Terdzo-TSHI-053

From Rinchen Terdzö
Revision as of 11:19, 7 December 2017 by Mort (talk | contribs)
This page is under construction. Check back later for updated content.

གྲུབ་ཆེན་ཟླ་བ་པའི་ལུགས་ཀྱི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཚེ་མཆོག་མཐར་ཕྱིན་

grub chen zla ba pa'i lugs kyi bcom ldan 'das tshe dpag tu med pa'i sgrub thabs rjes gnang dang bcas pa tshe mchog mthar phyin

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
Volume 48 (ཚི) / Pages 835-860 / Folios 1a1 to 13b4

[edit]

༄༅། །གྲུབ་ཆེན་ཟླ་བ་པའི་ལུགས་ཀྱི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཚེ་མཆོག་མཐར་ཕྱིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་མཱ་ར་ཎི་ནཱ་ཐཱ་ཡ། བདེ་ཆེན་བདུད་རྩིའི་བཅུད་རྒྱས་པས། །འགྲོ་ཀུན་འཕྲལ་ཡུན་སྲོག་འཚོ་མཛད། །ཚེ་འོད་དཔག་མེད་རྒྱལ་བ་ལ། །བཏུད་ནས་དེ་སྒྲུབ་ཟབ་མོ་དགོད། །བཅོམ་ལྡན་འདས་ཚེ་དཔག་མེད་པའི་སྒྲུབ་ཐབས་ཟབ་མོ་ཉེ་བརྒྱུད་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པ་འདི་ལ་གཉིས། སྒྲུབ་ཐབས་དང་རྗེས་གནང་ངོ་། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་མཐུན་ནམ། གསུང་རྒྱུན་ལྟར་ན། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་ཀུན་དོན་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །ལན་གསུམ། ཚོགས་གསག་ནི། རང་ཉིད་སྐད་ཅིག་གིས་ཚེ་དཔག་མེད་དུ་གསལ་བའི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁའི་གནས་སུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། བླ་མ་རིགས་བདག་གི་རྣམ་པ་དབུའི་ཆ་ལ་བཞུགས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་ལྡན་གྱུར། །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བསྒོམ། ཚོགས་ཞིང་རང་གི་སྙིང་གར་ཐིམ་པར་གྱུར། ཡན་ལག་བཞི་རྫོགས་ཀྱི་བདག་བསྐྱེད་ནི། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། འགྲོ་བའི་དོན་བྱས། འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་ག་ལྟར་ཤིན་ཏུ་དམར་བ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེ་ཡི་བུམ་པ་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཐམས་ཅད་ཀྱིས་གང་བ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་དང་འོད་ཟེར་གྱི་ཕུང་པོ་དཔག་ཏུ་མེད་པ་མངའ་བ། ཞལ་འཛུམ་ཞིང་ཞི་བའི་ཉམས་དང་ལྡན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཧྲཱིཿ ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་རིགས་ལྔ་འཁོར་བཅས་ཀྱིས་བདུད་རྩིའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་འོད་དཔག་མེད་སྤྲུལ་པའི་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་གྱུར། འདིར་དམིགས་བསལ་མ་གསུངས་ཀྱང་སྤྱི་ལྟར་མཆོད་བསྟོད་བྱས་ཀྱང་འགལ་བ་མེད་པས། སྔགས་ཙམ་གྱིས་མཆོད། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་པོ་བུམ་པ་བསྣམས། །འཆི་མེད་བདུད་རྩིས་བཀང་ནས་ནི། །ཚེ་ཉམས་སེལ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བཟླས་པ་ནི། ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་དམར་པོ་ལ་ནང་སྐོར་དུ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཕྱི་སྐོར་དུ། ཏདྱ་ཐཱ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཧྲཱིཿབྷྲཱུྃ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ་དྷརྨ་ཏཱ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། དེ་རྣམས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་འོད་ཟེར་གྱི་རྣམ་པར་བྱོན་ཏེ་རང་ལ་ཐིམ། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་མ་ལུས་པ་བསལ། རང་གཞན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་རབ་ཏུ་རྒྱས་པར་གྱུར། ཅེས་དམིགས་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། སྙིང་པོ་ཡིན་པས་བྱེ་བ་གཅིག་ཁ་སྐོང་དང་བཅས་པ། ཉེ་སྙིང་ཏདྱ་ཐཱ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཧྲཱིཿབྷྲཱུྃ་སྭཱ་ཧཱ། འབུམ་ཕྲག་བཞི། མཚན་བརྒྱའི་གཟུངས་ཁྲི་བཟླས་པས་རྟགས་མཐོང་བར་འགྱུར་རོ། །ཐུན་མཐར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྣང་སྲིད་དག་པའི་འཁོར་ལོར་སྦྱངས། དེ་ཐམས་ཅད་འོད་དུ་ཞུ་སྟེ་རང་ལ་ཐིམ། རང་ཉིད་ཀྱང་རིམ་པར་ཐུགས་ཀའི་ཧྲཱིཿལ་འདུས། དེ་གྱེན་རྫོགས་སུ་ཡལ་ནས་མི་དམིགས་པར་བསམ་ལ་འཆི་མེད་གཉུག་མའི་རང་ངོ་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན། སླར་རང་ཉིད་ཚེ་དཔག་མེད་པའི་སྐུར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། ཅེས་ཐུན་མཚམས་ཀྱི་ལྷར་ལྡང་ལ་དགེ་བ་བསྔོ། གཏོར་མ་འབུལ་ན། དཀར་མངར་གྱི་གཙང་གཏོར་བཤམས་ལ། རྟ་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ཡིད་དུ་འོང་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི། ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་བཅོམ་ལྡན་ཚེ་དཔག་མེད་མགོན་ལ། །སངས་རྒྱས་བྱང་སེམས་དཔག་མེད་ཀྱིས་བསྐོར་བ། །མདུན་གྱི་ནམ་མཁར་སྤྱན་དྲངས་བཞུགས་གྱུར་པའི། །ལྗགས་ཀྱི་འོད་ཟེར་སྦུ་གུས་གཏོར་མ་ནི། །བདུད་རྩི་དང་བཅས་དྲངས་ཏེ་རབ་གསོལ་བས། །སྐུ་གསུང་ཐུགས་མཉེས་ཚིམས་ཤིང་དགྱེས་པར་གྱུར། །རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ཉེ་སྙིང་གི་གཤམ་དུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་དང་། ཨ་ཀཱ་རོ་གསུམ་གྱིས་འཁོར་རྣམས་ལ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་པོ་བུམ་པ་བསྣམས། །འཆི་མེད་བདུད་རྩིས་བཀང་ནས་ནི། །ཚེ་ཉམས་སེལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་མཐར། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་ཞེས་པ་ནས། ཀུན་འགྲུབ་མཛོད། ཅེས་པའི་བར་གྱིས་འདོད་དོན་གསོལ་བ་གདབ། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། རྟེན་ཡོད་ན་གཏོར་མགྲོན་བརྟན་བཞུགས་བྱ། མེད་ན་བཛྲ་མུཿས་གཤེགས་ལ་ཤིས་པ་བརྗོད་དོ།། །།གཉིས་པ་གཞན་ལ་རྗེས་གནང་བསྒྲུབ་པ་ནི། རྗེ་དགུ་པའི་བཞེད་པས་དབང་བྱིན་རླབས་རྗེས་གནང་ཟུང་འབྲེལ་དུ་འབོགས་པའི་ལུགས་གཅིག་ཤེས་ཀུན་གྲོལ་ལྟར་ན། སྟེགས་བུར་མཎྜལ་ལ་འབྲུའི་ཚོམ་བུ་དམར་པོ་གཅིག་བཀོད་པའི་ཁར་མཉྫི་ལ་བུམ་པ་མགུལ་ཆིངས་དམར་པོ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་གཟུངས་ཐག་དང་བཅས་པ། མདུན་དུ་སྐུ་གཟུགས་དངོས་སམ་ཙཀླི། གཡས་གཡོན་དུ་དབང་ཕྲེང་། ཕྱག་མཚན་ཚེ་བུམ། དར་དང་རིན་པོ་ཆེའི་རྒྱན་ཙཀ །ཚེ་རིལ། ཚེ་ཆང་། རྒྱབ་ཏུ་གཏོར་ཟླུམ་དཀར་པོ་པད་འདབ་ཅན་རྒྱན་ལྡན་དར་གདུགས་བཅས། མདུན་ངོས་སུ་མཆོད་གཏོར་དཀར་ཟླུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྔོན་འགྲོ་དཀར་གཏོར། ལས་བུམ་སོགས་ཀྱང་ཚོགས་པར་བྱ། སྔོན་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་ལས་གཏོར་མ་འདོད་རྒུའི་རྒྱ་མཚོ་ཆེན་པོར་གྱུར། ཨ་ཀཱ་རོས་བྱིན་བརླབ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཕྱོགས་སྐྱོང་དང་གཞི་བདག་རྣམས་སྤྱན་དྲངས་པར་གྱུར། དྲིལ་བུ་དཀྲོལ་ཞིང་། ཨོཾ་ད་ཤ་དིཀློ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སཏྭཾ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་བཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་ཕུལ་ནས། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་སྡེ་བརྒྱད་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ནས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ་ལ། གང་དག་གསང་སྔགས་ཀྱི་ཆོ་ག་ཐོས་པ་དང་མཐོང་བར་མི་དབང་བ་རྣམས་ཀྱང་གཏོར་མ་འདིས་ཚིམས་པར་གྱིས་ལ་རང་གནས་སུ་དེངས་ཤིག །གལ་ཏེ་མི་འགྲོ་ན་རབ་ཏུ་འབར་བའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་འགེམས་པར་བྱེད་དོ། །ཞེས་རོལ་མོ་དང་བཅས་པས། རྟ་སྔགས་དང་། སུམྦྷ་ནི་སོགས་བརྗོད་ལ་བསྐྲད། ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ལས་བྱུང་བའི་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ་ཀུན་ནས་བརྟན་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྲུང་འཁོར་བསྒོམ། མཆོད་པ་རྣམས་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །རིན་ཆེན་སྣོད་ཀྱི་ནང་དུ་ནི། །ཧཱུྃ་ལས་བྱུང་བའི་མཆོད་ཡོན་དང་། །མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་སོགས། །མཆོད་རྫས་བསམ་མི་ཁྱབ་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་སྦྱར་བ་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བརླབ། དེ་ནས་སྐྱབས་སེམས་ནས་བརྩམ། བདག་བསྐྱེད་བཟླས་པ་བསྡུ་ལྡང་གི་བར་བྱ། མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས། མདུན་གྱི་ནམ་མཁར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་སོགས་བདག་བསྐྱེད་ལྟར་བསྐྱེད་ཆོག་གི་ཚིག །བདག་ཉིད། ཅེས་པ་དོར་ལ། དབུ་བརྒྱན་པར་གྱུར། ཅེས་པའི་བར་བྱ། མཆོད་པ་ནི། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཡི་ཆབ། །ཞལ་ཟས་རོལ་མོ་ལ་སོགས་པ། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །སྣ་ཚོགས་མཆོད་པ་ཇི་སྙེད་དང་། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤར་ཤེ་བི་ཤྭ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ཙམ་མམ། སྤྲོ་ན། རྒྱལ་སྲིད་རྟགས་རྫས་ན་བཟའ་རྣམས་ཤླཽ་ཀ་རེ་ཙམ་སྦྱར་བས་ཕུལ་ཡང་ཆོག །བསྟོད་པ་ནི། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང་། །རྒྱལ་བའི་ཞབས་ནི་འཁོར་ལོ་བྲིས་པ་སྟེ། ཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟོང་། །ཕྱག་དང་ཞབས་ནི་དྲྭ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་བསྟོད། །ཅེས་པ་ལྟ་བུ་བདེ་གཤེགས་སྤྱི་བསྟོད་གྲུབ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ལ། གང་ལྟར། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །ཅེས་དང་། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་པོ་བུམ་པ་བསྣམས། །འཆི་མེད་བདུད་རྩིས་བཀང་ནས་ནི། །ཚེ་ཉམས་སེལ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས་བྱ། ཛཔ྄་ཀྱི་འཕྲོ་འདུ་མདུན་བསྐྱེད་ལ་ཁ་སྤོས་ཏེ་བཟླས་པ་ཅི་འགྲུབ་དང་། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་ཚེ་རྫས་ལ་ཐིམ་པར་མོས་ལ་བཟླས་པ་བྱ། དེ་ནས་བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་མཚན་ཉིད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ་པཾ་ལས་པདྨ་དང་སོགས་ནས། དབང་བསྐུར་རྒྱས་གདབ་ཀྱི་བར་མདུན་བསྐྱེད་ལྟར་ལ། ཆུ་གཉིས་ཉེར་སྤྱོད། འདོད་ཡོན་ལྔ་བཅས་དེ་ལྟར་རམ། མ་ལྕོགས་ན་སྔགས་མཆོད་ཙམ་དང་། བསྟོད་པ་ཤླཽ་ཀ་གསུམ་བྱ། བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་ཞོན་ཏེ་སོང་། བུམ་བསྐྱེད་ལྷའི་ཐུགས་ཀར་ཕོག །ཟག་མེད་བདེ་བས་དགྱེས། སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འཛག་པས་བུམ་པ་ཁེངས་པར་གྱུར། ཅེས་དམིགས་ལ་བཟླས་པ་རྣམ་གསུམ་བྱས་མཐར། བུམ་ལྷ་བདུད་རྩིར་ཞུ་བ་བུམ་པའི་ཆུར་གྱུར། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་ལས་བུམ་གྱི་ནང་དུ་པད་ཉི་ལ་ཧྲཱིཿལས་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་དབྱུག་ཏོ་ནམ་མཁར་ཕྱར་ཞིང་། གཡོན་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའི་ཐུགས་ཀར་ཧྲཱིཿའི་མཐར་སྔགས་ཀྱིས་བསྐོར་བར་གྱུར། ཅེས་བསྐྱེད། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས་པ་གང་འོས་བྱ། ཁྲོ་བོ་ཁྱེད་ཀྱིས་བགེགས་རྣམས་ཟློག་པར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། རྟ་མགྲིན་འོད་དུ་ཞུ་ནས་བུམ་ཆུར་གྱུར། ཅེས་དམིགས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པས་བདག་གི་སློབ་མ་རྣམས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས་སློབ་མ་ལ་ཁྲུས་བྱ། སྔོན་གཏོར་བགེགས་བསྐྲད་སྲུང་འཁོར་རྣམས་གོང་དུ་བཤད་པ་ལྟར་དང་། སེམས་བསྐྱེད་གསལ་བཏབ་ལ། དེའང་རིས་སུ་མ་ཆད་པའི་ལུས་ཅན་མཐའ་དག་དུས་དང་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་སྐྱོབ་ཅིང་། ཐུན་མོང་འཆི་མེད་ཚེ་ཡི་རིག་འཛིན་དང་ཐུན་མིན་བདེ་ཆེན་མཆོག་གི་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་བར་མཛད་པ། ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་རབ་འབྱམས་རྣམས་སུ་དེ་བཞིན་གཤེགས་པ་ཀུན་གྱིས་བསྔགས་པའི་མེ་ཏོག་མགྲིན་གཅིག་ཏུ་འཐོར་བའི་ངོ་མཚར་གྱི་སངས་རྒྱས། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས་གསང་སྔགས་གསར་རྙིང་གི་བཀའ་སྲོལ་ལས་བྱོན་པ་མཐའ་ཡས་པ་ཞིག་བཞུགས་པ་ལས། སྐབས་སུ་བབས་པ་འདི་ནི། མགོན་པོ་ཚེ་དཔག་ཏུ་མེད་པ་ཉིད་ཀྱིས་གྲུབ་པའི་དབང་ཕྱུག་ཟླ་བ་པ་ལ་དངོས་སུ་བསྩལ། དེ་ལས་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ་རྒྱལ་དབང་ཐམས་ཅད་མཁྱེན་པ་དྲུག་པ་མཐོང་བ་དོན་ལྡན་གྱིས་གསན་ཏེ་བཀའ་བརྒྱུད་གསེར་གྱི་ཕྲེང་བ་ཤ་སྟག་ལས་རིམ་པར་བྱོན་པའི། རྗེས་གནང་དབང་གི་ངོ་བོ་ཅན་སྤྱན་རས་གཟིགས་དབང་དགུ་པ་དབང་ཕྱུག་རྡོ་རྗེའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །བླ་མ་དང་བཅོམ་ལྡན་འདས་ཚེ་དཔག་མེད་ཐ་མི་དད་པའི་དྲུང་དུ་རྗེས་གནང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ཚེ་དཔག་མེད་པ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ཞེས་ལན་གསུམ། ཁྱེད་རང་རྣམས་རྒྱུད་དག་པར་བྱ་བའི་ཕྱིར་དུ་བླ་མ་དང་ཡི་དམ་དབྱེར་མེད་པའི་མདུན་དུ་བདུན་རྣམ་དག་སྔོན་དུ་འགྲོ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ལས་སྔགས་དང་ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་གུར་མེ་རི་དང་བཅས་པའི་སྲུང་འཁོར་གྱི་དབུས་སུ་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་སོགས་མངོན་རྟོགས་ལྟར་བརྗོད་པ་ལས། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་བཅོམ་ལྡན་འདས་སོགས་ནས། ཐུགས་ཀར་ཧཱུྃ་དང་ཧྲཱིཿ དམར་པོས་མཚན་པར་སྒོམས་ཤིག །དེ་ནས་མདུན་དུ་བཤམས་པའི་མདུན་བསྐྱེད་ཀྱི་དམིགས་རྟེན་མཎྜལ་དབུས་ཀྱི་ཚོམ་བུ་སྐུ་བརྙན། འདིར་བཤམས་པའི་གཏོར་མ་དང་བཅས་པ་འདི་ཡང་སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་གུར་མེ་རི་དང་བཅས་པའི་སྲུང་འཁོར་གྱི་དབུས་སུ། པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་སོགས་ནས། ཐུགས་ཀར་ཧཱུྃ། སྔོན་པོས་མཚན་པར་སྒོམས་ཤིག །སློབ་དཔོན་ཡང་ཚེ་དཔག་མེད་དུ་གསལ་བ་ལ་མོས་འདུན་དྲག་པོ་བྱས་པས་སློབ་དཔོན་གྱི་ཐུགས་ཀ་དང་། སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས། མདུན་བསྐྱེད་ལ་ཕོག །མདུན་བསྐྱེད་ཀྱི་ཐུགས་ཀ་དང་སྐུའི་གནས་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ཕྱི་ནང་ཐམས་ཅད་ཁྱབ་པར་བྱས་ཏེ་ཐིམ་པས། སྡིག་སྒྲིབ་ཉམས་ཆག་ནད་གདོན་བར་ཆད་ཐམས་ཅད་མུན་པ་ལ་ཉི་ཟེར་ཕོག་པ་བཞིན་དུ་སྦྱངས་ཤིང་མེད་པར་བྱས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ནམ་མཁའ་ནས་ཁ་བ་བབས་པ་ལྟར་བྱོན་པ་དང་། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་ཅིང་ཡེ་ཤེས་པ་ཕེབས་བྱུང་སྙམ་པའི་ངང་ནས་སེམས་མ་བཅོས་པར་ལྷོད་གློད་ལ། བདེ་བ་ཆེན་པོ་འོད་གསལ་བའི་ངང་དུ་གཡོ་འགུལ་མེད་པར་ཅི་གནས་སུ་ཞོག་ཅིག །ཅེས་པའི་དམིགས་པ་གསལ་བར་བསྒོམ་ཞིང་དྲི་བཟང་པོའི་སྤོས་དུད་དང་འཇམ་རོལ་ཡུན་རིང་གཏང་། བཟླས་སྔགས་གསུམ་གྱི་མཐར། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ། ཨོཾ་ཨཱཿཧཱུྃ་ཛཿཧཱུྃ་བཾ་ཧོཿ ཞེས་བཏགས་པ་ལན་མང་དུ་བརྗོད་ལ་བྱིན་དབབ། དེ་ནས་བརྟན་པར་བྱ་བའི་ཕྱིར། ཏིཥྛ་བཛྲ། ཞེས་རྡོ་རྗེ་སྤྱི་བོར་བཞག །དེ་ནི་རྗེས་གནང་གི་གཞི་བཀོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་ལ། ད་རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྗེས་གནང་ལྔ་ལས། དང་པོ་སྐུའི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་ཚེ་དཔག་མེད་པ་ཡི། །སྐུ་ཡི་རྗེས་གནང་བསྩལ་དུ་གསོལ། །ཇི་ལྟར་རྡོ་རྗེ་སེམས་དཔའ་ཡིས། །བྱང་ཆུབ་སེམས་རྣམས་དབང་བསྐུར་ལྟར། །དེང་འདིར་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་རང་འདྲའི་རིགས་ལྔ་ཡབ་ཡུམ་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་བསྣམས་པ་བྱོན་ནས་ཁྱེད་རང་རྣམས་ལ་དབང་བསྐུར་བར་བསམ། ཞེས་བུམ་པ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ལ་ཤ་གུ་ཧྱ་པྲ་ཛྙཱ་ཛྙཱ་ན་ཙ་ཏུར་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་བཞག །བུམ་ཆུ་བླུད། དེ་ལྟར་དབང་བསྐུར་པས་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་གང་། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དང་། ཁྱད་པར་དུ་ལུས་ལ་གནོད་ཅིང་འཚེ་བའི་ནད་གདོན་བགེགས་དང་བར་གཅོད་ཐམས་ཅད་བྱང་ཞིང་དག །དབང་བཞི་ཐོབ། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུར་བརྒྱན་པར་གྱུར་ཅིང་། དབང་ལྷ་རྣམས་ཀྱང་ཡེ་ཤེས་པའི་ཚུལ་དུ་རང་ལ་དབྱེར་མེད་དུ་ཐིམ་པས་རང་ཉིད་ཚེ་དཔག་མེད་དངོས་ཡིན་སྙམ་དུ་ངེས་ཤེས་སྒོམས། ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་བཀྲ་ཤིས་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །ལུས་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། ལུས་ཀྱི་སྒོ་ནས་ཚེ་དཔག་མེད་པའི་སྐུ་བསྒོམ་པ་ལ་དབང་བའི་སྐལ་བ་དང་ལྡན་ཞིང་འབྲས་བུ་མཚན་དཔེས་བརྒྱན་པའི་སྤྲུལ་སྐུ་འགྲུབ་པར་འགྱུར་བ་ཡིན་ནོ། །གཉིས་པ་གསུང་གི་རྗེས་གནང་ཞུ་བའི་དོན་དུ་གསོལ་འདེབས་རྗེས་ཟློས། དུས་གསུམ་སངས་རྒྱས་སོགས་གོང་ལྟར་ལ་གསུང་ཞེས་ཁ་སྒྱུར། དེ་ལྟར་གསོལ་བ་བཏབ་པས། མདུན་བསྐྱེད་དང་སློབ་དཔོན་གཉིས་ཀ་བཅོམ་ལྡན་འདས་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་དམར་པོ་ལ་སྔགས་ཕྲེང་རིམ་པ་གསུམ་བྱེ་རུའི་ཕྲེང་བ་ལྟ་བུས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་ཞིག་དང་འོད་ཟེར་མདོག་མཚུངས་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཟླ་སྟེང་ཧྲཱིཿཡིག་གི་མཐར་འཁོད། དེ་ལས་ཀྱང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་མཐུ་དང་ནུས་པ་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུས་ཏེ་ཐིམ་པས། གསུང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་སྙམ་དུ་བསམ་ལ་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ཞིང་། ཕྲེང་བ་སྦྲེལ་ལ། སྙིང་པོ་དང་ཉེ་སྙིང་གཟུངས་རྣམས་ལན་གསུམ་རེ་རྗེས་ཟློས་བྱར་གཞུག །ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་ཕུལ་བར་བསམ་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སློབ་དཔོན་གྱིས། སྔགས་ཀྱི་ཕྲེང་བ་དེ་ཉིད་མེ་ཏོག་གི་ཕྲེང་བར་བྱས་ནས་ཁྱེད་རང་རྣམས་ཀྱི་མགོ་ལ་བཅིངས་པའི་མོས་པ་མཛོད། ཅེས་དྲིལ་བུ་དཀྲོལ་ཞིང་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་གསུང་རིག་སྔགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་ཅིང་བརྟན་པར་གྱུར་ཅིག །དེ་ཡིས་ཉེ་བར་བསྟན་པའི་སོགས་ཤིས་པ་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། ངག་གི་སྒོ་ནས་ཚེ་དཔག་མེད་པའི་གསུང་རིག་སྔགས་བཟླ་བ་ལ་དབང་། གསུང་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་འགྱུར་བ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་སོགས། ཐུགས་ཞེས་སྒྱུར། དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་བྱིན་རླབས་ཐམས་ཅད། རྣམ་པ་ཕྱག་མཚན་འཆི་མེད་བདུད་རྩིས་བཀང་བའི་ཚེ་བུམ་གྱི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། དེ་ལས་ཀྱང་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་ཅིང་། ཁྱེད་རང་དང་མགོན་པོ་ཚེ་དཔག་མེད་དབྱེར་མེད་དུ་གྱུར་པར་མོས་པའི་ངང་ནས་གསལ་སྟོང་ཟུང་འཇུག་གི་ངང་དུ་མཉམ་པར་ཞོག་ཅིག །སྐུ་བརྙན་མགོ་དང་སྙིང་གར་བཞག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་བྱུང་སྦྱིན་པར་བྱ། །སྙིང་པོའི་མཐར། ཨོཾ་ཨཱཿཧཱུྃ། བཛྲ་ས་མ་ཡ་སཏྭཾ། ཞེས་བརྗོད། དགེ་འདུན་དམ་པ་ཆོས་ལྡན་སོགས་ཤིས་པ་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། ཡིད་ཀྱི་སྒོ་ནས་ཚེ་དཔག་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་དང་ལྡན་པའི་ཆོས་ཀྱི་སྐུ་འགྲུབ་པར་འགྱུར་བ་ཡིན་ནོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་འདེབས་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་སོགས་ལས། ཡོན་ཏན་ཞེས་ཁ་སྒྱུར། ཁྱེད་རང་རྣམས་ཚེ་དཔག་མེད་པར་གསལ་བ་ལ་དར་དང་རིན་པོ་ཆེའི་ཆས་རྒྱན་རྣམས་གཏད་པས། དངོས་སུ་རྒྱན་ཆའི་རྣམ་པ་དང་། བརྒྱུད་ནས་ཡོན་ཏན་གྱིས་བརྒྱན་པ་མཚོན་པ་ལྷ་འདི་དང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དངོས་གྲུབ་ཐོབ་བྱུང་སྙམ་པ་གྱིས་ཤིག །རྒྱན་ཆས་བྱིན་ལ། འདི་ནི་ཚེ་དཔག་མེད་མགོན་གྱི། །དར་དང་རིན་ཆེན་རྒྱན་སོགས་ཏེ། ཁྱོད་ཀྱིས་རྟག་ཏུ་བཅང་བ་ན། །ཐབས་ཤེས་ཟུང་དུ་འཇུག་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་ཀུན་གྱི་སྣོད་གྱུར་ཏེ། །མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར། །ཨོཾ་ཨ་ལངྐཱ་ར་རཏྣ་པཊྚ་ཀཱ་ཡ་བྷཱ་སཾ་ཨ་བྷི་ཥིཉྩ་ཧཱུྃ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་སོགས་ཤིས་པ་བརྗོད། དེས་ཁྱེད་རང་རྣམས་ཀྱིས་བསགས་པའི་སྙོམས་འཇུག་གི་སྒྲིབ་པ་དག །རྩ་རླུང་ཐིག་ལེ་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། རྩ་རླུང་ཐིག་ལེ་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་སྡིག་སྒྲིབ་བགེགས་དང་བར་ཆད་འབྱུང་པོ་མི་དང་མི་མ་ཡིན་པའི་གནོད་པ་གྲིབ་དང་མི་གཙང་བ་ལ་སོགས་པ་མི་མཐུན་པའི་རྐྱེན་ཐམས་ཅད་ཞི། རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་སྒོ་ནས་གནས་སྐབས་ལམ་དང་མཐར་ཐུག་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་བསྒྲུབ་པ་ལ་དབང་། ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་དང་ལྡན་པ་བདེ་བ་ཆེན་པོའི་སྐུ་འགྲུབ་པར་འགྱུར་བ་ཡིན་ནོ། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་འདེབས་རྗེས་ཟློས། དུས་གསུམ་སངས་རྒྱས་སོགས་ལ། ཕྲིན་ལས་ཞེས་ཁ་སྒྱུར། དེ་ལྟར་གསོལ་བ་བཏབ་པས། བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་དཔྲལ་བ་ལས་ཞི་བའི་འོད་ཟེར་དཀར་པོ། མགྲིན་པ་ནས་དབང་གི་འོད་ཟེར་དམར་པོ། ཐུགས་ཀ་ནས་དྲག་པོའི་འོད་ཟེར་སྔོན་པོ། ལྟེ་བ་ནས་རྒྱས་པའི་འོད་ཟེར་སེར་པོ། གསང་བ་ནས་ལས་སྣ་ཚོགས་པའི་འོད་ཟེར་ལྗང་གུ་རྣམས་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་བཞིའི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་སྔོ་སེར་ལྗང་གུ་ལ་སོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ། དེ་ལས་ཀྱང་འོད་ཟེར་ཕྲིན་ལས་བཞིའི་མདོག་མཚུངས་སུ་ཕྱིར་འཕྲོས། སྣོད་བཅུད་ལ་ཕོག་པས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བགེགས་དང་བར་ཆད་ཞི། ཚེ་བསོད་དཔལ་འབྱོར་སྙན་གྲགས་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་རྒྱས། མཆོག་ཐུན་མོང་གི་དངོས་གྲུབ་དང་འཆི་མེད་ཚེའི་རིག་འཛིན་ལ་སོགས་པ་ཐམས་ཅད་དབང་དུ་འདུས། བདུད་བཞི་མ་རུངས་པ་གནོད་བྱེད་ཀྱི་ཚོགས་ཐམས་ཅད་ཚར་བཅད། ལས་རབ་འབྱམས་ཐམས་ཅད་བསྒྲུབས་ནས་སླར་ཡང་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་ཞི་རྒྱས་དབང་དྲག་ལས་རབ་འབྱམས་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པའི་བདག་ཉིད་ངའོ་སྙམ་དུ་སྒོམས་ལ། དབང་བསྐུར་བ་དང་སློབ་མ་བསྡུ་བ་སོགས་ཕྲིན་ལས་ཐ་དག་སྒྲུབས་ཤིག །རྡོར་དྲིལ་གཏད་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་རློབས། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཕྲིན་ལས་ཀུན་ཀྱང་ཁྱོད་ཀྱིས་སྒྲུབས། །ཞེས་གཏད། མཐའ་རྟེན་ཕྱག་མཚན་གྱི་རྗེས་གནང་ནི། ཚེ་བུམ་ཙཀླི་སོགས་གཏད་ལ། འདི་ནི་ཚེ་དཔག་མེད་པ་ཡི། །ཕྱག་མཚན་ཚེ་ཡི་བུམ་བཟང་སྟེ། ཁྱོད་ཀྱིས་རྟག་ཏུ་བཅངས་པ་ན། །ཐབས་ཤེས་ཟུང་དུ་འཇུག་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་ཀུན་ལ་དབང་ཐོབ་སྟེ། །མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར། །ཨོཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཤཱནྟིཾ་ཀུ་རུ་པུཥྚིཾ་ཀུ་རུ་ཝ་ཤཾ་ཀུ་རུ་མཱ་ར་ཡ་བི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ལོ་བརྒྱ་འཚོ་ཞིང་སོགས་ཤིས་པ་བརྗོད། དེས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་དག །སྒོ་གསུམ་ཆ་མཉམ་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། དེ་དག་གི་སྒོ་ནས་ལས་རབ་འབྱམས་བསྒྲུབ་པར་དབང་། མཁའ་ཁྱབ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་སངས་རྒྱས་ཀྱི་ཕྲིན་ལས་ཁྱབ་པ་དང་རྟག་པའི་བདག་ཉིད་སྒྲུབ་པ་ལ་དབང་བ་ངོ་བོ་ཉིད་སྐུ་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱིས་རྗེས་གནང་དངོས་གཞི་གྲུབ་ནས་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད་ཅིག །གཏོར་མ་འདི་ལ་ཤེས་དུས་གསུམ་ཡོད་པ་ལས། ད་ལྟའི་སྐབས་འདིར་རྣམ་པ་གཏོར་མ་ལ་ངོ་བོ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་པ་དངོས་སུ་གསལ་བའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས། ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པ་ལྟར་བྱིན་རླབས་དངོས་གྲུབ་ཐམས་ཅད་གནང་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད་ཅིག །ཅེས་གཏོར་མ་ལག་ཏུ་ཐོགས་ལ། བཅོམ་ལྡན་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། གྲུབ་པའི་དབང་ཕྱུག་ཟླ་བ་པ། རྒྱལ་དབང་ཐམས་ཅད་མཁྱེན་པ་མཐོང་བ་དོན་ལྡན་ནས། དྲིན་ཆེན་རྩ་བའི་བླ་མའི་བར་རིམ་པར་བྱོན་པའི་རྩ་བརྒྱུད་བླ་མ། ཡི་དམ་ཞི་ཁྲོ། སངས་རྒྱས་བྱང་སེམས། མཁའ་འགྲོ་ཆོས་སྐྱོང་གི་ལྷ་ཚོགས་མ་ལུས་པ་རྣམས་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བར་མཛད་དུ་གསོལ། འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བྱིན་གྱིས་རློབས་ཤིག །འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་དབང་དུ་འདུས་པར་བྱིན་གྱིས་རློབས་ཤིག །བདུད་བགེགས་ལོག་འདྲེན་གདུག་པ་ཅན་ཐམས་ཅད་དྲག་པོའི་སྒོ་ནས་ཚར་གཅོད་པར་བྱིན་གྱིས་རློབས་ཤིག །མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་བསྩལ་དུ་གསོལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་ཨཱཿཧཱུྃ་བ་ལིཾ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཱཾ། ཞེས་གཏོར་མ་གནས་གསུམ་དུ་བཞག །གཏོར་མ་ཚེ་དཔག་མེད་དུ་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་ཚེ་དཔག་མེད་པའི་སྐུ་གསུང་ཐུགས་དབྱེར་མེད་འདྲེས་པར་གྱུར་སྙམ་དུ་སྒོམས་ཤིག །ཛཿཧཱུྃ་བཾ་ཧོཿ ཚེ་རིལ་ཆང་སྦྱིན་ལ། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་བརྟེན་ནས་འཆི་བདག་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །ཞེས་དང་སྔགས་གསུམ་བརྗོད། དེ་ནས་རྡོ་རྗེ་མགོར་བཞག་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་ཚེ་དཔག་མེད་པའི་བྱིན་རླབས་ཀྱིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུ་ཡང་འདའ་བར་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་དང་བཀྲ་ཤིས་གང་འོས་བརྗོད། དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་རྗེས་རྣམས་སྤྱི་ལྟར་བྱ། སློབ་དཔོན་གྱིས། མདུན་བསྐྱེད་གཏོར་འབུལ་བདག་བསྐྱེད་སྐབས་སུ་སྨྲོས་པ་ལྟར་དང་། མཆོད་པ་ཁ་གསོས་ལ་བྱིན་བརླབ། མཆོད་བསྟོད་མདོར་བསྡུས། ནོངས་བཤགས་དང་ཡིག་བརྒྱ་བརྗོད། རྟེན་དང་བསྟུན་པའི་ཡེ་ཤེས་པ་གཤེགས་བསྟིམ། ཨོཾ་ཨཱཿཧཱུྃ་གིས་དམ་ཚིག་པ་རང་ལ་བསྡུ། བསྔོ་སྨོན་ཤིས་བརྗོད་བཅས་ཀྱིས་འགྲུབ་བོ། །དགེ་འདིས་མཁའ་མཉམ་ཡིད་ཅན་ཀུན། །འཆི་བདག་འཇིགས་ཕྲོགས་རྡོ་རྗེའི་སྲོག །ཚེ་དཔག་མེད་ལྟར་རབ་བརྟན་ཅིང་། །མགོན་དེའི་གོ་འཕང་མཆོག་འགྲུབ་ཤོག །ཅེས་རྒྱལ་དབང་དགུ་པ་དབང་ཕྱུག་རྡོ་རྗེས་མཛད་པའི་སྒྲུབ་ཐབས་སྣ་ཚོགས་གཅེས་བཏུས་ཀྱི་སྡེ་ཚན་ཞི་བ་རིན་ཆེན་ཕྲེང་བ་ལས་ཁོལ་དུ་ཕྱུང་སྟེ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བྱེ་བྲག་འཆི་མེད་པདྨ་རྫིང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).