Terdzo-NI-018

From Rinchen Terdzö
Revision as of 22:33, 22 December 2017 by Jeremi (talk | contribs) (Text replacement - " {{Header }}" to " {{Header}}")

ཞི་བ་དང་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་རྒྱ་མཚོ་

zhi ba dang rgyas pa'i sbyin sreg gi cho ga dngos grub rgya mtsho

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  ཞི་རྒྱས་ཀྱི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ (Zhi rgyas kyi sbyin sreg dngos grub rgya mtsho)
Volume 42 (ནི) / Pages 205-226 / Folios 1a1 to 11b5

[edit]

༄༅། །ཞི་བ་དང་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། ། ཞི་བ་དང་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་ཀྱི་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་ཐུགས་རྗེ་བདེ་ཆེན་འོད་བརྒྱའི་མེས། །སྲིད་པའི་འཇིག་ཚོགས་བུད་ཤིང་ཀུན་བསྲེགས་ནས། །དངོས་གྲུབ་ཀུན་གྱི་གནས་ལ་དབུགས་འབྱིན་པའི། ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔར་འདུད། །ཕྱི་ནང་གསང་བའི་སྲེག་བླུག་དགའ་སྟོན་ཆེས། །མཆོད་ལས་དངོས་གྲུབ་རྣམ་པ་ཐམས་ཅད་པ། །དཀའ་བ་མེད་པར་སྒྲུབ་བྱེད་མྱུར་བདེའི་སྐྱེས། །མཆོག་འདོད་མགྲོན་པོ་རྣམས་ལ་ཅི་དགར་སྦྱིན། །འདིར་རང་གཞན་གྱི་དོན་བླ་ན་མེད་པ་མྱུར་བདེའི་སྙིང་པོ་ཅན་གྱི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་སྦྱིན་སྲེག་གི་ཆོ་ག་ལག་ཏུ་བླང་བར་བྱ་བ་ལ། ཕྱི་དང་ནང་དང་བླ་ན་མེད་པའི་སྦྱིན་སྲེག་གསུམ་གྱི། དང་པོ་རྫས་ལ་བརྟེན་པ་དང་། བསྒོམ་པ་གཉིས་ལས། དང་པོ་ལ་ཞི་རྒྱས་གཉིས་ལས། ཞི་བའི་ཆོ་གའི་རིམ་པ་ལ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྦྱོར་བ་ལ། ས་གཞི་སྦྱོང་དང་ཐབ་ཁུང་བཅའ། །རྫས་བཤམ་ཆས་སུ་འཇུག་པ་འོ། །དང་པོ་ནི། བརྟགས་ཤིང་ཡིད་དང་མཐུན་པའི་གནས་སུ་དཀྱིལ་འཁོར་དང་འབྲེལ་ན་ཤར་རམ། ལྷོའི་ཆའམ། མ་འབྲེལ་ན་གཞན་གང་ཡང་རུང་བར། སྔོན་དུ་བདག་པོའི་རིམ་པ་འབུམ་ཕྲག་གཅིག་ཡན་ཆད་བསྙེན་ཅིང་བྱམས་པ་དང་བཟོད་པར་ལྡན་པའི་སྔགས་པས། དགུན་ཟླ་འབྲིང་པོའི་ཡར་ངོའི་ཚེས་གཅིག་གི་སྲོད་ཀྱི་ཆ་ལྟ་བུར་གཟའ་དང་སྐར་མ་རབ་ཏུ་ཤིས་པ་སོགས་རྣམ་པར་དགེ་བའི་དུས་ཀྱི་ཆ་ལེགས་པར་བརྟགས་ལ་བརྩམ་པར་བྱའོ། །གང་དུ་བྱ་བའི་ས་དེར། ས་སྦྱོང་བ། གཟུང་བ། ཕུར་བུས་གདབ་པ། ནོར་འཛིན་མ་ལྷག་གནས་ཀྱི་ཆོ་ག་རྣམས་བྱ་བའམ། དེ་ཙམ་མ་གྲུབ་ཀྱང་བདག་པོའི་རྣལ་འབྱོར་དང་ལྡན་པས་ཞིང་སྐྱོང་ལ་གཏོར་མ་སྦྱིན། རྡོ་རྗེ་དང་བཅས་པའི་ལག་གཡས་པ་ས་ལ་བཞག་སྟེ། ཨོཾ་ཨཱཿཧཱུྃ་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པའམ། རང་གི་ལྷའི་སྔགས་བརྒྱ་རྩ་བརྒྱད་བཟླ་བ་ཀུན་རྫོབ་ཀྱིས་སྦྱོང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱོང་བས་ཡོངས་སུ་དག་པར་བྱའོ། །གཉིས་པ་ཐབ་ཁུང་བཅའ་བ་ནི། གཞི་དེར་ཐབ་མངོན་པར་འདུ་བྱས་ཏེ། ས་གཞི་རང་བཞིན་ནམ་བཅོས་པས་དཀར་བ་ལ། གཞིའི་སྟེགས་བུ་གྲུ་བཞི་པར་བྱ་སྟེ། རྩིགས་ཐབ་ཀྱི་ཚེ་རྒྱར་གྲུ་གང་ཟླུམ་པོར་བསྐོར་བའི་ཟབས་སུ་ཁྲུ་ཕྱེད་པ་བྱས་ལ། ཐབ་ཀྱི་སྟེང་དུ་མུ་རན་ནམ་ཆུར་སོར་བཞི་དོར་བས་རྒྱ་དང་དཔངས་སོར་བཞི་པའི་ཁ་ཁྱེར་བགས་ཀྱིས་ནང་དུ་གཞོལ་བའི་འཁོར་ཡུག །ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་ཕྱིའི་གྲུ་ཆད་ཟུར་གསུམ་པ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཐབ་ཀྱི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་སོར་བརྒྱད་པའི་རྡོ་རྗེ་རྩེ་ལྔ་པ་མགོ་ཤར་དུ་བསྟན་པ་བྱའོ། །བརྐོ་བའི་ཚེ་སྟེགས་བུའི་དབུས་སུ་ཆུ་དམའ་བ་དང་ཐབ་ཀྱི་ཟབས་བརྐོས་ལ། དེ་ནས་ཆུ་སོར་བཞི་ཕྱིར་སྐྱེད་པ་ནས་ཁ་ཁྱེར་རྒྱར་དཔངས་སོར་བཞི་པ་ཟླུམ་པོར་སྦྱར། གཞན་སྔ་མ་ལྟར་རོ། །རྩིག་པ་དང་འབྲུ་བའི་ཐབ་གཉིས་ཀ་ས་དཀར་དང་བདུད་རྩི་ལྔ་དང་དྲི་དཀར་པོས་ཁྱེམ་མེད་པར་བྱུག་གོ །དེ་ལྟར་མི་ནུས་པའི་སར་བྲི་ཐབ་བྱེད་ན་སྟེགས་བུ་བའི་ལྕི་བས་བྱུགས་པ་ལ་ཚངས་ཟུར་གྱི་ཐིག་བཏབ། དབུས་ན་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བའི་ཕྱིར་སོར་བཞི་པའི་ཆུ་དང་ཁ་ཁྱེར་ཏེ། ཟླུམ་སྐོར་གསུམ་གྱི་ནང་དུ་པདྨ་འདབ་བརྒྱད་ཐབ་མཚན་དང་བཅས་པ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་བྲིའོ། །ཇི་ལྟར་ཡང་རུང་སྟེ། ཕྱི་རོལ་གྱི་ཁྲུ་ཕྱེད་ཀྱི་སར་བའི་ལྕི་བས་བྱུག །ཐུན་གསུམ་དུ་མེ་ཏོག་དཀར་པོའི་སིལ་མ་གཅལ་དུ་དགྲམ་མོ། །ཐབ་ཏུ་མཆོད་སྦྱིན་གྱི་ཤིང་རྣམས་ལས་སྲོག་ཆགས་མེད་པ་ཐབ་ལས་ཅུང་ཟད་ཐུང་བའམ། དགོན་པའི་བ་ལང་གི་ལྕི་བ་བཅེར་ཏེ་ཐབ་ཁུང་གི་ཚད་ཙམ་དུ་བརྩིགས་ལ་མེ་ཚང་དང་ལྡན་པར་བྱའོ། །གསུམ་པ་རྫས་བཤམ་པ་ནི། རང་གི་གཡོན་ངོས་སུ་དུང་ངམ་ཉ་ལྕིབས་སོགས་ཀྱི་སྣོད་གསུམ་སྤོས་ཀྱིས་བདུག །མཆོད་ཡོན་གྱི་རྫས་ཐུན་མོང་བ་དྲི་མེ་ཏོག་ཏིལ་ཀུ་ཤ་འབྲས་ཡོས་རྣམས་དང་། ཁྱད་པར་འོ་མ་དང་མེ་ཏོག་དཀར་པོ་དང་དྲི་དཀར་པོའི་ཆུས་དགང་། སྣོད་སོ་སོའི་མདུན་དུ་བཟེད་ཞལ་གསུམ་ཡང་མཉྫི་ལ་སོགས་པའི་སྟེང་དུ་དགོད། འཁྱིལ་པ་དང་ཧཱུྃ་བཟླས་པའི་བསང་ཆུའི་སྣོད་ཀུ་ཤའི་འཐོར་གཡབ་དང་བཅས་པ་ཡང་བཞག་གོ །གཡས་ངོས་སུ་ཀུ་ཤ་སྔོ་ལྗང་ཟུང་དུ་བསྡེབས་པ་མ་གྲུག་ཅིང་ཧ་ཅང་མི་རིང་བ་རྣམས་དང་། ཡམ་ཤིང་ནི་པཱ་ལ་ཤ་དང་ཨུ་དུམ་བཱ་ར་སོགས་འོ་མ་ཅན་གྱི་ཤིང་དངོས་སམ། ཕྱོགས་བཞིར་བལ་བུ་སོགས་ཇི་ལྟར་རྙེད་པའི་རྩེ་མོའི་ཆ་ལས་བྱུང་བ་གསར་ཞིང་དྲང་བ་མཛུབ་གང་བ་དྲི་བཟང་གིས་བྱུགས་ཤིང་རྩེ་མོ་གཉིས་སྦྲང་རྩི་དང་མར་ཁུར་ཉུག་པ་གྲངས་ཇི་ལྟར་འོས་པ་དང་། ཏིལ་ནག །ཞོ་ཟན། འབྲས་མ་གྲུག་པ། སོ་བ་གྲ་མ་མེད་པ། ནས། སྲན་མ་མཱ་ཥ། གྲོ །དཱུརྦ། འབྲུ་མར་གྱིས་བྱུགས་པའི་ཀུ་ཤ་རྣམས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རིམ་པ་གཉིས་དང་། དེ་དག་གི་ནང་ལོགས་སུ་མེ་ལྷ་གཉིས་ཀྱི་ཉེར་སྤྱོད་གཏོར་མ་དང་བཅས་པ་ཉིས་རིམ་དང་། གཞན་ཡང་གོས་ཟུང་སོ་རྩི་རླུང་གཡབ་མེ་ཆས་བུད་ཤིང་མར་ཁུ་རྣམས་ཀྱང་བཤམ་མོ། །མདུན་དུ་ལས་བུམ། ནང་མཆོད་ཐོད་པ། རྡོ་རྗེ་དྲིལ་བུ་ཌཱ་མ་རུ། མེ་ཏོག །དགང་བླུག་རྣམས་དང་མེ་ཡོལ་ཡང་བཞག་གོ །བཞི་པ་ཆས་སུ་འཇུག་པ་ནི། སློབ་དཔོན་བྱམས་པ་དང་སྙིང་རྗེར་ལྡན་པའི་ཡིད་ཀྱིས་ཁྲུས་བྱ་ཞིང་ལུས་དྲི་ཞིམ་པོས་བྱུག །ཆས་གོས་དཀར་པོ་གྱོན། གཙུག་ཏོར་སོགས་རྒྱན་དང་བཅས་པས་འཇམ་ཞིང་བདེ་བའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་བྱིན་པ་གཡས་གཡོན་པས་མནན་ཏེ། པུས་མོ་གཉིས་དམད་པ་པདྨའི་སྟབས་ཀྱིས་འདུག་སྟེ་སྲེག་བླུགས་ཀྱི་བྱ་བ་ལ་འཇུག་པ་ཡིན་ནོ།། །།གཉིས་པ་དངོས་གཞི་ལ་སྔོན་དུ་བྱ་བའི་ཆོ་ག་དང་། ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པ། བར་དུ་འཇིག་རྟེན་ལས་འདས་པ་མཆོད་པ། མཐར་འཇིག་རྟེན་པ་མཆོད་པའི་ཆོ་ག་དང་བཞི་ལས། སྔོན་དུ་བྱ་བའི་རིམ་པ་ལས། བདག་བསྐྱེད་རྡོ་རྗེ་དྲིལ་བུ་གཟུང་། རྫས་བརླབ་མེ་སྦར་ཀུ་ཤ་དགྲམ། །དང་པོ་ནི། དཀྱིལ་འཁོར་སྒྲུབ་མཆོད་དང་། རབ་གནས་དབང་བསྐུར་སོགས་དང་འབྲེལ་བ་ལ་ནི། སོ་སོའི་སྐབས་ཇི་ལྟ་བར་བྱ་ཞིང་། མ་འབྲེལ་ན་བདག་བསྐྱེད་བཟླས་པའི་མཐར་ཐུག་པའི་བར་བྱས་ནས་རྣལ་འབྱོར་བསྡུས་ཏེ་གཙོ་བོའི་ང་རྒྱལ་གྱིས་ལས་བུམ་བསྒྲུབ་པའམ། མི་བྱེད་ན་གཡོན་དུ་བཀོད་པའི་བསང་ཆུ་ལས་སྔགས་ཀྱིས་བསྒྲུབ་པར་བྱའོ། །གཉིས་པ་རྡོར་དྲིལ་གཟུང་བ་ནི། དེ་ནས་སྨྲ་བ་གཞན་བཅད་དེ་ཐལ་མོ་ཨཱ་ལི་ཀཱ་ལིས་ཡོངས་སུ་གང་བ་ལས་ལག་པ་གཡས་གཡོན་དུ་ཉི་མ་དང་ཟླ་བ་བསམ་ལ་རྣམ་ལྔ་བསྐོར་ཏེ། རྡོ་རྗེ་ནི་གཙོ་བོ་ཐབས་དང་། དྲིལ་བུ་ནི་ཡུམ་ཤེས་རབ་ཀྱི་རང་བཞིན། གཉིས་ཀའང་དོན་དམ་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཞེས་བརྟན་པར་མོས་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ་གིས་རྡོ་རྗེ་དང་། ཨོཾ་བཛྲ་གཎྜེ་ཨཱཿཧཱུྃ་གིས་དྲིལ་བུ་བཟུང་། འཁྱུད་པའི་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ་དམ་ཚིག་གསུམ་དྲན་པར་བྱ། གསུམ་པ་རྫས་བརླབ་པ་ནི། བསང་ཆུའི་སྣོད་ལས་ཀུ་ཤའི་འཐོར་གཡབ་ཀྱིས་ཆུ་བླངས་ལ་ལས་སྔགས་བཟླ་ཞིང་རང་གིས་གཡོན་ནས་གཡས་སྐོར་དུ་ཐབ་དང་བསྲེག་རྫས་རང་དང་དགང་བླུགས་ཐམས་ཅད་ལ་བསང་གཏོར་བྱས་ལ་མཆོད་རྫས་རྣམས་སྦྱངས་ཤིང་བསྐྱེད་དེ་བྱིན་གྱིས་བརླབ། དེ་ནས་རྫས་རྣམས་བདུད་རྩི་ལྔས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་། ཨོཾ་སྭཱ་ཧཱས་རྫས་རྣམས་བཀྲུས་པར་བསམ། ཕྱག་རྒྱ་དེ་ཉིད་ཀྱིས། ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་སོགས་རྫས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །བཞི་པ་མེ་སྦར་བ་ནི། གཙུབ་ཤིང་ལས་བྱུང་བའི་དགོན་པའི་མེ་སོགས་ལས་དང་མཐུན་པ་ཡི་གེ་གསུམ་གྱིས་སྣོད་དུ་བཞག་ལ། ལས་སྔགས་ཀྱིས་ཞུན་མར་གྱི་མེ་སྦར་ནས། འབར་བ་ན་ལས་སྔགས་བརྗོད་ཅིང་བསང་ཆུས་གཡས་སྐོར་དུ་ལན་གསུམ་བསང་གཏོར་བྱས་ལ་ཐབ་ཏུ་གཙང་ཞིང་སྐམ་པའི་རྩའི་ཆུན་པོ་དང་བཅས་པས་དུ་བ་མེད་པར་གཞུག་ཅིང་། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཞེས་པ་དང་། ཧཱུྃ་ཞེས་ཀྱང་བརྗོད་པས་རླུང་གཡབ་ཀྱི་རླུང་གིས་མེ་སྦར་ནས། འབར་བ་ན་རིགས་ཀྱི་སྙིང་པོ་ཧཱུྃ་ལན་བདུན་བཟླས་པའི་བླུགས་གཟར་གྱིས་མར་ཁུས་ཀྱང་རབ་ཏུ་སྦར་བར་བྱའོ། །ལྔ་པ་ཀུ་ཤ་དགྲམ་པ་ནི། ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་རྣམས་ལ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་བཟླས་ནས། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ་ཞེས་བརྗོད་དེ། ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབ་པ་དག་སྒྲུབ་པ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་ཤར་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་གནོན་པར་བྱ་ཞིང་། སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་གླང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོགས་སོ།། །།དེ་ནས་ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པའི་རིམ་པ་ནི། ཐབ་དང་ལྷ་བསྐྱེད་ཡེ་ཤེས་དགུག །མཆོད་བསྟོད་དམ་བསྒྲག་རྫས་འབུལ་མཆོད། །དང་པོ་ནི། བསང་ཆུས་ཐབ་བསངས་ནས་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ། སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་པད་ཉི་ལ་གནས་པའི་རཾ་ཡིག་ཡོངས་སུ་གྱུར་པ་ལས། ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་མི་འཇིགས་པ་དང་བགྲང་ཕྲེང་། གཡོན་གཉིས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་པ། ཐུང་ཞིང་ལྟོ་བ་འཕྱང་བ་སྨ་ར་དང་རལ་པའི་ཐོར་ཚུགས་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་ཟེར་གྱི་ཕྲེང་བ་དཀར་པོས་དཀྲིགས་ཤིང་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། གཉིས་པ་ཡེ་ཤེས་དགུག་པ་ནི། མེ་ལྷའི་ཐུགས་ཀར་ཉི་མ་ལ་གནས་པའི་རཾ་ཡིག་དང་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་མེ་མཚམས་ནས། བསྒོམས་པ་དང་འདྲ་བའི་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ་ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་། ཨོཾ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཨགྣ་ཡེ་ཨཱ་ཀརྵ་ཡ་ཛཿ ཞེས་པས་བཀུག་ནས། རང་བྱུང་ཆེན་པོ་བཅོམ་ལྡན་འདས། །འདོད་པའི་དབང་ཕྱུག་འདོད་པ་སྟེར། །མེ་ལྷ་ལས་ཀུན་སྒྲུབ་བྱེད་པ། །འདིར་ནི་རྟེན་ལ་ཉེ་བར་བཞུགས། །ཀུ་ཤ་ཨཱ་ས་ནཾ་ཀུ་རུ། ཐབ་ཀྱི་མེ་མཚམས་སུ་ཀུ་ཤའི་གདན་ལ་བཞུགས་པར་བསམ་ལ། ལས་སྔགས་དང་བསང་ཆུས་ཕྱིར་འབྲང་གི་བགེགས་བསྐྲད། རྒྱས་པར་ཆུ་བཞིའི་མཆོད་པའམ་བསྡུ་ན་དེ་མ་བྱས་པར། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གཎྜེ་ཧོཿ ཞེས་པ་རིམ་པ་བཞིན་འཁྱུད་ཚུལ་སེ་གོལ་སྔོན་དུ་འགྲོ་བས་སོ་སོའི་རྒྱས་དགུག་གཞུག་བཅིངས་ཏེ་དབང་དུ་བྱའོ། །གསུམ་པ་མཆོད་བསྟོད་ནི། དེ་ནས་མཆོད་ཡོན་གྱི་སྣོད་བླངས་ནས་རྡོ་རྗེའི་སྙིམ་པ་ཁ་ཕྱེ་བས། ཨོཾ་ཨཱཿཧྲཱིཿཔྲ་ཝཱ་ར་སཏྐ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་དང་། ཁུ་ཚུར་བཅངས་པའི་མཐེབ་མཛུབ་ཀྱིས་ཞབས་བསིལ་གྱི་སྣོད་ནས་མེ་ཏོག་བླངས་ཏེ་པཱ་དྱཾ་ཞེས་ལན་གསུམ་བསྐོར་བཞིན་པས་མཛུབ་མོ་ནས་རིམ་གྱིས་མཐེའུའི་བར་དགྲོལ་ཞིང་ཞབས་བསིལ་དང་། མཛུབ་མོས་ཞབས་བསིལ་གྱི་སྣོད་ནས་མེ་ཏོག་བླངས་ཏེ་ཨཱཉྩ་མ་ནཾ་ཞེས་ཁུ་ཚུར་ཁ་འོག་ཏུ་བསྟན་པས་མཐེའུ་ནས་མཛུབ་མོའི་བར་རིམ་གྱིས་དགྲོལ་ཞིང་ཞབས་བསིལ་རྣམས་བཟེད་ཞལ་སོ་སོར་དབུལ། དེ་ནས་བསང་ཆུ་ནས་ཀུ་ཤའི་ཆུན་པོས་བླངས་ཏེ་པྲོཀྵ་ཎཾ་གྱིས་བཟེད་ཞལ་དང་པོར་ལན་གསུམ་དབུལ་ལོ། །དེ་ནས་ཨོཾ་ཨགྣ་ཡེ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ནས་ཤབྡའི་བར་སྦྱར་བས་མཆོད་ལ། བསྟོད་པ་ནི། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་དང་། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པ་ཐེག་པ་བཅིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང་། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་འདས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་དོ། །བཞི་པ་དམ་བསྒྲག་པ་ནི། ལག་གཡས་མི་འཇིགས་པ་དང་། གཡོན་ཁུ་ཚུར་དཀུར་བརྟེན་པའི་དམ་རྒྱ་བསྟན་ལ། ཨོཾ་བཛྲ་ཨཱ་ན་ལ་མ་ཧཱ་བུ་ཏ་ཛྭ་ལ་ཛྭ་ལ་ཡ་སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚཱན་ཧཱུྃ་ཕཊ༔ དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སཏྭཾ། ས་མ་ཡ་ཧོཿ ཞེས་ལན་གསུམ་བརྗོད་དེ་དམ་ཚིག་བསྒྲགས་པས་མེ་ལྷ་རང་གི་དམ་ཚིག་པ་ལ་གནས་པར་བསམ། ལྔ་པ་རྫས་འབུལ་བ་ནི། ལག་གཡོན་བྱང་ཆུབ་མཆོག་གི་ཁུ་ཚུར་ལས་མཛུབ་མོ་བརྐྱངས་པ་གན་རྐྱལ་དུ་བྱས་པས་དགང་གཟར་མར་གྱིས་བཀང་བ་བཟུང་ལ། ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་དགང་བླུགས་ཀྱི་སྔགས་དང་། གཡས་པ་ཁུ་ཚུར་དེ་ཉིད་ཐུར་དུ་སྦུབས་པས་བླུགས་གཟར་མར་གྱིས་བཀང་བ་གྱེན་དུ་བསྟན་པ་བཟུང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཅིག་ཤོས་ཀྱི་མར་གྱི་སྲེག་བླུགས་ཀྱི་སྔགས་བརྗོད་མེ་ལྷ་ཞལ་འཛུམ་པ་དང་བཅས་པའི་ཞལ་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། བླུགས་གཟར་ཁ་སྦུབས་ཏེ་དགང་གཟར་དང་སྤྲད་པ་པུས་མོ་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་། ཨོཾ་ཨགྣ་ཡེ་ཨ་དཱི་བྱ་ཨ་བྷི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡེ་སྭཱ་ཧཱ། ཞེས་མེ་ལྷའི་སྔགས་ཀྱིས་སམ། ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ་ཨགྣ་ཡེ་ཆེ་གེ་མོའི་སྡིག་པ་སོགས་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཟག་མཆུ་ལས་མར་ཁུ་དགང་བླུག་གསུམ་མམ་བདུན་དབུལ། སྐབས་འདིར་མེ་པྲ་བརྟགས་ཏེ་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་སྲུང་བ་བྱ་ཞིང་། བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་བའི་སྲེག་བླུགས་བདུན་འབུལ། སླར་ཡང་ལས་སྔགས་ཀྱིས་བསང་གཏོར་བྱས་ནས་མེ་ལྷའི་སྔགས་ཀྱིས་དགང་བླུགས་གསུམ་མམ་བདུན་སོགས་ཅི་འབྱོར་བ་དབུལ་ལོ། །དེ་ནས་རྫས་འབུལ་བའི་གོ་རིམ་ནི། ཡམ་ཤིང་མར་ཏིལ་ཞོ་ཟན་འབྲས། །སོ་བ་ནས་དང་མཱ་ཥ་གྲོ །དཱུརྦ་ཀུ་ཤ་བཅུ་གཅིག་གོ །རྫས་དེ་རྣམས་ཀྱི་བྱེད་ལས་ནི། སྡོམ་འབྱུང་ལས། མར་གྱིས་འབྱོར་པ་ཐམས་ཅད་བྱེད། །ཡམ་ཤིང་གཟི་བརྗིད་རྣམ་པར་འཕེལ། །བུད་ཤིང་ལྷག་པར་དཔའ་བར་བྱེད། །ཀུ་ཤས་ཐམས་ཅད་སྲུང་བར་བྱེད། །ཡུངས་དཀར་དག་གིས་ཞི་བར་བྱེད། །འབྲས་ཀྱིས་རྒྱས་པར་བྱེད་པར་འདོད། །ཏིལ་ནི་སྡིག་འཕྲོག་རིག་པར་བྱེད། །སོ་བས་ནོར་དང་འབྲུ་རྣམས་དགུག །མཱ་ཥ་སྟོབས་ནི་ཆེན་པོར་བཤད། །ནས་ནི་རླུང་གི་ཤུགས་རབ་སྟེར། །དཱུར་བས་ཚེ་ནི་འཕེལ་བར་བྱེད། །གྲོ་ནི་ནད་རྣམས་འཇོམས་པར་བྱེད། །འོ་ཞོ་སྦྲང་རྩིས་ཤེས་རབ་སྟེར། །ཞོ་ཟན་བདེ་བ་ཐམས་ཅད་སྟེར། །ཞེས་པའི་དོན་ཅན་གྱི་རྫས་རྣམས་དང་། མཆོད་རྫས་སོགས་གང་དུ་འབུལ་བ་ནི། ཁུ་བའི་རྫས་རྣམས་ནི་ཞལ་དང་། ཡམ་ཤིང་དཱུརྦ་ཀུ་ཤ་བདུག་སྤོས་སོགས་ནི་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་ཞབས་བསིལ་ཏིལ་སོགས་ཕྱག་དང་། དྲི་ཐུགས་ཀ །མེ་ཏོག་དབུ། ཞབས་བསིལ་ཞབས། མར་མེ་དང་མཆོད་ཡོན་རྣམས་མདུན་དུ་དབུལ་བར་བྱའོ། །འབུལ་ཚུལ་ནི། ཡམ་ཤིང་དཱུརྦ་ཀུ་ཤ་རྣམས་གཡས་པའི་མཐེབ་སྲིན་གྱིས་མཆོག་སྦྱིན་པ་ལྟར་འབུལ་ཞིང་། མར་ཁུ་དང་འབྲུ་སོགས་དེས་གཟུང་དུ་མི་རུང་བ་རྣམས་བླུགས་གཟར་གྱིས་དབུལ་ལོ། །འབུལ་སྔགས་ནི། ཨོཾ་བོ་དྷི་བྷྲྀཀྵཱ་ཡ་སྭཱ་ཧཱ། ཆེ་གེའི་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཡམ་ཤིང་དང་། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་སོགས་ཀྱིས་མར་ཁུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སོགས་ཀྱིས་ཏིལ། ཨོཾ་སརྦ་སམྦྷ་དེ་སྭཱ་ཧཱ། བདེ་བ་མཆོག་ལ་བར་དུ་སོགས་ཀྱིས་ཞོ་ཟན་དང་ཟས་མཆོག །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། བསོད་ནམས་རྒྱས་པ་ལ་བར་དུ་སོགས་ཀྱིས་འབྲས་མ་གྲུག་པ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནོར་དང་འབྲུ་རྒྱས་པ་ལ་བར་དུ་སོགས་ཀྱིས་སོ་བ་གྲ་མ་མེད་པ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་སོགས་ཀྱིས་ནས། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྟོབས་རྒྱས་པ་ལ་བར་དུ་སོགས་ཀྱིས་སྲན་མ་མཱ་ཥ། ཨོཾ་བཛྲ་གྷསྨ་རཱི་སྭཱ་ཧཱ། ནད་མེད་པ་ལ་བར་དུ་སོགས་ཀྱིས་གྲོ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ལ་བར་དུ་སོགས་ཀྱིས་དཱུརྦའི་མྱུ་གུ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། སྲུང་བ་མཆོག་ལ་བར་དུ་སོགས་ཀྱིས་ཀུ་ཤ་རྣམས་འབུལ་ལོ། །དེ་ལ་ཡམ་ཤིང་དང་མར་ནི་མེད་དུ་མི་རུང་བའི་རྫས་ཡིན་ལ། གཞན་རྣམས་གྲངས་མཚུངས་པར་མ་ངེས་ཏེ་ལས་གང་གཙོ་བོར་བསྒྲུབ་པའི་རྫས་དེ་ལྷག་པར་འབུལ་དགོས་པའི་ཕྱིར་དང་། ཨ་བ་ཏཱ་ར་ལས་ཏིལ་གཅིག་པུའི་སྦྱིན་སྲེག་གསུངས་པ་སོགས་ཀྱིས་ཀྱང་ཤེས་སོ། །གོ་རིམ་ཡང་རྫས་ཀྱི་གཙོ་བོ་ཐོག་མར་འབུལ་བར་རིགས་པ་སྟེ་རྡོ་རྗེ་མཁའ་འགྲོར། དང་པོ་ཡམ་ཤིང་དེ་རྗེས་མར། །ཞེས་དང་། ཀྱེ་རྡོ་རྗེར། ཞི་ལ་ཏིལ་དང་རྒྱས་ལ་ཞོ། །ཞེས་སོགས་གསུངས་པས་སོ། །དྲུག་པ་སླར་མཆོད་པ་ནི། དེ་ལྟར་རྫས་རྣམས་ཕུལ་བའི་རྗེས་སུ་ཞབས་བསིལ་དང་བསང་གཏོར་བྱ་ཞིང་། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་སེ་གོལ་གསུམ་གཏོགས་པས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བལྟའོ། །འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ།། །།བར་དུ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའི་རིམ་པ་ནི། མགྲོན་བསྐྱེད་མཆོད་བསྟོད་བསྲེག་རྫས་དབུལ། །ཕྲིན་བཅོལ་སླར་མཆོད་བཟོད་གསོལ་གཤེགས། །དང་པོ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པའི་རང་མདངས་རྒྱུའི་ས་བོན་སྣང་བ་སྒྱུ་མ་ལྟ་བུར་གསལ་བ་ལས། ཐབ་ཀྱི་མེའི་དབུས་སུ་འབྱུང་བ་རིམ་བརྩེགས་ནས་བརྩམ་སྟེ། དམ་ཚིག་སེམས་དཔའ་བསྐྱེད། ཁྱད་པར་དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཟླ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ཞི་བའི་ཕྲིན་ལས་མཛད་པར་བསམ་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཤིང་གཉིས་སུ་མེད་པར་བསྟིམ་པ་སོགས་བྱའོ། །དཀྱིལ་འཁོར་སྒྲུབ་མཆོད་དང་རབ་གནས་སོགས་དང་འབྲེལ་བ་ལ་ནི་ཐབ་ཀྱི་མེའི་དབུས་སུ་གཞལ་ཡས་ཁང་གདན་དང་བཅས་པ་སྒྲུབ་ཐབས་བཞིན་བསྐྱེད། དེ་ནས་སྤོས་དང་རོལ་མོར་བཅས་པས་སྤྱན་འདྲེན་གྱི་ཆོ་ག་བྱ་ཞིང་། ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་རམ་རབ་གནས་ཀྱི་ལྷའི་དྲུང་དུ་སོང་ལ། ལྷ་སོ་སོའི་སྔགས་བརྗོད་ཅིང་མེ་ཏོག་གིས་མཚོན་པའི་སྒོ་ནས་སྤྱན་དྲངས་ཏེ་སློབ་དཔོན་ལ་ཕུལ། དེས་སྔགས་བརྗོད་ཅིང་མེ་ཏོག་དེ་ཐབ་ཏུ་རིམ་པ་བཞིན་དོར་ལ་སོ་སོའི་གདན་ལ་བཞུགས་པར་བསྒོམ་ཞིང་གསལ་བཏབ་སྟེ་མཆོད་སྦྱིན་བྱའོ། །གཉིས་པ་མཆོད་བསྟོད་ནི། ཆུ་བཞི་སྔོན་དུ་འགྲོ་བའི་ཕྱི་ནང་གི་མཆོད་པ་བསྟོད་པ་དང་བཅས་པ་སོ་སོའི་ཆོ་གའི་ངེས་པ་ཇི་ལྟ་བ་བཞིན་བྱའོ། །གསུམ་པ་སྲེག་རྫས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་ཅེས་འདོན་པ་སྤོ། མེ་ལྷའི་སྔགས་ཀྱི་ཚབ་ཏུ་རྩ་སྔགས་ལ་སྤེལ་ཚིག་སྦྱར་བས་དགང་བླུགས་གསུམ་མམ་བདུན་ཕུལ་ནས། གསོལ་བ་བཏབ་པས་ཕྲིན་ལས་མཛད་པར་ཞལ་གྱིས་འཆེས་པར་བསམ་མོ། །དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་དཀྱིལ་འཁོར་གྱི་ལྷ་སོ་སོའི་སྔགས་མཐར་སྤེལ་ཚིག་བཅས་སྦྱར་བས་སམ། རྫས་སྔགས་སོ་སོའི་མཐར་སྤེལ་ཚིག་སྦྱར་བས་རིམ་པ་བཞིན་དབུལ་ཏེ། སྤེལ་ཚིག་རེ་རེ་ནས་སྦྱར་མ་ནུས་ན་བདུན་ཚན་རེའི་མཐའ་དང་། དེ་ཡང་མ་ནུས་ན་ཐོག་མཐའ་གཉིས་སུ་གདགས་པར་བྱའོ། །འཁོར་རྣམས་ལ་ནི་བདུན་ནམ་གསུམ་ལ་སོགས་ཅི་འབྱོར་བ་རང་སྔགས་སྤེལ་ཚིག་ཅན་གྱིས་དབུལ་ལོ། །བཞི་པ་ཕྲིན་ལས་བཅོལ་བ་ནི། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས། ཟླ་བ་དཀར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་མོ། །ལྔ་པ་སླར་མཆོད་བསྟོད་ནི། སླར་ཡང་དགང་བླུགས་སྔར་བཞིན་ཕུལ་ནས་ལས་སྔགས་ཀྱིས་མཆོད་ཡོན་ཕུལ། བསང་གཏོར་དང་ཞབས་བསིལ་བྱས་ལ། ཨོཾ་བཛྲ་ཝ་ས་སེ་སྭཱ་ཧཱ། ཞེས་གོས་སར་པ་དང་། ཨོཾ་བཛྲ་ཏམྦུ་ལཱ་ཡེ་སྭཱ་ཧཱ། ཞེས་པས་རྡོ་ཐལ་མེད་པའི་སོ་རྩི་དབུལ། ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ཅིང་བསྟོད་ནས་ཕྱག་བྱས་ཏེ་མཆོད་ཡོན་དབུལ་ལོ། །དྲུག་པ་བཟོད་གསོལ་ནི། མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་ཁར་སྦྱར་བས་ཆོ་གའི་ཉེས་པ་ཞི་བའི་ཕྱིར། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱིས་བཟོད་པར་གསོལ་ནས་ནད་གདོན་ཞི་བ་སོགས་མངོན་པར་འདོད་པའི་དོན་ལ་གསོལ་བ་གདབ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་པ་དང་ཡི་གེ་བརྒྱ་པ་མང་དུ་བརྗོད་པས་ཁ་བསྐང་ངོ་། །བདུན་པ་གཤེགས་གསོལ་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་། ཨོཾ་ཨཱཿཧཱུྃ་གི་བར་དུ་རང་སྔགས་བཅུག་པའི་མཐར་བཛྲ་མུཿ ཞེས་བརྗོད་པས་དཀྱིལ་འཁོར་པའི་ལྷ་ཚོགས་སྒྲུབ་པའི་དཀྱིལ་འཁོར་སོགས་སམ། རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། དམ་ཚིག་པ་བསྡུ་བའི་སྔགས་རྒྱས་དབུགས་རྔུབས་པ་དང་ལྷན་ཅིག་བདག་ལ་བསྡུའོ། །འདས་པའི་མེ་ལྷ་མཆོད་པའི་ཆོ་གའོ།། །།མཐར་འཇིག་རྟེན་པ་མཆོད་པའི་རིམ་པ་ལ། བསང་སྦར་གསལ་མཆོད་རྫས་འབུལ་བསྟོད། །གཏོར་འབུལ་བཟོད་གསོལ་གཤེགས་ཤིང་བསྡུ། །དང་པོ་ནི། ལས་སྔགས་བཟླ། བསང་ཆུས་ཐབ་ལ་བསང་གཏོར་བྱ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཞེས་པས་བླུགས་གཟར་གྱི་མར་ཁུས་མེ་གསོས་ཏེ་འབར་བ་ན་དེ་ཉིད་སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་འཁོར་དང་བཅས་པར་གསལ་གདབ། གཉིས་པ་མཆོད་འབུལ་བསྟོད་པ་ནི། མེ་ལྷའི་སྔགས་ཀྱིས་སྲེག་བླུགས་བདུན་དང་དགང་བླུག་ཀྱང་འབུལ། མེ་ཏོག་སོགས་ཀྱིས་མཆོད་དེ་བསང་གཏོར་དང་ཞབས་བསིལ་བྱས། གོས་ཟུང་དང་སོ་རྩི་འབུལ། བསྲེག་རྫས་ལྷག་མ་རྣམས་སྔར་བཞིན་བསྲེགས་ནས། དྲིལ་བུ་དཀྲོལ་ཞིང་། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། གསུམ་པ་གཏོར་འབུལ་ནི། བྱིན་གྱིས་བརླབས་པའི་གཏོར་མ་ཨ་ཀཱ་རོས་ཕུལ་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་ཕྲིན་ལས་བཅོལ་ལོ། །བཞི་པ་བཟོད་གསོལ་ནི། ཆོ་གའི་ནོངས་པ་རྣམས་བཟོད་པར་གསོལ་ཏེ་འདོད་པའི་དོན་ཞུ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་པ་དང་། ཡིག་བརྒྱས་ལྷག་ཆད་བསྐང་ངོ་། །ལྔ་པ་གཤེགས་བསྡུ་ནི། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་སྤྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མུཿཞེས་པས། ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་མོ།། །།གསུམ་པ་རྗེས་ཀྱི་བྱ་བ་ལ། ཙཱ་རུ་དགེ་བསྔོ་ཤིས་པ་བརྗོད། །མེ་བཅིལ་ལས་ཀྱི་རྗེས་བསྡུ་འོ། །དང་པོ་ནི། སྦྱིན་སྲེག་རྫོགས་པའི་མཐར་མེ་དེ་ཉིད་དུ་འོ་ཐུག་བསྒྲུབ་སྟེ། འོ་མ་དང་འབྲས་མ་གྲུག་པ། མར་སྦྲང་རྩི་ཀ་ར་རྣམས་རང་གི་འདོད་ལྷའི་ས་བོན་ལས་བྱུང་བར་བསམ་ལ་ནག་པོ་མ་ཡིན་པའི་སྣོད་གཙང་མ་དྲིས་བྱུག་ཅིང་མེ་ཏོག་གི་ཕྲེང་བས་བཅིངས་པའི་ནང་དུ། དགང་བླུགས་ཀྱི་གཟར་བུས་བླུགས་ལ་མཉྫི་སོགས་ཀྱི་སྟེང་དུ་བཀོད་ནས་སྦྱིན་སྲེག་གི་ཐབ་ཏུ་བཞག །རང་ལྷའི་རྣལ་འབྱོར་གྱིས་རྫས་ལྔ་པོ་བདུད་རྩིའི་རང་བཞིན་དུ་བལྟས་ལ། ཨོཾ་དཱི་བྱ་ཨནྣཾ་ས་མཱ་དྷི་དྷྱཱ་ན་པྲྀ་ཎཱ་ནེ་སྭཱ་ཧཱ། ཞེས་དང་ཡིག་བརྒྱ་བཟླ་ཞིང་བསྐོལ་ལ། ཐོག་མར་དཀྱིལ་འཁོར་པ་ལ་དབུལ། དེ་ནས་འཇིག་རྟེན་སྐྱོང་བ་རྣམས་དང་བདག་དང་སློབ་མ་སྦྱིན་པའི་བདག་པོར་བཅས་པས་ལོངས་སྤྱོད་ཅིང་སློང་བའི་སེམས་ཅན་གཞན་དག་ལ་ཡང་སྦྱིན་ནོ། །གཉིས་པ་དགེ་བསྔོ་ཤིས་བརྗོད་ནི། འདི་ལྟར་བགྱིས་པས་མཚོན་ཏེ་དགེ་བའི་རྩ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །གསུམ་པ་མེ་བཅིལ་རྗེས་བསྡུ་ནི། དེ་ལྟར་སྦྱིན་སྲེག་བྱས་པའི་མེ་དེ་ཉིད་ལོང་ཡོད་ན་དཀྲུག་པ་དང་། འགོམ་པ་དང་། བདལ་བར་མི་བྱའོ། །ལོང་མེད་ན་འོ་མ་དང་དྲི་དཀར་པོའི་ཆུས་བཅིལ་ལ་ཐལ་བ་རྣམས་བུམ་པར་བླུགས་ནས་རྒྱ་མཚོར་འབབ་པའི་ཆུ་བོར་དོར་ཞིང་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །ཞི་བའི་སྲེག་བླུགས་ཀྱི་ཆོ་ག་ཡན་ལག་དང་བཅས་པའོ།། ༈ །།གཉིས་པ་རྒྱས་པའི་སྦྱིན་སྲེག་གི་ཆོ་གའི་ཁྱད་པར་ནི།་་་མཆན་རྣམས་དབང་ལ་དཔེར་མཚོན་པ་ན་ཡིན། དགུན་ཟླ་འབྲིང་པོའི་ཉའི་སྔ་དྲོ་སོགས་དུས་དགེ་བར་སའི་ཆ་ཡོངས་སུ་དག་པར་བྱས་ནས། སྟེགས་བུའི་གཞི་སེར་པོ་་་དམར་པོ།ལ་རྒྱས་པའི་་་དབང་གི།ཐབ་ཁུང་གྲུ་བཞི་་་ཟླ་གམ།པ་རྒྱར་ཁྲུ་དོ་་་མཛུབ་གང་བ།ཟབས་སུ་ཁྲུ་གང་བ།་་་སོར་ལྔ། སྟེང་ན་མུ་རན་སོར་བརྒྱད་་་བཞི།དོར་བར་རྒྱ་དང་དཔངས་སོར་བརྒྱད་་་བཞི།པའི་ཁ་ཁྱེར་ལ་རིན་པོ་ཆེའི་་་ལྕགས་ཀྱུ་དམར་པོའི།ཕྲེང་བས་བསྐོར་བ། ཐབ་ཀྱི་དབུས་སུ་འཁོར་ལོ་རྩིབས་་་པདྨ།བརྒྱད་པ་ལ་སོར་དྲུག་པའི་རིན་པོ་ཆེ་སེར་པོས་་་ལྕགས་ཀྱུ་དམར་པོས།མཚན་པའོ། །རྐོ་བ་དང་། བྲི་བའི་ཚུལ་ནི་ཞི་བའི་སྐབས་ཀྱིས་མཚོན་པར་བྱ་ཞིང་། ཇི་ལྟར་ཡང་ས་སེར་པོ་་་དམར་པོ།བདུད་རྩི་ལྔ་དང་དྲི་སེར་པོའི་་་དམར་པོའི།ཆུས་བྱུག་ཅིང་། ཕྱི་རོལ་ཁྲུ་ཕྱེད་ཀྱི་སར་བ་བྱུང་དང་དྲིས་བྱུག །མེ་ཏོག་སེར་པོ་་་དམར་པོ།དགྲམ་མོ། །བུད་ཤིང་ནི་ཚེར་མ་མེད་པའི་འབྲས་བུ་དང་བཅས་པ་་་ཙན་དན་དམར་པོ་མཛོ་མོ་ཤིང་སྐྱུར་པོའི་ཤིང་།ལ་བྱའོ། །མཆོད་ཡོན་གྱི་སྣོད་གསེར་དངུལ།་་་ཟངས། རྫས་ཞོ་མེ་ཏོག་སེར་པོ།་་་ཨུཏྤལ་དམར་པོ་དང་ཟླ་མཚན་སྐྱུར་པོའི་རྫས། དྲི་སེར་་་དམར།པོ་རྣམས་ཁྱད་པར་རོ། །མཆོད་རྫས་ལྷག་མ་རྣམས་རང་བཞིན་ནམ་བཅོས་པས་ཁ་དོག་སེར་པོ་་་དམར་པོ།བྱས་པ་དང་། ཡམ་ཤིང་སྔར་བཞིན་ནམ་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འབྲས་བུ་དང་བཅས་པ་་་མཛོ་མོ་ཤིང་དང་སྐྱུར་པོའི་ཤིང་།ཁྲུ་གང་བ་་་སོར་ལྔ་པ།དང་། ཞོ་ཟན་་་ཨུཏྤལ།སོགས་རྒྱས་པའི་་་དབང་གི།རྫས་ཐུན་མོང་མ་ཡིན་པ་རྣམས་གོང་དུ་རིམ་པ་བཞིན་དགོད། སྒྲུབ་པ་པོའི་ཚུལ་དང་ཆས་གོས་སེར་པོ།་་་དམར་པོ། དྲི་སེར་པོས་་་དམར་པོ།བྱུགས་ཏེ་བཟང་པོའི་འདུག་སྟངས་་་སྐྱིལ་ཀྲུང་གིས།ཀྱིས་ཁ་བྱང་་་ནུབ།དུ་ཕྱོགས་ཏེ་དགའ་བའི་་་ཆགས་པའི།བསམ་པ་དང་ལྡན་པས་སོ། ། མེ་ནི་རྒྱལ་པོའམ་རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བའམ། ནགས་མེས་ཚིག་དང་ནོར་བུ་ལས་བྱུང་བ་དང་། དགེ་འདུན་གྱི་ཚང་མང་ནས་བླངས་པ་་་སྨད་འཚོང་མའི་མེ།གང་ཡང་རུང་བའོ། །ཀུ་ཤ་ནི་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་བྱང་་་ནུབ།དུ་བསྟན་ནས་བརྩམས་པས་དགོད་ཅིང་སླར་སྟེང་དུ་བྱང་་་ནུབ།བསྟན་གྱིས་གཡོགས་སོ། །ཐབ་བསྐྱེད་ཆོག་གི་ཚེ། རྒྱས་པའི་ཐབ་ཁུང་ཁ་དོག་སེར་་་དམར།པོ་དབྱིབས་གྲུ་བཞི་་་ཟླ་གམ།མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་།་་་ཨུཏྤལ་གྱི་ལྟེ་བར་ལྕགས་ཀྱུ་དང་། ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་་་ལྕགས་ཀྱུས།མཚན་པ་སོགས་དང་། རྒྱས་པའི་མེ་ལྷ་སྐུ་མདོག་སེར་པོ་་་དམར་པོ།ཞེས་དང་། འོད་ཟེར་གྱི་ཕྲེང་བ་སེར་པོས་་་དམར་པོ།དཀྲིགས་ཤིང་། ཞེས་སོ། །དགང་བླུག་གཟུང་ཚུལ་ནི། ལག་པ་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པའི་རིན་པོ་ཆེའི་ཁུ་ཚུར་དང་། སྤེལ་ཚིག་ནི་ཆེ་གེ་མོའི་ཚེ་དང་བསོད་ནམས་སོགས་པུཥྚིཾ་ཀུ་རུ་ཨོཾ།་་་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་པ་ཤཾ་ཀུ་རུ་ཧོ། བསྲེག་རྫས་ནི་ཁྱད་པར་གྱི་རྫས་རྣམས་སྔོན་དུ་རིམ་པར་འབུལ་ཞིང་། ཨོཾ་བོ་དྷི་བྷྲྀཀྵ་ཡ་སྭཱ་ཧཱ། ཆེ་གེའི་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།་་་པ་ཤཾ་ཀུ་རུ་ཧོ། ཞོ་ཟན། ཨོཾ་སརྦ་སམྦྷ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།་་་པ་ཤཾ །ཏིལ་ལ། སྡིག་པ་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཅེས་སོགས་སྦྱར་རོ། །འདས་པའི་མེ་ལྷ་མཆོད་པའི་ཁྱད་པར་དམ་ཚིག་སེམས་དཔའ་བསྐྱེད་པ་སྔར་བཞིན་ལས་ཁྱད་པར་དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་གསེར་བཙོ་མ་་་པདྨ་རཱ་ག།ལྟ་བུའི་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་རྒྱས་པའི་་་དབང་གི།ཕྲིན་ལས་མཛད་པར་བསམ་མོ། །མཆོད་བསྲེག་གི་རྫས་འབུལ་བ་སྤེལ་ཚིག་དང་བཅས་པ་འཇིག་རྟེན་པའི་སྐབས་བཞིན་ནོ། །ལས་འཆོལ་བའི་ཚེ། ལས་བཅོལ་བ་དབང་གི་དུས་མི་མཛད།་་་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས། དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ནོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ་པའོ། །འདིར་མ་བརྗོད་པའི་ཆོ་ག་ཞི་བའི་འགྲོས་ཀྱིས་ཤེས་པ་ཁོ་ནའོ།། །།གཉིས་པ་ཡིད་ཀྱི་འཇུག་པས་བྱ་བའི་ཚུལ་ནི། རྫས་རྣམས་དངོས་སུ་མ་འབྱོར་བ་དང་། ཡོད་ཀྱང་བྱ་བའི་སྐབས་མེད་ན་སྔར་བཤད་པ་ཐམས་ཅད་ཡིད་ཀྱིས་བསྒོམ་པ་ཁོ་ན་བྱས་པས་མངོན་པར་འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ།། ༈ །།སྤྱི་དོན་གཉིས་པ་ནང་གི་སྦྱིན་སྲེག་གི་ཚུལ་ནི། ཕྱིའི་རྫས་ལ་བརྟེན་པ་དང་མ་བརྟེན་པ་གཉིས་ལས། དང་པོ་ནི། ཁའི་ཐབ་ཁུང་དུ་བཟའ་བཏུང་ཐམས་ཅད་བདུད་རྩིར་བྱས་ནས་ལག་པའི་དགང་བླུག་གིས་ཕུལ་བས་ནང་ལུས་ཀྱི་ལྷ་ཐམས་ཅད་ཚིམ་པར་བྱ་བ་སྟེ། ཡེ་ཤེས་ཐིག་ལེར། ཁ་ནི་ཐབ་ཁུང་དགང་བླུགས་ལག །ཚུལ་ནི་རང་བྱུང་མེ་ཡིན་ལ། །ཞེས་གསུངས་པས་སོ།། །།གཉིས་པ་རྫས་ལ་མ་བརྟེན་པ་ནི། སྒོམ་པའམ་དངོས་སུ་འདུ་བྱས་པའི་ཤེས་རབ་ཀྱི་པདྨའི་ཐབ་ཁུང་དུ་རྗེས་ཆགས་གཏུམ་མོའི་མེ་ལ་མགོ་བོར་གནས་པའི་ཁུ་བའི་བསྲེག་རྫས་བདུད་རྩིའི་དྭངས་མ་རོ་རྐྱང་གི་དགང་བླུགས་ཀྱིས་ཕུལ་བས་ཕུང་ཁམས་ལྷའི་རང་བཞིན་ཚིམས་པར་བྱའོ། །དེ་ལྟར་བསྒོམས་པར་བྱས་པས་སེམས་བརྟན་པ་ན་རོ་རྐྱང་གི་རླུང་དབུ་མར་འདུས་ནས་ཚངས་པའི་མེ་དང་རོ་གཅིག་ཏུ་འགྱུར་ལ། དེས་གཏུམ་མོ་སྤར། བསྲེག་རྫས་ཞུ་ནས་ཟག་མེད་ལྷན་སྐྱེས་ཀྱི་བདེ་བ་སྟེར་བར་བྱེད་དེ། ཕྱག་ཆེན་ཐིག་ལེར། དབང་པོ་གཉིས་ཀྱིས་སྦྱོར་བ་ལས། །རླུང་གིས་མེ་ནི་སྤར་བ་འོ། །མར་ཡོད་པས་ནི་སྟེང་འཁོར་ལོ། །དེ་ནི་མར་སྣོད་ཅེས་སུ་བརྗོད། །བྱང་ཆུབ་སེམས་ཀྱི་མར་ནི་བསྲེག །ཅེས་འབྱུང་བ་བཞིན་ནོ།། ༈ །།སྤྱི་དོན་གསུམ་པ་བླ་ན་མེད་པའི་སྦྱིན་སྲེག་གི་ཚུལ་ནི། ཁམས་གསུམ་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཀྱི་མེས་ཕུང་པོ་གཟུང་འཛིན་མཚན་མའི་བུད་ཤིང་ཐམས་ཅད་བསྲེགས་ཏེ། གདོད་མའི་ཡེ་ཤེས་མཆོག་གི་ངོ་བོར་བསྒྲུབས་པ་ནི་བླ་ན་མེད་པའི་སྦྱིན་སྲེག་སྟེ། ཡེ་ཤེས་གསལ་བའི་རཾ་ཡིག་མེས། །མུན་པ་རྣམ་རྟོག་བུད་ཤིང་བསྲེགས། །ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །དེ་ལྟར་ཕྱི་དང་ཕྱིའི་རྫས་ལ་བརྟེན་པའི་སྦྱིན་སྲེག་གིས་ལྷ་མཉེས་ཏེ་བྱིན་གྱིས་བརླབས་པ་ན་གཏུམ་མོའི་མེ་ལ་ཁུ་བ་བསྲེག་པའི་ནང་གི་སྲེག་བླུགས་ནུས་པར་འགྱུར་ལ། དེ་ནུས་པས་ཁམས་གཉིས་ཀྱི་ཞུ་བདེའི་མཐུས་གཉིས་འཛིན་གྱི་རྟོག་པ་བཅོམ་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བ་ན་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་ཉིད་ཀྱི་ལྟ་བས་སྐྱོང་བ་ནི་བླ་ན་མེད་པའི་སྦྱིན་སྲེག་སྟེ་མཐར་ཐུག་གི་ངོ་བོ་གཅིག་ཏུ་གྲུབ་པ་ཡིན་ནོ། །ཚུལ་དེ་ལྟ་བུའི་རིམ་པ་བཞིན་ཉམས་སུ་བསྟར་བས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་དཀའ་བ་མེད་པ་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟའོ། །དཀྱིལ་འཁོར་འཁོར་ལོའི་ཞལ་སྒོའི་དམ་ཚིག་མཆོག །ཡོངས་སུ་འཛིན་གང་གཉིས་སྐྱེས་སྲིད་པའི་མེར། །མཆོད་སྦྱིན་དགའ་སྟོན་བདུད་རྩིའི་སྲེག་བླུགས་ཀྱིས། །བསོད་ནམས་ཚོགས་མཐར་བྱེད་པ་མྱུར་བདེའི་སྐྱེས། །ཤེས་རབ་མཆོག་གི་བདེ་ཆེན་ཙཎྜ་ལཱིས། །ཕུང་ཁམས་བུད་ཤིང་མ་ལུས་བསྲེགས་ལས་སླར། །ཟླ་བ་བདུད་རྩིའི་བསྲེག་བྱ་དྷཱུ་ཏིའི་དབྱིངས། །སྦྱིན་ཞིང་བསྲེག་གང་འཕོ་མེད་ཚངས་སྤྱོད་ཆེ། །རང་བྱུང་འོད་གསལ་སྟོང་ཉིད་སྙིང་རྗེའི་མེས། །མ་རིག་འཛིན་པའི་དངོས་ཀུན་བསྲེགས་བྱས་ནས། །གདོད་མའི་ཡེ་ཤེས་མཆོག་གི་བདེ་བ་ཆེར། །རང་དབང་བྱེད་དེ་ཅི་ཕྱིར་སྐལ་བཟང་མིན། །དེ་ལྟ་བས་ན་ཕྱི་ནང་གསང་བ་ཡི། །མཆོད་སྦྱིན་བརྒྱ་ཕྲག་བདེ་ཆེན་བདུད་རྩིའི་རོས། །དགང་ཞིང་བླུགས་པའི་ཐབས་ཀྱི་ཚུལ་ཆེན་པོར། །སངས་རྒྱས་ཉིད་འདོད་གྱུར་རྣམས་ཅིས་མི་གུས། །དེ་ཕྱིར་རྒྱུད་ལུང་གྲུབ་པའི་ཞལ་གྱི་ལུང་། །མཐོང་བརྒྱུད་མངོན་སུམ་ཕྱག་བཞེས་ཚད་མ་ཅན། །ཡིད་ཆེས་གསུམ་ལྡན་ཆོ་ག་འདི་རྨད་བྱུང་། །འདིས་ཐོབ་བསོད་ནམས་ཡེ་ཤེས་རྡོ་རྗེའི་མེས། །ཉོན་མོངས་ཉེས་པའི་བུད་ཤིང་ཀུན་བསྲེགས་ནས། །དོན་གཉིས་དངོས་གྲུབ་རྒྱ་མཚོའི་དགའ་སྟོན་གྱིས། །ཀུན་བཟང་ཞིང་དུ་འགྲོ་ཀུན་དབུགས་འབྱིན་ཤོག །ཞི་དང་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་སྤྱིར་བསྟན་པ་དངོས་གྲུབ་ཀྱི་རྒྱ་མཚོ་ཞེས་བྱ་བ་འདི་ནི། ཚད་ལྡན་གྱི་གཞུང་དང་བླ་མའི་མན་ངག་གི་ངེས་པ་ཇི་ལྟ་བར་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཕྱོགས་ལས་རྣམ་པར་རྒྱལ་བའི་འདུན་ས་རི་བོ་གྲུ་འཛིན་གྱི་གཞལ་མེད་ཁང་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་སོ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).