Terdzo-DZI-008

From Rinchen Terdzö
Revision as of 02:42, 7 November 2018 by Jeremi (talk | contribs) (Text replacement - "2007-2016" to "2007-2018")
(diff) ← Older revision | Latest revision (diff) | Newer revision → (diff)

འཆི་མེད་ཙཎྜ་ལཱིའི་སྒོ་ནས་ཚེའི་སྒྲུབ་ཐབས་ཚ་ཟེར་འོད་བརྒྱ་འཆི་བདག་གཡུལ་འཇོམས་

'chi med tsaN+Da lI'i sgo nas tshe'i sgrub thabs tsha zer 'od brgya 'chi bdag g.yul 'joms

by  པདྨ་ཆོས་འབྱོར་རྒྱ་མཚོ་ (Pema Chöjor Gyamtso)
revealed by  པདྨ་ཆོས་འབྱོར་རྒྱ་མཚོ་ (Pema Chöjor Gyamtso)
in cycle  དག་སྣང་ལྷ་མོ་ཙཎྜ་ལཱིའི་སྐོར (Dag snang lha mo tsaN+Da lI'i skor)
Volume 49 (ཛི) / Pages 91-108 / Folios 1a1 to 9b5

[edit]

ྈ འཆི་མེད་ཙཎྜ་ལཱིའི་སྒོ་ནས་ཚེའི་སྒྲུབ་ཐབས་ཚ་ཟེར་འོད་བརྒྱ་འཆི་བདག་གཡུལ་འཇོམས་ཞེས་བྱ་བ་བཞུགས་སོ༔ མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཧྲཱི༔ དབང་ཆེན་དབང་སྡུད་པདྨ་ཧེ་རུ་ཀ༔ སྟོང་ཉིད་སྙིང་རྗེས་ཁམས་གསུམ་མ་ལུས་འགུགས༔ ཐུགས་རྗེའི་ཆགས་ཡུམ་མཆོག་གི་ཙཎྜ་ལཱི༔ འཆི་མེད་མཆོག་སྩོལ་ཡབ་ཡུམ་གཉིས་ལ་འདུད༔ དེ་ལ་འདིར་ཚེའི་ལྷ་མོ་ཙཎྜ་ལཱིའི་སྒོ་ནས་འཆི་མེད་ཚེའི་སྒྲུབ་པ་བྱ་བར་འདོད་པ་དག་གིས༔ གནས་ཕུན་སུམ་ཚོགས་པར་དཀྱིལ་འཁོར་སྒོ་རྫོགས་དབུས་སུ་ཟླ་གམ་ཕྱག་མཚན་གྱིས་མཚན་པ་བྲི༔ དེའི་ཁར་མཉྫི་ཁྲི་རྐང་གི་སྟེང་དུ་བུམ་པ་ཚད་ལྡན་མགུལ་ཆིངས་དམར་པོས་བརྒྱན་པ་རྒྱ་ཤུག་གི་ལྗོན་པ་དང་རྨ་བྱའི་མདོངས་ཀྱི་ཁ་རྒྱན་གཟུངས་རྡོར་དུང་ཆོས་བཅས་པར་བུམ་རྫས་ཉེར་ལྔ་གི་ཝཾ་གུར་གུམ་བཏབ་པ༔ མདུན་དུ་ཚེའི་འབྲང་རྒྱས་རྩེར་ལྕགས་ཀྱུས་མཚན་པ༔ གཡས་སུ་ཚེ་རིལ་དཀར་གསུམ་ཤེལ་དཀར་གྱི་ཁ་ཚར་བཏབ་པར་ཚེ་རྫས་བྱིན་ལྡན་བསྲེས་པ༔ གཡོན་དུ་བྷནྡྷ་མཚན་ལྡན་དུ་ཚེ་ཆང་རྒྱལ་ཁབ་ཆེན་པོའི་ཆང༔ རབས་ཆད་མ་ཡིན་པའི་ཆང་མའི་ཆང༔ ཕྱུག་པོའི་ཆང་སྣ་གསུམ་འཛོམ་དང་མངར་གསུམ་ལ་བདུད་རྩིའི་ཕུར་མ་བཏབ་པ༔ རྒྱབ་ཏུ་ཚེ་མདའ་རྒོད་སྒྲོ་དར་དམར་མེ་ལོང་བླ་གཡུས་བརྒྱན་པ༔ མདུན་དུ་སྒྲུབ་གཏོར་རི་རབ་གསུམ་པ་དེ་སྟེང་པདྨ་འདབ་བཞི་ཟེའུ་འབྲུ་དང་བཅས་པ་དེའི་ཁར་ཉི་ཟླ་དང་ཟླ་གམ་དམར་པོའི་སྟེང་འཁོར་བཞི་མཚོན་པའི་རིལ་བུ་བཞི་མཁའ་འགྲོའི་དཔལ་གཏོར་རྩེར་ནོར་བུ་འབར་བ་དང་རྟ་མགོས་མཚན་པ༔ གཡས་སུ་ལྷ་ཆེན་ཚངས་པའི་གཏོར་མ༔ གཡོན་དུ་རིག་འཛིན་ཨུ་མའི་གཏོར་མ༔ མཆོད་པ་རྣམ་ལྔ་སོགས་སྤྱི་ལྟར་བཤམ༔ ཆད་བརྟན་བགེགས་གཏོར་རྡོར་དྲིལ་ཐོད་རྔ་འཐོར་ནས་སོགས་མ་ཚང་བ་མེད་པར་འདུ་བྱ་ཞིང་ཚོགས་ཞིང་གསལ་འདེབས་པ་ནི༔ མདུན་གྱི་ནམ་མཁར་མཆོག་གསུམ་བདེ་གཤེགས་འདུས་པ་དང་ཚེའི་ལྷ་ཚོགས་སྤྲིན་ཕུང་གཏིབས་པ་ལྟ་བུར་གསལ་བར་མོས་ལ་སྐྱབས་སུ་འགྲོ་བ་ནི༔ ཧོ༔ སྐྱབས་ཀྱི་མཆོག་གྱུར་རྩ་གསུམ་མཆོག་གསུམ་ལྷ༔ མཐའ་མེད་དུཿཁས་མནར་བའི་འགྲོ་བ་ཀུན༔ སྐྱེ་འཆི་ཟོ་ཆུའི་རྒྱུད་ལས་སྒྲོལ་བའི་ཕྱིར༔ འཆི་མེད་དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི༔ ལན་གསུམ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ ཀྱེ་མ༔ མཐའ་མེད་རྒྱ་མཚོར་བྱིང་པའི་སེམས་ཅན་ཀུན༔ བདག་གིས་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་མཐུས༔ ཚད་མེད་བཞི་ལམ་ཕར་ཕྱིན་གྲུས་བསྒྲལ་ཏེ༔ འགྲོ་ཀུན་འཆི་མེད་ཐོབ་པར་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་འབུལ་བ་ནི༔ ཧོ༔ འཆི་མེད་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་ཉེས་བྱས་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ བཞུགས་གསོལ་དགེ་རྩ་ཆོས་ཀློང་བསྔོ༔ འཆི་མེད་འཇའ་ལུས་སྐུ་འགྲུབ་ཤོག༔ དེ་ནས་བགེགས་གཏོར་བསྔོ་བ་ནི༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ སོགས་དང་ཧཱུྃ་བཞི་བརྗོད་ཅིང་བསྐྲད༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་སྲུང་བ་རྡོ་རྗེའི་གུར་དུ་བསྒོམ༔ མཆོད་རྫས་བརླབ་པ་ནི༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཕྱི་ནང་གསང་གསུམ་མི་ཟད་མཆོད་པའི་སྤྲིན༔ རྣམ་མང་ཀུན་བཟང་མཆོད་པའི་ཚོགས་སྤྲུལ་ཏེ༔ ཉེས་སྐྱོན་ཀུན་སྦྱངས་སོ་སོའི་རྫས་སུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་དང་སརྦ་པཉྩ་དང་ མ་ཧཱ་རཀྟ་དང་ མ་ཧཱ་བ་ལིཾ་ཏ་སོགས་ཀྱིས་བརླབ༔ དེ་ནས་རྟེན་བསྐྱེད་པ་ནི༔ ཨ་མྲྀཏས་བསང༔ སྭ་བྷཱ་ཝས་སྦྱང༔ ཆོས་རྣམས་མི་དམིགས་སྟོང་པ་ཉིད་དུ་གྱུར༔ སྟོང་ཉིད་ངང་ལས་ཨེ་ཡཾ་རཾ་སུཾ་འཕྲོས༔ ནམ་མཁའ་རླུང་ཆུ་ས་མེའི་དཀྱིལ་འཁོར་ཆགས༔ དེ་དབུས་བྷྲཱུྃ་ལས་ཕོ་བྲང་གཞལ་ཡས་ཁང༔ ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དཀྱིལ༔ ཟླ་གམ་དབུས་སུ་པདྨ་ཉི་ཟླའི་སྟེང༔ ཧྲཱིཿལས་འཆི་མེད་སྩོལ་མཛད་ཙཎྜ་ལཱི༔ དམར་གསལ་གཅེར་མོ་ཞལ་གཅིག་ཁྲོ་འཛུམ་ལྡན༔ ཞབས་གཉིས་འདོར་སྟབས་བདུད་བཞི་ཕོ་མོ་བརྫིས༔ གཡས་ཀྱི་ཕྱག་བརྒྱད་དང་པོས་ལྕགས་ཀྱུ་དང༔ འོག་མས་མདའ་དང་ཚེ་བུམ་ལྕགས་སྒྲོག་ནོར༔ དབང་རྒྱལ་ཉི་ཟླའི་གྭ་འུ་ཙིཏྟའི་ཕྲེང༔ མེ་ལོང་བསྣམས་ཏེ་ཁམས་གསུམ་དབང་དུ་སྡུད༔ གཡོན་བརྒྱད་རིན་ཆེན་ཞགས་པ་གཞུ་རི་གླིང༔ མེ་ཏོག་མདའ་དར་བྷནྡྷ་ཅང་ཏེ་འུ༔ གྲི་གུག་འཛིན་ཅིང་འབྱུང་ལྔའི་ཚེ་བཅུད་སྡུད༔ དབུ་ལ་ཐོད་སྐམ་རྩེ་བྲན་མེ་ཏོག་བརྒྱན༔ སྤྱི་བོར་རལ་པའི་ཐོར་ཅོག་ཏོག་གིས་མཛེས༔ མི་མགོ་མེ་ཏོག་སྤེལ་མའི་དོ་ཤལ་མཛེས༔ རུས་པའི་རྒྱན་ཅན་ནུ་འབུར་བྷ་ག་རྒྱས༔ བདེ་ཆེན་འོད་ལྔའི་ཟེར་གྱི་ཀློང་དུ་གསལ༔ དེ་ཡི་ཤར་དུ་ལྷ་མོ་སྐུ་མདོག་དཀར༔ བཅུ་དྲུག་ནུ་འབུར་བདེ་ཆེན་རབ་ཏུ་རྒྱས༔ དབུ་ལ་རིགས་ལྔའི་ཐོར་ཅོག་སྙན་རྒྱན་མཛེས༔ གཅེར་བུ་སྨད་ལ་དར་སྔོན་ཤམ་ཐབས་ཅན༔ ཕྱེད་སྐྱིལ་གཡས་ན་མདའ་དར་ལྔ་ལྡན་དང༔ གཡོན་ན་ཚེ་རིལ་མགུལ་རྒྱན་བཅུ་གསུམ་ཆས༔ ལྷོ་རུ་ལྷ་མོ་སེར་མོ་དར་ཐོད་ཅན༔ མེ་ཏོག་རྒྱན་ལྡན་རྒྱས་མཛད་ནོར་བུ་དང༔ གཡོན་དུ་འབྲང་རྒྱས་དཔལ་འབྱོར་ལོངས་སྤྱོད་སྡུད༔ རིན་ཆེན་རྒྱན་ལྡན་མཛེས་ཕོད་སྐྱིལ་ཀྲུང་བཞུགས༔ ནུབ་ཏུ་ལྷ་མོ་དམར་མོ་གཅེར་མོ་འཛུམ༔ སྐྲ་གྲོལ་བྷ་ག་རྒྱས་ཤིང་ཆགས་ཉམས་ཅན༔ གཡས་སུ་ཁམས་གསུམ་མྱུར་འགུགས་ལྕགས་ཀྱུ་དང༔ གཡོན་དུ་བྷནྡྷར་འཆི་མེད་བདུད་རྩིས་གཏམས༔ མེ་ཏོག་རྒྱན་ལྡན་དྲིལ་གཡེར་འཁྲོལ་ཞིང་འགྱིང༔ བྱང་དུ་ལྷ་མོ་ལྗང་མོ་ཁྲོ་འཛུམ་ལྡན༔ ལོངས་སྐུའི་ཆས་སྤྲས་གཡས་སུ་ལྗོན་ཤིང་དང༔ གཡོན་པ་རླུང་གཡབ་གར་གྱི་ཉམས་དགུར་ལྡན༔ ལ་ལ་པད་གདན་ལ་ལ་བམ་རོར་བཞུགས༔ གཙོ་མོའི་སྤྱི་བོར་དབང་ཆེན་རྟ་མཆོག་དཔལ༔ དམར་པོ་སྤྱན་གསུམ་རྫི་སྨིན་ཨག་ཚོམ་འབར༔ ཞལ་གདངས་ལྗགས་འདྲིལ་སྤྱི་བོར་ལྗང་ཞུར་གྱི༔ རྟ་མགོས་མཚན་ཞིང་ཕྱག་དྲུག་དང་པོ་ན༔ ལྕགས་ཀྱུ་ཐོད་དབྱུག་སྡིགས་མཛུབ་ལྕགས་སྡིག་འགྱེད༔ མེ་སྟག་ཚྭ་འཕྲོ་གཡོན་གྱི་དང་པོ་ན༔ ཐོ་བ་བྷན་དམར་བེ་ཅོན་དཔལ་ཆས་དང༔ དུར་ཁྲོད་རྒྱན་གསོལ་པད་ཉི་བམ་གྱི་སྟེང༔ མེ་དཔུང་དབུས་སུ་ཁམས་གསུམ་གཡོ་བར་བཞུགས༔ སྒོ་བཞིར་སྒོ་མ་རིགས་བཞི་བར་ཁྱམས་སུ༔ ཚེ་བཅུད་འགུགས་པའི་ཌཱ་ཀི་གྲངས་མེད་གསལ༔ གཙོ་མོའི་སྤྱི་མགྲིན་སྙིང་ག་གནས་གསུམ་ནས༔ འབྲུ་གསུམ་འོད་འཕྲོས་ཨོ་རྒྱན་མཁའ་འགྲོའི་ཞིང༔ དུརཁྲོད་ཌཱ་ཀིའི་འདུ་གླིང་གར་བཞུགས་ནས༔ ཙཎྜ་ལཱི་དང་དབང་ཆེན་རྟ་མཆོག་དཔལ༔ ལྷ་མོ་བཞི་བཅས་སྤྱན་འདྲེན་གནས་འདིར་ཛ༔ དེ་ནས་སྤྱན་འདྲེན་དངོས་པོ་གདུང་ཤུགས་དྲག་པོའི་ངར་དང་བཅས༔ ཧྲཱིཿམ༔ ནུབ་ཕྱོགས་ཨུ་རྒྱན་ཡུལ་གྱི་ཕོ་བྲང་ནས༔ གསང་བ་ཡེ་ཤེས་སྲིན་རྒྱལ་རཀྴའི་ཕྲེང༔ མཐིང་འོད་མཁའ་འགྲོ་མནྡཱ་ར་དང་བཅས༔ འདིར་གཤེགས་སྒྲུབ་མཆོག་རྣམས་ལ་བྱིན་ཆེན་ཕོབ༔ སིནྡྷུ་རྒྱ་མཚོར་མཚོ་སྐྱེས་སྤྲུལ་པའི་སྐུ༔ མཱ་ར་ཏི་ཀར་ཟླ་གམ་དལ་ཞལ་ཕྱེ༔ ཚེ་འཛིན་ལྷ་མོ་བདེ་ཆེན་ཙཎྜ་ལཱི༔ འདིར་གཤེགས་སྒྲུབ་མཆོག་རྣམས་ལ་བྱིན་ཆེན་ཕོབ༔ བསམ་ཡས་བྲག་དམར་དཔལ་གྱི་གཡའ་མ་ལུང༔ ཚེ་ཡི་དཀྱིལ་འཁོར་འབྱེད་མཛད་མ་ཧཱ་གུ་རུ༔ གསང་བའི་ཡུམ་ཆེན་དབྱངས་ཅན་ཡེ་ཤེས་མཚོ༔ འདིར་གཤེགས་སྒྲུབ་མཆོག་རྣམས་ལ་བྱིན་ཆེན་ཕོབ༔ མཁའ་སྤྱོད་དག་པའི་ཞིང་དང་ཉེར་བཞིའི་ཡུལ༔ དུར་ཁྲོད་བརྒྱད་དང་ཌཱ་ཀིའི་འདུ་གླིང་ནས༔ རྟ་མཆོག་དཔལ་དང་ཡེ་ཤེས་མཁའ་འགྲོའི་ཚོགས༔ འདིར་གཤེགས་སྒྲུབ་མཆོག་རྣམས་ལ་བྱིན་ཆེན་ཕོབ༔ སྣང་བ་ཐམས་ཅད་སྐུ་རུ་སྒྱུར་ཞིང་གཤེགས༔ གྲགས་པ་ཐམས་ཅད་ཧྲཱིཿནྲྀར་སྒྲོག་ཅིང་གཤེགས༔ དྲན་རྟོག་ཐམས་ཅད་ཉམས་འབར་བྱིན་འབེབ་གཤེགས༔ མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་སྤྱན་འདྲེན་གཤེགས༔ ཧྲཱིཿཛྙཱ་ན་ཌཱ་ཀི་ནཱི་ཙཎྜ་ལཱི་ཨེ་ཨ་རལླི་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མཱ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧྲཱིཿམ༔ རིན་ཆེན་གཞལ་ཡས་ཕོ་བྲང་དམ་པ་འདིར༔ ཉི་ཟླ་པདྨ་ཟབ་འབོལ་ཁྲི་ཡི་སྟེང༔ ཟླ་གམ་དབང་ཆེན་ཚེ་ཡི་ལྷ་ཚོགས་རྣམས༔ མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧྲཱི༔ ཚེ་བདག་འཇའ་ལུས་ལྔ་ལྡན་སྐུ༔ གྲགས་སྟོང་སྔགས་སྒྲ་སྒྲོག་པའི་གསུང༔ འཁོར་འདས་མཉམ་པར་བརྡལ་བའི་ཐུགས༔ འཆི་བདག་གཞོམ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བརྡ་དང་གར་གྱི་མཆོད་པ་ནི༔ ཧོ༔ འཆི་མེད་ལྷ་མོ་འཇོ་སྒེག་སྒྱུར༔ བརྡ་དང་བརྡ་ཡིས་རབ་མཚོན་ཏེ༔ སྤྲོ་དང་བསྡུ་བའི་ཡིད་སྤྲུལ་གྱི༔ ཕྱག་རྒྱ་གར་གྱི་བརྡ་ཡིས་མཆོད༔ མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ མཆོད་པ་འབུལ་བ་ནི༔ ཧྲཱི༔ འཇིག་རྟེན་འདི་འམ་གཞན་དག་གི༔ སྨན་མཆོག་མཆོད་ཡོན་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ ལྷ་ཡི་ཞབས་བསིལ་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་པཱ་དྱཾ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ ལྷ་ཡི་མེ་ཏོག་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ དྲི་ཞིམ་བདུག་སྤོས་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ མར་མེའི་འོད་མདངས་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ དྲི་ཞིམ་བྱུགས་པ་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ རོ་བརྒྱའི་ཞལ་ཟས་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་ནཻ་བིདྱཱ་པྲ་ཏཱིཙྪ་ཧཱུྃ༔ འཇིག་རྟེན་འདི་འམ་གཞན་དག་གི༔ རོལ་མོ་སྒྲ་སྙན་ཇི་སྙེད་ཀུན༔ དངོས་སམ་ཡིད་ཀྱིས་རབ་སྤྲུལ་ཏེ༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་ཤབྡ་པྲ་ཏཱིཙྪ་ཧཱུྃ༔ སྨན་གྱི་མཆོད་པ་ནི༔ ཧྲཱི༔ རང་བྱུང་གདོད་ནས་དག་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རཀྟའི་མཆོད་པ་ནི༔ ཧྲཱི༔ པདྨ་རཀྟ་རྒྱུད་དྲུག་བསྒྲལ་པའི་ཁྲག༔ རྩི་ཤིང་སྣོད་བཅུད་རཀྟའི་མཆོད་ཆེན་པོ༔ འདོད་ཆགས་འཁོར་རྒྱུན་རྩད་ནས་གཅོད་པའི་ཕྱིར༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ་བར་བགྱི༔ ཨོཾ་མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མ་འབུལ་བ་ནི༔ ཧྲཱི༔ སྲིད་གསུམ་ཡེ་དག་གཏོར་གཞོང་དུ༔ སྐྱེ་འགྲོ་འབྱོར་ཚོགས་གཏོར་མར་བཤམས༔ ཚོགས་གཉིས་ཡོངས་སུ་རྫོགས་བྱའི་ཕྱིར༔ ཚེ་བདག་ལྷ་མོའི་ཚོགས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧྲཱི༔ དབྱིངས་ཀྱི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ༔ ཚེ་བདག་ལྷ་མོ་བདེ་ཆེན་ཙཎྜ་ལཱི༔ ཞལ་གཅིག་དོན་དམ་ཉག་གཅིག་རྩད་ནས་གཅོད༔ བཅུ་དྲུག་ཕྱག་གིས་ཚེ་བཅུད་དཔལ་གཡང་སྡུད༔ ཕྱག་མཚན་སྣ་ཚོགས་བརྡ་རྟགས་བརྗོད་ལས་འདས༔ ཞབས་གཉིས་བདུད་བཞིའི་སྤྱི་ནས་གནོན་མཛད་དེ༔ དབང་མཛད་འོད་ཟེར་སྤུངས་པའི་གཞལ་ཡས་ན༔ ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས༔ འཁོར་འདས་ཡོངས་སྒྲོལ་ཚེ་ཡི་ལྷ་མོར་བསྟོད༔ སྤྱི་བོའི་གཙུག་ཏུ་རིགས་འདུས་རྟ་མཆོག་དཔལ༔ རྟ་སྐད་སྒྲོག་སྟེ་སྡེ་བརྒྱད་བྲན་དུ་བཀོལ༔ མེ་དཔུང་ཀློང་དུ་ཚེ་བདག་དཔའ་བོ་འགྱིང༔ རིགས་བདག་དྲུག་འདུས་ཧེ་རུ་ཀ་ལ་བསྟོད༔ ཕྱོགས་བཞིའི་ལྷ་མོ་རིགས་བཞིའི་ཡུམ་ཆེན་མོ༔ འབྱུང་བཞིའི་བཅུད་སྡུད་ཤ་ཁྲག་དྲོད་དབུགས་གསོ༔ སྒོ་མ་བཞི་ཡིས་བླ་ཉམས་ཚེ་ཉམས་འགུགས༔ ཚེ་བདག་ལྷ་མོ་འབུམ་ཕྲག་མང་པོར་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཛཔ྄་བཟླ་བ་ནི༔ ཚེ་བདག་ལྷ་མོའི་ཐུགས་ཀ་རུ༔ དམར་གསལ་ཉི་མའི་དཀྱིལ་འཁོར་དབུས༔ བཅོམ་ལྡན་ཚེ་དཔག་མེད་ཡབ་ཡུམ༔ དེ་ཡི་ཐུགས་ཀར་ཉི་ཟླ་ཡི༔ གྭ་འུ་ཁ་སྦྱོར་སྲན་ཙམ་ནང༔ ཚེ་སྲོག་ཧྲཱིཿནྲྀའི་མཐའ་སྐོར་དུ༔ སྔགས་ཕྲེང་སྦྲུལ་ལྟར་འཁོར་བ་ལས༔ འོད་འཕྲོས་རྒྱལ་བ་མཆོད་པས་མཉེས༔ ཚུར་འདུས་ཐུགས་རྗེ་གཟི་བྱིན་བསྡུས༔ ཕར་འཕྲོས་འགྲོ་དྲུག་སྡིག་སྒྲིབ་སྦྱངས༔ ཚེ་བཅུད་འོད་ལྔ་གསལ་འཚེར་ལྡན༔ མེར་མེར་ཆིལ་ཆིལ་ཐུགས་ཀར་བསྡུས༔ ཚེ་སྲོག་གཡུང་དྲུང་ལྟར་བརྟན་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿཌཱ་ཀི་ནཱི་ཙཎྜ་ལཱི་པུཎྱེ་ཛྙཱ་ན་ཚེ་བྷྲཱུྃ་ཧྲཱིཿནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་བདག་བསྐྱེད་རྐྱང་པ་ཡིན་ཚེ་བཟླས་དམིགས་ལྟར་དང་མཉམ་སྒྲུབ་ཀྱི་ཚེ་རྫས་ལ་ཡང་བསྟིམ་པར་བྱའོ༔ ཐུན་མཐར་མཆོད་བསྟོད་དང་། ཡི་གེ་བརྒྱ་པ་བརྗོད། དེ་ནས་ཚེ་འགུགས་ནི༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་དབང་གི་དཀྱིལ་འཁོར་ནས༔ སྣང་བ་མཐའ་ཡས་ཚེ་བདག་ཆོས་ཀྱི་སྐུ༔ འགྲོ་དོན་སྐུར་བཞེངས་ཚེ་ཡི་དངོས་གྲུབ་རྣམས༔ དེང་འདིར་སྐལ་ལྡན་རྣལ་འབྱོར་བདག་ཅག་དང༔ སྒྲུབ་རྫས་དཀྱིལ་འཁོར་འདི་ལ་བསྩལ་དུ་གསོལ༔ རྩ་སྔགས་བརྗོད། ཟླ་གམ་དབང་ཕུག་མཱ་ར་ཏི་ཀ་ནས༔ ལོངས་སྤྱོད་རྫོགས་སྐུ་ཚེ་ཡུམ་ཙཎྜ་ལཱིས༔ བརྟན་གཡོའི་ཁམས་དང་སྟོབས་བཅུའི་ཚེ་དཔལ་རྣམས༔ དེང་འདིར་སྐལ་ལྡན་རྣལ་འབྱོར་བདག་ཅག་དང༔ སྒྲུབ་རྫས་དཀྱིལ་འཁོར་འདི་ལ་བསྩལ་དུ་གསོལ༔ རྩ་སྔགས་བརྗོད། དཀྱིལ་འཁོར་ཕྱོགས་ཀྱི་སྤྲུལ་སྐུ་རིགས་བཞིའི་ཡུམ༔ འབྱུང་བཞིའི་ཁམས་ཀྱི་དྭངས་བཅུད་མ་ལུས་ཀུན༔ དེང་འདིར་སྐལ་ལྡན་རྣལ་འབྱོར་བདག་ཅག་དང༔ སྒྲུབ་རྫས་དཀྱིལ་འཁོར་འདི་ལ་བསྩལ་དུ་གསོལ༔ རྩ་སྔགས་བརྗོད། སྒོ་བཞིའི་སྒོ་མ་ལས་མདོག་ཚད་མེད་བཞིས༔ འཁྱམས་དང་ཡར་པའི་བླ་དང་སྲོག་ཚེ་ཀུན༔ དེང་འདིར་སྐལ་ལྡན་བདག་དང་དམིགས་བྱར་སྟིམས༔ ཚེ་བཅུད་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱི༔ དངོས་གྲུབ་མ་ལུས་སྒྲུབ་པའི་རྫས་ལ་སྟིམས༔ ཡར་པ་ཁུག་ལ་ཉམས་པ་ཐམས་ཅད་གསོས༔ མི་འགྱུར་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ མི་ཤིགས་ཚེ་ཡི་གཡུང་དྲུང་རྟག་བརྟན་སྩོལ༔ གཞོམ་བྲལ་ཚེ་ཡི་སྲོག་རྩ་བརྟན་པར་མཛོད༔ ཚེ་ཡི་རྒྱ་མདུད་སྡོམས་ཤིག་སྲུང་མའི་ཚོགས༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་བརྗོད་ལ༔ དེ་རྗེས་རྒྱས་གདབ་པ་ནི༔ ཧྲཱི༔ གཅིག་ནི་ཆོས་སྐུ་ཉག་གཅིག་རྒྱ༔ གཉིས་ནི་ཐབས་དང་ཤེས་རབ་རྒྱ༔ གསུམ་ནི་སྐུ་གསུམ་འབྲུ་ཡི་རྒྱ༔ བཞི་ནི་ཚད་མེད་བཞི་ཡི་རྒྱ༔ ལྔ་ནི་རྒྱལ་བ་རིགས་ལྔའི་རྒྱ༔ ཕྱག་རྒྱ་ལྔ་ཡིས་རྒྱས་གདབ་པས༔ བདེ་གཤེགས་རྒྱལ་བས་ཀྱང་མི་གཟིགས༔ ཆོས་ཀྱི་དབྱིངས་སུ་ཚེ་སྦ་འོ༔ བཛྲ་ཀཱ་ཝཱ་ཙི་རཀྵ་བྷྲཱུྃ༔ དེ་ནས་རྗེས་ཀྱི་བྱ་བ་ནི༔ ཚོགས་རྫས་བཟའ་བཏུང་བྱེ་བྲག་བཤམས༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ན་ཡེ་སྭཱ་ཧཱ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་མེ་རླུང་ཆུས༔ དངོས་འཛིན་བཀྲུས་ནས་བདུད་རྩིར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང༔ གནས་ཡུལ་དུར་ཁྲོད་འདུ་གླིང་སོགས༔ རང་བཞིན་གར་བཞུགས་གནས་མཆོག་ནས༔ ཚོགས་ལ་རོལ་ཕྱིར་སྤྱན་འདྲེན་གཤེགས༔ བཛྲ་ས་མ་ཡ་ཛ༔ དེ་ནས་ཚོགས་ཕུད་དང་པོ་ཕུལ་ཏེ༔ ཧྲཱི༔ འདོད་ཡོན་ལོངས་སྤྱོད་ག་ཎའི་ཚོགས༔ ཤ་ལྔ་བདུད་རྩི་བཏུང་བའི་མཚོ༔ ཏིང་འཛིན་ཚོགས་ཀྱི་ལོངས་སྤྱོད་འདི༔ འཆི་མེད་ཌཱ་ཀིའི་ཚོགས་ལ་འབུལ༔ ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ གཉིས་པ་བཤགས་པ་ནི༔ ཧོ༔ ཐོག་མེད་དུས་ནས་ད་བར་དུ༔ རིགས་དྲུག་ཨ་འཐས་ཁ་འཁོར་ཏེ༔ བག་མེད་ངན་སྤྱོད་ལས་བགྱིས་པ༔ ཐུགས་དང་འགལ་གྱུར་བཟོད་པར་གསོལ༔ ཚངས་མཆོག་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་སཏྭ་ཨཱ༔ ཐ་མ་བསྒྲལ་བ་ནི༔ ཟན་དང་ཤ་དུམ་བཅས་ལ་རཀྟ་བྲན༔ ན་མོ༔ རྩ་གསུམ་མཆོག་གསུམ་བདེན་པའི་བྱིན་རླབས་དང༔ ཏིང་འཛིན་སྔགས་དང་རྫས་ཀྱི་འཕྲུལ་འཁོར་གྱིས༔ གནོད་བྱེད་སྡང་དགྲ་རྒྱབ་རྟེན་དཔུང་དང་བཅས༔ འདིར་ཁུག་དབང་ཆེན་གསང་བའི་གནས་ཆེན་ནས༔ སྲས་མཆོག་ཕུར་བུས་ཚེ་ཁྲུས་དུག་གསུམ་སྦྱངས༔ བསྒྲལ་པའི་ཤ་ཁྲག་དུག་ལྔའི་མཆོད་པ་འདི༔ འཆི་མེད་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ མ་ཧཱ་མཱཾ་ས་རཀྟ་གོ་རོ་ཙ་ན་ཀེཾ་ནི་རི་ཏི་བ་སུ་ཏ་ཙིཏྟ་ཁ་རཾ་ཁཱ་ཧི༔ དེ་ནས་ལྷག་མ་ཁ་ཆུས་བྲན་ལ་བསྔོ་བ་ནི༔ བྷྱོ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ དཀྱིལ་འཁོར་མུ་རན་སྐྱོང་བའི་ཚོགས༔ འདིར་བྱོན་བཀའ་ཡི་ལྷག་གཏོར་བཞེས༔ དམ་ཚིག་རྗེས་སྐྱོང་ཕྲིན་ལས་མཛོད༔ ཨུ་ཙྪིཥྚ་བྷཀྵ་སི་སྭཱ་ཧཱ༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ མི་མངོན་དབྱིངས་བཞུགས་རྒྱལ་བ་ཞི་ཁྲོ་དང༔ ཚེ་བདག་མཁའ་འགྲོ་བཀའ་སྲུང་དམ་ཅན་ཚོགས༔ རང་རང་ཐུགས་དམ་གནས་ནས་སྐུར་བཞེངས་ལ༔ ཐུགས་དམ་ཐུགས་རྗེས་མ་གཡེལ་ཕྲིན་ལས་མཛོད༔ ཅེས་བརྗོད་ཆད་མདོ་ནི༔ ཧཱུྃ༔ སྔོན་ཚེ་འོག་མིན་ཆོས་དབྱིངས་སུ༔ ཀུན་བཟང་ཆོས་སྐུ་འོད་མི་འགྱུར༔ ལོངས་སྤྱོད་རྫོགས་སྐུའི་འཁོར་དང་བཅས༔ འཆི་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ རིགས་ལྔའི་མཁའ་འགྲོས་དངོས་གཟུགས་བསྟན༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ དེ་འོག་མཱ་ར་ཏི་ཀ་རུ༔ པད་འབྱུང་ཚེ་ཡུམ་མནྡཱ་རས༔ ཟླ་གམ་ཚེ་དཀྱིལ་ཞལ་ཕྱེས་ཚེ༔ སེང་ཧ་དབང་ཕྱུག་ཉེར་བརྒྱད་དང༔ སྒོ་མ་བཞི་སོགས་ཚེའི་ཌཱ་ཀིས༔ གཟུགས་བསྟན་སོ་སོའི་ཆད་བོར་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ ཐ་མ་བྲག་དམར་གཡའ་ལུང་དུ༔ ཐོད་ཕྲེང་རྒྱལ་ཡུམ་མཁར་ཆེན་བཟས༔ འཆི་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ མངའ་བདག་སྡེ་དཔོན་སུམ་ཅུ་ཡིས༔ སོ་སོའི་གཟུགས་བསྟན་ཁས་བླངས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ ཡང་མཐའ་དག་པའི་རྩལ་གྱི་ཞིང༔ ཙཎྜ་ལཱི་དང་ཧེ་རུ་ཀས༔ ཉམས་སྣང་ཚེ་བདག་བྱིན་བརླབས་ཚེ༔ ཚངས་པ་ཡབ་ཡུམ་དྲེགས་སྡེ་བརྒྱད༔ གཟུགས་བསྟན་ཆོས་འཁོར་སྐྱོང་བར་ཆད༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ ཅེས་བརྗོད༔ བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ ཁས་བླངས་དམ་བཅས་མ་དང་སྲིང༔ བརྟན་མ་ཡ་མ་སྐྱོང་མའི་ཚོགས༔ གཏོར་མ་བཤལ་ཆུ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ མ་མ་སྲིང་འགྲོ་མ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཞེས་གཏོར་གཞོང་ཁ་སྦུབ་སྟེ༔ ཧཱུྃ༔ ང་བདག་བདག་འཛིན་རུ་དྲ་དང༔ སྒྲུབ་ལ་བར་གཅོད་སྒབ་འདྲེ་ཀུན༔ མནན་ནོ་ཐེག་རིམ་དགུ་ཡིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་ལེན་ཆོག་ནི༔ ཧྲཱི༔ འཆི་མེད་ལྷ་མོ་བདེ་ཆེན་དཔལ་སྟེར་མ༔ ཐུགས་རྗེའི་དབྱིངས་ནས་ཐུགས་དམ་ཐུགས་རྗེ་སྐྱེད༔ འཆི་མེད་ཚེ་ཡི་སྒྲུབ་པ་ད་ནངས་ཐེངས༔ བསྙེན་སྒྲུབ་ཚད་འཁྱོལ་ཚེ་ལ་མངའ་དབང་བརྙེས༔ དངོས་གྲུབ་འབྱུང་བའི་དུས་ལ་བབ་ལགས་པས༔ མགོན་པོ་ཁྱོད་ཀྱི་ཚེ་བཞག་དུས་འདིར་ལགས༔ ཐུགས་ལ་ལེ་ལོ་བཏང་སྙོམས་མ་མཛད་པར༔ རྡོ་རྗེའི་ནམ་ལངས་ཉི་ཟླ་ནམ་མཁར་ཤར༔ སྐལ་ལྡན་བདག་ལ་ཚེ་ཡི་དབང་མཆོག་སྐུར༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་ཀྱི་མཐར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་སྒྲུབ་རྫས་རྣམས་དངོས་གྲུབ་ཏུ་རོལ༔ རྗེས་ལ་མཆོད་བསྟོད་བྱ་ཞིང་ནོངས་བཤགས་ནི༔ ཧོ༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ མཆོད་རྫས་མ་འབྱོར་ཏིང་འཛིན་གཡེངས༔ བྱིང་རྨུགས་ལེ་ལོས་གོས་པ་དང༔ བཟླས་བརྗོད་མ་དག་ཆོ་ག་ཆད༔ འགལ་འཁྲུལ་ནོངས་པ་ཅི་མཆིས་པ༔ མཐོལ་བཤགས་བཟོད་པར་མཛད་དུ་གསོལ༔ ཞེས་ཡི་གེ་བརྒྱ་པས་ནོངས་པ་བཤགས༔ ཧྲཱི༔ རང་རིག་ཐིག་ལེ་གཅིག་ཏུ་གསལ་བ་ལ༔ སྤྲོ་དང་བསྡུ་བའི་བྱ་བ་མ་མཆིས་ཀྱང༔ མ་རྟོགས་འཁྲུལ་པའི་རྟག་མཐའ་སྦྱང་བའི་ཕྱིར༔ ཐམས་ཅད་ཐིག་ལེ་ཆེན་པོར་བསྡུ་བར་བྱ༔ བཛྲ་མུཿས་ཡེ་ཤེས་པ་གཤེགས༔ སླར་ཡང་རྫོགས་རིམ་སྒྱུ་མའི་ལྷ་སྐུར་ལྡང་བ་ནི༔ རྟག་ཏུ་མི་འགྱུར་ཐིག་ལེ་ཆེན་པོའི་ངང༔ བསྐྱེད་དང་རྫོགས་པའི་ཐ་སྙད་བྲལ་བ་ལ༔ ཆད་པའི་སྟོང་མེད་པ་ལས་གྲོལ་བའི་ཕྱིར༔ རྫོགས་རིམ་ལྷ་སྐུ་འཆི་མེད་མཆོག་གི་ལྷ༔ སྣང་ལ་མ་གྲུབ་འཇའ་ཚོན་ལྟ་བུར་ཤར༔ ཧྲཱི༔ དུས་གསུམ་མི་དམིགས་སྒྱུ་མར་སྣང་བའི་ཆོས༔ མིག་འཕྲུལ་ཇི་བཞིན་དགེ་ཚོགས་བྱང་ཆུབ་ཏུ༔ ཡོངས་སུ་བསྔོས་པས་འཆི་མེད་དཀྱིལ་འཁོར་གྱི༔ གོ་འཕང་མཆོག་ལ་འགྲོ་ཀུན་སྦྱོར་གྱུར་ཅིག༔ ཅེས་བསྔོ་བ་བྱ༔ རྗེས་ལ་ཤིས་པ་བརྗོད་པ་ནི༔ བཀྲ་ཤིས་གང་ཞིག་འཆི་མེད་ཙཎྜ་ལཱི༔ འཁོར་བཅས་དགྱེས་ཤིང་བྱིན་གྱིས་རློབ་པ་དང༔ འཆི་མེད་མཁའ་འགྲོས་ཚེ་གཡང་སྤེལ་བྱེད་པའི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་རིགས་བདག་རྟ་མཆོག་དཔལ༔ འཁོར་བཅས་དགྱེས་ཤིང་བྱིན་གྱིས་རློབ་པ་དང༔ དབང་ཆེན་རྟ་མཆོག་ཚེ་གཡང་སྤེལ་བྱེད་པའི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་གང་ཞིག་རྡོ་རྗེ་་་སོགས་གསང་ཡེའི་ཤིས་བརྗོད་ཇི་བཞིན་བྱའོ་གསུངས་འདུག་ཀྱང་། དཔེ་མ་འབྱོར་བའི་ཚབ་ཏུ་འདི་ལྟར་རང་བློས་བྲིས་པའོ།མཁའ་འགྲོ་ཡི། །འཁོར་བཅས་དགྱེས་ཤིང་བྱིན་གྱིས་རློབ་པ་དང༔ ཞི་བའི་མཁའ་འགྲོས་མི་མཐུན་ཕྱོགས་གཞིལ་བའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་རིན་ཆེན་མཁའ་འགྲོ་ཡི། །འཁོར་བཅས་དགྱེས་ཤིང་བྱིན་གྱིས་རློབ་པ་དང་། །རྒྱས་པའི་མཁའ་འགྲོས་ལེགས་ཚོགས་སྤེལ་མཛད་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་པདྨ་མཁའ་འགྲོ་ཡི། །འཁོར་བཅས་དགྱེས་ཤིང་བྱིན་གྱིས་རློབ་པ་དང་། །དབང་གི་མཁའ་འགྲོས་འཁོར་འདས་དབང་སྡུད་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་ཀརྨ་མཁའ་འགྲོ་ཡི། །འཁོར་བཅས་དགྱེས་ཤིང་བྱིན་གྱིས་རློབ་པ་དང་། །ལས་ཀྱི་མཁའ་འགྲོས་མངོན་སྤྱོད་ལས་སྒྲུབ་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྨོན་ལམ་ནི༔ ཧོ༔ འཆི་བའི་ཚེ་ན་འཆི་མེད་ཌཱ་ཀི་མས༔ མེ་ཏོག་ལ་སོགས་གདུགས་དང་རྒྱལ་མཚན་དང༔ རོལ་མོ་གླུ་གར་དབྱངས་ཀྱིས་མདུན་བསུས་ཏེ༔ ཟངས་མདོག་དཔལ་གྱི་རི་བོར་བསུ་བར་ཤོག༔ སྣང་ཆ་བདེ་ཆེན་དཔའ་བོ་རྟ་མགྲིན་དཔལ༔ སྟོང་ཆ་རྣམ་ཀུན་མཆོག་ལྡན་ཙཎྜ་ལཱི༔ ཟུང་འཇུག་དབྱེར་མི་ཕྱེད་པའི་བདེན་པ་དེས༔ བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག༔ ཅེས་སྨོན་ལམ་བྱའོ༔ དེ་ཡང་འདི་ཉིད་དཔལ་གྱི་མཆིམས་ཕུར་འབྲུག་ལོ་ཧོར་ཟླ་བཞི་པའི་ཡར་ཚེས་བཅོ་ལྔའི་ཞོགས་པར་ཐུན་གྱི་ངང་ལ་འོད་གསལ་གྱི་རྨི་ལམ་དུ་འཆི་མེད་ཙཎྜ་ལཱི་དང་། རིགས་བདག་ཧེ་རུ་ཀ་བཅས་ཀྱི་ཞལ་མཇལ་ཏེ། གཙོ་མོའི་གནས་ལྔ་ནས་འོད་ཕྲེང་རང་གི་གནས་ལྔར་ཐིམ་པས། དབང་བཞི་ཐོབ་ཉམས་ཤར་ཞིང་འདི་གའི་ཚེ་ཆོས་རྣམས་བློ་ལ་ལམ་ལམ་གསལ་བཞིན་པ་བྱུང་ཡང་། དེ་འཕྲལ་བྲེལ་བས་འབྲི་མ་ཐུབ་ཅིང་། ཕྱིས་སུ་རང་ཉིད་ཀྱི་ཚེའི་རྟེན་འབྲེལ་ལ་ཕན་རེའི་བསམ་པས་བྲིས་པ་ཡིན་གྱི། འདི་ལ་ནོར་འཁྲུལ་མཆིས་ན་བླ་མ་ལྷ་ཡི་སྤྱན་སྔར་བཤགས། རྗེས་ལ་སྒྲིབ་པར་མི་འགྱུར་བར་འཆི་མེད་འཇའ་ལུས་འགྲུབ་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །འཆི་མེད་ལྷ་མོའི་རྒྱ༔ ྈ་་་་་་མཚོན་བྱ་དོན་གྱི་རྒྱ༔ ྈ་་་་་་མཚོན་བྱེད་དཔེའི་རྒྱ༔ ྈ་་་་་་་མཚན་མེད་རང་བྱུང་གི་རྒྱ༔ རྒྱ་གསུམ་གྱིས་བཏབ་བོ༔ མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).