གེ་འདིས༔ བསླུས་པ་མེད་པའི་དོན་དང་ལྡན༔ ཕྱིར་མི་ལྡོག་པའི་རྟགས་སུ་ནི༔ རང་ལས་རང་བྱུང་ཡེ་ཤེས་འཆར༔ བྱིན་རླབས་ལུང་བསྟན་བྱེད་པ་འབྱུང༔ རྟགས་སུ་འཇའ་འོད་ས་གཡོས་འབྱུང༔ ཡི་དམ་ལྷ་ཡི་ཞལ་མཐོང་དང༔ དངོས་སུ་མཁའ་འགྲོས་གདན་འདྲེན་འབྱུང༔ སྤྲུལ་པའི་སྐུ་ཡི་ཞིང་དུ་འགྲོ༔ གཞན་ཡང་ཕྱི་རྟགས་འཇའ་འོད་དང༔ སྒྲ་དང་ས་གཡོས་མེ་ཏོག་འབབ༔ ཚེ་འཕོས་ཕུང་པོ་སྦྱང་དུས་སུ༔ ང་ཡི་སྐུ་ཡི་གདེང་ཐོབ་རྟགས༔ མེ་འོད་དཀར་གསལ་དག་པ་དང༔ སྒྲ་དང་འཇའ་ཚོན་སྣ་ལྔ་དང༔ སྐུ་གཟུགས་ལ་སོགས་བྱོན་པ་ཡིན༔ ང་ཡི་གསུང་གི་རྟགས་ཐོབ་རྟགས༔ མེ་འོད་དམར་སེར་གཡོན་དུ་འཁྱིལ༔ མེ་ཏོག་ཆར་པ་འབབ་པ་དང༔ ཡི་གེའི་ཚོགས་རྣམས་བྱོན་པ་ཡིན༔ ང་ཡི་ཐུགས་ཀྱི་རྟེན་ཐོབ་རྟགས༔ སེམས་ཅན་ཀུན་གྱི་ཙིཏྟ་ལ༔ མེ་འོད་དཀར་སེར་དམར་ལྗང་མཐིང་ཁ་ལྔ༔ བཅུད་དུ་དྲིལ་བའི་འོད་ཟེར་ལ༔ ཕྱི་རྟགས་འཇའ་ཚོན་དཀྱིལ་འཁོར་འོང༔ ནང་རྟགས་བདེ་གཤེགས་རིགས་ལྔའི་གདུང༔ རུས་པའི་རྟགས་སུ་ཤ་རཱི་རཾ༔ སྣུམ་ལ་འདྲིལ་ཞིང་ཁ་དོག་དཀར༔ རིག་པའི་དྭངས་མ་ཉིད་ལ་སྨིན༔ ཡང་དག་ཉིད་ཀྱི་གདུང་དུ་བཞག༔ སྐྱེ་མེད་ཆོས་སྐུ་ཐོབ་པ་ཡིན༔ རྒྱུངས་པའི་རྟེན་དུ་གསེར་རཱི་རམ༔ མདོག་ནི་སེར་ལ་གསལ་བ་དྭངས༔ ཆུ་སེར་དྭངས་མ་ཉིད་ལ་སྨིན༔ སྲ་མཁྲེགས་རིན་ཆེན་གདུང་དུ་བཞག༔ ཡོན་ཏན་ཐམས་ཅད་འཕེལ་བ་ཡིན༔ ཡན་ལག་རྟེན་དུ་ཉ་རཱི་རམ༔ མདོག་ནི་ལྗང་ལ་དྭངས་པ་སྟེ༔ ཤ་ཡི་དྭངས་མ་ཉིད་ལ་སྨིན༔ ཤིན་ཏུ་སྲ་བ་ལས་ཀྱི་གདུང༔ སྤྲུལ་པའི་སྐུ་ནི་ཐོབ་པ་ཡིན༔ ལྗགས་ཀྱི་རྟེན་དུ་ཆུ་རཱི་རམ༔ ཁ་དོག་དམར་ལ་སྣུམ་པ་དང༔ ཆུ་རྒྱུས་དྭངས་མ་ཉིད་ལ་སྨིན༔ བྱིན་རླབས་པདྨའི་གདུང་དུ་བཞག༔ ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ༔ འབྱུང་འདུས་རྟེན་ལ་པཉྩ་རམ༔ མཐིང་ཁ་གསལ་ལ་འདྲིལ་བ་ནི༔ ཚིགས་པའི་དྭངས་མ་ཉིད་ལ་སྨིན༔ ཆེ་ཞིང་མཁྲེགས་པ་རྡོ་རྗེའི་གདུང༔ བདེ་གཤེགས་སྐུ་ལྔ་ཐོབ་པ་ཡིན༔ དེ་ལྟར་བདེ་གཤེགས་གདུང་ལྔ་དང༔ རིང་བསྲེལ་མིང་བཏགས་ཕྲ་མོ་དང༔ དེ་རྣམས་ངེས་པར་རྟགས་ཐོབ་རྟགས༔ རོ་སྲེག་ཙནྡན་རྒྱ་ཤུག་བྱ༔ སྟེང་འོག་དར་ཟབ་སླ་ང་བཏིང༔ ཏིལ་དང་མར་གྱི་མཆོད་པ་འབུལ༔ དུད་པའི་གཟུགས་ནི་མཛེས་པ་དང༔ དྲི་བཟང་ཁ་དོག་གསལ་བ་དང༔ ནམ་མཁའ་དྭངས་ཤིང་འོད་གསལ་བ༔ འདི་དུས་ཞིང་ཁམས་གཞན་དུ་འཕོ༔ འཇའ་དང་ས་གཡོས་ལ་སོགས་འབྱུང༔ དུད་པ་ཆད་པའི་རྗེས་ཉིད་ལས༔ གདུང་རྣམས་ལེགས་པར་བརྟག་པར་བྱ༔ གང་ཟག་རིགས་ཀྱི་བྱེད་པ་ཡིས༔ ལྔ་ཀ་འབྱུང་བ་དཀའ་བ་དེ༔ རིགས་གཅིག་ངེས་པར་འབྱུང་བར་འགྱུར༔ དེ་ལྟར་རྟགས་དང་མཐུན་པ་ཡིས༔ སངས་རྒྱས་ཉིད་དུ་ཐེ་ཚོམ་མེད༔ ྈྈྈྈྈྈྈྈྈྈྈྈ ཨེ་མ་ཉམས་ལེན་སྐྱེས་བུ་རྣམས༔ བཏགས་གྲོལ་གསང་བའི་དམ་ཚིག་ནི༔ བླ་མ་སྤྱི་བོའི་གཙུག་ཏུ་བསྒོམ༔ སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད༔ དམ་ཚིག་སྲོག་དང་བསྡོས་ལ་བསྲུང༔ གདམས་ངག་གཞན་ལ་སྤེལ་མི་བྱ༔ གསང་ཞིང་རང་གིས་ཉམས་སུ་བླང༔ དམ་མེད་དམ་ཚིག་སྤེལ་བ་ན༔ དཔའ་བོ་མཁའ་འགྲོའི་བཀའ་ཆད་ཡོང༔ རང་གི་བཀའ་སྲུང་རྒྱབ་ཀྱིས་ཕྱོགས༔ རྟགས་དང་ཡོན་ཏན་མི་འབྱུང་ཞིང༔ ལོག་ལྟ་ཅན་རྣམས་དམྱལ་བར་ལྟུང༔ དེ་བས་དམ་ལ་གནས་པར་བྱ༔ གལ་ཏེ་དོན་ལྡན་སྐྱེས་བུ་ཡིས༔ དད་ཅན་འགྲོ་བ་འགའ་རེ་ལ༔ གནང་དུས་གསེར་གཡུའི་མཎྜལ་དང༔ ཚོགས་འཁོར་མཁའ་འགྲོ་མཉེས་བྱས་ལ༔ བཀའ་རྒྱས་གདབ་ལ་སྦྱིན་པར་བྱ༔ སྙིང་ལ་ཆོངས་ལ་སེམས་ལ་ཕུར༔ ྈྈྈྈྈྈྈྈྈྈྈྈ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ རྡོ་རྗེ་སེམས་དཔའ་ཉིད་ཀྱི་གསུང༔ རེག་པ་དོན་ལྡན་སངས་རྒྱས་སྲས༔ མ་བཅོས་རང་ལ་ཡོད་པའི་གནད༔ རང་ཤར་ཆོས་ཉིད་དོན་གྱི་ཆོས༔ རང་བྱུང་རིག་པའི་ཏནྟྲ་མཆོག༔ སངས་རྒྱས་ཀུན་གྱི་སྲས་གཅིག་པོ༔ འདའ་ཀ་འཆི་བྲོད་བུདྡྷའི་སྐུ༔ རང་བྱུང་གནད་ཀྱི་ཡི་གེ་འདི༔ དགའ་རབ་རྡོ་རྗེའི་གསུང་བཞིན་དུ༔ པདྨ་འབྱུང་གནས་བདག་གིས་བྲིས༔ སུ་ལའང་མ་མཆིས་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ྈྈྈྈྈྈ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ཨོ་རྒྱན་གསུང་སྤྲུལ་ཀུན་སྐྱོང་གླིང་པས་མ་ཚོར་རྡོ་རྗེའི་བྲག་ཕུག་ནས་གདན་དྲངས་པའི་གཏེར་མའོ།། ༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ བར་དོ་གནད་ཀྱི་གདམས་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ བར་དོ་གནད་ཀྱི་གདམས་པ་ཞེས་བྱ་བ༔ ཐོས་པས་གྲོལ་བའི་གདམས་པ་འདི་ལ༔ སྤྱི་དོན་རྣམ་པ་གསུམ་ཡིན་ཏེ༔ བར་དོའི་དབྱེ་བ་དང༔ བར་དོ་འཆར་ཚུལ་དང༔ གནད་ཀྱི་གདམས་པ་བསྟན་པ་དང་གསུམ་མོ༔ དེ་ཡང་རྒྱུད་ལས༔ དབྱེ་ན་སྐྱེ་གནས་འཆི་ཁ་དང༔ ཆོས་ཉིད་སྲིད་པའི་བར་དོ་འོ༔ ཞེས་གསུངས་པས༔ རང་བཞིན་སྐྱེ་གནས་ཀྱི་བར་དོ་དང༔ འཆི་ཁ་སྡུག་བསྔལ་གྱི་བར་དོ་དང༔ ཆོས་ཉིད་འོད་གསལ་གྱི་བར་དོ་དང༔ སྲིད་པ་ལས་ཀྱི་བར་དོ་དང་བཞིའི༔ དེ་བཞི་ཀ་ལའང་འཆར་ཚུལ་རེ་རེ་དང༔ གནད་ཀྱི་གདམས་པ་རེ་རེ་སྟེ༔ གཉིས་གཉིས་ཀྱིས་བསྟན་པའོ༔ དང་པོ་རང་བཞིན་སྐྱེ་གནས་ཀྱི་བར་དོ་ནི༔ མངལ་ལས་སྐྱེས་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་ཡིན་ཏེ༔ དེའི་འཆར་ཚུལ་ནི༔ ལུས་གཅིག་གྲུབ་ཕན་ཆད་ཕུང་པོ་ལྔ་དང༔ ཁམས་ལྔ་དང༔ དབང་པོ་ལྔ་གྲུབ་སྟེ༔ ཕུང་པོ་ལྔ་ནི་རིགས་ལྔའི་ངོ་བོ་ཡིན་ལ༔ ཁམས་ལྔ་ནི་ཡུམ་ལྔའི་རང་བཞིན་ཡིན་ཅིང༔ དབང་པོ་ལྔ་ལ་སོགས་པ་ཐམས་ཅད་སེམས་དཔའ་དང༔ སེམས་མ་དང༔ མཆོད་པའི་ལྷ་མོ་རྣམས་ཡིན་ནོ༔ གདམས་པ་ནི༔ ཕྱི་རོལ་གྱི་སྣང་བ་རྣམས་རང་བཞིན་མེད་པ་རྨི་ལམ་སྒྱུ་མ་ལྟར་ཤེས་པས༔ སྣང་ལ་རང་བཞིན་མེད་པར་གྲོལ་བ་ཡིན་ཞིང༔ ཤེས་པས་བསྡུས་པའི་དྲན་རིག་ཐམས་ཅད༔ རང་སེམས་ངོས་གཟུང་དང་བྲལ་བ༔ འཛིན་མེད་རང་གྲོལ་དུ་ཉམས་སུ་བླངས་པས༔ སྐུ་གསུམ་དབྱེར་མེད་དུ་ཚེ་འདི་ཉིད་ལ་སངས་རྒྱ་བར་འགྱུར་རོ༔ རྒྱུད་ལས༔ ཐོས་བསམ་སྒོམ་པས་སྒྲོ་འདོགས་བཅད༔ ཐི་བྱ་ཚང་དུ་འཇུག་པ་ལྟར༔ ཡིད་ཆེས་གདེང་དང་ལྡན་པར་བྱ༔ ཞེས་གསུངས་པས༔ མཚན་ཉིད་ལྡན་པའི་བླ་མ་ལ་ཆོས་འདི་ཞུས་ལ༔ ཐོས་བསམ་སྒོམ་གསུམ་གྱིས་སྒྲོ་འདོགས་ལེགས་པར་བཅད་དོ༔ དཔེར་ན་ཐི་བྱ་དེ་ཚང་དུ་འཇུག་པ་ལ༔ མི་ལ་སོགས་པའི་གནོད་པ་སྐྱེལ་བའི་སྒྲོ་འདོགས་ལེགས་པར་བཅད༔ ཐེ་ཚོམ་མེད་པ་དང་ཚང་དུ་འཇུག་པ་ལྟར༔ འདིར་ཡང་ལྟ་སྒོམ་སྤྱོད་པའི་དོན་རྣམས་ལ༔ ཐེ་ཚོམ་དང་ཡིད་གཉིས་མེད་པར་ཐག་བཅད་ལ་ཉམས་སུ་བླང་སྟེ༔ ཡིད་ཆེས་པའི་གདེང་དང་ལྡན་པར་བྱའོ༔ གཉིས་པ་འཆི་ཁ་སྡུག་བསྔལ་གྱི་བར་དོ་ནི༔ འཆི་ནད་ཀྱིས་བཏབ་ནས་དབུགས་མ་ཆད་ཀྱི་བར་དེར་ཡིན༔ དེ་ཡང་ནད་ཀྱིས་ཟིན་པ་འབྱུང་བ་ལྔ་པོ་འཁྲུགས་ཏེ༔ ཤིན་ཏུ་ཟུག་གཟེར་གྱིས་གདུང་ཞིང༔ ཚེ་འདིའི་སྣང་བ་ལ་ཞེན་ཆགས་ཆེར་སོང་བ་དང༔ ཡང་འབྱུང་བའི་སྟོབས་ཟད་པས༔ འཆི་བར་ངོ་ཤེས་ནས་ཤིན་ཏུ་སྡུག་བསྔལ་ལོ༔ འཆར་ཚུལ་ནི་འབྱུང་བ་འཁྲུགས་པས༔ ཤེས་པ་གཅིག་ཏུ་མི་གནས་ཏེ༔ སྣང་བ་ཐམས་ཅད་བན་བུན་ལང་ལོང་འཆར༔ འབྱུང་བ་རྣམས་རང་རང་ལ་ཐིམ་པའི་རྟགས༔ ས་ས་ལ་ཐིམ་པས་ལུས་ཤིན་ཏུ་ལྗི༔ མགོ་ཡར་མི་ཐེག་སྟེ༔ ང་ཡར་སློངས་དང་ཟེར་བའོ༔ ཆུ་ཆུ་ལ་ཐིམ་པས་ཁ་ཆུ་དང་སྣ་ཆུ་འཛག་ཅིང༔ ལུས་ཀྱང་ཉལ་ཉོལ་དབང་པོས་ཟུངས་མི་ཐུབ་པར་འགྱུར་རོ༔ མེ་མེ་ལ་ཐིམ་པས༔ ཁ་སྣ་དང་ལྕེ་སྐམ་སྟེ༔ ལབ་ཟེར་བར་འདོད་ཀྱང་བརྡའ་མི་འབྱོར༔ ལུས་ཀྱི་མཐའ་ནས་འཁྱག༔ བཀྲག་དང་གཟི་མདངས་འཆོར་རོ༔ རླུང་རླུང་ལ་ཐིམ་པས༔ དབུགས་མི་བདེ་ཞིང་ཁ་སྣ་ནས་སྡུད༔ ཡང་ཡང་རྩེག་ཅིང་མཐར་ཧལ་ཅེས་ཆད་ནས་འཆིའོ༔ དེ་ལྟར་ཡང་རྒྱུད་ལས༔ དེ་དུས་འབྱུང་བ་རང་སར་ཐིམ༔ ས་ནི་སར་ཐིམ་ལུས་རྣམས་ལྗི༔ ཆུ་ནི་ཆུར་ཐིམ་སྣ་ཆུ་འཛག༔ མེ་ནི་མེར་ཐིམ་ཁ་སྣ་སྐམ༔ རླུང་ནི་རླུང་ཐིམ་དབུགས་མི་བདེ༔ འདི་དུས་ངེས་པར་འཆི་བས་ན༔ ཞེས་གསུངས་སོ༔ གདམས་པ་ནི༔ རྒྱུད་ལས༔ ཉམས་ལེན་བླ་མའི་གདམས་ངག་རྣམས༔ གསལ་གདབ་གལ་ཏེ་མ་གསལ་ན༔ བླ་མའམ་རྡོ་རྗེ་སྤུན་དང་ནི༔ དམ་ཚིག་གཅིག་པས་གསལ་ཡང་གདབ༔ ཅེས་གསུངས་པས༔ འདིའི་དུས་ནི་འཇིག་རྟེན་སྣང་ཞེན་དང༔ ཆགས་ཞེན་དང་འཁྲི་བ་ཐམས་ཅད་རྦད་ཀྱིས་གཅད༔ ཚེ་འདིའི་འཁྲུལ་གཏམ་དང༔ ཆགས་སྡང་དུག་ལྔ་ལ་སོགས་མེད་པར་བྱས་ཏེ༔ རང་གི་བླ་མ་དེ་བཞུགས་ན་གདམས་པ་ཞུ་ཞིང༔ མེད་ན་གྲོགས་དམ་ཚིག་གི་སེལ་མེད་པ་གཅིག་གིས༔ གདམས་པ་འདི་རྣམས་གསལ་གདབ་པར་བྱའོ༔ འདིའི་གནད་ནི༔ རྒྱུད་ལས༔ ཕུང་པོ་སེང་གེའི་ཉལ་ཐབས་བཅོས༔ མིག་ལ་རིག་པ་བཅུག་ནས་ཀྱང༔ དབྱིངས་ལ་ས་ལེ་ཧྲིག་གེ་གཞག༔ སྐད་ཅིག་དེ་ལ་གྲོལ་བར་འགྱུར༔ ཞེས་གསུངས་པས༔ ཚེ་འདིའི་ལོངས་སྤྱོད་ལ་མ་ཆགས་པར༔ དངོས་པོ་ཅི་ཡོད་སྤང་དག་དང༔ ཚོགས་འཁོར་བྱས་ལ༔ ནམ་མཁའ་མཐོང་བའི་སར་མལ་བཅོས་ཏེ༔ གཞོགས་གཡས་པ་ས་ལ་ཕབ༔ མགོ་བྱང་དུ་བསྟན༔ རིག་པ་མིག་ལ་བཅུག༔ མིག་བར་སྣང་ལ་གཏད་དེ༔ དབྱིངས་རིག་གཉིས་མེད་སྟོང་སང་གི་ངང་ལ་ས་ལེ་ཧྲིག་གེ་བཞག་པས༔ སྐད་ཅིག་དེ་ཉིད་ལ་ཡར་གྱི་ཟང་ཐལ་ལ་གྲོལ་བར་འགྱུར་རོ༔ ྈྈྈྈྈྈ གསུམ་པ་འོད་གསལ་ཆོས་ཉིད་བར་དོ་ནི༔ ནང་དབུགས་ཆད་ནས༔ འོད་གསལ་གྱི་སྣང་བ་འཆར་ཚུན་ཆད་ཡིན་ཏེ༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པས༔ ནང་དབུགས་ཆད༔ རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་ནས༔ རྣམ་ཤེས་རླུང་གི་རྟ་ལ་ཞོན་ཏེ༔ བར་སྣང་ལ་ཡལ་མ་ཐག་ཏུ༔ ཆོས་ཉིད་ཀྱི་བར་དོ་འཆར་བས༔ ནམ་མཁའ་འོད་གསལ་ལ་ཐིམ་ཞེས་ཟེར༔ ལུས་པོ་ས་རྡོ་ལྟར་མཁྲེགས་པོར་འགྲོ༔ འཆར་ཚུལ་ནི་རྒྱུད་ལས༔ འཆར་ཚུལ་འོད་གསལ་ཁ་དོག་ལྔ༔ ཕྱོགས་མཚམས་ཀུན་ཏུ་གསལ་བར་སྣང༔ མནན་ན་ནེམ་ལ་བཏེག་ན་འཕར༔ ཡིད་འོང་གསལ་འཚེར་གཟི་བརྗིད་འབར༔ ཁ་དོག་ལྔ་ལྡན་སྣམ་བུ་ནི༔ རང་གི་སྙིང་ག་དག་ལས་འཆར༔ དེ་ཡང་ཐིག་ལེ་ལྔ་ལྡན་ཞིང༔ རིགས་ལྔ་ཡབ་ཡུམ་ཚོམ་བུར་བཅས༔ འཇིག་རྟེན་ཁམས་ཀུན་ཁེངས་པར་འཆར༔ འོད་དང་ཟེར་དང་སྒྲ་རུ་སྒྲོག༔ ཅེས་གསུངས་པས༔ དེ་ལྟར་དབུགས་ཆད་མ་ཐག་ཏུ༔ འོད་གསལ་གྱི་བར་དོ་འཆར་ཏེ༔ སྔར་གྱི་བག་ཆགས་ཀྱི་ལུས་ཡོད་སྙམ་པ་ནི་འབྱུང་སྟེ༔ གདོས་བཅས་ཀྱི་ལུས་ནི་མི་སྣང༔ འོད་ཀྱི་ལུས་སུ་གསལ་ལོ༔ དེའི་དུས་ན་དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད༔ འོད་ཟེར་ཁ་དོག་ལྔ་ཡི་དཀྱིལ་འཁོར་དུ་སྣང་སྟེ༔ ཕྱོགས་མཚམས་སྟེང་འོག་གང་ལ་བལྟས་ཀྱང༔ མནན་ན་ནེམ་སྙམ་པ༔ བཏེག་ན་འཕར་སྙམ་པ༔ ལྟེམ་ལྟེམ་མེར་མེར༔ ཕྱི་ནང་མེད་པར་ཟང་ཐལ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ ཕྱི་ནས་བལྟས་ན་ནང་གསལ༔ ཤིན་ཏུ་ཡིད་འོང་བ༔ གསལ་འཚེར་གཟི་བརྗིད་ལྡན་ཞིང་འོད་ཟེར་འཕྲོ་བ༔ རྒྱ་ཆེ་ཞིང་ཁོང་ཡངས་པ་འཆར་རོ༔ དེའི་ཚེ་རང་གི་སྙིང་ག་ནས་འོད་ཟེར་ལྔ་སྒྲིལ་ཤིན་ཏུ་ཕྲ་བ་གཅིག་འོད་སྣང་དེ་དག་དང་འབྲེལ་བར་འཆར་ཏེ༔ དེའི་དུས་ན་འོད་མཐིང་ག་དང༔ དཀར་པོ་དང༔ སེར་པོ་དང༔ དམར་པོ་སྣམ་བུ་བརྐྱངས་པ་ལྟ་བུ་བརྩེགས་མར་འཆར་རོ༔ དེ་དག་གི་སྟེང་དུའང་ཐིག་ལེ་མེ་ལོང་ཁ་སྦུབས་པ་ཙམ་གསལ་ལ་འཚེར་བ་ལྔ་ལྡན་འཆར་རོ༔ དེ་ནི་རྡོ་རྗེ་སེམས་དཔའི་གསེང་ལམ་ཡིན་ལ༔ དེ་ཉིད་ལ་བལྟས་པས་རིགས་ལྔའི་ཚོམ་བུ་དང༔ ཡབ་དང༔ ཡུམ་དང༔ སེམས་དཔའ་དང༔ སེམས་མ་དཔག་ཏུ་མེད་པ་འོད་ལྔའི་མུ་ཁྱུད་དང་བཅས་པ༔ ཡབ་ཡུམ་གྱི་ཆ་འཛིན་པ༔ སྣང་བ་ཐམས་ཅད་སྐུ་དང་ཞིང་ཁམས་སུ་འཆར་ཏེ༔ རང་བཞིན་གྱིས་བསམ་གཏན་ལ་གནས་པར་འགྱུར་རོ༔ འདིའི་དུས་སུ་གདམས་པ་ནི༔ རྒྱུད་ལས༔ སྒྲ་དང་འོད་དང་ཟེར་ལ་སོགས༔ རང་དུ་ཡིད་ཆེས་ཐག་ཆོད་བྱ༔ ཞེས་གསུངས་པས༔ སྒྲ་དང་འོད་དང་ཟེར་དང་སྐུ་ལ་སོགས༔ སྒྲ་དང་འོད་དང་ཟེར་རང་སྣང་དུ་ཡིད་ཆེས་ཐག་ཆོད་པར་བྱས་ཏེ༔ མི་འགྱུར་བ་གསེར་གྱི་ཐུར་མའི་ཐབས་མཆོག་ཏུ་དྲན་པ་གལ་ཆེའོ༔ དེའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་དང༔ རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ༔ དེ་ཡང་རྒྱུད་ལས༔ མངོན་ཤེས་དྲུག་དང་རྗེས་དྲན་དྲུག༔ སྐད་ཅིག་གཅིག་དང་གཉིས་པར་འཆར༔ ཞེས་གསུངས་པས༔ མངོན་པར་ཤེས་པ་དྲུག་ནི༔ སྔོན་གྱི་སྐྱེ་གནས་ཤེས་པ་དང༔ འཆི་འཕོ་གར་སྐྱེ་ཤེས་པ་དང༔ མིང་དོན་མངོན་པར་ཤེས་པ་དང༔ རིགས་དྲུག་གི་མཚན་ཉིད་ཤེས་པ་དང༔ ཆོས་ཐམས་ཅད་ཀྱི་རྒྱུད་ལུང་ཤེས་པ་དང༔ དག་པ་ཡེ་ཤེས་ཀྱི་ཞིང་ཁམས་འཆར་བར་ཤེས་པ་དང་དྲུག་འཆར༔ སྐད་ཅིག་མ་གཉིས་པ་ལ་རྗེས་སུ་དྲན་པ་དྲུག་འཆར་ཏེ༔ ཡི་དམ་གྱི་ལྷ་རྗེས་སུ་དྲན་པ་དང༔ ལྟ་བ་རྗེས་སུ་དྲན་པ་དང༔ ལམ་རྗེས་སུ་དྲན་པ་དང༔ སྐྱེ་གནས་རྗེས་སུ་དྲན་པ་དང༔ བསམ་གཏན་རྗེས་སུ་དྲན་པ་དང༔ བླ་མའི་གདམས་ངག་རྗེས་སུ་དྲན་པ་དང་དྲུག་འཆར་རོ༔ མི་བརྗེད་པའི་གཟུངས་རྒྱུད་ལ་སྐྱེས་ནས༔ སྔོན་གྱི་ཆོས་ཐམས་ཅད་རྒྱུད་ལ་སྐྱེས་ནས༔ སྔར་མ་མཐོང་བའི་ཆོས་ཐམས་ཅད་འཆར་བ༔ ཆོས་ཉིད་ཀྱི་བར་དོ་ཡིན་ཏེ༔ ཏིང་ངེ་འཛིན་ཡང་དག་རྒྱུད་ལ་སྐྱེས་སོ༔ དེ་སྐད་དུ་ཡང་རྒྱུད་ལས༔ དེ་དུས་མི་བརྗེད་གཟུངས་ཀྱང་འཆར༔ ཞེས་གསུངས༔ ཡང༔ དེ་ནས་འོད་སྣང་དེ་དག་ཀུན༔ རང་གི་སྙིང་ཁར་ཟུག་པ་ཡིས༔ ཉི་མ་ནུབ་པའི་ཟེར་བཞིན་དུ༔ གཟིགས་སྣང་ཀུན་ལས་འདས་པ་སྟེ༔ མ་པང་བུ་ཚུད་ལྟ་བུ་རུ༔ གདོད་མའི་གཞི་ལ་གྲོལ་བར་འགྱུར༔ ཞེས་གསུངས་པས༔ དེ་ནས་སྐད་ཅིག་མ་གསུམ་པ་ལ༔ སྐུ་དེ་དག་གི་ཐུགས་ཁ་ནས༔ འོད་ཟེར་ཚོན་སྐུད་བསྒྲིལ་པ་ལྟ་བུ་ཞིག་རང་ལ་ཟུག་པར་འཆར་སྟེ༔ དེའི་དུས་སུ་ཚོམ་བུའི་ལྷ་ཚོགས་རྣམས་རང་ལ་ཐིམ་པའི་སྣང་བ་འབྱུང་ངོ༔ དཔེར་ན་ཉི་མ་རྒས་པའི་དུས་སུ༔ ཟེར་འདུས་པ་བཞིན་དུ་སྐུ་རྣམས་རང་ལ་འདུས་ཏེ༔ རིགས་དྲུག་ལ་སོགས་མ་དག་འཁྲུལ་པའི་སྣང་བ་གཏན་ནས་མེད་དེ༔ གཟིགས་སྣང་ལས་འདས་པས༔ མ་པང་དུ་བུ་ཚུད་པ་ལྟར༔ སྟོང་གསལ་འཛིན་མེད་གདོད་མའི་གཞི་ལ་གྲོལ་བར་འགྱུར་རོ༔ དེའི་དུས་ན་ཆོས་ཐམས་ཅད་ཟད་དེ༔ ཀ་དག་གི་ཀློང་དུ་ཐིམ་པའོ༔ དེ་ལྟར་དབང་པོའི་བྱེ་བྲག་གིས༔ སྐད་ཅིག་གཅིག་མ་ཉི་ཤུ་རྩ་གཅིག་གིས༔ ཞག་ལྔའམ༔ ཉི་ཤུ་རྩ་གཅིག་གིས་ངེས་པར་གྲོལ་བར་འགྱུར་རོ༔ ྈྈྈྈྈྈ བཞི་པ་སྲིད་པ་ལས་ཀྱི་བར་དོ་ནི༔ ཆོས་ཉིད་ཀྱི་སྣང་བ་རྣམས་རྫོགས་ནས༔ མངལ་དུ་ཚུད་པ་ཚུན་ཆད་ཡིན་ནོ༔ ཆོས་ཉིད་ཀྱི་བར་དོ་ཡིན་ཡང་དེ་ཡང་རང་སྣང་རང་ངོ་རང་གིས་མ་ཤེས་པས༔ སྒྲ་འོད་ཟེར་གསུམ་ལ་དངངས་སྐྲག་སྐྱེས་ནས༔ སྲིད་པ་བར་དོར་འཁྱམས་པའོ༔ དེ་ཡང་རྒྱུད་ལས༔ རང་ངོ་རང་གིས་མ་ཤེས་པས༔ སྒྲ་འོད་ཟེར་ལ་སྐྲག་པ་ཡིས༔ སྲིད་པའི་བར་དོར་ཁ་འཁྱམ་མོ༔ ཞེས་གསུངས་སོ༔ འཆར་ལུགས་ནི༔ བར་དོར་ཡིད་ཀྱི་ལུས་ཅན་ནོ༔ དབང་པོ་རྣམས་ཚང་ཞིང་སྔ་མའི་ལུས་པོ་དེ་བཞིན་ཡོད་སྙམ་པ་ལས༔ ཤ་ཁྲག་གདོས་བཅས་ཀྱི་གཟུགས་མེད་པས་དངོས་པོ་གང་ལའང་ཐོགས་པ་མེད་པར་རྒྱུ་ཞིང༔ བྱ་སྒྲོ་རླུང་གིས་ཁྱེར་བ་ལྟར༔ འདིར་འགྲོའི་གཏད་སོ་མེད་དོ༔ ཕྱད་ཕྱོད་ཡད་ཡུད་བན་བུན་ལ༔ ཀུན་དུ་འགྲོ་ཞིང་འདུག་མི་ཚུགས་ཏེ༔ ཤི་བར་ངོ་ཤེས་ནས་ཤིན་ཏུ་ཡིད་སྐྱོ་ཞིང༔ སྔར་གྱི་ལས་ངན་བྱས་པ་རྣམས་ལ་བྲེད་ནས་ལུས་ཤིག་རྙེད་ན་ཅི་མ་རུང་སྙམ་ནས་སྐྱབས་གནས་འཚོལ་ཞིང༔ ཀུན་ལ་འཇུག་པར་བྱེད་དོ༔ དེ་ལྟར་ཡིན་པ་ཡང་རྒྱུད་ལས༔ འཆར་ལུགས་སྔོན་འབྱུང་སྲིད་པའི་གཟུགས༔ དབང་པོ་ཀུན་ཚང་ཐོགས་མེད་རྒྱུག༔ བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན༔ ཕྱད་ཕྱོད་ཡད་ཡུད་འདུག་མི་ཚུགས༔ སྐྱབས་གནས་འཚོལ་ཞིང་ཀུན་ལ་འཇུག༔ ཅེས་གསུངས་སོ༔ དེའི་དུས་སུ་ཚེ་འདིའི་ལས་དགེ་སྡིག་གི་རྗེས་སུ་འབྲངས་ནས༔ དགེ་བ་སྤྱད་པ་རྣམས་མཐོ་རིས་གནས་གསུམ་དུ་སྐྱེ་ཞིང༔ སྡིག་པ་བྱས་པ་རྣམས་ངན་སོང་གནས་གསུམ་དུ་སྐྱེས་ཏེ༔ དཔེར་ན་ཟོ་ཆུའི་འཁོར་ལོ་བཞིན་དུ་ཡང་དང་ཡང་དུ་འཁོར་བར་འགྱུར་རོ༔ དེའི་དུས་སུ་གདམས་པའི་གནད་ནི༔ གོང་གི་རིགས་དྲུག་ཕ་མའི་སྣང་བ་འཆར་བའི་ཚེ༔ བདེན་མེད་སྒྱུ་མ་ལྟ་བུར་སྒོམ་ན་དེ་ཉིད་དུ་གྲོལ་ལ༔ དེ་ལྟར་སྒོམ་མ་ཤེས་ན༔ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་མོས་གུས་དྲག་པོ་རྩེ་གཅིག་ཏུ་བྱས་ལ༔ དེའི་བྱིན་རླབས་ཀྱིས་དལ་འབྱོར་གྱི་མི་ལུས་གཙང་མ་ཐོབ་ནས་ཆོས་དང་འཕྲད་པར་འགྱུར་རོ༔ སྔར་ལྷའི་བསྐྱེད་རྫོགས་ཡོད་ན༔ དེ་ཉིད་དུ་གསལ་གདབ་པས་གྲོལ་ཞིང༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ལ་སོགས་པར་འགྲོ་བར་བྱའོ་སྙམ་པའི་དྲན་འདུན་དྲགས་པོས་ཟིན་ན༔ སྤྲུལ་པའི་སྐུའི་ཞིང་ཁམས་སུ་སྐྱེ་ངེས་སོ༔ དེ་ཡང་རྒྱུད་ལས༔ དེ་དུས་གནད་ཀྱི་ཉམས་ལེན་ནི༔ ཕ་མ་ལ་སོགས་མཐོང་སྣང་ཀུན༔ བདེན་མེད་སྒྱུ་མ་ལྟ་བུར་བསྒོམ༔ ཡི་དམ་བསྐྱེད་རྫོགས་གསལ་ཡང་གདབ༔ འདུན་པས་མངོན་དགའ་ལ་སོགས་པ༔ སྤྲུལ་སྐུའི་ཞིང་དུ་འགྲོ་བར་བྱ༔ སྙམ་པའི་དྲན་པས་ཟིན་གྱུར་ན༔ སྤྲུལ་སྐུའི་ཞིང་དུ་སྐྱེ་བར་འགྱུར༔ ཞེས་གསུངས་སོ༔ ཆོས་འདིའི་སྒོར་ཞུགས་པའི་སྐྱེས་བུ་རྣམས་ནི༔ དབང་གིས་རྒྱུད་སྨིན་པར་བྱས་ནས༔ གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་བླངས་པས༔ དབང་པོ་རབ་རྣམས་ནི་ཟག་བཅས་ཀྱི་ཕུང་པོ་ལྷག་མ་མེད་པར་སངས་རྒྱ་ཞིང༔ དབང་པོ་འབྲིང་རྣམས་ནི་ཚེ་འདིར་གོམས་འདྲིས་ཐོབ་ཅིང༔ ཉམས་ལེན་གྱི་མཐར་མ་ཕྱིན་པར་བར་ཆད་དུ་གྱུར་ཏེ༔ ཚེ་འཕོས་པ་རྣམས་ནི༔ ཆོས་ཉིད་ཀྱི་བར་དོར་འོད་གསལ་གྱི་སྣང་བ་མཐོང་བས༔ རང་ལ་ཡིད་ཆེས་ཏེ་གྲོལ་བར་འགྱུར་རོ༔ དབང་པོ་ཐ་མ་རྣམས་ནི༔ ཉམས་སུ་བླང་ལོང་མ་བྱུང་ཡང༔ ཆོས་ངོ་སྤྲོད་ཐོབ་པས༔ ཆོས་ཉིད་ཀྱི་བདེན་པའི་བྱིན་རླབས་ཀྱིས་སྤྲུལ་པའི་སྐུའི་ཞིང་དུ་སྐྱེ་སྟེ༔ རིགས་ལྔའི་སངས་རྒྱས་ལ་ཆོས་ཐོབ་ནས༔ དེ་ཉིད་དུ་སངས་རྒྱ་བར་ངེས་སོ༔ དེ་ལྟར་ཡིན་པའང་རྒྱུད་ལས༔ འདི་ཉིད་བསྟན་པའི་སྐྱེས་བུ་རྣམས༔ རབ་ནི་ཚེ་འདིར་ལྷག་མེད་འགྲུབ༔ འབྲིང་ནི་ཆོས་ཉིད་བར་དོར་གྲོལ༔ ཐ་མ་སྤྲུལ་པའི་ཞིང་ཁམས་སུ༔ དབུགས་འབྱུང་ངེས་པར་སངས་རྒྱ་འོ༔ ཞེས་གསུངས་སོ༔ དེ་བས་ཆོས་འདི་ཉིད་ཐེག་པ་འོག་མ་བས་ཁྱད་པར་འཕགས་ཏེ༔ ཐེག་པ་ཀུན་གྱི་ཉིང་ཁུ་ཡིན༔ ཨེ་མ་ཧོ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡི༔ ཐུགས་དགོངས་གསང་བ་བླ་མེད་གནད༔ གཞན་དང་མི་འདྲ་ཁྱད་པར་ཅན༔ ཐོས་པས་གྲོལ་བའི་གདམས་པ་འདི༔ དགའ་རབ་རྡོ་རྗེའི་ཐུགས་ནས་ཕྱུང༔ ཨོ་རྒྱན་པདྨ་ཉིད་ལ་གཏད༔ རིན་ཆེན་ས་ཡི་གཏེར་དུ་སྦས༔ ལས་ཅན་སྐྱེས་བུ་དེ་ལ་སྤྲོད༔ དེ་ཡིས་འགྲོ་བ་ཀུན་འདྲེན་འགྱུར༔ བར་དོ་གནད་ཀྱི་གདམས་པ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ མ་ཚོར་རྡོ་རྗེའི་སྐྱེ་བྲག་ནས་སྤྲུལ་སྐུ་ཀུན་སྐྱོང་གླིང་པས་གདན་དྲངས་པའི་གཏེར་མའོ།། ༄༅༔ རྡོར་སེམས་སྙིང་ཐིག་གི༔ བཀའ་སྲུང་སྲོག་གི་སྤུ་གྲི་བཞུགས་སོ༔ ྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་གི༔ བཀའ་སྲུང་གཟའ་ཡི་གསང་སྒྲུབ་བཤད༔ འདི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ༔ དང་པོ་བསྙེན་པ་བྱ་བ་ནི༔ ཚེས་གྲངས་བརྒྱད་དམ་དུས་བཟང་ལ༔ གཟའ་ཡི་བཤོས་བུ་གཅིག་ལ་བརྒྱད་ཀྱིས་བསྐོར༔ རང་གི་སྔགས་སྟོང་ངམ་ཉེར་གཅིག་བཟླ༔ དེ་ནས་རང་ཉིད་ཕྱག་ན་རྡོ་རྗེར་བསྒོམ༔ རཱ་ཧུ་ལ་ཡང་མདུན་དུ་བསྒོམ༔ འབོད་སྔགས་བཟླས་ཤིང་གཏོར་མ་འབུལ༔ མཆོད་བསྟོད་བྱའོ༔ ཨོཾ་ཀེ་ཏ་ཀེ་ཏ་ཧཱུྃ༔ ཞེས་པའོ༔ ཨོཾ་བཛྲ་ཙཎྜ་བརྒྱ་རྩ་བརྒྱད་བཟླ༔ ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་པས་འབུལ་ལོ༔ ནངས་ནུབ་དུས་བཞིར་བྱ༔ དེས་ནི་གདོན་མི་འབྱུང་ངོ༔ མྱུར་དུ་འགྲུབ་ཅིང་འཁུ་ལྡོག་མེད༔ དེ་ཡི་སྙིང་པོ་འདི་ཡིན་ནོ༔ ཧྲི་ཤག་རུ་རག་རཾ༔ ནཱ་ག་ཙིཏྟ་ཏྲཾ༔ མ་མ་ཡོ་ཟ་འགྲམ་ཧ་ཧི་ཡོ་གི་ཤེ་ལ་ཛ་ཛ༔ ཞེས་པས་གོང་བསྙེན་གང་འགྲུབ་བསྐྱལ༔ རཱ་ཧུ་ལ་འཁོར་ལྷ་སྲིན་སྡེ་བརྒྱད་དང་སྲིང་མོ་གདོང་མོ་བཞི་དང་བཅས་པ་རྣམས་སྤྱན་དྲངས་ལ་གཏོར་མ་ལ་བསྟིམ༔ དེ་ནི་བསྙེན་པའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་སྒྲུབ་པའི་རིམ་པ་ནི༔ རྫའམ་བྲག་རི་ཁྲལ་ཁྲོལ་དུ༔ མཎྜལ་ནག་པོ་གྲུ་གསུམ་བྱས༔ ར་ཁྲག་རོ་སོལ་བསྲེས་བྱུགས་ལ༔ དགྲ་ཡི་ལིང་ག་དུ་ཡོད་རྣམས༔ མཎྜལ་སྟེང་དུ་གན་རྐྱལ་བསྙལ༔ སྟེང་དུ་གཟའ་བཤོས་ཟུར་གསུམ་གཅིག༔ ཐ་མ་བཤོས་བུ་བརྒྱད་ཀྱིས་བསྐོར༔ གཟའ་ཡི་ཙ་ཀ་ལི་ཡང་གཟུག༔ ར་ཤ་ར་ཁྲག་གཏོར་མར་བྲན༔ ཟན་གཏོར་དེ་ཡང་མདུན་དུ་བཤམ༔ དར་ནག་གི་གུར་ཡང་ཕུབ༔ དེ་ནས་ཁ་ནུབ་ཏུ་བསྟན་ལ༔ སྐྱབས་འགྲོ་སེམས་བསྐྱེད་བྱས་ནས་སུ༔ སྟོང་པའི་ངང་ལས་རང་ཉིད་ནི༔ ཡེ་ཤེས་ཀྱི་རཱ་ཧུ་ལ་དབུ་དགུ་ཕྱག་བཞི་སྦྲུལ་མཇུག་འཁྱིལ༔ སྐུ་མདོག་དུད་ཁ་མིག་གིས་གང༔ སངས་རྒྱས་རྣམས་ལས་དེ་འདྲ་བའི༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ༔ འཇིག་རྟེན་རཱ་ཧུ་ལ་ལ་བསྟིམ༔ ཙ་ཀ་ལི་དང་རྟག་གཏོར་རྣམས༔ སྟོང་པའི་ངང་ལས་འཇིག་རྟེན་པ༔ གཟའ་མཆོག་དུད་ཁ་དབུ་དགུ་ལས༔ གཡས་པ་གསུམ་ནི་དམར་ནག་པ༔ གཡོན་པ་གསུམ་ནི་ལྗང་ནག་པ༔ དབུས་མ་གསུམ་ནི་མཐིང་ནག་པ༔ སྤྱི་གཙུག་རོག་ཏི་ནག་པོའི་དབུ༔ ཕྱག་གཡས་དང་པོ་ཆུ་སྲིན་རྒྱལ་མཚན་བསྣམས༔ འོག་མ་གནམ་ལྕགས་དུག་མདའ་ནག་པོ་བསྣམས༔ ཕྱག་གཡོན་དང་པོ་སྦྲུལ་ནག་ཞགས་པ་བསྣམས༔ འོག་མ་ར་ཡི་གཞུ་མོ་བསྣམས༔ ཞབས་ནི་སྦྲུལ་གྱི་མཇུག་ཏུ་འཁྱིལ༔ དབུ་དགུ་དག་ལ་སྤྱན་གསུམ་གསུམ༔ སྐུ་ལ་སྤྱན་སྟོང་དམར་ལ་འཁྲུགས༔ ཤིན་ཏུ་འཇིགས་པའི་གཟུགས་སུ་བསྐྱེད༔ འཁོར་ནི་ལྷ་སྲིན་སྡེ་བརྒྱད་དང༔ གཟའ་དང་རྒྱུ་སྐར་གདོང་མོ་བཞི༔ ཐམས་ཅད་སྤྱན་དྲངས་སྐུ་ལ་བསྟིམ༔ མཆོད་པ་ཡིད་འོང་སྣ་ཚོགས་མཆོད༔ ཞག་གྲངས་བདུན་དུ་བསྙེན་སྔགས་བཟླ༔ མཇུག་ཏུ་རྦད་སྔགས་དུམ་རེ་བཏགས༔ རྟག་གཏོར་ཕུལ་ཞིང་ཕྲིན་ལས་བསྐུལ༔ དེ་ལ་རྟགས་ནི་འདི་ལྟར་འོང༔ རྒྱ་གར་ཨ་ཙ་ར་དང་མོན་ཕོ་མོ༔ ཁྱི་ནག་བྱ་ནག་མི་ནག་ལ་སོགས་པའོ༔ དེ་ནི་འབོད་པའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་ནི༔ ཧྲི་ཤག་རུ་རཾ་ནཱ་ག་ཙིཏྟ་ཏྲཾ༔ མ་མ་ཡོ་ཟ་འགྲམ་ཧ་ཧི་ཡོ་གི་ཤེ་ལ་ཛ་ཛ༔ པྲའི་ཤག་པྲའི་ཤག༔ ཚལ་པ་ཚལ་པ༔ རུམ་རུམ་ཉིག་ཉིག་ཞུད་ཞུད་འདུར་འདུར་རྒྱུག་རྒྱུག༔ རཱ་ཧུ་ལ་དགྲའི་སྙིང་དང་ནང་རོལ་ལ་རྦད༔ ཤ་རུས་པགས་པ་ལ་རྦད༔ བླ་ཚེ་སྲོག་ལ་རྦད་རྦད༔ སྔགས་དྲུག་ཅུ་རྩ་བཞི་ཡོད༔ དགྲ་བོ་གསོད་ལ་གཅེས་པའོ༔ དེ་ལ་རྟགས་ནི་འདི་ལྟར་ཡོང༔ ཁྱི་འགྱེད་གཡུལ་འགྱེད་གོ་མཚོན་ཐོགས༔ འོད་དང་ཐུག་ཆོམ་མི་ནག་འོང༔ དེ་ནི་འབོད་རྦད་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ ད་ནི་གསད་པའི་རིམ་པ་ནི༔ ཐོད་ངན་ནང་དུ་ལིངྒ་བྲུབ༔ ཉིན་མཚན་དུས་དྲུག་ཐུན་གྱིས་བྲབས༔ ཕྲིན་ལས་དམིགས་པ་དྲག་ཏུ་བསྒོམ༔ ཞག་པོ་བདུན་དུ་ཐང་ཆད་བཟླ༔ སྔགས་ནི་འབོད་རྦད་གསད་གསུམ་དྲིལ༔ དེ་ཡི་གསད་སྔགས་འདི་ཡིན་ནོ༔ ཧྲི་ཧི་ཧི་སར་ཧོད་ཏི་བྱེད་ཟོན་ཟོན༔ ཆེ་གེ་མོ་མཱ་ར་ཡ་རྦད༔ གསད་སྔགས་ཡིག་འབྲུ་བཅུ་བཞི་ཡོད༔ གོང་གི་འབོད་རྦད་གཉིས་ལ་འདོགས༔ གསུམ་ག་དྲིལ་ནས་གསད་པ་འོ༔ དེ་ལ་ནང་རྟགས་འདི་ལྟར་འོང༔ ལིངས་བྱེད་རི་དྭགས་བསད་པ་དང༔ སེམས་ཅན་བསད་དང་མགོ་བོ་བཅད༔ ནང་རོལ་གློ་སྙིང་ཁྱེར་བ་འབྱུང༔ དེ་ལྟར་དངོས་སམ་རྨི་ལམ་ཉམས༔ གང་རུང་རྟགས་བྱུང་ངེས་པར་གསོད༔ དེ་ནས་ལས་ཀྱི་མཇུག་སྡུད་པ༔ རྟག་གཏོར་སྐུ་དང་བཅས་པ་ནི༔ དགྲ་ཡི་ཕྱོགས་སམ་ཁྱིམ་ལ་བརྡེག༔ ལིང་ག་དུག་ཤིང་མེ་ལ་བསྲེག༔ གཟའ་མཆོག་འཁོར་བཅས་མེ་ལྷར་བསྐྱེད༔ དགྲ་བོ་ཞལ་དུ་གསོལ་བར་བསྒོམ༔ ཐལ་བ་སྲང་ལམ་བཞི་མདོར་གནན༔ དེ་ནི་ལས་མཇུག་སྡུད་པ་འོ༔ གཟའ་ཡི་གསང་སྒྲུབ་ཡང་དག་པའོ༔ ཞལ་གྱི་གདམས་པ་འདི་ལྟར་རོ༔ བསྙེན་ནས་འཕྲིན་ལས་གཏོར་མ་འབུལ༔ ཉ་སྟོང་བརྒྱད་དང་ཉི་ཤུ་དགུ༔ དུས་གཉན་དག་ལ་གཏད་པ་གཅེས༔ སྒྲུབ་པ་ཚེས་གྲངས་བརྒྱད་ལ་ཞུགས༔ ཉི་ཤུ་དགུ་ལ་ཚར་བར་བྱ༔ གནམ་གང་ཉི་མ་འདོམ་གང་ལ༔ གནན་སྲེག་འཕང་གསུམ་ཚང་བར་བྱ༔ སྲུང་བ་བླ་རྡོ་གང་ཡང་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུས་གཉན་རྣམས་ལ་རྦད་པར་བྱ༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང༔ འཁུ་ཟློག་མི་འབྱུང་དམ་ལ་འདོགས༔ བཙོག་གྲིབ་མཛེ་ཡུགས་མི་གཙང་བ་ལ་འཛེམ༔ གཟའ་ནད་ཅན་གྱི་བཅོས་མི་བྱ༔ སྒྲུབ་དུས་གྲིབ་ཤ་སྤང༔ གཟའི་འཕྲིན་ལས་བསྐུལ་བ་འདི་ལྟར་རོ༔ ཧཱུྃ༔ གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ༔ འཇིགས་བྱེད་ཆེན་པོ་དྲག་ཤུལ་ཅན༔ ཕ་ནི་སྲིན་ལ་མ་ནི་ཀླུ༔ ཀླུ་སྲིན་འཚོགས་པའི་མཐུ་བོ་ཆེ༔ ལུས་པོ་གཅིག་ལ་མགོ་བོ་དགུ༔ མགོ་ལུས་མེད་པར་མིག་གིས་གང༔ སྐུ་ནི་འཇིགས་པའི་དུད་ཁ་ལ༔ གཡས་པས་ར་ཡི་མདའ་གཞུ་བསྣམས༔ གཡོན་པས་ཆུ་སྲིན་རྒྱལ་མཚན་བསྣམས༔ ལྷོ་ནུབ་མཚམས་ནས་སྐུ་བཞེངས་ཤིག༔ ཚེས་གྲངས་བཞི་ཡི་སྲོད་དག་ལ༔ ནུབ་ནས་ཤར་དུ་རྒྱུ་ཙ་ན༔ མ་མོ་ཡོངས་ཀྱི་དམག་དཔོན་བྱེད༔ རིམས་ནད་འབེབ་པའི་མཐུ་བོ་ཆེ༔ མ་མོའི་ཀིཾ་ཀང་དགྲ་ལ་བྷྱོ༔ ཚེས་གྲངས་བརྒྱད་ཀྱི་ཐོ་རངས་ཁར༔ ཤར་ལྷོ་ནུབ་བྱང་རྒྱུ་ཙ་ན༔ དགྲ་ལྷ་ཡོངས་ཀྱི་དམག་དཔོན་བྱེད༔ ཡམས་ནད་འབེབ་པའི་མཐུ་བོ་ཆེ༔ དགྲ་ལྷའི་ཀིཾ་ཀང་དགྲ་ལ་བྷྱོ༔ ཚེས་གྲངས་བཅུ་གཅིག་དུས་ཚོད་ནི༔ ནམ་གྱི་བྱིང་ནས་ཕྱེད་ཡོལ་ལ༔ བྱང་ནས་ལྷོ་རུ་རྒྱུ་ཙ་ན༔ གཤིན་རྗེ་ཡོངས་ཀྱི་དམག་དཔོན་བྱེད༔ བལ་ནད་འབེབ་པའི་མཐུ་བོ་ཆེ༔ གཤིན་རྗེའི་ཀིཾ་ཀང་དགྲ་ལ་བྷྱོ༔ ཚེས་གྲངས་བཅོ་ལྔའི་ཉིན་ཕྱེད་ལ༔ ལྷོ་ནུབ་བྱང་ཤར་རྒྱུ་ཙ་ན༔ སྲིན་པོ་ཡོངས་ཀྱི་དམག་དཔོན་བྱེད༔ གྲི་རྒོད་གཏོང་བའི་མཐུ་བོ་ཆེ༔ སྲིན་པོའི་ཀིཾ་ཀང་དགྲ་ལ་བྷྱོ༔ ཚེས་གྲངས་བཅོ་བརྒྱད་ནམ་ཕྱེད་ལ༔ ཤར་ནས་ནུབ་ཏུ་རྒྱུ་ཙ་ན༔ དམུ་རྣམས་ཡོངས་ཀྱི་དམག་དཔོན་བྱེད༔ བྱིང་ནད་འབེབ་པའི་མཐུ་བོ་ཆེ༔ དམུ་ཡི་ཀིཾ་ཀང་དགྲ་ལ་བྷྱོ༔ ཉི་ཤུ་གཉིས་ཀྱི་ཐོ་རེངས་ཁར༔ ནུབ་བྱང་ཤར་ལྷོར་རྒྱུ་ཙ་ན༔ བཙན་རྣམས་ཡོངས་ཀྱི་དམག་དཔོན་བྱེད༔ གཟེར་ནད་གཏོང་བའི་མཐུ་བོ་ཆེ༔ བཙན་གྱི་ཀིཾ་ཀང་དགྲ་ལ་བྷྱོ༔ ཉི་ཤུ་ལྔ་ཡི་སྐྱ་རེངས་ལ༔ ལྷོ་ནས་བྱང་དུ་རྒྱུ་ཙ་ན༔ ཀླུ་རྣམས་ཡོངས་ཀྱི་དམག་དཔོན་བྱེད༔ མཛེ་ནད་གཏོང་བའི་མཐུ་བོ་ཆེ༔ ཀླུ་ཡི་ཀིཾ་ཀང་དགྲ་ལ་བྷྱོ༔ ཉི་ཤུ་དགུ་ཡི་མྱུར་སྨད་ལ༔ བྱང་ཤར་ལྷོ་ནུབ་རྒྱུ་ཙ་ན༔ ལྷ་རྣམས་ཡོངས་ཀྱི་དམག་དཔོན་བྱེད༔ ལྷ་ནད་འབེབ་པའི་མཐུ་བོ་ཆེ༔ ལྷ་ཡི་ཀིཾ་ཀང་དགྲ་ལ་བྷྱོ༔ ཆོ་ཆོ་དེ་ནི་དགྲ་ལ་བྷྱོ༔ གཟའ་མཆོག་ཉི་མ་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་དྲོད་ལ་རོལ༔ གཟའ་མཆོག་ཟླ་བ་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་ཁྲག་ལ་རོལ༔ གཟའ་མཆོག་མིག་དམར་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་སྙིང་ལ་རོལ༔ གཟའ་མཆོག་ལྷག་པ་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་དབུགས་ལ་རོལ༔ གཟའ་མཆོག་ཕུར་བུ་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་རྩ་ལ་རོལ༔ གཟའ་མཆོག་པ་སངས་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་རུས་ལ་རོལ༔ གཟའ་མཆོག་སྤེན་པ་དགྲ་ལ་བྷྱོ༔ དམ་ཉམས་དགྲ་བོའི་ཤ་ལ་རོལ༔ ཁྱབ་འཇུག་ཆེན་པོ་དགྲ་ལ་བྷྱོ༔ ཆེ་གེ་མོའི་ཙིཏྟ་ལ་མཱ་ར་ཡ་རྦད་བྷྱོ༔ ཞེས་བསྐུལ་ནས་ཐལ་མོ་བརྡབ་པའི་བར་དུ་དགྲ་བོ་སྦྲང་མ་བཅར་པ་བཞིན་དུ་སོང་བར་བསམ་ལ༔ གཏོར་མ་དགྲ་ཡི་ཕྱོགས་སུ་ཟོར་དུ་འཕང་ངོ༔ ཁྱབ་འཇུག་གཟའི་ཕྲིན་བསྐུལ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏོར་མ་གཟས་པ་པོའི་ཤ་ཁྲག་ཏུ་བསམ་ལ༔ ཙ་ཀ་ལིའི་གཟུགས་རྣམས་ཐམས་ཅད་གཟའི་དམག་དཔུང་དུ་བསམ་ལ་འབུལ་ལོ༔ མཆོད་པའི་རིམ་པ་ནི་ཤ་ཁྲག་འབྲུ་ཆན༔ ཆང་ཕུད༔ སྲན་འཕོས་ལ་སོགས་པ་ཤིས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཟའི་ནད་ཅན་ལ་བྱིན་རླབས་བྱེད་ན༔ བུམ་པ་མགུལ་ཆིངས་ཁ་རྒྱན་ཅན་དུ༔ ཆུ་གཙང་མ་མུ་དང་བཅས་པ་བླུག་གོ༔ གཞལ་ཡས་ཁང་གི་ནང་དུ་ཕྱག་རྡོར་བསྐྱེད༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་སྟོང་ཕྲག་བཟླ༔ ཕྱག་ན་རྡོ་རྗེ་འོད་དུ་ཞུ་བ༔ ནད་པའི་མགོ་ཐོག་ཏུ་བཞག༔ ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ ཕན་ཐོགས་སེམས་ཅན་ནད་གདོན་སེལ༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ རྐྱེན་ངན་བར་ཆད་སེལ་བར་ཤོག༔ ཨོཾ་ཞེས་རྩ་སྔགས་ཀྱི་མཇུག་ཏུ༔ དཔལ་ཕྱག་ན་རྡོ་རྗེས་ཁྲུས་གསོལ་བས༔ ནད་གདོན་བར་གཅོད༔ གཟའ་ནད༔ གཟའ་དུག་ཐམས་ཅད་ཞི་བར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཁོང་དུ་བཏང༔ ཁྲུས་བྱས༔ གཟའི་གཏོར་མ་མགོ་ལ་བཞག་ལ༔ ཡེ་ཤེས་པའི་གཟའ་ཡིས༔ འཇིག་རྟེན་པའི་གཟའ་ནད་ཐམས་ཅད་སེལ༔ ཁྲུས་ཆུས་བཀྲུས་པ་ལྟར་སངས་སངས་སོང་བར་བསྒོམ་མོ༔ སྔགས་འདི་བློ་ལ་ཡོད་པས་ཆོག༔ ཨོཾ་བཛྲ་ཀུན་ན་ར་ལ་ཀན་ཏེ་རཱ་ཧུ་ལ་སརྦ་དུག་ནན་ཕྱུངས་སྭཱ་ཧཱ༔ འདི་ཟབ་པས་ཕྱག་རྟེན་མེད་པར་མི་སྦྱིན་ནོ༔ འདིས་ཕན་གྱིན་བདོག་གོ༔ ཟབ་ཟབ་ཟབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཀུན་སྐྱོང་གླིང་པའི་གཏེར་མའོ།། ༄༅༔ རྡོ་རྗེ་སེམས་དཔའི་སྙིང་ཐིག་ལས༔ རྫི་བོའི་འཛོམ་ཡིག་བཞུགས་སོ༔ ྈྈྈྈྈྈྈ ཨེ་མ་ཧོ༔ བདག་འདྲ་ཨོ་རྒྱན་པདྨ་ཡི༔ གསང་སྔགས་རྡོ་རྗེ་ཐེག་པའི་བཅུད༔ གཞན་ལས་ཁྱད་པར་འཕགས་པའི་གནད༔ རྡོ་རྗེ་སེམས་དཔའི་སྙིང་གི་ཐིག༔ རྒྱུད་མཆོག་སྙིང་གི་ཐིག་ལེ་འདི༔ དགའ་རབ་རྡོ་རྗེས་བདག་ལ་གནང༔ སྨོན་ལམ་དབང་གིས་བོད་དུ་འོང༔ ཁྲི་སྲོང་ལྡེའུ་བཙན་བསམ་པ་གྲུབ༔ ཐེག་པ་མཐའ་དག་ཆོས་བསྒྱུར་ཀྱང༔ རྒྱལ་པོ་ལ་ཡང་འདི་མ་བསྟན༔ རྒྱུད་མཆོག་འདི་ཉིད་ལ་བརྟེན་ནས༔ སྤྲོས་མེད་མྱ་ངན་འདའ་དོན་དུ༔ སྤྲོས་པའི་ཚོགས་རྣམས་ཀུན་བསྡུས་ནས༔ ཉམས་ལེན་གནད་ཀྱི་གདམས་པ་ཙམ༔ འདི་ཉིད་བཻ་རོ་ཁྱོད་དང་ནི༔ རྗེ་འབངས་ཉི་ཤུ་ལྔ་ལ་གཏད༔ ད་ལྟ་སྤེལ་བའི་གནས་མེད་དོ༔ ཕྱི་མ་སྙིགས་མའི་ལྔ་བདོ་ལ༔ རྗེ་འབངས་རྒྱ་མཚོས་བྱིན་བརླབས་པའི༔ གནུབས་ཀྱི་བནྡྷེ་སངས་རྒྱས་ཀྱི༔ བྱིན་བརླབས་སྤྲུལ་པ་ཤེས་རབ་ཅན༔ སྦས་ཚུལ་འཁོར་བའི་ཆ་ལུགས་འཛིན༔ ཐ་མལ་ཚུལ་བཟུང་སྦས་ནས་སྡོད༔ ལོ་ཀའི་སྤྱོད་པ་སྣ་ཚོགས་བྱེད༔ དུག་གསུམ་སྐུ་གསུམ་བཙན་ཐབས་འཁྲུང༔ གཤིན་རྗེའི་ལས་རྣམས་ཐོགས་མེད་འགྲུབ༔ གཟའ་གདོང་ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ སྦྱོར་སྒྲོལ་སྤྱོད་པ་སྣ་ཚོགས་བྱེད༔ བསམ་ཡས་མཆོད་རྟེན་དཀར་པོའི་གཏེར༔ མ་ཚོར་རྡོ་རྗེའི་སྐྱེ་བྲག་ཕུག༔ ལྷོ་བྲག་ཁོ་མཐིང་དུང་གི་གཞལ་ཡས་དང༔ ཕུང་པོ་རི་བོ་ཆེ་ཡི་གཤིན་རྗེ་ཚེ་བདག་སྐོར༔ གཏེར་ཁ་བརྒྱད་ཀྱི་སྐལ་པ་ཡོད༔ གསང་ནས་སྤྱད་ན་དངོས་གྲུབ་མྱུར༔ སྐལ་ལྡན་དེ་ཡི་དོན་དུ་སྦེད༔ ལས་ལྡན་སྐྱེས་བུ་དེ་ལ་ནི༔ སྐུ་སྲས་གསུམ་དང་ཐུགས་སྲས་བརྒྱད༔ མཚན་ལྡན་ཐུགས་སྲས་མཁའ་འགྲོའི་སྤྲུལ་པ་ལྔ༔ ལས་འབྲེལ་ཐོགས་པ་མང་རབས་ཡོད༔ པདྨ་རྒྱལ་པོ་དེ་ཉིད་ལ༔ རྫོགས་པ་ཆེན་པོའི་བཀའ་གཏེར་ཀུན་གྱི་བདག་པོ་བྱེད༔ རྫོགས་ཆེན་ཕ་རྒྱུད་མ་རྒྱུད་དང༔ སྙིང་ཐིག་བཅུ་གསུམ་ཉམས་སུ་ལེན༔ གསང་སྤྱོད་སྦྱོར་སྒྲོལ་སྦས་ན་ཟབ༔ འཛམ་གླིང་ཀུན་ཏུ་སྦས་ན་དར༔ དམ་མེད་བདུད་སྤྲུལ་སློབ་མ་ཡང༔ གོང་དང་འདྲ་མིན་འབྱུང་སྲིད་པས༔ ལོ་གསུམ་བར་དུ་བརྟག་པར་བྱ༔ སྐལ་ལྡན་རྣམས་ལ་ཆོས་བཀའ་གཏད༔ བཀའ་ལས་འདས་ཤིང་དམ་མེད་ན༔ དཔེ་རྒྱུད་གདམས་པ་མི་སྦྱིན་ནོ༔ དེ་ཕྱིར་ཆོས་ཀྱི་འཛོམ་ཡིག་བསྟན༔ རྫོགས་ཆེན་སྙིང་གི་ཐིག་ལེ་ལས༔ ཐེག་པ་ཀུན་གྱི་བཅུད་བསྡུས་པའི༔ སྙིང་ཐིག་དོན་རྒྱུད་དག་དང་གཅིག༔ ཁུངས་བཙུན་ཡིད་ཆེས་བསྐྱེད་པའི་ཕྱིར༔ ལོ་རྒྱུས་གཏད་རྒྱའི་སྐོར་དང་གཉིས༔ སྐལ་ལྡན་སྨིན་པར་བྱ་བའི་ཕྱིར༔ བཞི་རྫོགས་དབང་བསྐུར་དག་དང་གསུམ༔ འཆུགས་མེད་ལམ་ལ་གཟུད་པའི་ཕྱིར༔ ལམ་ཁྲིད་སྔོན་འགྲོའི་གནད་དང་བཞི༔ སྨིན་པ་གྲོལ་བར་བྱེད་པའི་ཕྱིར༔ ཉམས་ལེན་ཁྲིད་ཡིག་གནད་དང་ལྔ༔ གདམས་པའི་དྲོད་ཚད་བསྟན་པའི་ཕྱིར༔ ཉམས་ལེན་རྟགས་ཚད་དག་དང་དྲུག༔ རྩལ་སྦྱོང་བྱིན་རླབས་འཇུག་པའི་ཕྱིར༔ རྩ་གསུམ་དྲིལ་སྒྲུབ་དག་དང་བདུན༔ ཚོགས་གསག་བར་ཆད་བསལ་བའི་ཕྱིར༔ དོན་གྱི་ལས་བྱང་དག་དང་བརྒྱད༔ རེག་ཚད་ཐུགས་རྗེས་གཟུང་བའི་ཕྱིར༔ བཏགས་ནས་གྲོལ་བའི་གནད་དང་དགུ༔ ལེ་ལོ་ཅན་རྣམས་སྐྱོབ་པའི་ཕྱིར༔ བར་དོའི་གདམས་པའི་གནད་དང་བཅུ༔ ཆོས་བཀའ་འདི་ཡི་གཉེར་བཅོལ་ཕྱིར༔ བཀའ་སྲུང་དག་དང་བཅུ་གཅིག་སྟེ༔ ལྷག་ཆད་ཐེ་ཚོམ་བསལ་བའི་ཕྱིར༔ འཛོམ་ཡིག་དག་དང་བཅུ་གཉིས་ཏེ༔ དུས་དང་བཀའ་ཆོས་འདི་སྟོན་པའི༔ དུས་ཚོད་ལུང་བསྟན་དང་བཅུ་གསུམ་མོ༔ སྙིང་གི་ཐིག་ལེའི་ཆོས་བཀའ་རྫོགས༔ དེ་བས་མང་ངམ་ཉུང་བ་ན༔ ཨོ་རྒྱན་ང་ཡི་ཆོས་འདི་འཆལ༔ དེ་ཕྱིར་ཁ་བྱང་གཏེར་དུ་སྦེད༔ མི་འགྱུར་བུ་ཚོགས་མ་གཏོགས་པ༔ འཛོམ་ཡིག་བསྟན་པར་མི་བྱ་བསྡམ༔ གདམས་ངག་བསྟན་ནས་བླ་མ་གསང༔ རང་གི་ཆེ་བ་བརྗོད་པ་དང༔ དམ་ཚིག་ཡལ་བར་འདོར་བ་དང༔ ཉམས་སུ་མི་ལོན་བཤད་པར་རིངས༔ ཁ་གསག་རྒྱུད་ལ་མ་འབྱོར་བའི༔ སྣོད་ངན་རྣམས་ལ་སྤེལ་མི་བྱ༔ སྒྲུབ་བརྩོན་དམ་ཚིག་གཙང་བ་དང༔ གཏོང་ཕོད་ཆེ་ཞིང་ངང་རྒྱུད་བཟང༔ བླ་མ་གཙུག་གི་རྒྱན་དུ་ཁུར༔ ཆོས་འདི་སྟོན་པའི་སྣོད་མཆོག་འབྱུང༔ དེ་ལ་འཛོམ་ཡིག་གཏད་པར་བྱ༔ ཨེ་མ་ཧོ༔ དེ་ལྟར་སྣོད་ལྡན་སྐྱེས་བུ་ནི༔ ཆོས་བདག་ཇི་ལྟར་གཏད་རྒྱ་བཞིན༔ གཏེར་གནས་དྲུང་དུ་འོང་འགྱུར་ཞིང༔ གཞན་ཡང་ཆོས་འདི་དབང་བའི་བུ༔ རིགས་ལྡན་བུ་མཆོག་ལྡང་གི་རིགས༔ བྱ་སྤྲེལ་ལོ་པ་སྦྱངས་པ་ཅན༔ སྨན་ཞེས་གཞོན་ནུ་ཤཱཀྱ་འབྱུང༔ ང་ཡི་སྤྲུལ་སྐུ་ལྔ་མཇལ་ནས༔ ངེས་པར་མཁའ་སྤྱོད་གནས་སུ་འགྲོ༔ ཞང་རིགས་ཤཱཀྱ་མུ་ནིའི་རིགས༔ འཁོར་བའི་ཆ་འཛིན་སྐྱོན་མ་གོས༔ མང་དུ་ཤེས་ཀྱང་སྦས་པའི་ཚུལ༔ འབྲེལ་ཚད་དོན་ལྡན་རྫོགས་ཆེན་བདག༔ སྐྱེ་བ་མཐའ་ཚད་བུ་ཆེན་འབྱུང༔ ཀུན་དགའ་ཝ་དྲ་ཎ་བྱའི་ལོ༔ རྩེ་གཅིག་མོས་པས་མཇལ་བ་འབྱུང༔ སྙིང་གི་ཐིག་ལེའི་བུ་ཡིན་པས༔ དེས་ཀྱང་བྱང་ཕྱོགས་འགྲོ་དོན་སྤེལ༔ བྱ་ཁྱི་ལོ་པ་ཨོ་རྒྱན་དཔལ༔ མི་འགྱུར་དད་པས་ཆོས་ཉམས་ལེན༔ ལྷའམ་དཔལ་ལྡན་ལུག་ལོ་པ༔ འབྲེལ་ཚད་དོན་ལྡན་ཆོས་སྤྱོད་འབྱུང༔ གཞན་ཡང་ཉང་སྟོད་གནས་རྙིང་ལ་སོགས་ནས༔ བློ་གྲོས་པྲ་ཛྙཱ་ལ་སོགས་འབྱུང༔ ས་ཟེར་ནོན་ཅིང་སྤྲུལ་སྐུ་འབྱུང༔ ལས་ལྡན་སྤྲུལ་སྐུ་བརྒྱད་འཛོམ་ན༔ ས་སྟེང་ཐམས་ཅད་ཁྱབ་པར་འབྱུང༔ བསྟན་པ་ཀུན་གྱི་ཡང་བཅུད་འདི༔ ཚིག་ཉུང་དོན་རྒྱས་གནད་ཟབ་པས༔ སྤྲོ་དགའ་འགྲོ་བ་འདུལ་འདོད་ན༔ ཆོས་བདག་པདྨ་རྒྱལ་པོའི་མིང་ཅན་གྱིས༔ ཚིག་དོན་རྒྱས་པར་བཀྲོལ་བ་ན༔ འགྲོ་དོན་མཁའ་ལྟར་བསྟན་རྒྱས་འཕེལ༔ མི་གཉན་ཆོས་བཀའ་གནད་ཟབ་མང་མི་དགོས༔ འདི་ཉིད་རིན་ཆེན་ཁུ་བས་བྲིས༔ དབེན་པའི་རི་ལ་ཉམས་སུ་ལོངས༔ སངས་མ་རྒྱས་ན་ང་ཡིས་བསླུས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ཨོ་རྒྱན་སྤྲུལ་པ་ཀུན་སྐྱོང་གླིང་པས་མ་ཚོར་རྡོ་རྗེའི་སྐྱེ་བྲག་ནས་སྤྱན་དྲངས་པའི་གཏེར་མའོ།། །།

[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).