Terdzo-YA-024

From Rinchen Terdzö
Revision as of 01:56, 30 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")

ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་ཚེ་ཡི་སྒྲུབ་པའི་ལོ་རྒྱུས་

zab lam bde gshegs kun 'dus las:_'chi med tshe yi sgrub pa'i lo rgyus

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ (Thugs rje chen po bde gshegs kun 'dus)
Volume 24 (ཡ) / Pages 483-514 / Folios 1a1 to 16b3

[edit]

ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་ཚེ་ཡི་སྒྲུབ་པའི་ལོ་རྒྱུས་བཞུགས་སོ༔ ྈྈྈྈ ཨེ་མ་ཧོ༔ རྒྱ་གར་མཁས་པ་པདྨ་འབྱུང་གནས་ང༔ གདུལ་བྱའི་མོས་ངོར་ཇི་སྙེད་སྤྲུལ་པའི་གར༔ ཆུ་ཟླའི་རོལ་པར་བསམ་མི་ཁྱབ་སྟོན་ཀྱང༔ ངོ་བོ་མི་འགྱུར་ཀུན་བཟང་སྣང་མཐའ་ཡས༔ རྒྱལ་བ་རྒྱ་མཚོའི་ཁྱབ་བདག་སྤྱི་མེས་ཡིན༔ དེ་ཕྱིར་ང་བསྒྲུབ་སངས་རྒྱས་ཀུན་བསྒྲུབ་འགྱུར༔ ལྷ་གཞན་བསྒྲུབ་ཀྱང་ང་ཉིད་སྒྲུབ་པ་སྟེ༔ བཟང་ངན་ཕྱོགས་རིས་འདི་ཞེས་དབྱེ་བ་མེད༔ འོན་ཀྱང་སྔོན་གྱི་སྨོན་ལམ་ཁྱད་པར་གྱིས༔ པདྨའི་རིགས་སུ་བསྒྲུབ་ན་དངོས་གྲུབ་མྱུར༔ ཕྲིན་ལས་མཐའ་རྒྱས་གཞན་སྣང་དབང་དུ་སྡུད༔ འགལ་རྐྱེན་མི་འབྱུང་བྱང་ཆུབ་གོ་འཕང་ཉེ༔ དེ་ཕྱིར་ལས་ལྡན་རྗེ་འབངས་འདིར་འདུས་དང༔ སྙིགས་དུས་འགྲོ་ལ་བརྩེ་བའི་ཐུགས་རྗེ་ཡིས༔ བདེ་གཤེགས་ཀུན་འདུས་འཆི་མེད་སྒྲུབ་པའི་ཐབས༔ ཟབ་ལམ་ཀུན་གྱི་སྙིང་པོ་དྭངས་མའི་བཅུད༔ ཁ་ཚང་དོན་འདྲིལ་མཐར་ཐུག་འདི་ཁོ་ན༔ ཐུགས་ཀྱི་བཅུད་ཕྱུངས་ཡི་གེའི་རིས་སུ་བཀོད༔ འདི་ནི་སྔོན་ཆད་གཞན་དུ་སྤེལ་བ་མེད༔ དེ་ཕྱིར་གཅེས་པར་བཟུང་ནས་ཉམས་སུ་ལོངས༔ སྤྱིར་ན་འཛམ་གླིང་ཚེ་ལ་ངེས་མེད་ཅིང༔ ཁྱད་པར་ལྔ་བདོ་ཚེ་ཡི་སྙིགས་མའི་དུས༔ ཚེ་ནི་ཡུན་ཐུང་གློ་བུར་རྐྱེན་གྱུར་མང༔ ཕལ་ཆེར་དུས་མིན་འཆི་བདག་བདུད་ཀྱིས་འཛིན༔ དེ་ཡི་གཉེན་པོར་གནས་སྐབས་མཐར་ཐུག་གི༔ འཆི་མེད་བསྒྲུབ་ན་ཚེ་སྒྲུབ་འདི་ཉིད་གཅེས༔ དེ་ལ་ཕྱི་ནང་གསང་བའི་ཚེ་སྒྲུབ་དང༔ འཆི་མེད་བྱིན་རླབས་ཚེ་དབང་སྐུར་ཐབས་དང༔ བོགས་འདོན་མན་ངག་བཅུད་ལེན་རྣམ་གསུམ་དང༔ འགལ་རྐྱེན་ཞི་བྱེད་འཆི་བསླུའི་ཆོ་ག་སོགས༔ ཁ་ཚང་དོན་འདྲིལ་མན་ངག་སྙིང་པོའི་བཅུད༔ ཟབ་ལམ་ཚེ་སྒྲུབ་ཀུན་གྱི་མཐར་ཐུག་ཡིན༔ པདྨ་འབྱུང་གནས་དགོངས་པའི་གནད་འདུས་འདི༔ སྔོན་ཆད་རྒྱ་བོད་གཉིས་སུ་གྲགས་པ་མེད༔ གཅེས་ཚད་སྲོག་ལ་ཕངས་ཚད་མིག་བཞིན་དུ༔ འཚོ་ཤེས་བྱ་བ་མན་ངག་གནད་ཐེམ་ཡིན༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་ཚེ་ཡི་དབང་བསྐུར་བཞུགས༔ ྈྈྈ བདེ་གཤེགས་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ སྐལ་པ་དང་ལྡན་པ་རྣམས་ཀྱིས་དུས་མ་ཡིན་པར་འཆི་བ་ལ་སོགས་ཏེ་འགལ་རྐྱེན་རྣམས་ཞི་ཞིང་ཚེ་ཡུན་རིང་དུ་གནས་པའི་ཆེད་དུ་དབང་བསྐུར་ན་དབེན་པའི་གནས་སུ་རྫས་རྣམས་སྒྲུབ་པའི་སྐབས་བཞིན་ཚང་བར་བཤམས་ནས་ཚེ་འགུགས་པའི་ཕྲིན་ལས་བཅོལ་བ་ཡན་ཆད་བྱས་ནས་ལྷ་ལ་མེ་ཏོག་ཕུལ་ནས༔ བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཚེའི་ལྷ་ཚོགས་རྣམས་ཀྱིས་སློབ་མ་རྣམས་ལ་འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ༔ ཚེ་དང་བསོད་ནམས་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ༔ ཞེས་གསོལ་བ་འདེབས་པར་བྱའོ༔ དེ་ནས་དབང་བསྐུར་བ་ནི༔ སློབ་མས་མཎྜལ་ཕུལ་ལ༔ ཨེ་མ་ཧོ༔ པདྨ་རྣམ་པར་རྒྱས་པ་ཡི༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ ཐུགས་ཀྱི་གསང་ཆེན་དམ་པ་འདིར༔ བདག་ནི་མགོན་པོས་རྗེས་བཟུང་སྟེ༔ གེགས་མེད་པ་དང་འཆི་མེད་པའི༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསོལ་བ་འདེབས༔ སྐྱབས་འགྲོ་སེམས་བསྐྱེད་དང་ཚོགས་གསག་བྱ༔ དེ་ནས་སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་ཁྲོ་བོའི་རྡུལ་ཕྲན་མེའི་ཚྭ་ཚྭ་འཕྲོ་བ་གློག་ལྟར་འཁྱུག་པ་མང་པོ་སྤྲོས་སློབ་མ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་བསྲེགས་བཅོམ་མེ་དང་ཁྲོ་བོ་རྣམས་སློབ་མ་ལ་ཞུ་ལུགས་སུ་འདྲེས་པའི་དྭངས་མ་འོད་དམར་པོ་ལས་ལྷའི་སྐུར་བསྒོམ༔ དེའི་སྙིང་གར་གའུ་ཚེ་རྟེན་ཧྲཱིཿརྣམས་གསལ་བཏབ༔ ཚེ་འགུགས་པའི་དམིགས་པ་གསལ་ཞིང་བསྐུལ་གྱི་འཕྱང་གཏོང༔ དེ་ནས་བུམ་པའི་དབང་བསྐུར་བའི་ཚེ་ནམ་མཁའ་གང་བའི་སངས་རྒྱས་ཚད་མེད་པས་དབང་བསྐུར་བས་ལུས་ཀྱི་སྤྱི་བོ་ནས་རྐང་སེན་གྱི་བར་བདུད་རྩིས་མེར་ཁྲིག་གང་བར་བསམ་ལ༔ ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ལས་བྱུང་བ་ཡི༔ འཆི་མེད་བདུད་རྩིའི་ཆུ་རྒྱུན་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་བུམ་ཆུ་སྦྱིན༔ དེ་ནས་བླ་མའི་ཐུགས་དམ་བསྐུལ་བས་ཐོད་པའི་ནང་གི་ལྷ་ཚོགས་རྣམས་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་པ་སློབ་མའི་སྙིང་གར་བཞག་པས་ལྷ་ཚོགས་རྣམས་སྙིང་གའི་ཚེ་རྟེན་ལ་ཐིམ་པར་བསམ་ཞིང༔ ཧྲཱི༔ རྣམ་དག་རྡོ་རྗེ་ཀ་པཱ་ལར༔ ཡེ་ཤེས་ལྔ་ལྡན་རྡོ་རྗེའི་ཚེ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་བདུད་རྩི་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་ཚོགས་ཞུ་བའི་བདུད་རྩི་ལྕེ་ལ་བྱིན་རླུང་རྔུབ་པའི་སྦྱོར་བས་དྭངས་མ་ཚེ་རྟེན་ལ་བསྟིམ༔ དེ་ནས་བཅུད་ལེན་གྱི་རྫས་ལ་ཚེ་བཅུད་བསྡུས་པ་བྱིན་ལ༔ ཧྲཱི༔ ལྷ་དང་རིག་འཛིན་ཐམས་ཅད་ཀྱི༔ འཆི་མེད་གྲུབ་པའི་དམ་ཚིག་རྫས༔ བདུད་རྩིའི་བཅུད་མཆོག་དམ་པ་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ རིག་འཛིན་གྲུབ་པ་མ་ལུས་པའི༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་སིདྡྷི་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ རླུང་རྔུབ་པ་དང་བསྟུན་ནས་ཟའོ༔ དེ་ནས་ཚེ་སྦ་བ་ནི༔ ཧྲཱི༔ མི་འགྱུར་ཅིས་ཀྱང་མི་ཤིགས་པའི༔ ཞེས་སོགས་ཀྱིས་ཚེ་སྦ་ཞིང་སྟོང་པའི་དབྱིངས་སུ་རྒྱས་འདེབས་པར་བྱའོ༔ དེ་ནས་སྨོན་ལམ་གདབ༔ བཀྲ་ཤིས་བརྗོད༔ དམ་བཅའ་བླང་ཞིང་ཡོན་འབུལ་ལོ༔ ཟབ་ལམ་ཚེ་ཡི་དབང་བསྐུར་བྱིན་རླབས་ཀྱི་སྙིང་པོར་དྲིལ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་ཚེ་ཡི་ཕྱི་སྒྲུབ་བཞུགས༔ ྈྈྈ རིགས་འདུས་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ཟབ་མོའི་ལམ་འདིར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས༔ འཆི་བ་མེད་པའི་ཚེའི་དངོས་གྲུབ་བསྒྲུབ་པར་འདོད་ན༔ གནས་ནི་ནུབ་ཕྱོགས་ཀྱི་ས་གཞི་བུདྡྷས་བཅགས་པ་བྲག་དམར་པོ་བུམ་པའམ་རྡོ་རྗེ་འདྲ་བ་ཡོད་པ་ནགས་ཚལ་དང་ཆུ་མིག་རྒྱས་པ་འཚེ་བ་མེད་ཅིང་དབེན་པའི་གནས་སུ་བྱའོ༔ དུས་ནི་ཟླ་བ་ཡར་གྱི་ངོ་ཚེས་དང་གཟའ་སྐར་བཀྲ་ཤིས་པ་ལ་བརྩམ་པར་བྱའོ༔ གྲོགས་ནི་ལྟ་སྤྱོད་མཐུན་པ་དམ་ཚིག་དང་ལྡན་པ་སྐྱོ་ངལ་མེད་པར་དོན་སྒྲུབ་པ་ལ་བརྩོན་པ་གཅེས་སོ༔ རྫས་ནི་སེལ་དང་འདྲེ་ཅན་མ་ཡིན་པའི་བཟའ་བཏུང་དང་སྒྲུབ་པའི་དམ་རྫས་རྣམས་འཛོམ་པར་བྱའོ༔ དེ་རྣམས་ཚང་ནས་དང་པོར་གཞི་བདག་ལ་གཏོར་མ་བཏང་བར་ཆད་མ་བྱེད་ཅེས་བཀའ་བསྒོ༔ དེ་ནས་རི་རྒྱུད་བཟང་པོའི་ས་དང༔ ཕོ་མོ་དཔལ་ཆེན་ཉལ་པོ་བྱས་པའི་ས་ལ་སྟེགས་བུ་ཁྲུ་གང་པ་གཅིག་བྱས་ལ༔ བདུད་རྩི་ལྔ་དང་མཚལ་དང་ལི་ཁྲིས་བྱུགས་ནས་རྐྱང་ནུལ་བྱ༔ ཚོན་གྱིས་ཆོས་འབྱུང་བརྩེགས་མ་གཅིག་གི་དབུས་སུ་པདྨ་འདབ་བཞི་ཟླ་གམ་སྒོ་གཅིག་ནུབ་ཏུ་བསྟན་པ་བྱའོ༔ གཞི་དམར་པོའི་ཕྱི་ལ་རྡོ་རྗེ་དང་འོད་ཟེར་དམར་པོ་འཕྲོ་བ་བྲིའོ༔ དེའི་དབུས་སུ་བུམ་པ་གཙང་མ་མགུལ་ཆིངས་དམར་པོ་དཀྲིས་པའི་ནང་དུ་རྒྱུན་འབབ་ཀྱི་ཆུ་དང༔ སྨན་ལྔ་དང་སྤོས་ལྔ་དང་འབྲུ་ལྔ་དང་རཏྣ་ལྔ་དང་བཅུད་ལྔ་རྣམས་བླུག༔ དེའི་ཁར་ཐོད་པ་དུམ་བུ་གཅིག་པའི་ནང་དུ་ཚེ་རྫས་རྣམས་ཆང་དང་བུར་སྦྲང་ལ་སྦྱར་བས་བཀང༔ དར་དམར་པོས་ཁ་བཀབ་ནས་བཞག༔ དཀྱིལ་འཁོར་གྱི་མཐར་གཏོར་མ་དང་བདུད་རྩི་དང་མཆོད་པ་ལྔ་རྣམས་བཤམ༔ ཐམས་ཅད་ཀྱང་ཁ་དོག་དམར་པོར་བྱའོ༔ རང་ཡང་ཆས་དམར་པོ་དང་ལྡན་པས་ཁ་ནུབ་ཏུ་བསྟན་ནས་འདུག༔ མཚམས་གཅོད་པ་དང་སྐྱབས་འགྲོ་སོགས་སྔོན་འགྲོ་རྣམས་ལས་བྱང་གི་ཁོག་ཕུབ་ནས་དངོས་གཞི་ལ་འཇུག་པར་བྱའོ༔ དེ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ནས༔ ཧཱུྃ་ཞེས་བརྗོད་ནས་དེའི་སྒྲ་གདངས་ནམ་མཁའ་གང་བ་ལ་མཉམ་པར་བཞག༔ དེའི་ངང་ནས་རྡོ་རྗེའི་གུར་ཁང་མེ་དཔུང་དང་བཅས་པ་སྐད་ཅིག་གིས་གྲུབ་པའི་དབུས་སུ་བྷྲཱུྃ་ཛྙཱ་ན་མཎྜ་ལ༔ ཞེས་བརྗོད་པས་བྷྲཱུྃ་ལས་པདྨ་རཱ་གའི་གཞལ་ཡས་ཁང་ཟླ་གམ་གནམ་སྒོ་དང་ལྡན་པ་ཁ་དོག་དམར་པོ་འོད་ཟེར་འཕྲོ་བའི་དབུས་སུ་པཾ་པདྨ་མ་དྷ་ལ༔ ཨ་ཙནྡྲ་མ་དྷ་ལ༔ མ་སཱུརྱ་མ་དྷ་ལ་པདྨ་དང་ཟླ་བ་ཉི་མའི་གདན་ལ་རང་གི་རིག་པ་ཧྲཱིཿལས་རྡོ་རྗེ་དམར་པོ་ལྟེ་བ་ལ་ཧྲཱིཿས་མཚན་པ་དེ་ལས་འོད་ཟེར་འཕྲོས་བརྟན་གཡོ་སྣོད་བཅུད་ཀྱི་མི་ཤིགས་པའི་དྭངས་མ་འོད་ཀྱི་གོང་བུར་སད་པ་ཧྲཱིཿལ་འདྲེས་ཏེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བདེ་གཤེགས་ཀུན་འདུས་གར་དབང་ཚེ་ཡི་བདག་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ་ཞི་ཞིང་འཛུམ་ཁྲོ་ཆགས་པའི་ཉམས་གསལ་བ་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་བདུད་རྩིའི་བུམ་པ་འཛིན་པ༔ འོག་མ་གཉིས་ཨུཏྤལ་དང་པད་ཕྲེང་འཛིན་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ༔ རཏྣ་དང་མེ་ཏོག་དམར་པོའི་རྒྱན་ཅན༔ ཡུམ་གསང་བ་ཡེ་ཤེས་ཀྱི་དྷཱ་ཀི་མ་དམར་མོ་གཅེར་བུ་སྐྲ་གྲོལ་བ་རུས་པས་བརྒྱན་པ༔ ཕྱག་བཞིའི་དང་པོ་གཉིས་ལྕགས་ཀྱུ་དང་བུམ་པ་འཛིན་པ་འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཱཾ་འཛིན་པ༔ ཡབ་ཀྱི་སྤྱི་བོར་སྣང་བ་མཐའ་ཡས་བདུད་རྩིའི་ལྷུང་བཟེད་བསྣམས་པ༔ ཐུགས་ཀར་རྟ་མགྲིན་དམར་པོ་ཁྲོ་བོ་རྟ་སྐད་བཞད་པ་རྡོ་རྗེ་རྒྱ་གྲམ་དང་བུམ་པ་འཛིན་པ༔ དེའི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་གདན་ལ་ཉི་ཟླ་ཁ་སྦྱོར་གྱི་གའུའི་དབུས་སུ་ཚེ་རྟེན་ཨ་དཀར་པོ་འོད་ཀྱི་རང་བཞིན་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་གཅིག་བསམ༔ གའུའི་ནང་ཏིང་འཛིན་སེམས་དཔའ་ཧྲཱིཿདམར་པོ་མར་མེ་ལྟ་བུའི་མཐར་སྔགས་ཕྲེང་ཤིན་ཏུ་ཕྲ་བས་བསྐོར་བ་གསལ་ལ་དྭངས་པ་གཅིག་བསྒོམ༔ ཕྱིའི་པདྨ་འདབ་བཞི་ལ་མཁའ་འགྲོ་སྡེ་བཞི་ཡབ་ཡུམ་རྣམས་བསྒོམ༔ དེ་རྣམས་ཀྱི་ཕྱག་གཡས་པ་ཐམས་ཅད་ལྕགས་ཀྱུ་གཡོན་པ་ཐམས་ཅད་བདུད་རྩིའི་བུམ་པ་འཛིན་པའོ༔ ཐམས་ཅད་ཀྱི་སྐུ་ལས་འོད་དམར་སེར་འཕྲོ་བ་གསལ་བར་བསྒོམ༔ སྐུ་གསུང་ཐུགས་བྱིན་གྱིས་བརླབས༔ ཡེ་ཤེས་ལྔས་དབང་བསྐུར༔ ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་འདྲེན་བྱའོ༔ ཨོཾ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ གར་གྱི་དབང་ཕྱུག་ཚེ་ཡི་ལྷ༔ ཚེ་དབང་དངོས་གྲུབ་མཆོག་སྩོལ་ཕྱིར༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ འདིར་གཤེགས་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་ལོ་ཀེ་ཤྭ་ར་ཨཱ་ཡུརྫྙཱ་ན་བཛྲ་ས་མ་ཡ་ཛ༔ ཞེས་སྤྱན་དྲངས་ཛཿཧཱུྃ་བཾ་ཧོ༔ རང་དང་གཉིས་སུ་མེད་པར་བསམ༔ དེ་ནས་མཆོད་པ་རྣམས་འབུལ་ཏེ༔ ཧྲཱི༔ པདྨ་རྣམ་པར་རྒྱས་པ་ཡི༔ དཀྱིལ་འཁོར་ཆེན་པོར་མཆོད་པ་འབུལ༔ མེ་ཏོག་སྤོས་དང་མར་མེ་དང༔ དྲི་ཆབ་བཤོས་གཙང་རོལ་མོ་འབུལ༔ འཆི་མེད་བདུད་རྩི་རཀྟ་དང༔ འདོད་ཡོན་ལྔ་ལྡན་གཏོར་མ་འབུལ༔ གཉིས་མེད་སྦྱོར་བའི་བྱང་སེམས་དང༔ དུག་གསུམ་བསྒྲལ་བའི་དགྱེས་མཆོད་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་རོལ༔ དགྱེས་པར་རོལ་ནས་དངོས་གྲུབ་སྩོལ༔ སརྦ་མ་ཧཱ་པཱུ་ཛ་ས་མ་ཡ་སིདྡྷི་ཨཱཿཧཱུྃ༔ ཞེས་མཆོད་པ་ཐམས་ཅད་ཕུལ་ནས་བསྟོད་པ་བྱ་བ་ནི༔ ཨོཾ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་ཡི་བདག༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་རྣམ་འཕྲུལ་ལས༔ འགྲོ་བ་རྣམས་ཀྱི་སྐྱེ་ཤི་གཅོད་པ་པོ༔ འཆི་མེད་དངོས་གྲུབ་ཀུན་སྩོལ་བཅོམ་ལྡན་འདས༔ ཁྱོད་ལ་དད་པས་རྟག་ཏུ་ཕྱག་འཚལ་ལོ༔ བདག་ཅག་བགེགས་དང་འཆི་ལས་རྣམ་གྲོལ་བའི༔ འཆི་བ་མེད་པའི་ཡེ་ཤེས་རྡོ་རྗེའི་ཚེའི༔ དངོས་གྲུབ་མ་ལུས་ཐོབ་པར་མཛད་དུ་གསོལ༔ ཞེས་བསྟོད་པ་བྱས་ནས་བཟླས་པ་བྱའོ༔ ཏིང་འཛིན་སེམས་དཔའ་ཧྲཱིཿལས་འོད་ཟེར་དམར་པོ་ཟེ་རེ་རེ་འཕྲོས་པ་རང་གི་ཞལ་ནས་ཐོན༔ སྤྱི་བོའི་རིགས་བདག་གི་ཐུགས་རྒྱུད་བསྐུལ༔ དེའི་ཐུགས་ཀ་ནས་འོད་ཟེར་དཔག་མེད་འཕྲོས༔ འཁོར་འདས་གཉིས་ཀའི་སྣོད་ཀྱི་འབྱུང་བཞིའི་མདངས་དང་བཅུད༔ བཅུད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་སོགས་དྭངས་མ་ཐམས་ཅད་འཆི་བ་མེད་པའི་བདུད་རྩི་འོད་ཟེར་དཀར་དམར་གྱི་རྣམ་པར་བསྡུས་པ་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ལ་རེག་པས་དེ་ཉིད་སོར་གྱིས་ཁོལ་ཞིང་ལུད་པའི་རྒྱུན་སྤྱི་བོ་ནས་ཞུགས་སྙིང་གའི་ཧྲཱིཿདང་སྔགས་ཕྲེང་ལ་རེག༔ དེ་རྣམས་ལས་ཀྱང་བདུད་རྩིའི་དྭངས་མ་ཆིལ་ཆིལ་འཕེལ་ཞིང་བབས་པ་གའུའི་ནང་གི་ཚེ་རྟེན་ལ་ཐིམ་པས་དེ་ཉིད་བཀྲག་མདངས་གཟི་བརྗིད་འབར་ཞིང་ཇེ་ཆེར་འཕེལ་བས་ཉི་ཟླའི་གའུ་ཁ་ཕག་གིས་བྱེ་བ་ཧྲཱིཿསྔགས་ཕྲེང་དང་བཅས་པ་ལས་ཨཱ་ལི་ཀཱ་ལིའི་སྐུད་པ་ལུ་གུ་རྒྱུད་དུ་བྱུང་བ་གདན་གྱི་རྡོ་རྗེ་རྒྱ་གྲམ་གྱི་རྭ་བར་ནས་མར་ཞུགས༔ རྭ་བར་གཞན་ནས་སླར་གྱེན་དུ་སོང་བས་བར་མེད་དུ་བཅིངས་པས་ཅིས་ཀྱང་མི་ཤིགས་པར་བསམ༔ དེ་ལས་ཆེར་འཕེལ་བའི་དྭངས་མའི་འོད་ཀྱིས་ལུས་གང་བ་ལ་མཉམ་གཞག་བརྟན་པོ་བྱ་ཞིང༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཞེས་འབུམ་ཕྲག་གསུམ་དུ་གྲངས་རྫོགས་པར་བཟླའོ༔ ཐུན་གྱི་མཚམས་སུ་སྤོས་དང་མེ་ཏོག་དང་བདུད་རྩི་ལ་སོགས་པའི་མཆོད་པ་འབུལ་ཞིང༔ ཧྲཱི༔ བཅོམ་ལྡན་བདེ་ཆེན་ཆོས་ཀྱི་སྐུ༔ མི་ཤིགས་རྡོ་རྗེ་ཚེ་ཡི་བདག༔ མཁའ་དང་མཉམ་པའི་ཐུགས་རྗེ་ཡིས༔ འཁོར་འདས་ཀུན་གྱི་བཅུད་སྡུས་ལ༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ འཆི་མེད་རྡོ་རྗེའི་ཚེ་དབང་སྐུར༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཧྲཱི༔ བཅོམ་ལྡན་ཐུགས་ཀྱི་རོལ་པ་ལས༔ མ་འགགས་ཅིར་ཡང་ཤར་བའི་ལྷ༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ གསང་བ་ཡེ་ཤེས་ཡུམ་དང་བཅས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ འཁོར་འདས་ཀུན་གྱི་ཚེ་བཅུད་སྡུས༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ཕྲིན་ལས་བཞི་མཛད་མཁའ་འགྲོའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ འཁོར་འདས་ཀུན་གྱི་ཚེ་བཅུད་སྡུས༔ སྒྲུབ་མཆོག་བདག་ལ་བསྩལ་དུ་གསོལ༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ མ་མོ་བདུད་རྒྱལ་དམུ་དང་ཀླུ༔ གཟའ་དང་གདོང་མོ་གཤིན་རྗེ་དང༔ གིང་དང་ཐེ་འགོང་ལ་སོགས་པ༔ སྡེ་བརྒྱད་ལག་ནས་ཚེ་ཕྲོགས་ཤིག༔ ཚེ་བདག་རྣམས་ཀྱིས་ཚེ་ཁུག་ཅིག༔ སྲོག་བདག་རྣམས་ཀྱིས་སྲོག་སྐྱོབས་ཤིག༔ ཚེ་དང་སྲོག་ནི་སྤེལ་དུ་གསོལ༔ དཔལ་དང་གཡང་ནི་བསྐྱེད་དུ་གསོལ༔ མཐུ་རྩལ་འབྱུང་བའི་དུས་ལ་བབས༔ དུས་ལ་བབ་བོ་ས་མ་ཡ༔ ཨཱ་ཡུཿསིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཞེས་ཚེ་འགུགས་སྤོས་བསྲེག་རོལ་མོ་དཀྲོལ༔ དེའི་ཚེ་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ འཁོར་ཚོགས་ཐམས་ཅད་ཀྱི་རྒྱུད་བསྐུལ༔ དེ་རྣམས་ལས་རང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་ཕྲན་བཞིན་འཕྲོས་པས་འབྱུང་བ་བཞིའི་མདངས་བཅུད་དང་ལྷ་ཀླུ་གནོད་སྦྱིན་རིག་འཛིན་གྲུབ་པ་སོགས་ཚེ་བསྐལ་པ་དང་མཉམ་པར་གནས་པ་རྣམས་ཀྱི་ཚེ་བཅུད་བཀྲག་དང་གཟི་མདངས་ཐམས་ཅད་ལྕགས་ཀྱུས་བསྡུས་ནས་ཚེ་ཡི་བུམ་པར་བསྟིམས༔ དེ་ཉིད་སོར་རོ་རོ་ཁོལ་བའི་དྭངས་མ་ཁ་ཞག་ལྟ་བུ་གཙོ་བོའི་ཞལ་དུ་དྲངས༔ སྐུའི་དབྱིབས་བརྒྱུད་ཐུགས་ཀའི་ཚེ་རྟེན་ལ་ཐིམ་པས་འཆི་བ་མེད་པ་རྡོ་རྗེ་ཚེ་ཡི་སྲོག་ཐོབ་པར་བསམ་མོ༔ དེ་ནས་ཚེ་བསྟིམ་པ་ནི་སྒྲུབ་རྫས་ཀྱི་ཚེའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་མི་ཤིགས་པའི་ཚེ་ཡི་དྭངས་མ་འོད་ཀྱི་རྣམ་པར་བྱུང་ནས་རང་གི་སྙིང་གའི་ཚེ་རྟེན་ལ་སིབ་སིབ་ཐིམ་པར་བསམ་ཞིང་རྩ་བའི་སྔགས་ཀྱི་མཐར་ཨཱོཾ་ཨ་པ་རི་མི་ཏཱ་ཨཱ་ཡུརྫྙཱ་ན་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་རྫས་རྣམས་སྙིང་གར་གཏུག་གོ༔ དེ་ནས་ཚེ་སྦ་བ་ནི༔ ཧཱུྃ༔ མི་འགྱུར་ཅིས་ཀྱང་མི་ཤིགས་པའི༔ སྟོང་པའི་གོ་ཆ་བླ་ན་མེད༔ མཚན་མའི་རྟོག་པ་ཀུན་སྤངས་ནས༔ ཐམས་ཅད་ཀུན་ལས་རྒྱལ་བར་གྱུར༔ མ་བྱུང་མི་འབྱུང་འདུས་མ་བྱས༔ ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས༔ སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར༔ ཨཱ་ཡུརྫྙཱ་ན་དྷརྨཱ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་པས་གཞལ་ཡས་ཁང་འཁོར་ལ་ཐིམ༔ འཁོར་གཙོ་བོ་ལ༔ ཡུམ་ཡབ་ལ༔ ཡབ་ཡེ་ཤེས་སེམས་དཔའ་ལ༔ དེ་ཏིང་འཛིན་སེམས་དཔའ་ལ་ཐིམ༔ དེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཡལ་ནས་སྟོང་གསལ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་གཞག་བྱ༔ དེ་ནས་མཁའ་ལ་སྤྲིན་ཤར་བ་ལྟར་ལྷའི་སྐུར་ལྡང་བར་བྱའོ༔ དེ་ནས་ཚོགས་འཁོར་བསྐོར༔ བསྔོ་བ་དང་སྨོན་ལམ་གདབ༔ བཀྲ་ཤིས་བརྗོད་པ་སོགས་རྗེས་ཀྱི་བྱ་བ་རྣམས་བསྐྱང༔ བདེ་གཤེགས་ཀུན་འདུས་ཟབ་ལམ་ཚེ་དཔག་མེད་དུ་སྒྲུབ་པའི་ཕྱི་སྒྲུབ་རྫོགས་སོ༔ ས་མ་ཡ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་ཚེ་ཡི་ནང་སྒྲུབ་བཞུགས༔ ྈྈྈ གཉིས་པ་ནང་ལྟར་སྒྲུབ་པའི་ཐབས་ལ་ཤིན་ཏུ་དབེན་པའི་གནས་སུ་སྐྱབས་འགྲོ་ལ་སོགས་ཏེ་སྔོན་འགྲོ་རྣམས་སྔར་ལྟར་བྱས་ནས༔ ལུས་བདེ་ལུགས་སུ་བསྲངས་ཏེ་ཚེ་དབང་མགོན་པོར་གསལ་བའི་སྤྱི་བོར་བླ་མ་འོད་དཔག་མེད་བསྒོམ༔ སྙིང་གར་རྟ་མགྲིན་བསྒོམ༔ ལྟེ་བར་མེའི་ཆོས་འབྱུང་རྣོ་ལ་ཚ་བའི་ནང་དུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསམ༔ དེ་ནས་ལུས་ཀྱི་དབུས་སུ་དྷཱུ་ཏི་དཀར་དམར་མདའ་ཤིང་ཙམ་པ་གསལ་ལ་དྭངས་པ་ཡར་སྣ་སྨིན་མཚམས་མར་སྣ་གསང་བ་ཡེ་ཤེས་ཀྱི་དབུ་གཙུག་ནས་ཟུག་པར་བསྒོམ༔ གཡས་གཡོན་དུ་རོ་རྐྱང་གཉིས་ཡར་སྣ་སྣ་བུག་མར་སྣ་ཆོས་འབྱུང་གི་ནང་དུ་ཟུག་པ༔ དེ་ནས་དབུགས་ཕྱིར་འགྲོ་བའི་ཚེ་ལྟེ་བའི་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་དམར་པོ་མར་མེ་ལྟ་བུ་ཞིག་དབུ་མའི་ནང་ན་ཡར་དམར་བྲེང་གིས་སོང༔ འོད་དཔག་མེད་ཀྱི་བདུད་རྩི་ལ་རེག་པས་སོར་གྱིས་ཁོལ་ཟེགས་མའི་འོད་ཟེར་གྱིས་འཁོར་འདས་སྣོད་བཅུད་ཀྱི་ཆོས་བཅུ་བཞི་འཆི་མེད་བདུད་རྩིའི་རྣམ་པར་བསྡུས༔ དབུགས་ནང་དུ་འཇུག་པའི་ཚེ་སྤྱི་བོ་ནས་ནར་གྱིས་བབས་པས་དཔྲལ་བའི་འཁོར་ལོ་གང༔ དེའི་དགའ་བ་ལ་སེམས་བསྲེས་ནས་ལྕེ་ཆུང་གིས་བདུད་རྩི་གཞིབ༔ ཡིད་བཟླས་བྱེད༔ དེ་བཞིན་དུ་རླུང་འགྲོ་འོང་གིས་བདུད་རྩི་བསྐུལ་བ་དང་བབས་པས་མགྲིན་པ་དང༔ སྙིང་ག་དང༔ ལྟེ་བ་དང༔ གསང་གནས་ཀྱི་བར་ཁྱབ་པར་བཀང༔ མཆོག་དང་ཁྱད་པར་དང་ལྷན་སྐྱེས་ཀྱི་དགའ་བ་རྣམས་ལ་སེམས་བསྲེས་བདུད་རྩི་གཞིབ་པས་ཡིད་ཀྱི་བཟླས་པ་བྱ༔ རླུང་རྔུབ་པའི་རྗེས་སུ་བུམ་པ་ཅན་དང་སྦྱར་ནས་གཞིབ་པ་དང༔ བཟླ་བ་ལ་ཡུན་བསྲིང༔ རྗེས་སུ་རང་ངོ་བསྐྱང༔ ཡང་རླུང་ཕྱིར་བསལ་བས་ལྟེ་བའི་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རོ་རྐྱང་གི་ལམ་ནས་རླུང་དང་མཉམ་དུ་ཕྱིར་སོང༔ འཁོར་འདས་ཐམས་ཅད་ལ་ཕོག་ནང་དུ་རླུང་རྔུབས་པས་འཁོར་འདས་སྣོད་བཅུད་ཀྱི་འབྱུང་བཞིའི་དྭངས་མ་ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་བཅུད་ཐམས་ཅད་བསྡུས་ཐིག་ལེ་དཀར་དམར་དུ་གྱུར་པ་རོ་རྐྱང་བརྒྱུད་ཆོས་འབྱུང་གི་ནང་དུ་སླེབས་པ་ལྟེ་བའི་མེས་བཞུ་བའི་དྭངས་མ་དཀར་དམར་ཆེར་འཕེལ་གསང་གནས་ནས་ལྟེ་བའི་བར་བརྟན་པའི་དགའ་བ་ལ་སེམས་བསྲེ་བུམ་ཅན་དང་སྦྱར་ནས་སྔགས་བཟླ་རང་ངོ་བསྐྱང་ངོ༔ དེ་བཞིན་དུ་སྙིང་ག་དང་མགྲིན་པ་དང་སྤྱི་བོའི་བར་དུ་བརྟན་པའི་ལུགས་ལྡོག་གི་དགའ་བ་བཞི་ལ་སེམས་བསྲེ་རླུང་དང་སྦྱར་ནས་སྔགས་བཟླ་རང་ངོ་བསྐྱང་བ་རྣམས་བྱའོ༔ དེ་ནས་རླུང་རྔུབ་པས་རོ་རྐྱང་བརྒྱུད་ལྟེ་བའི་མེའི་ཆོས་འབྱུང་ལ་ཕོག་པས་མེ་དམར་འུར་གྱིས་འབར་རྣལ་འབྱོར་མ་ཡང་མེའི་ངོ་བོར་འདྲེས་ནས་འཆི་མེད་ཀྱི་བདུད་རྩིར་ཞུ་དྭངས་མ་ཐིག་ལེ་དམར་པོ་གསལ་ཞིང་འཚེར་བར་གྱུར༔ དེའི་འོད་གྱེན་དུ་སོང་སྙིང་གའི་རྟ་མགྲིན་ལ་ཕོག་འོད་ཀྱི་ཐིག་ལེར་ཞུ་བ་དེ་ལས་ཀྱང་འོད་ཟེར་གྱེན་དུ་འཕྲོས་སྤྱི་བོའི་བླ་མ་ལ་ཕོག་པས་འཆི་མེད་ཀྱི་བདུད་རྩི་འོད་ཀྱི་གོང་བུར་ཞུ་བའི་དྭངས་མ་ཐིག་ལེ་དཀར་པོ་གསལ་ཞིང་འཚེར་བ་སྣུམ་ལ་འདྲིལ་བར་གྱུར་པ་དབུ་མ་ནས་ཞུགས་པ་དང༔ ལྟེ་བའི་ཐིག་ལེ་དབུ་མ་ནས་གྱེན་དུ་སོང་བ་གཉིས་སྙིང་གར་གཅིག་ཏུ་འདྲེས་པའི་འོད་ཀྱིས་ལྷ་སྐུ་དང་རྩ་ལ་སོགས་པ་ཡང་གཅིག་ཏུ་གྱུར་པའི་དྭངས་མ་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧྲཱིཿཡིག་གིས་མཚན་པ་གསལ་ཞིང་དྭངས་པ་འོད་ཀྱི་གོང་བུར་འབར་བས་འཆི་བ་མེད་པ་རྡོ་རྗེ་ཚེའི་སྐུ་ཐོབ་པར་བསམ་ཞིང་བུམ་པ་ཅན་དང་སྦྱར་ནས་ཡིད་བཟླས་བྱ༔ རྩོལ་བྲལ་བློ་ལས་འདས་པའི་ངོ་བོ་འཆི་མེད་གཉུག་མའི་རང་བབས་ལ་མཉམ་གཞག་བརྟན་པོ་བྱ༔ རྒྱུན་གྱི་རྣལ་འབྱོར་ནི་ཅིར་སྣང་ལྷ་སྐུའི་ལམ་ཁྱེར་དང་མི་འབྲལ་བར་བྱའོ༔ ནང་སྒྲུབ་ཚེའི་གདམས་པ་དྭངས་མའི་བཅུད་དྲིལ་ཏུ་གདམས་པ་རྫོགས་སོ༔ ས་མ་ཡ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་ཚེའི་གསང་སྒྲུབ་བཞུགས་སོ༔ ྈྈྈྈ གསུམ་པ་གསང་བ་ལྟར་ཚེ་སྒྲུབ་པ་ནི༔ ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་མཚན་ཉིད་དང་ལྡན་པ་བཙལ་ལ་རྒྱུད་དག་པར་བྱས་ནས༔ ཤིན་ཏུ་དབེན་ཞིང་འགོལ་བའི་གནས་སུ་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་གཏོར་ཕུལ་ནས་འདོད་ཆགས་བདེ་སྟོང་འཆི་མེད་ཀྱི་ལམ་དུ་ལོངས་པར་གསོལ་བ་བཏབ་གཞི་བདག་ལ་གཏོར་མ་བྱིན་ནས་བར་ཆད་མ་བྱེད་ཅེས་བཀའ་བསྒོ༔ རང་གཞན་གྱི་ལུས་གསོ་བ་སོགས་ཕོ་ཉའི་སྔོན་འགྲོ་རྣམས་ཚང་བར་བྱའོ༔ དེ་ནས་རང་ཉིད་ཚེ་དབང་མགོན་པོ་དང་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མར་བསྐྱེད༔ བྱིན་གྱིས་བརླབས་རང་གི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུའི་བུ་གར་ཨོཾ༔ ཡུམ་གྱི་གསང་གནས་ཨཱཿལས་པདྨ་འདབ་མ་བརྒྱད་པ་འོད་ཟེར་འབར་བའི་ཟེ་འབྲུར་ཧྲཱི༔ དེ་ནས་ཕན་ཚུན་ལྟ་བ་དང་རྒོད་པ་དང༔ ལག་བཅངས་དང༔ དབང་པོ་གཉིས་སྦྱོར་གྱི་རིམ་པས་ཆགས་པ་བསྐུལ་ཞིང་བྱང་ཆུབ་ཀྱི་སེམས་དྭངས་སྙིགས་ཕྱེད་པར་བྱས་ལ༔ ལུས་ཀྱི་དབུས་སུ་དྷཱུ་ཏི་གསལ་ཞིང་དྭངས་པ་དེ་ལ་བརྟེན་པའི་འཁོར་ལོ་ལྔ་གདུགས་ཀྱི་རྩིབས་མ་ལྟར་རྒྱས་པ༔ སྤྱི་བོར་བདུད་རྩིའི་ཐིག་ལེ་ཧཾ་དཀར་པོ་དྭངས་ཤིང་འཛག་པ༔ སྙིང་གར་ཚེའི་དྭངས་མ་མི་ཤིགས་པའི་ཐིག་ལེ་ཧྲཱིཿདམར་པོ་གསལ་ཞིང་འཚེར་བ༔ ལྟེ་བར་གཏུམ་མོའི་ཐིག་ལེ་ཨཱཿདམར་པོ་ཚ་ཞིང་འབར་བ་བསྒོམས་ལ༔ ཕྱག་རྒྱ་དང་ཡན་ལག་ཐམས་ཅད་ཀྱིས་ཇི་ལྟར་བདེ་བར་འཁྱུད་ལ་སྟེང་འོག་གི་སྒོ་སྦྱར་ནས་རྡོ་རྗེ་འགྲེང་ཞིང་བརྟན་པར་བྱས་པ་དལ་བུས་བསྲུབ་ཅིང་སྒུལ་སྐྱོད་བྱས་པས་ཆགས་པའི་རླུང་གིས་ལྟེ་བའི་ཨ་ཡིག་བསྐུལ་བས་དེ་ལས་མེ་ལྕེ་གློག་ལྟར་འཁྱུག་ཅིང་གསལ་བ་སྤྲོས་པས་རྩ་སྦུབས་ཐམས་ཅད་ཀྱི་ཐིག་ལེ་གཡོས་ཤིང་ཁྱད་པར་སྤྱི་བོའི་ཧཾ་ལ་རེག་པས་ཤིན་ཏུ་གསལ་བའི་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་ཧཾ་ལ་འདྲེས༔ ཧཾ་ལས་བྱང་ཆུབ་ཀྱི་སེམས་ཆུ་རྒྱུན་བཞིན་འཛག་པས་སྤྱི་བོའི་རྩ་འཁོར་གང་བའི་དགའ་བ་ལ་མཉམ་པར་བཞག༔ དེ་བཞིན་དུ་མགྲིན་པ་དང་སྙིང་ག་རྣམས་སུ་མཆོག་དགའ་དང་ཁྱད་པར་གྱི་དགའ་བ་རྣམས་ལ་སེམས་བསྲེས་ནས་དབུ་མའི་སྒོར་བྱང་སེམས་རྒྱུན་མི་ཆད་པར་སྒྲ་དང་བཅས་ནས་ཨ་ཐུང་གི་མེ་ལ་བབས་པས་ཞུ་སོར་རོ་རོ་ཁོལ་བར་བསམས་ལ་ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་ལ་སེམས་བསྲེ༔ དེ་ཚེ་ཕྱག་རྒྱའི་པདྨའི་ནང་དུ་ཚེའི་ལྷ་ཚོགས་ཐམས་ཅད་གསལ་བར་དམིགས་པ་ལ་བདེ་བ་ཆེན་པོའི་མཆོད་པ་ཕུལ་བས་ཤིན་ཏུ་ཚིམས་ཤིང་མཉེས་ནས་མཉམ་པར་སྦྱོར་བའི་སྦྱོར་མཚམས་དང་ཕྱག་གི་བུམ་པ་ལས་འཆི་མེད་ཀྱི་བདུད་རྩི་དྭངས་མ་སྐྱ་ཆིལ་གྱིས་བབས་པ་རྡོ་རྗེའི་ལམ་ནས་རང་གི་ཧཱུྃ་གི་སྦྱོར་བས་དྲངས་ཤིང་ཕྱག་རྒྱས་ཕཊ་ཀྱི་སྦྱོར་བས་ཕུལ་ལ་དྲངས་པ་ལྟེ་བའི་མེ་ལ་སྔར་ལྟར་སོར་སྒྲ་དང་བཅས་ནས་ཁོལ་ཞིང་ཞུ་བའི་དྭངས་མས་ ཚེ་བཅུད་ཐམས་ཅད་ལུགས་ལྡོག་གི་དགའ་བ་བཞིས་རིམ་པར་དྲང་ཞིང་མི་ཤིགས་པ་འཆི་མེད་ཀྱི་བདུད་རྩིའི་སྙིང་པོ་སྙིང་གའི་ཧྲཱིཿལ་འདྲེས་པ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་ནས་ཡིད་ཀྱི་བཟླས་པ་བྱ༔ དེ་ལྟར་ཡང་ཡང་བསྐྱར་ཞིང་ཐུན་རྗེས་མལ་ཕྱག་རྒྱ་འོད་དུ་ཞུ་ནས་གསང་གནས་ཀྱི་ལྷ་རྣམས་ལ་ཐིམ༔ དེ་རྣམས་དྭངས་མའི་ཐིག་ལེ་འཆི་བ་མེད་པའི་བདུད་རྩིའི་སྙིང་པོར་ཞུ་བ་རྡོ་རྗེའི་ལམ་ནས་ལྟེ་བའི་མེ་ལ་བཞུ་ཞིང་འདྲེན་པ་དང་སྙིང་གི་ཐིག་ལེ་ལ་བསྲེ་བར་བྱའོ༔ འདི་ལ་དབབ་པ་དང་འདྲེན་པ་དང་འགྲམ་པ་དང་བསྲེ་བ་ལ་སོགས་པ་ནི་ཐབས་ལམ་གྱི་གཞུང་ལ་གོམས་པར་བྱའོ༔ འདིས་ཀུན་རྫོབ་ཀྱི་ཐིག་ལེ་ཆགས་པ་དང་བཅས་པས་ཆགས་བྲལ་དུ་བཞུ་བཏུལ་བྱས་པས་དྭངས་མ་སྟོབས་སུ་གྱུར་ཅིང་དེས་དོན་དམ་བྱང་ཆུབ་ཀྱི་སེམས་འཕེལ་ཞིང་བརྟན་པས་ཟག་པ་མེད་པའི་ཡེ་ཤེས་འཆི་མེད་ཀྱི་སྐུ་འཕོ་བ་ཆེན་པོར་མངོན་པར་བྱང་ཆུབ་པར་འགྱུར་རོ༔ འདོད་ཆགས་བདེ་སྟོང་ཚེའི་སྒྲུབ་ཐབས་གསང་བའི་སྙིང་པོར་བསྡུས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ འཆི་མེད་བཅུད་ལེན་རྣམ་གསུམ་བཞུགས༔ ྈྈྈ བདེ་གཤེགས་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ལམ་འདི་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་དུས་མ་ཡིན་པར་འཆི་བ་ལ་སོགས་ཏེ་རྐྱེན་ངན་པ་རྣམས་སེལ་བ་དང༔ ཏིང་འཛིན་གྱི་བོགས་འདོན་ཅིང་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེད་པ་དང་འཆི་བ་མེད་པའི་ལུས་གྲུབ་པའི་ཕྱིར་དུ་བཅུད་ལེན་བྱ་བ་གཅེས་སོ༔ དེ་ལ་གསུམ་དུ་བསྟན་པའོ༔ དང་པོ་ཕྱིའི་རྫས་བཅུད་དུ་ལེན་པ་ནི༔ འབྲས་བུ་གསུམ་ཆ་སྙོམ་པ་དང༔ གཅིག་གི་ཕྱེད་ཆའི་དབང་པོ་ལག་པ་དང༔ སེ་འབྲུ་དང༔ བདུད་རྩི་ཟིལ་པ་ཅན་གསུམ་ཆ་སྙོམ་པ་དང༔ དེའི་གཅིག་གི་ཕྱེད་ཆའི་རྩ་ཨ་བ་དང་སྦྲུལ་ཤ་དང༔ མཆིལ་པའི་ཤ་རྣམས་ཆ་སྙོམ་པ་དང༔ དེའི་གཅིག་གི་ཕྱེད་ཆའི་ན་ལེ་ཤམ་དང༔ བཟང་པོ་དྲུག་དང་བྲག་ཞུན་ཆ་སྙོམ་པ་དང༔ དེའི་གཅིག་གི་ཕྱེད་ཆའི་མཚལ་དང༔ གི་ཝཾ་དང༔ ལྡོང་རྩེ་རྣམས་ཆ་སྙོམ་ཕྱེ་མར་བྱས་པ་དང༔ མར་བྲེ་གང༔ འོ་མ་བྲེ་གསུམ༔ ཆུ་ཞོ་གཅིག་རྣམས་བསྲེས་ཏེེ་རན་པའི་མེ་ལ་བཙོས་པས་དང་པོར་ཆུ་ཐིམ༔ དེ་ནས་འོ་མ་ཐིམ༔ དེ་ནས་མར་གྱི་སྙིང་པོ་ལུས་པ་དེ་དང༔ དུག་དང་བྲལ་བའི་སྦྲང་རྩིའི་དྭངས་མ་བཞུར་བ་དང་ཀ་ར་དཀར་པོ་གསུམ་ཆ་སྙོམ་པ་ལ་སྔར་གྱི་སྨན་ཕྱེ་མ་རྣམས་འདྲེས་པར་སྦོལ་བའི་ལྡེ་གུ་བདུད་རྩིར་བྱིན་གྱིས་བརླབས་པ་ནངས་རེ་བཞིན་ཞོ་གཉིས་རེ་ཟོས་ན་བད་ཀན་ལ་སོགས་པའི་ལུས་ལ་ཞུགས་པའི་ནད་རྣམས་འཇིག་ཅིང་གཟུགས་བཟང་པོར་འགྱུར་བ་དང་ལོ་སུམ་བརྒྱ་འཚོ་བར་འགྱུར་རོ༔ ཡང་ན་དབང་པོ་ལག་པ་དང་འབྲས་བུ་གསུམ་ཆ་སྙོམ་སྟེ་མར་དང་སྦྲང་རྩིའི་དྭངས་མ་ལ་སྦྱར་བ་ཟླ་བ་གསུམ་ཟོས་ན་ནད་བྱང་ཞིང་སྐྲ་དཀར་འཇིག་གོ༔ དྲུག་བརྟེན་ན་དབྱངས་སྙན་པ་དང༔ ཚིལ་བུ་དང་ལྡན་པར་འགྱུར་རོ༔ དགུ་བརྟེན་ན་ལུས་བཟང་བ་དང་ཡིད་ལྟར་མགྱོགས་པ་ཐོབ་བོ༔ ལོ་གཅིག་བརྟེན་ན་སྟོབས་གླང་པོ་ཆེ་དང་མཉམ་ཞིང་ལོ་སུམ་བརྒྱ་འཚོ་བར་འགྱུར་རོ༔ གཉིས་པ་ནང་གི་བཅུད་ལེན་ནི་རང་ངམ་གཞན་ནད་མེད་དམ་ཚིག་དང་ལྡན་པས་འབྲས་དང་ནས་ཕྱེ་དཀར་གསུམ་སོགས་ཟོས་པའི་དྲི་ཆེན་དེའི་དྲི་ཆུའི་ནང་དུ་ཉིན་ཕྱེད་སྦངས་པའི་ཁུ་བ་དྭངས་སྙིགས་ཕྱེད་པ་བསྒུལ་སྐྱོད་མེད་པར་ཕྱིར་ཕོ་ལ་སླར་ཡང་མཁར་གཞོང་ལ་སོགས་པའི་སྣོད་དུ་དྲི་ཆུས་སྦྱངས་ཤིང་དཀྲུགས་པའི་དྭངས་མ་སྣོད་གཙང་མར་བཞུར་བ་གྲིབ་སྐམ་བྱས་པའི་ཕྱེ་མ་དང༔ རྟ་དང་བ་ལང་དང་ཀུ་ཀུ་དང་གླང་པོ་ཆེ་དང་མི་ཤ་སྟེ་ཤ་ལྔ་དང༔ རྡོ་རྗེ་ཟིལ་པ་དང་དམར་རྩི་དང་དྲི་ཆེན་དང་དྲི་ཆུ་དང་རྐང་མར་ལ་སོགས་པ་བདུད་རྩི་ལྔ་རྣམས་གཞིའི་བཅུ་ཆ་གཅིག་དང་མཉམ་པ་དང༔ དངུལ་ཆུ་དང་ཙན་དན་དང་སིཧླ་དང་གླ་རྩི་དང་ག་པུར་དང་མུ་ཟི་དང་གུ་གུལ་དང༔ གི་ཝཾ་དང༔ ལི་ཤི་དང༔ ཁ་ཆེ་དང༔ ཛཱ་ཏི་དང༔ ཚ་བ་གསུམ་རྣམས་དེའི་ཡང་བཅུ་ཆའི་ཚད་དང་མཉམ་པ་དང༔ དེ་དང་མཉམ་པའི་ཨ་རུ་ར་རྣམས་ཕྱེ་མར་བྱས་པ་རྣམས་མར་དང་སྦྲང་རྩི་དུལ་མས་བསྡུས་པའི་རིལ་བུ་རིལ་མ་ཙམ་བྱས་པ་བྱིན་གྱིས་བརླབས་ཏེ་ ཐོ་རངས་དྲི་ཆུ་བར་པ་གྲང་མོས་ཕུལ་ཏེ་ཚེས་གཅིག་ལ་རིལ་བུ་གཅིག་དང་གཉིས་ལ་གཉིས་དང་དེ་བཞིན་དུ་ནངས་མ་རེ་ལ་རིལ་བུ་རེ་རེ་བསྣན་པས་བཅོ་ལྔའི་བར་དང༔ མར་ངོའི་གཅིག་ནས་བཟུང་སྟེ་ནངས་མ་རེ་རེ་བཞིན་ཕྲི་བས་སྟོང་གི་ཉིན་རིལ་བུ་གཅིག་གི་བར་བརྟེན་པར་བྱའོ༔ དེ་ལྟར་ལོ་གཅིག་ཏུ་བརྟེན་པས་བད་ཀན་ལ་སོགས་པ་འབྱུང་འཁྲུགས་ཀྱི་ནད་དང༔ མཛེ་ལ་སོགས་པ་གདོན་འཁྲུགས་ཀྱི་ནད་དང༔ རྩ་ཁམས་ཐོར་པ་སོགས་རླུང་འཁྲུགས་ཀྱི་ནད་དང་འགལ་རྐྱེན་རྣམས་སེལ་ཞིང་གཟུགས་བཟང་ཞིང་རྩ་མི་མངོན་པ་དང་སྟོབས་ཆེ་བ་དང༔ མདངས་མཚར་བ་དང་ཡིད་ལྟར་མགྱོགས་པ་དང༔ དབྱངས་སྙན་པ་དང་ཏིང་འཛིན་རྩོལ་མེད་དུ་སྐྱེ་བར་འགྱུར་ཞིང༔ ལོ་སུམ་བརྒྱ་འཚོ་བར་འགྱུར་རོ༔ རང་གི་བདུད་རྩི་དྲོད་ལྡན་དྲི་ཆུ་གྲང་མོས་ཕུལ་ཏེ་ལོ་གཅིག་ཏུ་བརྟུལ་ཤུགས་ཀྱིས་བརྟེན་ན་ཕན་ཡོན་སྔར་དང་མཉམ་པ་ཐོབ་པར་འགྱུར་རོ༔ གསུམ་པ་གསང་བའི་བཅུད་ལེན་ནི༔ ལུས་སྐྱིལ་ཀྲུང་མཉམ་གཞག་དྲང་པོར་བསྲང་མགྲིན་པ་ཅུང་ཟད་བཀུག༔ ལྕེ་ལྕེ་ཆུང་ལ་རེག་པར་བཟློག་སྟེ༔ རང་ལུས་ཚེ་དབང་མགོན་པོའི་སྤྱི་བོར་ཧཾ་དཀར་པོ་ཐུར་ལྟ༔ ལྕེ་ཆུང་གི་རྩེར་སུམ་དཀར་པོ༔ སྙིང་གར་ཧཱུྃ་དཀར་པོ་རྣམས་གསལ་ཞིང་དྭངས་ལ་འཛག་པ༔ ལྟེ་བར་ཨ་དམར་པོ་འབར་བ་ལྟ་བུར་བསམ༔ དེ་ནས་འོག་རླུང་བསྐྱོད་པས་ལྟེ་བའི་ཨ་ལས་རླུང་མེའི་དྲོད་ཅན་བྱུང་བས་སྙིང་གའི་ཧཱུྃ་བསྲོས༔ དེའི་ནུས་པས་ལྕེ་ཆུང་གི་སུམ་བསྲོས༔ དེའི་ནུས་པས་སྤྱི་བོའི་ཧཾ་བསྲོས༔ བདེ་བའི་ངོ་བོར་ལྟེམ་མེ་ཞུ་བ་དངུལ་ཆུ་འཁྱོར་བ་ལྟར་བསམ༔ སྟེང་རླུང་ཅུང་ཟད་མནན་པས་ལྕེ་ཆུང་གི་སུམ་ལས་འཆི་མེད་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་བབས་ཏེ་སྙིང་གའི་ཧཱུྃ་ལ་ཞུགས༔ ཧཱུྃ་གི་ནུས་པ་ཆེར་རྒྱས་པས་སྙིང་ཁའི་རྩ་ཐམས་ཅད་བདུད་རྩིའི་དྭངས་མས་དཀར་མེར་གང་བས་དབང་པོའི་སྒོ་ཐམས་ཅད་དུ་སྐྱ་ཆིལ་ཆིལ་གཡོ་ཞིང་ལུས་ཐམས་ཅད་གང་བར་བསམ༔ དེ་ལྟར་ལྟེ་བའི་རླུང་དྲོད་ཀྱིས་གོང་གི་ཡི་གེ་རྣམས་བསྐུལ་བས་ལྕེ་ཆུང་གི་སུམ་ལས་འཆི་མེད་ཀྱི་བདུད་རྩིའི་རྒྱུན་མི་ཆད་པར་འཛག་པར་བསམས་ལ༔ ལྕེ་ཕུགས་སུ་བཟློག་སྟེ་དལ་བུས་འཇིབས་པས་ལྕེ་ཆུང་ལས་བདུད་རྩི་ཇི་ཙམ་འདོད་པ་འོང་བས་འཇིབས་ཤིང་མིད་ལ་རླུང་ཁ་སྦྱོར་དུ་འཆིང༔ ཡང་མཚན་མོའི་ཕྱེད་ལ་བབས་པ་ན་རླུང་ཁ་སྦྱོར་དུ་བཟུང་ལ་སྤྱི་བོའི་བདུད་རྩི་ལ་སངས་རྒྱས་ཐམས་ཅད་ཀྱི་འཆི་མེད་ཀྱི་བདུད་རྩི་འོ་མ་ལྟར་དཀར་ཞིང་གསལ་བ་བབས་པས་རྩ་ཐམས་ཅད་ནས་ཞུགས་རྐང་མཐིལ་ནས་རིམ་གྱིས་སྤྱི་བོའི་བར་གང་བར་བསམ་ཞིང་ཧཱུྃ་གི་ཡིད་བཟླས་བྱ༔ དེའི་མཐར་རང་གི་དྲི་ཆུ་ལྕགས་སམ་ཁམ་ཕོར་སོ་མར་བླུགས་པ་ལ་ཤ་ལྔ་དང་འབྲས་བུ་གསུམ་ཆ་མཉམ་པ་དང༔ དེའི་དྲུག་ཆའི་ལྕགས་ཕྱེ་རྣམས་དྲི་ཆུ་ཅུང་ཟད་དང་སྦྱར་ནས་བཏགས་ཏེ་དབང་པོ་གཙང་མའི་རྡོ་རྗེ་ཟིལ་པ་དང་རཀྟ་དང་སྦྱར་ནས་ལྕགས་དཀར་གྱི་སྣོད་དུ་སྔར་གྱི་དྲི་ཆུ་ལ་མཚན་མོའི་ཐུན་གསུམ་པ་རྫོགས་ནས་ཉི་མ་འཆར་ཀའི་བར་བཙོས་ཏེ༔ སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་དཀར་དམར་མཐིང་ག་དྭངས་ཤིང་གསལ་བ་བསྟིམས་ནས་ཨོཾ་ཨཱཿཧཱུྃ་བརྒྱ་རྩ་སོགས་བཟླས་ལ་ལག་གཡས་པའི་མཐེ་བོས་མཐེའུ་ཆུང་མནན་ལྷག་མ་གསུམ་རྐྱང་བ་སྣོད་ཀྱི་ཁར་སྦུབས་ལ༔ རྩ་སྔགས་དང་ཡིག་བརྒྱ་ལན་གསུམ་བཟླས་ཏེ་འཆི་མེད་ཀྱི་བདུད་རྩིར་བསམ་མོ༔ བདུད་རྩི་དེ་ཉིད་ཞོ་གསུམ་རེ་དང་བུད་མེད་གཙང་མའི་ནུ་ཞོ་ཧུབ་གསུམ་རེ་སྦྱར་ནས་ཉལ་ཁར་འཁུར་བ་བཀང་ཞིང་བསྲུབས་པ་ཟླ་བ་དྲུག་ཏུ་བཏུང་བས་ལུས་བཀྲག་མདངས་རྒྱས་པ་དང་དབང་པོ་གསལ་བ་དང༔ གཞོན་ཤ་ཆགས་པ་དང༔ རྡོ་རྗེ་ལྟ་བུའི་ལུས་སུ་འགྱུར་ཞིང་རྩོལ་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ནས་མྱུར་དུ་མཆོག་གི་བདེན་པ་མཐོང་སྟེ་འཆི་མེད་ཚེའི་རིག་འཛིན་འགྲུབ་པར་འགྱུར་རོ༔ བཅུད་ལེན་གྱི་དུས་ཐམས་ཅད་དུ་ཟས་ཀྱི་སྤང་བྱ་ནི་ལན་ཚྭ་ཆེས་པ་དང་རི་སྒོག་ཤ་རུལ་ཆང་སྐྱུར་རྩུབ་པའི་ཟས་རྣམས་སོ༔ སྤྱོད་ལམ་གྱི་སྤང་བྱ་ནི་མེ་དང་ཉི་མས་གདུངས་པ་དང༔ ཉིན་མོའི་གཉིད་དང་རྔུལ་ཕྱིར་འབྱིན་པའི་དྲག་ཤུལ་རྣམས་སོ༔ བརྟེན་པར་བྱ་བའི་ཟས་ནི་ཤ་སོགས་འཇམ་བཅུད་སྣུམ་དྲོ་དང་ལྡན་པ་རྣམས་སོ༔ སྤྱོད་ལམ་གྱི་བརྟེན་བྱ་ནི༔ ལུས་ངག་ཡིད་གསུམ་དལ་ཞིང་བག་ཡངས་པ་ཟུག་རྔུ་དང་བྲལ་བའོ༔ ཐུགས་རྗེ་ཆེན་པོ་གསང་བ་ཚེ་ཡི་སྒྲུབ་པའི་ཆ་རྐྱེན་བཅུད་ལེན་གྱི་གདམས་པ་སྙིང་པོར་དྲིལ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ།། ྈ ཟབ་ལམ་བདེ་གཤེགས་ཀུན་འདུས་ལས༔ ཆི་མེད་ལས་ཚོགས་འཆི་བསླུ་རྣམ་གསུམ་བཞུགས༔ ྈྈྈ བདེ་གཤེགས་ཀུན་འདུས་ལྷ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པ་ལ་འཆི་བ་ཟུག་པའི་ལྟས་སུ༔ ཤེས་པ་གཡེང་བ་དང་རྨི་ལམ་འཁྲུགས་པ་དང་ཚེ་གཟུགས་ཉམས་པ་དང༔ བྱད་ཤོར་བ་དང་རླུང་འཐེམ་པ་སོགས་འཆི་བའི་རྟགས་མཐོང་ན་དེ་ཉིད་ཟློག་པའི་ཐབས་བྱའོ༔ དེ་ལ་བླ་མ་དང་མཁའ་འགྲོ་ལ་ཚོགས་མཆོད་དང་སྤོང་དག་བྱ༔ ཚྭ་ཚྭ་གདབ༔ སྲོག་བསྐྱབ༔ འབྱུང་བའི་རྟེན་འབྲེལ་དང་ཚེ་སྒྲུབ་ཅི་ནུས་སུ་བྱའོ༔ དེ་ནས་འཆི་བ་བསླུ་བ་དངོས་ནི་ཚེའི་དཀྱིལ་འཁོར་བྲིས་པའི་ལྷོ་ཕྱོགས་སུ༔ དུར་གཡམ་ལ་རོ་སོལ་གྱིས་ཆོས་འབྱུང་གྲུ་གང་པ་ཞིག་བྲིས་པའི་ཁར་རོ་ཐལ་དང་བྲ་ནག་ཚིག་ནག་བསྲེས་པའི་ཕྱེ་ལ་འཆི་བདག་གི་གཟུགས་དབྱུག་པ་དང་ཞགས་པ་ཐོགས་པ་ཁ་གདངས་པ་ཞིག་བཅོས༔ སྲེ་མོག་དང་རོ་སོལ་གྱིས་བྱུགས༔ དེའི་མདུན་དུ་དུག་གི་མེ་ཏོག་དང་ཉའི་གསུར་ཚིལ་ཆེན་གྱི་ཏིང་ལོ་མཁྲིས་པའི་ཆུ་འབྲུ་ནག་དང་ཤ་རྗེན་རྣམས་བཞག༔ ལྕགས་ཀྱི་ཕོར་པ་གཅིག་དང་ཁམ་ཕོར་བཅུའི་ནང་དུ་ཟན་ཆང་བཅུ་བཅུ་ཉ་ཤ་དང་ཤ་རྗེན་དང་སྲན་ཆན་དང་ཁྲག་དང་ཁུར་བ་དང་ཐུག་པ་དང་སྒོག་བཙོང་དང་ཞོ་དང་མར་དང་བུ་རམ་ལ་སོགས་པས་བརྒྱན་པ་བཅུ་བཤམ༔ སྔགས་བཟླས་པའི་སྤོས་ཆུས་བསྒྲུབ་བྱའི་ལུས་བཀྲུས་པའི་ཁྲུས་ཁུས་འབྲུ་སྣའི་ངར་ཕྱེ་སྦྲུས་པའི་ཟན་ལ་དེའི་གཟུགས་ཁྲུ་གང་པ་གཅིག་བྱས་ལ་ལྟོ་བར་འབྱུང་བཞིའི་འཁོར་ལོ་འཇུག༔ སྤྱི་བོ་དང་ཕྱོགས་བཞིར་མར་མེ་ལྔ་སྦར་ཕྲག་པ་གཡས་གཡོན་ལ་སྟག་པ་དང་གླང་མའི་བྱང་བུ་ལ་འཆི་བདག་ཕོ་མོའི་ཁྲམ་བྲིས་པ་བཙུགས་རང་གི་གོས་དང་རྒྱན་གྱིས་གཡོགས༔ དེའི་མཐའ་ན་སྟེགས་བུར་རིན་པོ་ཆེ་སྣ་ཚོགས་དང་འབྲུ་སྣ་དང་ཤ་མར་བུ་རམ་དང་སྨན་སྣ་དང་སྤོས་སྣ་དང་དར་ཟབ་དང་ཚོས་དང་ཚྭ་སོགས་རྫོངས་ཆས་རྣམས་བཤམ༔ རེ་བ་ནག་པོའི་ཁར་བསྒྲུབ་བྱ་བཞག༔ ཚོན་སྐུད་ཀྱིས་འཁོར་བཅུ་དཀྲིས་པའི་སྣེ་མོ་གཤིན་རྗེ་ལ་གཏད་གཞན་ཡང་དགོས་པའི་རྫས་ཐམས་ཅད་ཚང་བར་བཤམ་མོ༔ དེ་ནས་རྫས་རྣམས་སྔགས་དང་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབས་ནས་མང་པོར་སྤེལ༔ རང་ལྷའི་ང་རྒྱལ་ཤུགས་དྲག་པོས་འཆི་བདག་འཁོར་བཅས་བདེན་པའི་སྟོབས་ཀྱིས་བཀུག་ནས་གཟུགས་དང་གཉིས་མེད་དུ་གྱུར་པར་བསམ་ཞིང༔ ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ནས་མེ་ཏོག་ལ་སོགས་པ་བྱིན་ལ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང༔ ཨོཾ༔ གང་དག་ཆོས་རྣམས་ཐམས་ཅད་ཀྱི༔ རྒྱུ་དང་འབྲས་བུའི་མཚན་ཉིད་ནི༔ མངར་དང་ཁ་བའི་ས་བོན་ལས༔ འབྲས་བུ་སོ་སོར་སྨིན་པ་བཞིན༔ དགེ་དང་མི་དགེའི་ལས་རྣམས་ཀྱི༔ འབྲས་བུ་ཡང་ནི་དེ་བཞིན་ཏེ༔ དེ་བས་ཞེ་སྡང་གདུག་རྩུབ་སོགས༔ མི་དགེའི་ལས་རྣམས་ཀུན་སྤོངས་ལ༔ ཞི་ཞིང་བྱམས་པའི་སེམས་ཀྱིས་ནི༔ འགྲོ་བ་འདི་ལ་ཕན་མཛད་གསོལ༔ ཞེས་བརྗོད་པས་དེའི་གདུག་རྩུབ་ཀྱི་བསམ་པ་ཞི་ནས་བདག་གིས་ཇི་ལྟར་བསྒོ་བའི་བཀའ་ནོད་ཅིང་གཏོར་མ་རྣམས་དགའ་བས་ལེན་པར་བསམ་ལ༔ གཏོར་མ་བཅུ་བྱིན་གྱིས་བརླབས་ལ༔ རང་གི་ལག་གཡས་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བདུད་རྩི་འབྱུང་བའི་ཨོཾ་དཀར་པོ་བསམ༔ སྔགས་བརྗོད་པས་བདུད་རྩིའི་རྒྱུན་བབས་པ་གཏོར་མ་དང་འདྲེས་ནས་འཆི་བདག་འཁོར་བཅས་ཀྱིས་གསོལ་བས་མཉེས་ཤིང་ཚིམས་པར་བསམ་ནས༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཞེས་ཚར་བཅུ་བརྗོད་གཏོར་མ་དང་པོས་བསྒྲུབ་བྱ་ལ་བྱབས་ཤིང༔ ཨོཾ༔ འཆི་བདག་གཤིན་རྗེ་ནག་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་གཏོར་མ་བཞེས་ལ་ཆེ་གེ་མོ་འཆི་བའི་ནད་གདོན་བར་ཆད་ཐམས་ཅད་མྱུར་དུ་ཞི་བར་མཛད་དུ་གསོལ༔ ཞེས་གཏོར་མ་ལྕགས་སྣོད་དུ་བཞག༔ རྩ་སྔགས་ཀྱི་མཐར་ཨཱོཾ་ཨ་ཀཱ་ལ་མྲྀ་ཏྱུ་ཛྭ་ར་དུཥྚཱཾ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བདུན་བཟླས་ནས་བདེན་པའི་སྟོབས་བརྗོད་དེ་ཆེ་གེ་མོ་འཆི་བདག་གི་ཞགས་པ་ལས་ཐར་བར་གྱུར་ཅིག༔ གཤིན་རྗེའི་ཁྲམ་ལས་ཐར་བར་གྱུར་ཅིག༔ མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཐར་བར་གྱུར་ཅིག་ཅེས་བརྗོད་ནས་ཚོན་སྐུད་རིམ་པ་གཅིག་དཀྲོལ་ནས་གླུད་ལ་དཀྲི་ཁྲམ་རིས་གཅིག་བསུབ༔ གཏོར་མ་གཉིས་པ་ནས་བཅུ་པའི་བར་དུ་བསྔོ་བ་དང་ལས་བཅོལ་བ་དང་ཞགས་པ་ལས་འགྲོལ་བ་དང་ཁྲམ་བསལ་བ་རྣམས་སྔར་ལྟར་བྱའོ༔ དེ་ནས་གླུད་བསྔོ་བ་ནི༔ ངར་མི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྫོགས་པ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་བཅས་པ་བྱིན་གྱིས་བརླབས་ནས༔ ཧཱུྃ༔ འབྲུ་བཟང་ངར་གྱི་མི་བོ་ཆེ༔ ཁམས་ལྔའི་རང་བཞིན་ཉིད་ལས་གྲུབ༔ རྣམ་ཤེས་ཚོགས་བརྒྱད་ཡང་དག་ལྡན༔ གཟུགས་མཛེས་སྒེག་འགྲོས་ལམས་སེ་ལམ༔ སྨྲ་མཁས་ངག་སྙན་ཀྱུ་རུ་རུ༔ སེམས་ནི་རྟོག་དཔྱོད་ཧྲིགས་སེ་ཧྲིག༔ མཛེས་པའི་གོས་རྒྱན་པུ་རུ་རུ༔ བཟའ་བཏུང་ལོངས་སྤྱོད་སྤུངས་སེ་སྤུང༔ འདི་འདྲའི་གླུད་བཟང་ཡ་མཚན་ཅན༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་དང༔ ཆོས་ཉིད་རོལ་པའི་མཐུ་ལས་གྲུབ༔ མི་བས་གླུད་དགའ་བཞེས་སུ་གསོལ༔ བཞེས་ནས་ཆེ་གེ་མོ་འདི་ལ༔ གདུག་རྩུབ་སེམས་ཀྱིས་ཁྲོ་བ་སྤོངས༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ ཟོས་པ་སྐྱུགས་ལ་ཤི་བ་གསོས༔ ཞི་དང་བྱམས་པའི་སེམས་ཀྱིས་ནི༔ འཆི་བའི་འཇིགས་པ་ཞི་བར་མཛོད༔ ཅེས་བསྒྲུབ་བྱའི་ལོ་གྲངས་སོགས་བསྔོ་ཞིང་བསྒྲུབ་བྱ་ལ་བསྐོར་ནས་འཆི་བདག་གི་གཟུགས་ཀྱི་མདུན་དུ་སྤུང༔ དེ་ནས་རྫོངས་ཆས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་སྤེལ་ནས་ཚིམ་པར་བསྔོ་ཞིང༔ ཧཱུྃ༔ འཆི་བདག་གཤིན་རྗེ་འཁོར་བཅས་ལ༔ མཐུན་པའི་དཀོར་ཆ་རྫོངས་སུ་འདེབས༔ འདོད་ཡོན་རིན་ཆེན་སྣ་ལྔ་དང༔ འབྲུ་དང་ཤ་མར་བུ་རམ་ཐུད༔ ཆན་དང་ཁུར་བ་མར་མེ་དང༔ སྨན་དང་སྤོས་དང་དར་ཟབ་དང༔ གོས་དང་རྒྱན་ཆ་དུ་མར་བཅས༔ འདོད་ཡོན་ལོངས་སྤྱོད་རྒྱ་ཆེན་འདི༔ དེ་རིང་ཆེ་གེ་མོ་འདི་ཡིས༔ འཆི་བདག་འཁོར་བཅས་སྤྱན་ལམ་དུ༔ མི་ཤེས་པ་དང་བག་མེད་པས༔ ཉེས་ཤིང་འགལ་བ་གང་བགྱིས་པ༔ ནོངས་ཤིང་བཤགས་པའི་སྐོང་དུ་འབུལ༔ སྲོག་གི་རིན་དང་གླུད་དུ་འབུལ༔ མ་བསད་པ་ཡི་སྟོང་དུ་འབུལ༔ མ་རྐུས་པ་ཡི་འཇལ་དུ་འབུལ༔ མ་ཆགས་པ་ཡི་བུ་ལོན་དུ༔ འབུལ་ལོ་བཞེས་ཤིང་བསྣམས་ནས་ཀྱང༔ ཐུགས་ཀྱི་བརྣགས་པ་ཞི་བ་དང༔ ཞི་དང་ཕན་པའི་བསམ་པ་ཡིས༔ འཆི་བའི་འཇིགས་པ་བསལ་དུ་གསོལ༔ ཞེས་བརྗོད་ཅིང་རྫོངས་ཆས་རྣམས་གཟུགས་ཀྱི་མཐར་སྤུང་ངོ༔ དེ་ནས་སྔགས་བཟླས་པའི་སྤོས་ཆུས་ཁྲུས་བྱས་ཁྲུས་ཁུ་གླུད་ལ་བསྟིམ༔ རང་ཉིད་འཆི་བའི་འཇིགས་པ་ཐམས་ཅད་དང་བྲལ་བར་བསམ་མོ༔ དེ་ནས་ཡས་རྣམས་ཁ་བསྒྱུར་ལ༔ ཏིང་ངེ་འཛིན་གྱི་ང་རྒྱལ་དྲག་པོ་དང་ལྡན་པས་འདི་སྐད་བརྗོད༔ ཧཱུྃ༔ ཉོན་ཅིག་འཆི་བདག་གཤིན་རྗེའི་རྒྱལ༔ ཁྱོད་ནི་ལས་ཀྱི་རྫུ་འཕྲུལ་ཅན༔ འགྲོ་བའི་སྲོག་བདག་ཆེན་པོ་ཁྱོད༔ ཤི་བ་ཀུན་གྱི་གཤིན་བུ་རྗེ༔ གསོན་པོ་སྐོས་ལ་འདེབས་པ་པོ༔ དགེ་སྡིག་ཤན་ཐང་འབྱེད་པ་པོ༔ འཁོར་དང་བཅས་པ་ཁྱེད་རྣམས་ལ༔ དེ་རིང་ཆེ་གེ་མོ་འདི་ཡི༔ ཚེ་དང་སྲོག་གི་གླུད་འབུལ་ལོ༔ དགྱེས་ཤིང་མགུ་བར་གྱུར་ནས་ཀྱང༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བཀའ་དང་དམ་ལས་མ་འདའ་བར༔ མཆོད་སྦྱིན་བཟང་པོ་འདི་སྣོམས་ལ༔ སོང་ཞིག་གཞན་དུ་འགྲོ་བར་གྱིས༔ ཕྱིན་ཆད་གནོད་པ་མ་མཛད་ཅིག༔ སྔོན་གྱི་ལན་ཆགས་ཡོད་ན་ཡང༔ མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས༔ བདག་ཉིད་ཆེན་པོ་སངས་རྒྱས་བཀའི༔ ཚིག་ལས་འདས་ན་རྡུལ་དུ་རློག༔ དེ་བས་བགེགས་ཆེན་ཁྱོད་སོང་ལ༔ དམ་ཚིག་གཉན་ལས་མ་འདའ་ཞིག༔ ཅེས་བརྗོད་ཅིང་དྲག་པོའི་སྔགས་བཟླ་གུ་གུལ་བསྲེག་ཐུན་གྱིས་བྲབ་རོལ་མོ་དང་བཅས་རྫས་རྣམས་ལྷོ་ཕྱོགས་ཀྱི་གྲོང་ཟད་པའི་མཐར་བསྐྱལ་ལོ༔ དེ་ནས་སྲུང་འཁོར་བསྒོམ༔ བསྒྲུབ་བྱ་གདན་དཀར་པོའི་ཁར་བཞག་ལ་སྤོས་ཆུས་གཏོར༔ རྡོ་རྗེ་སྙིང་ཁར་བཞག་ལ༔ ཨོཾ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ ལྷ་དང་འཇིག་རྟེན་སྐྱོང་རྣམས་ཀྱི༔ བདེན་པའི་སྟོབས་དང་གཟི་བརྗིད་ཀྱིས༔ འཆི་བདག་བདུད་ཀྱི་གཡུལ་ངོ་ལས༔ རྒྱལ་བར་གྱུར་ཅིག་དེ་རིང་ཁྱོད༔ མི་འགྱུར་ཚེ་སྲོག་བརྟན་གྱུར་ཅིག༔ ཅེས་སྨོན་ལམ་དང་བཀྲ་ཤིས་བྱའོ༔ ཡང་ན་སྔར་བཞིན་དབང་བསྐུར་བར་བྱའོ༔ ཚེ་ཟད་པ་ལ་སོགས་པའི་མཚན་མ་རྣམས་འདི་བྱས་པས་གྲོལ་བར་འགྱུར་རོ༔ དེས་ཀྱང་མ་བཟློག་ན་བསྐྱར་ནས་བྱའོ༔ འདིས་ནི་ཇི་ལྟར་ཚེ་ཟད་པའི་འགྲོ་བ་ཡང་ལོ་ལྔར་ཚེ་བསྲིང་བར་ངེས་པའོ༔ ས་མ་ཡ༔ ྈ ནང་ལྟར་འཆི་བ་བསླུ་བ་ནི༔ ཧཱུྃ་ལས་རྡོ་རྗེའི་རྭ་གུར་བརྟན་པོའི་ནང་དུ་བྷྲཱུྃ་ལས་ཐོད་པ་ཇ་རིལ་སྲུབས་མེད་ཀྱི་ཁང་པ་རྡོ་རྗེའི་རང་བཞིན་ཅན་གྱི་ནང་དུ་རང་སེམས་ངོ་བོ་ཡི་དམ་རྣམ་པ་ཀེང་རུས་སུ་གསལ་བའི་སྙིང་གར་ཧྲཱིཿམར་མེ་ལྟ་བུ་གསལ་ཞིང་འཚེར་བར་བསྒོམ༔ དེ་ལས་འོད་ཟེར་འཕྲོས་རྨི་ལམ་གྱི་མཚན་མ་དེ་སོགས་སྲུང་འཁོར་གྱི་རྩེར་བཀུག་མཚོན་ཆས་བཅད་ཅིང་མེས་བསྲེགས་དྭངས་མ་བདག་ལ་བསྟིམས་ནས་དབུགས་ཁུག་པ་རེ་ལ་བྷྲཱུྃ་ཉེར་གཅིག་རེ་བཟླའོ༔ སྟེང་རླུང་བཟུང་འབྱིན་པ་ན་ཕྱིར་ཟློག་དང་ཐལ་མོ་གདབ༔ དེས་ནི་དུས་མིན་འཆི་བའི་མཚན་མ་རྣམས་སྐད་ཅིག་ལ་ཞི་བར་འགྱུར་རོ༔ ས་མ་ཡ༔ ྈ གསང་བ་ལྟར་འཆི་བ་བསླུ་བ་ནི༔ ཐོ་རངས་མི་ཚིག་མ་འདྲེས་པ་ལ༔ ལུས་གནད་བསྲང་ཡི་དམ་གྱི་ལྷར་བསྒོམ་རླུང་རོ་བསལ་ནས་ལུས་ཀྱི་དབུས་སུ་དྷཱུ་ཏི་གསལ་ཞིང་དྭངས་པའི་སྦུབས་སྟོང་གི་ནམ་མཁར་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་གསལ་ལ་འཚེར་བ་ཞིག་བསྒོམ༔ ལྟེ་བར་རཾ་དམར་པོ་འབར་ཞིང་ཚ་བ་གསལ་ཞིང་དྭངས་ལ་རྣོ་བ་གཅིག་བསྒོམ༔ དེ་ནས་རླུང་སྟེང་དུ་འགྲོ་བ་ན་གཏུམ་མོའི་མེ་གློག་ལྟར་གསལ་བས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་སྣོད་བཅུད་ཐམས་ཅད་འཆི་མེད་ཀྱི་བདུད་རྩིར་ཞུ༔ རླུང་ནང་དུ་འོང་བ་ན་ཕྱི་ནང་གི་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་སྤྱི་བོའི་ཐིག་ལེ་ལ་ཐིམ་པས་ཆེར་འཕེལ་འཆི་མེད་ཀྱི་བདུད་རྩི་འོ་མའི་རྒྱུན་ལྟར་འཛག་པས་རྩ་དང་ལུས་ཐམས་ཅད་གང་བ་འགལ་མེ་ལྟ་བུའི་ཏིང་ངེ་འཛིན་ལ་ཉམས་ལེན་རྩེ་གཅིག་ཏུ་བྱས་པས་དུས་མ་ཡིན་པར་འཆི་བའི་མཚན་མ་ཐམས་ཅད་ཞི་བར་འགྱུར་རོ༔ འཆི་བ་བསླུ་བའི་མན་ངག་སྙིང་པོར་དྲིལ་བའོ༔ པདྨ་བདག་གིས་གདམས་པ་འདིའི་སྒོ་ནས་མངའ་བདག་རྒྱལ་པོའི་སྐུ་ཚེའི་བར་ཆད་བསལ་ཅིང་ཕྱི་རབས་ཀྱི་འགྲོ་ལ་བརྩེ་བས་ལས་ལྡན་གྱི་རྗེ་འབངས་རྣམས་ལ་གདམས་པའོ༔ ྈྈྈ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ། །དགེའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).