Terdzo-ZHA-025: Difference between revisions

From Rinchen Terdzö
m (Text replace - "}} = Tibetan Text = " to "}} = Tibetan Text = ")
m (Text replace - "</div> </onlyinclude> = Tsagli = " to "</div></onlyinclude> = Tsagli = ")
Line 20: Line 20:
༄༅། །ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མའི་ལོ་རྒྱུས་གདམས་ངག་ཁྲིད་ཡིག་དང་བཅས་པ་བཞུགས་སོ།། ཉི་ཟླ་སངས་རྒྱས་གཏེར་བྱོན།

ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །གུ་རུ་ཐུགས་རྗེ་ཅན་གྱིས་སྙིགས་མའི་སེམས་ཅན་མང་པོ་བདེ་བ་ཅན་གྱི་ཞིང་བཟང་པོ་ལ་སྦྱོར་བའི་གདམས་པ་ཁྱད་པར་ཅན་འཕོ་བ་འཇག་ཚུགས་མའི་ལོ་རྒྱུས་ནི། སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་མཆིམས་ཕུའི་བྲག་དམར་དགེའུ་གོང་ན་བཞུགས་པའི་དུས། རྒྱལ་པོ་ཉིད་ཀྱི་བློན་པོ་ཉི་མ་ཞེས་བྱ་བ་ཞིག་ཡོད་ལ། དེ་ཡི་ཁང་པ་གོང་འོག་གཉིས་ཡོད་པ་ལས། ཁང་པ་འོག་མ་ལ་མེ་ཤོར་ནས། ཁང་པ་དང་ཡོ་བྱད་མང་པོ་ཚིག །ཁོ་རང་གི་ལུས་ཀྱི་ཆ་ཤས་ཀྱང་མི་འདུག་པས། མི་བཟོད་པའི་སྡུག་བསྔལ་གྱི་ཚོར་བ་དྲག་པོ་བྱུང་བའི་ཚེ། རྒྱལ་པོ་ཉིད་ཀྱིས་མ་བཟོད་པར། དགེའུ་གོང་དུ་སློབ་དཔོན་ཆེན་པོའི་དྲུང་དུ་བྱོན་ནས། ནོར་རྫས་མང་པོའི་འབུལ་བ་བྱས་ཏེ། ཀྱེ་སློབ་དཔོན་ཆེན་པོ་ལགས། བདག་གི་བློན་པོ་འདི་ལྟ་བུའི་སྡུག་བསྔལ་གྱིས་ཟིན་པ་སེམས་ཀྱིས་མ་བཟོད་པ་ལགས་པས། སྡུག་བསྔལ་འདི་ལས་མྱུར་དུ་སྒྲོལ་བའི་ཐབས་བསྟན་དུ་གསོལ། ཞེས་ཞུས་པ་དང་སློབ་དཔོན་ཆེན་པོས་ཅང་མི་གསུང་བའི་ཚུལ་གྱིས་ཞལ་གྱིས་བཞེས་ཏེ། སྐད་ཅིག་ལ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་འོད་དཔག་མེད་ཀྱི་སྤྱན་སྔར་བྱོན་ནས་གདམས་པ་འདི་ཉིད་ཞུས་སོ། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པ། བློན་པོ་ཉི་མ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་འདི་ལས་ཐར་པའི་སྐལ་པ་དང་ཇི་ལྟར་ལྡན་ཞེས་གསོལ་པས། སློབ་དཔོན་ཆེན་པོའི་བཀའ་ལས། བློན་པོ་ཉི་མ་ད་ལྟ་འདིར་ཁྲིད་ཤོག །དོན་འགྲུབ་པར་འགྱུར་རོ་གསུངས། རྒྱལ་པོས་བློན་པོ་འབོད་མཁན་བཏང་བས། བློན་པོ་འབྱོན་མ་ཐུབ་པ་ལ། རྒྱལ་པོའི་བཀས་དོ་ལིའི་ཁྱོགས་ལ་བཏེགས་ནས། སློབ་དཔོན་གྱི་དྲུང་དུ་བསྐྱལ་བ་དང་། བློན་པོས་གསེར་ས་ལེ་སྦྲམ་ཉི་མའི་འོད་ལྟ་བུ་འཕྲོ་བ་ཞིག་དང་། དངུལ་གྱི་མཎྜལ་ཟླ་བ་འདྲ་བ་ཞིག་ཕུལ། དེའི་རྗེས་གཞན་མེད་པར་མཛད་དེ། བློན་པོ་ཉི་མ་གཅིག་པུ་ལ། འཕོ་བའི་གདམས་པ་ཟབ་མོ་འདི་གནང་། བློན་པོས་ཞག་བདུན་ཉམས་སུ་བླངས་པས་སྡུག་བསྔལ་ལས་གྲོལ་ཏེ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་སོ། །དེ་ནས་གདམས་པ་འདི་གུ་རུའི་ཕྱག་མཛུབ་གཡོན་གྱི་མཚལ་ཁྲག་གིས་ཤིང་ཏཱ་ལའི་ལོ་མ་ལ་བྲིས། མཚོ་རྒྱལ་གྱི་དབུ་སྐྲས་བཅིངས། ཆུ་དར་སྔོན་པོས་དྲིལ་ནས། རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ། སྒམ་པོ་གདར་གྱི་བྲག་ལ་གཏེར་དུ་སྦས། གཏེར་བདག་ཀླུ་གཙུག་ན་རིན་ཆེན་ལ་བཅོལ། བློན་པོ་བདེ་བ་ཅན་ནས་སེམས་ཅན་གྱི་དོན་དུ་གཏེར་འདི་འདོན་པའི་གང་ཟག་ཉི་ཟླ་སངས་རྒྱས་ཞེས་བྱ་བའི་གཏེར་སྟོན་དུ་འགྱུར་ཏེ། མིང་དེ་ནི་བློན་པོ་ཉི་མས་གསེར་ས་ལེ་སྦྲམ་ཉི་མའི་འོད་ལྟ་བུ་འཕྲོ་བ་དང་། དངུལ་གྱི་མཎྜལ་ཟླ་བ་ལྟ་བུ་ཕུལ་བའི་རྟེན་འབྲེལ་ཡིན་ནོ། །ལས་ཅན་གྱི་གང་ཟག་དེ་མ་བྱུང་གི་བར་དུ་ཐུབ་པར་སྲུངས་ཤིག །ཅེས་གསུངས་སོ། །གཏེར་སྟོན་ཀརྨ་གླིང་པའི་ཡབ་ཉི་ཟླ་སངས་རྒྱས་དེས། སྒམ་པོ་གདར་གྱི་རི་ལ་སྒྲུབ་པ་མཛད་པའི་ཚེ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཞལ་གཟིགས། གནས་དེའི་བྲག་ལ་ཕྱག་མཛུབ་གཏད་དེ། བྲག་འདི་ན་ཟབ་ལམ་འཕོ་བའི་གདམས་པ་ཡོད་པས་ལོངས་ཤིག་གསུངས་པའི་ལུང་བསྟན་བྱུང་བ་བཞིན། གདམས་པ་ཟབ་མོ་འདི་གཏེར་ནས་སྤྱན་དྲངས་ཏེ་རེ་ཞིག་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པའི་སྐབས་ཞིག་ན། སླར་ཡང་རྡོ་རྗེ་ཕག་མོའི་ལུང་གིས། འཕོ་བའི་གདམས་པ་འདི་ནམ་མཁའ་རྒྱལ་མཚན་ལ་བྱིན་ཅིག་གསུངས་པ་བྱུང་ནས། ལུང་བསྟན་བཞིན་མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གནང་། རང་ཉིད་ཀྱིས་གསང་སྟབས་སུ་ཐུགས་ཉམས་སུ་བཞེས་པས། ཞིང་དུ་གཤེགས་ཁར་རྡོ་རྗེ་ཕག་མོས་ཞལ་གཟིགས་ཏེ། གདམས་པ་ཟབ་མོ་འདི། སངྒྷ་བྷ་དྲ་ལ་བྱིན་ཅིག་གསུངས་ལུང་བསྟན་བྱུང་བ་རྟོགས་ལྡན་སངྒྷ་བྷ་དྲ་ལ་གནང་། ཡང་རང་ཉིད་ཉམས་སུ་བཞེས་པའི་སྐབས་ཤིག །རྡོ་རྗེ་ཕག་མོས་ལུང་བསྟན་ཏེ། གདམས་པ་ཟབ་མོ་འདི་དྲི་མེད་བློ་གྲོས་ལ་གཏོད་གསུངས། སྟོད་སྨད་བར་གསུམ་དུ་བཙལ་བས་མ་རྙེད་པར་ཡི་དམ་ལ་གསོལ་བ་བཏབ་པས་དེ་སྙེ་མོ་ན་ཡོད་གསུངས་པ་བྱུང་ནས། སྙེ་མོར་བྱིས་པ་འདྲ་འདུག་པས། ཡུལ་འདི་ན་དྲི་མེད་བློ་གྲོས་ཟེར་བ་ཡོད་དམ་དྲིས་པས། ར་རྫི་དྲི་མེད་བློ་གྲོས་ཟེར་བ་ཡོད་ཟེར། དེ་ག་ན་ཡོད་གསུངས་པས་ནུབ་ཕྱོགས་ཀྱི་རི་ལ་ར་འཚོ་བར་སོང་ཟེར། དེའི་རྩར་བྱོན་པས་ར་རྫི་དྲི་མེད་བློ་གྲོས་རྙེད། སླར་ཡང་ཡི་དམ་ལ་གསོལ་བ་བཏབ་ནས། དེ་ཡིན་མིན་བརྟག་པ་མཛད་པས། ཡིན་པར་ཡིད་ཆེས་ནས། ར་རྫི་དེ་ལ་ང་ལ་བླ་མ་བཟང་པོ་ཞིག་ཡོད་པ་དེས་གདམས་པ་ཟབ་མོ་ཞིག་གནང་ཡོད་པས་ཁྱོད་ལ་སྟེར་དགོས་ལུང་བསྟན་ཡོད་གསུངས་པས་དེ་འདྲ་བདག་ཡིན་པའི་ངེས་པ་མེད་ཟེར་བས། ངེད་ཀྱིས་བླ་མ་དང་ཡི་དམ་ལ་གསོལ་བ་བཏབ་དཔྱད་བྱས་པས་ཡིན་པར་འདུག་གསུངས། གདམས་པ་ཟབ་མོ་འདི་གནང་ཉམས་སུ་བཞེས་པས། ཆིག་བརྒྱུད་ཀྱི་བཀའ་རྒྱ་གྲོལ་ཏེ། ཞུ་མཁན་བྱུང་ཚད་ལ་གནང་བས་ཕྲིན་ལས་ཤིན་ཏུ་ཆེ་བ་བྱུང་། རྩེ་གདོང་དུའང་མི་མང་པོ་ལ་གནང་བས། རྩེ་གདོང་དུ་འཕོ་ཆོས་གནང་བའི་བུ་མོ་གཅིག་ལ། ཕ་མས་བརྡུངས་ཤིང་འཛིངས་པས་སེམས་ཕམ་ནས་མཛོད་ཀྱི་ནང་ལ་སོང་བས། དེ་མ་ཐག་འཕོས་པ་མཐོང་། ཡང་ཞལ་སློབ་གཅིག་ལ་ནད་ཟུག་གཟེར་ཆེན་པོ་ཞིག་བྱུང་བའི་ཚེ། བླ་མའི་གདམས་ངག་ཡོད་བཞིན་དུ། འདི་ལྟ་བུའི་ཟུག་ཁུར་ནས་ཅི་བྱེད་ཟེར་འཕོས་སོང་བས་ཐག་སྒྲ་དང་བཅས་སྤྱི་བོ་འཕར་བ་མི་མང་པོས་མཐོང་བས། ཚུལ་དེ་ཉིད་ཀྱི་གཏམ་གསན་པས་བཀའ་རྒྱ་དམ་དུ་བཏང་ཞེས་གྲགས་པ་ཡིན་ནོ། །ལོ་རྒྱུས་སོ།། ༈ ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་བཞུགས་སོ༔ བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ འདིར་མ་བསྒོམ་པར་སངས་རྒྱ་བའི་གདམས་པ་ཟབ་མོ་འདི༔ རྒྱུད་སྡེ་ཐམས་ཅད་ཀྱི་ཁོང་པའི་སྙིང༔ ཟབ་པའི་མཐར་ཐུག་པ༔ སངས་མི་རྒྱ་བའི་དབང་མེད་པ༔ རྟགས་མངོན་སུམ་དུ་འབྱུང་བ་འདི་ལ༔ ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལ་གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་དང༔ བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་གཉིས་ལས༔ དང་པོ་ནི༔ ཨོ་རྒྱན་རིན་པོ་ཆེས་རྒྱལ་བ་འོད་དཔག་མེད་ལས་མངོན་སུམ་དུ་གསན་ནས༔ བློན་པོ་ཉི་མ་ལ་གནང་ནས་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དེ་ནས་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱིས་གཏེར་ནས་སྤྱན་དྲངས་ཏེ། མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གནང་། དེས་རྟོགས་ལྡན་སངྒྷ་བྷ་དྲ་ལ་གནང་། དེས་ཕ་རྒོད་དྲི་མེད་བློ་གྲོས་ལ་གནང་། དེས་ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་གནང་། དེས་མཚུངས་མེད་མ་ཏིའི་མཚན་ཅན་ལ་གནང་། དེས་མཁས་གྲུབ་ཕུན་ཚོགས་རྣམ་རྒྱལ་ལ་གནང་། དེས་རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལ་གནང་། དེས་མངའ་རིས་འོད་གསལ་མཆོག་ལྡན་ལ་གནང་། དེས་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེ་ལ་གནང། དེ་ནས་རིམ་པར་བརྒྱུད་དོ། །བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ལ༔ རང་གིས་སྦྱོང་བ་དང༔ གཞན་ལ་རྒྱག་པ་དང༔ ལས་ལ་སྦྱོར་བ་དང་གསུམ་ཡོད་པ་ལས༔ དང་པོ་ནི༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ སྐུ་མདོག་པདྨ་རཱ་ག་ལྟར་དམར་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ གཡས་གྲི་གུག་ནམ་མཁའ་ལ་ཕྱར་བ༔ གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ༔ ཞབས་གཡས་བསྐུམ་པའི་རྟིང་པ་བརླ་ལ་སྦྱར་བ༔ གཡོན་པ་བརྐྱང་བས་བམ་རོ་དམར་སེར་གྱི་སྙིང་གར་མནན་ཏེ་གར་སྟབས་སུ་བཞུགས་པར་བསྒོམས་ལ༔ དེའི་ཁོག་པའི་དབུས་སུ་རྩ་དབུ་མ་དམར་བ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ༔ གསལ་བ་ཏིལ་གྱི་མར་མེ་ལྟ་བུ༔ དྲང་བ་ཆུ་ཤིང་གི་སྡོང་པོ་ལྟ་བུ༔ སྟོང་པ་ཤོག་བུ་ཁོང་སྟོང་ལྟ་བུ༔ མཚན་ཉིད་བཞི་ལྡན༔ ཡར་སྣ་སྤྱི་གཙུག་ཏུ་ཟུག་པ༔ རྒྱ་མཐོངས་ཁ་བྱེ་བ་ལྟ་བུ༔ བུ་ག་སྐྱ་ཐལ་ལེར་ཡོད་པ༔ མར་སྣ་གསང་གནས་སུ་ཟུག་པ༔ མདའ་སྨྱུག་འབྲིང་པོ་ཙམ་ཞིག་གསལ་བཏབ༔ དེའི་སྤྱི་བོར་ངོ་བོ་རྩ་བའི་བླ་མ་ལ༔ རྣམ་པ་སངས་རྒྱས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན༔ བྱམས་བཞུགས་སུ་བཞུགས་པའི་ཞབས་གཉིས་ཀྱི་མཐེ་བོང་གིས་བུ་ག་བཀག་པ༔ སྙིང་ག་མན་ཆད་སྨྱུག་ཚིགས་བཀག་པ་ལྟར་ཟུམ་པ༔ དེའི་དབུས་སུ་སྙིང་པདྨ་འདབ་མ་བརྒྱད་པའི་དབུས་སུ༔ རང་གི་སེམས་ཉིད་ཀྱི་ངོ་བོ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ༔ འཕར་ལ་ཁད་འཕུར་ལ་ཁད་པ་གཅིག་གསལ་བཏབ༔ ཧིཀ་བྱས་པས་ཡར་འཕོས༔ ཀས་མར་ཕབ༔ རྟགས་མ་བྱུང་བར་སྦྱང༔ འབྱོངས་ཚད་ནི་བླ་མའི་ཞལ་ལས་ཤེས་སོ༔ རྟགས་བྱུང་བ་དང་ཚེ་དཔག་མེད་སེང་ཁྲི་རྒྱབ་ཡོལ་དང་བཅས་པ་གསལ་བཏབ༔ གཟུངས་རིང་ཐུང་ཅི་མང་བཟླས་མཐར་རང་ལ་བསྟིམ༔ ཚངས་བུག་གསེར་གྱི་རྡོ་རྗེས་བཀག་པར་བསམ་མོ༔ གཟུངས་ཐུང་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་གཞན་ལ་རྒྱག་པ་ནི༔ ཚེ་འདས་ཀྱི་མིང་ནས་བོས་ལ༔ ཁྱོད་ཀྱི་ཚེ་འདིའི་སྣང་བ་ནུབ༔ ཕྱི་མའི་སྣང་བ་མ་ཤར༔ ད་ལྟ་བར་དོའི་སྣང་བ་ཡིན་ནོ༔ ཞེས་ལན་གསུམ༔ དམིགས་པ་འབོགས་པ་ནི༔ ཨོཾ་སྭ་བྷཱ་བས་སྦྱང༔ སྟོང་པའི་ངང་ལས༔ ཚེ་འདས་ཀྱི་ལུས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ ཕྱག་གཡས་གྲི་གུག་ནམ་མཁའ་ལ་ཕྱར་བ༔ གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ་ཞབས་གཡས་བརྐྱང་གཡོན་བསྐུམ་པས་བམ་རོ་སེར་པོ་གན་རྐྱལ་བྱས་པའི་སྙིང་ཁ་མནན་ཏེ༔ གར་སྟབས་སུ་བཞུགས་པ་གཅིག་བསྒོམས་ལ༔ དེའི་ཁོག་པའི་དབུས་སུ་རྩ་དབུ་མ༔ ཁ་དོག་སྔོན་པོ་མཚན་ཉིད་བཞི་ལྡན་ཡར་སྣ་སྤྱི་གཙུག་ཏུ་ཟུག་པ༔ རྒྱ་མཐོངས་ཁ་བྱེ་བ་ལྟ་བུའི་སྟེང༔ སྤྱི་བོའི་གཙུག་ཏུ་ངོ་བོ་རྩ་བའི་བླ་མ་ལ༔ རྣམ་པ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ དེའི་སྐུའི་རྩ་དབུ་མའི་མར་སྣ་དང༔ ཚེ་འདས་ཀྱི་དབུ་མའི་ཡར་སྣ་གཉིས་ཁ་སྤྲད་ལ༔ གཤིན་པོའི་རྣམ་པར་ཤེས་པ་དང་རང་གི་སེམས་ཉིད་དབྱེར་མེད་དུ་བསྲེས་ལ༔ སངས་རྒྱས་ཀྱི་ཐུགས་ཀར་འཕང་ངོ༔ དེའི་རྗེས་ལ་དབྱིངས་རིག་བསྲེས་ལ་མཉམ་པར་བཞག་གོ༔ ཐེབས་པའི་རྟགས་ནི་བླ་མའི་ཞལ་ལས་ཤེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལས་ལ་སྦྱོར་བ་ནི༔ འཆི་རྟགས་ཐམས་ཅད་ཚང་ན་འཕོའོ༔ སྔས་ན་ལྷ་བསད་པའི་ཉེས་པ་དང༔ རང་སྲོག་རང་གིས་བཅད་པའི་ཉེས་པ་ཡོང་སྟེ༔ རྒྱུད་ལས༔ དུས་ལ་བབ་ན་འཕོ་བར་བྱ༔ དུས་མིན་ལྷ་རྣམས་གསད་པར་བྱེད༔ ལྷ་རྣམས་བསད་པ་ཙམ་གྱིས་ནི༔ དམྱལ་བ་དག་ཏུ་སྐྱེ་བར་འགྱུར༔ ཞེས་གསུངས་སོ༔ འཕོ་ལུགས་ནི༔ རང་ལུས་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་སྒོམ་པ་སྔར་དང་འདྲ༔ རང་གི་སྤྱི་བོར་སངས་རྒྱས་འོད་དཔག་མེད་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་སྐུའི་རྩ་དབུ་མའི་མར་སྣ་དང༔ རང་གི་ཡར་སྣ་གཉིས་ཁ་སྤྲད་ལ༔ ཧིཀ་བྱས་རང་གི་རྣམ་ཤེས་སངས་རྒྱས་ཀྱི་ཐུགས་ཀའི་ཧྲཱིཿལ་བསྟིམས་པའི་མཐར་མཉམ་པར་བཞག་གོ༔ དབུགས་ཧར་སོང་ནས་མཁའ་སྤྱོད་དུ་འགྲོ་བར་ཐེ་ཚོམ་མེད་དོ༔ ཡར་འདེགས་མར་འབེབ་རེས་མོས་ཀྱི༔ ཉི་ཤུ་རྩ་གཅིག་དབུགས་དག་གིས༔ འཆི་བ་ཞེས་བྱའི་རྣམ་རྟོག་གིས༔ མཁའ་སྤྱོད་གནས་སུ་སྐྱེ་བར་བྱེད༔ དེ་ཕྱིར་འདི་དང་འཕྲད་པ་དགའ༔ ཞེས་གསུངས་སོ༔ གསོལ་འདེབས་ཀ་དག་མ་འདི་བཀའ་རྒྱ་ཤིན་ཏུ་དམ་པར་བྱའོ༔ འདི་དམ་ཚིག་མི་གཙང་བ་ལ་བྱིན་ན་མཁའ་འགྲོའི་བཀའ་ཆད་ཡོང་བས༔ སྣོད་མིན་དང༔ དམ་ཚིག་མི་གཙང་བ་ལ་སྟེར་དུ་མི་རུང་ངོ༔ འདི་ཞུ་བའི་དུས་སུ་ཚོགས་འཁོར་མེད་ཐབས་མེད་དོ༔ འཕོ་ཆོས་མ་ཚུགས་བར་དུ་འཛིན་དུ་མི་རུང་ངོ༔ འཇག་མ་ཚུགས་ན་རྒྱག་ཏུ་མི་རུང༔ ཚེ་ལ་གནོད་དོ༔ འཕོ་བ་འཇག་ཚུགས་མའི་གདམས་པ་ཟབ་མོ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་གཏེར་ནས་བྱོན་པ་ལགས་སོ།། ༈ །།གསོལ་འདེབས་ནི༔ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ དེ་བཞིན་སྔ་ཕྱིར་སྦྱར་བས། སངས་རྒྱསྎ མཚུངས་མེད་ནམ་མཁའ་རྒྱལ་མཚན་ལྎ རྟོགས་ལྡན་སངྒྷ་བྷ་དྲ་ལྎ ཕ་རྒོད་དྲི་མེད་བློ་གྲོས་ལྎ ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལྎ མཚུངས་མེད་མ་ཏིའི་མཚན་ཅན་ལྎ བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ལྎ རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལྎ མངའ་རིས་འོད་གསལ་མཆོག་ལྡན་ལྎ འཇམ་དབྱངས་ཆོས་རྒྱལ་རྡོ་རྗེ་ལྎ དྲིན་ཆེན་རྩ་བའི་བླ་མ་ལྎ ༈ གསོལ་འདེབས་ཀ་དག་མ་བཞུགས་སོ། །ཀ་དག་བདེ་ཆེན་ཞིང་ཁམས་དེ་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ལྷུན་གྲུབ་ཐུགས་རྗེའི་ཞིང་ཁམས་དེ་ནས༔ ལོངས་སྐུ་སྤྱན་རས་གཟིགས་དབང་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་དེ་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ སྣང་སྲིད་ཆོས་སྐུའི་ཕོ་བྲང་དེ་ནས༔ གཏེར་སྟོན་ཉི་ཟླ་སངས་རྒྱས་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ཟབ་ཡངས་ཆོས་སྐུའི་ཕོ་བྲང་དེ་ནས༔ མཚུངས་མེད་ནམ་མཁའ་རྒྱལ་མཚན་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ཁྱབ་བརྡལ་གཉུག་མའི་ཕོ་བྲང་དེ་ནས། །རྟོགས་ལྡན་སངྒྷ་བྷ་དྲ་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཟབ་དོན་གདམས་པའི་གཏེར་མཛོད་འཛིན་པའི། །ཕ་རྒོད་དྲི་མེད་བློ་གྲོས་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། སྨིན་གྲོལ་ཐར་པའི་ལམ་མཆོག་སྟོན་པའི། །འདྲེན་མཆོག་སངས་རྒྱས་རྒྱལ་མཚན་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། སྙན་བརྒྱུད་ཟབ་མོའི་ཆོས་ཆར་འབེབ་པའི། །མཚུངས་མེད་མ་ཏིའི་མཚན་ཅན་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཆོས་ཀྱི་རྟོགས་པ་མངོན་དུ་གྱུར་པའི། །མཁས་གྲུབ་ཕུན་ཚོགས་རྣམ་རྒྱལ་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ལྷུན་གྲུབ་སྣང་བཞིའི་ཕོ་བྲང་དེ་ནས། །རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། འཆི་མེད་གྲུབ་པའི་ཕོ་བྲང་དེ་ནས། །མངའ་རིས་འོད་གསལ་མཆོག་ལྡན་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། མཁས་གྲུབ་རྒྱ་མཚོའི་གཙུག་གི་ནོར་བུ། །བླ་མེད་ཆོས་རྒྱལ་རྡོ་རྗེ་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ནས། །དྲིན་ཆེན་རྩ་བའི་བླ་མ་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ༈ མྱུར་ལམ་འཕོ་བའི་གདམས་པ་འཇག་ཚུགས་མའི་ཁྲིད་ཡིག་པདྨ་ཅན་དུ་བགྲོད་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །མྱུར་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་ཞེས་བྱ་བ། བླ་མ་དང་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཐེག་པའི་ཟབ་ལམ་དཔྱིད། །སྟེང་སྒོ་རྣམ་གྲོལ་འཕོ་བའི་ལམ། །མ་བསྒོམ་སངས་རྒྱས་མངོན་བྱེད་པ། ཁོ་བོས་བཤད་ཀྱིས་ཉམས་སུ་ལོངས། །འདིར་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་དང་གདམས་པ་ཀུན་གྱི་མཐར་ཐུག་ཕོ་ཉའི་ལམ་སྲོལ་སྟེང་སྒོ་རྣམ་པར་གྲོལ་བ་དང་། འོག་སྒོ་བདེ་བ་ཆེན་པོ་གཉིས་སུ་འདུས་པ་ལས། །འདིར་སྟེང་སྒོ་རྣམ་པར་གྲོལ་བ་མ་བསྒོམ་པར་རྡོ་རྗེ་འཆང་མངོན་དུ་བྱ་བའི་ཐབས་ཟབ་ལམ་འཕོ་བའི་གདམས་པ་ནི། སྙིགས་མའི་སེམས་ཅན་ཚེ་ཐུང་ཉོན་མོངས་པ་རགས་པས་བསྐྱེད་རྫོགས་ཀྱི་གདམས་པ་ཡུན་རིང་དུ་བསྒོམས་ཀྱང་རྣམ་པར་གཡེང་བའི་དབང་དུ་གྱུར་པ་ཤས་ཆེ་བས། དེ་དག་ལ་མ་བསྒོམ་ཡང་སྡིག་པོ་ཆེ་མཚམས་མེད་པ་ལྔ་སྤྱད་པའི་གང་ཟག་ཞིག་ཡིནཡང་། ལམ་འདི་དང་འཕྲད་ན་གྲོལ་ངེས་ཏེ། རྗེ་བཙུན་མར་པས། །བསྒོམས་ན་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམ་སངས་རྒྱས་ང་ལ་ཡོད། །ཅེས་གསུངས་པས། ལམ་འདི་ཉིད་ཉམས་སུ་ལེན་པ་ལ་གཉིས་ཡོད་དེ། ཡིད་ཆེས་ཤིང་ཁུངས་བཙུན་པ་ལ་ལོ་རྒྱུས་ཀྱི་རྣམ་ཐར་དབྱེ་བ་དང་། གདམས་པ་དངོས་སོ། །དང་པོ་ནི། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་འཁོར་དཔལ་གྱི་བསམ་ཡས་བཞེངས་པའི་ས་འདུལ་དང་རབ་ཏུ་གནས་པར་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་སྤྱན་དྲངས་ཏེ་ཡོད་པའི་སྐབས་ཞིག་གི་ཚེ། རྒྱལ་པོའི་བློན་པོ་ཉི་མ་ཞེས་པ་བྱ་བ་ལོངས་སྤྱོད་མངའ་རིས་དཔལ་ཡོན་གྱིས་ཕྱུག་པ་ཞིག་ལ་ཕོ་བྲང་གཉིས་ཡོད་པས། ཀ་ཅ་འདོན་འཇུག་གི་ཆེད་དུ་ནུབ་གཅིག་བློན་པོ་ཉིད་ཀྱིས་སྒྲོན་མེ་བཏེགས་ཏེ་གཞན་རྣམས་ག་ལ་བ་དེར་དོང་པའི་ཚེ་སྒྲོན་མེའི་མེ་སྟག་ཕྲ་མོ་ཞིག་ཆད་པ་ཕོ་བྲང་གི་མེ་རྫས་ལ་ཟིན་ཏེ་མེ་འབར་ནས་བློན་པོའི་བླའི་མཆོད་གནས་ཤིག་དང་། བློན་པོ་ཉིད་ཀྱི་ཕ་མས་ཐོག་དྲངས་ཕོ་མོ་བཅུ་གསུམ། གཞན་ཡང་རྟ་བོང་དང་མཛོ་དྲེའུ་ཁྱི་ཕག་སོགས་རྐང་གྲངས་མང་དུ་ཚེའི་དུས་བྱས་སོ། །དེའི་མོད་ལ་བློན་པོའི་བསམ་པ་ལ་བདག་ཉིད་སྔོན་ལས་ཀྱི་འཕྲོ་ངན་པས་དགོས་པ་ཅི་ཡང་མེད་པར་ཕོ་བྲང་མེས་ཚིག་པས་མི་དགེ་བ་རྔམ་པོ་ཆེའི་རྒྱུར་སོང་སྙམས་ནས། མྱ་ངན་གྱིས་ལྗི་བར་ནོན་ནས་མུན་པའི་ཁང་བུར་འདྲེ་ལྡོག་ཅིང་སྨྲེ་སྔགས་དང་ཆོ་ངེས་དྲག་པོས་དུས་འདའ་བར་བྱས་པ་ན། མངའ་བདག་གིས་བློན་པོ་མྱ་ངན་གྱིས་གཟིར་བ་དེ་གཟིགས་ཏེ། མ་བཟོད་པར་འདི་སྙམ་དུ་བློན་པོ་རིག་པ་ཅན་འདི་ལྟ་བུས་ཉམས་ཉེས་པ་སོགས་ཀྱིས། ད་ནི་བློན་པོའི་གནས་སྐབས་སུ་ཚེ་འདིར་མྱ་ངན་གྱི་གདུང་བ་དྲག་པོ་འདི་ལས་སྐྱོབ་ཅིང་མཐར་ཐུག་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་ཤིག་དགོངས་པ་ལ། དེ་ལྟ་བུའི་ནུས་པ་བདག་ལ་མེད་པས་ཨོ་རྒྱན་རིན་པོ་ཆེ་ལ་ཞུ་དགོས་དགོངས་ཏེ། བྲག་དམར་བསམ་ཡས་མཆིམས་ཕུ་དགེའུ་མཚོ་རྒྱལ་ཕུག་པར་ཨོ་རྒྱན་རིན་པོ་ཆེ་བཞུགས་པའི་སྤྱན་སྔར་བྱོན་ཏེ། སྔར་གྱི་བློན་པོ་ཉི་མའི་ལོ་རྒྱུས་ཞུས་ཤིང་གསོལ་བ་བཏབ་པས། ཨོ་རྒྱན་རིན་པོ་ཆེས་ཅང་མི་གསུང་བའི་ཚུལ་གྱིས་ཞལ་གྱིས་བཞེས་སོ། །དེར་རྒྱལ་པོ་འཁོར་བཅས་ཟབ་ཡངས་ཀྱི་གཙུག་ལག་ཁང་ཆེན་པོར་སླར་ལོག་པའི་མོད་ལ་ཨོ་རྒྱན་ཉིད་དགོངས་པ་ལ་བཞུགས་ཏེ། བདེ་བ་ཅན་གྱི་ཞིང་དུ་སངས་རྒྱས་འོད་དཔག་མེད་པའི་སྤྱན་སྔར་བྱོན་ཏེ། མ་བསྒོམ་པར་འཚང་རྒྱ་བའི་ཟབ་ལམ་འཕོ་བའི་གདམས་པ་འདི་ཉིད་ཨོ་རྒྱན་རིན་པོ་ཆེ་ལ་གནང་། ཟབ་ལམ་འཕོ་བའི་གདམས་པ་གཞན་ལས་ཁྱད་པར་དུ་འཕགས་པ་འདི་ཉིད་ད་དུང་སྤེལ་བའི་དུས་ལ་མ་བབ་པས། བློན་པོ་ཉི་མ་གཅིག་པུ་ལ་ཤོད། གཞན་སུ་ལ་ཡང་མ་བསྟན་པར་མ་འོངས་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཚེ་བློན་པོ་ཉི་མ་ཉིད་མིའི་ཚུལ་བཟུང་ནས་འབྱུང་གི་དེའི་ཆོས་སྐལ་དུ་སྨོན་ལམ་ཐོབ་ལ་གཏེར་དུ་སྦོས་ཤིག །ཅེས་བཀའ་རྒྱས་བཏབ་ནས་གནང་ངོ་། །དེ་ནས་ཨོ་རྒྱན་ཉིད་སླར་ཡང་བདེ་བ་ཅན་གྱི་ཞིང་ནས་མཆིམས་ཕུ་དགེའུ་གོང་དུ་ཕེབས་ནས་དར་གཅིག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལས་བཞེངས་མ་ཐག །མཚོ་རྒྱལ་གྱིས་གུ་རུ་རིན་པོ་ཆེ་བློན་པོ་ཉི་མའི་དོན་དང་རྒྱལ་པོ་ཐུགས་ཆེས་པའི་གདམས་པ་བདེ་བ་ཅན་ནས་མཆིས་ལགས་སམ་ཞེས་ཞུས་པས། སྔོན་བདེ་བར་གཤེགས་པ་རྣམས་ཀྱི་བསྟན་པ་ལ་འབྱུང་དཀའ་བའི་གདམས་པ་ཟབ་མོ་བཀའ་རྒྱས་བཏབ་པ་དག་བདོག་གི །ཁྱོད་ཀྱིས་སོང་ལ་རྒྱལ་པོ་འདིར་སྤྱན་དྲོངས་ཤིག །ཅེས་གསུངས་པ་དང་། མཚོ་རྒྱལ་གྱིས་དེ་མ་ཐག་རྒྱལ་པོ་འཁོར་བཅས་སྤྱན་དྲངས་ཏེ་གུ་རུ་ཉིད་ཀྱི་སྤྱན་སྔར་སོན་པའི་ཚེ། བཀའ་བསྩལ་པ། ཀྱེ་མ་མངའ་བདག་རྒྱལ་པོ། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་མདོ་སྔགས་ཀྱི་ཐེག་པའི་ལམ་སྲོལ་མན་ངག་དང་བཅས་པ་མ་ལུས་པ་བདག་ལ་བདོག་ལགས་ཀྱང་། སྙིགས་མའི་སེམས་ཅན་ཐམས་ཅད་ཐེ་ཚོམ་དང་ཡིད་གཉིས་ཀྱི་འཆིང་བས་དམ་པར་བཅིངས་པ་རྣམས་ཡིད་ཆེས་པའི་སླད་དུ། བདག་བདེ་བ་ཅན་གྱི་ཞིང་ཁམས་སུ་དོང་སྟེ། མགོན་པོ་འོད་དཔག་ཏུ་མེད་པ་ལ་མ་བསྒོམ་པར་འཚང་རྒྱ་བའི་གདམས་པ་ཟབ་མོ་སྔར་མེད་པ་ཞུས་ཀྱིས་བློན་པོ་ཉི་མ་ད་ལྟ་ཉིད་དུ་འདིར་བོས་ཤིག་གསུངས་པར། རྒྱལ་པོ་འཁོར་དང་བཅས་པས་ཕྱིན་ཏེ་བློན་པོ་ཉི་མ་མུན་པའི་ཁང་བུ་ནས་བཏོན་ཏེ་ཁྲིད་པར་བརྩམ་པ་ན། སྔར་གྱི་མྱ་ངན་གྱིས་འདྲེ་ལྡོག་སྟེ་རྐང་པ་ཉམས་ཉེས་ཏེ་འགྲོ་བའི་མཐུ་མི་འདུག་པས། སླར་ཤིང་རྟའི་ཁྲི་ལ་བཞག་ནས་ཨོ་རྒྱན་རིན་པོ་ཆེའི་སྤྱན་སྔར་ཁྲིད་དོ། །དེར་འཁོད་དེ་བློན་པོ་ཉི་མས་གུ་རུ་རིན་པོ་ཆེ་ལ་གསེར་ཉི་མའི་འོད་དང་ལྡན་པའི་ས་ལེ་སྦྲམ་གཅིག །དངུལ་ཟླ་བ་ཉ་གང་བ་ལྟར་གསལ་ཞིང་འཚེར་བའི་མཎྜལ་སྟེང་དུ་བཞག་པ་ལ་རིན་པོ་ཆེ་སྣ་ལྔའི་ཕྱེ་མས་ལེགས་པར་སྤུངས་པ་ཕུལ་ཏེ་གསོལ་བ་བཏབ་པའི་མོད་ལ། གུ་རུ་རིན་པོ་ཆེས་རྒྱལ་པོ་འཁོར་དང་བཅས་པ་ཕྱིར་བསྐྲད་དེ། བློན་པོ་ཉི་མ་ཁོ་ན་ལ་ཟབ་ལམ་འཕོ་བ་བསྟན་ནས་སླར་བློན་པོ་རང་གི་ཁྱིམ་དུ་ལྡོག་སྟེ་བསྒོམས་པས་ཞག་བདུན་ནས་བློན་པོས་འཕོ་བ་འབྱོངས་པའི་དྲོད་ཚད་དང་ངེས་པ་བརྟན་པོ་རྙེད་དེ་ལུས་མ་སྤངས་པར་རིག་འཛིན་གྱི་གྲལ་དུ་འཁོད་པར་གྱུར་ཅིང་། སྔར་མེས་ཚིག་པའི་འགྲོ་བ་རྣམས་ཀྱང་ཉིད་ཀྱི་གདུལ་བྱར་གྱུར་ཏེ་དག་པའི་ཞིང་དུ་སྐྱེས་སོ། །དེར་དེ་ལྟ་བུའི་གདམས་པ་ངོ་མཚར་བར་རྒྱལ་པོས་གཟིགས་ཏེ། རྒྱལ་པོའི་དགོངས་པ་ལ་གུ་རུ་རིན་པོ་ཆེ་དང་བདག་ཅག་དམ་ཚིག་གི་འབྲེལ་བའི་སློབ་དཔོན་དུ་གྱུར་ཅིང་ཡུན་ཡང་རིང་བ་འདི་ཙམ་དུ་འགྲོགས་པས་གདམས་པ་ཟབ་མོ་འདི་བདག་གིས་ཀྱང་ཞུས་ན་བསྩལ་ཏེ་འོང་སྙམ་ནས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་བཏབ་ཀྱང་། གུ་རུའི་ཞལ་ནས་རྒྱལ་པོ་ཆེན་པོ་ཆོས་ལ་མོས་ན་སྔར་རྡོ་རྗེ་ཐེག་པའི་ཟབ་ལམ་མང་དུ་བཤད་པ་དེ་ཙམ་གྱིས་ཆོག་མོད། གདམས་པ་འདི་ནི་བློན་པོ་ཉི་མ་ཁོ་ན་ལས་གཞན་ལ་སྤེལ་བའི་གནས་མེད་པར་སངས་རྒྱས་འོད་དཔག་མེད་ཀྱི་བཀའ་རྒྱ་ཡོད་པས་འབུལ་བར་མི་བྱ་ཡིས་ཕྱིར་ལྡོག་ཅིག །ཅེས་གསུངས་ཏེ་མ་གནང་ངོ་། །དེ་ནས་སྐབས་ཤིག་ཏུ་སངས་རྒྱས་འོད་དཔག་ཏུ་མེད་པའི་ལུང་བསྟན་དང་། རྗེས་སུ་གདམས་པ་དོན་ཡོད་པའི་ཕྱིར་གུ་རུ་ཉིད་ཀྱི་ཕྱག་གཡོན་སྲིན་འཛུབ་ལ་རྨ་བཏོད་དེ། སྐུ་མཚལ་བྱུང་བ་མཚོ་རྒྱལ་གྱི་དབུ་སྐྲ་ཉག་གཅིག་གིས་ཤིང་ཏཱ་ལའི་ལོ་མར་གདམས་པ་འདི་བྲིས་ཏེ་མ་འོངས་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཚེ་བློན་པོ་ཉི་མ་ཉིད་སྔར་ཆོས་ཀྱི་ཡོན་ལ་གསེར་ཉི་མ་ལྟར་དང་དངུལ་ཟླ་བ་བཞིན་ཕུལ་བའི་མིང་གིས་མཚོན་ཏེ། གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་བྱ་བར་སྐྱེས་པའི་ཚེ་གདམས་པ་འདི་དང་འཕྲད་ནས་འགྲོ་བ་སེམས་ཅན་མ་རུངས་པ་རྣམས་འདུལ་བར་གྱུར་ཅིག །ཅེས་སྨོན་ལམ་གྱིས་མཚམས་སྦྱར་ནས་གསེར་དངུལ་ཟངས་ལྕགས་ཀྱི་སྒྲོམ་བུ་རྣམས་གཅིག་གི་ནང་དུ་གཅིག་བཅུག་པའི་ནང་དུ་ཆུ་དར་སྔོན་པོས་དྲིལ་བ་བཅུག །ཨོ་རྒྱན་ཡབ་ཡུམ་ཕྱག་རྒྱས་མནན་ཏེ། རྫོགས་པའི་སངས་རྒྱས་ཀྱིས་ལུང་བསྟན་པ་རི་བོ་ཤཱནྟི་ཞེས་སམ། ཞི་བའི་རི་བོ་ཞེས་པ་དྭགས་ལྷ་སྒམ་པོའི་རྒྱབ་ཀྱི་མཚོ་མཎྜལ་ནག་པོའི་གཏིང་དུ་སྦས། གཏེར་སྟོན་ཉི་མ་མ་བྱུང་གི་བར་དུ་ཀླུ་རྒྱལ་གཙུག་ན་རིན་ཆེན་གཏེར་སྲུང་དུ་བཀའ་བསྒོས་ལ་བཞག་གོ །དེ་ནས་ཕྱིས་གཏེར་སྟོན་ཉི་ཟླ་སངས་རྒྱས་སུ་གྲགས་པ་བློན་པོ་ཉི་མའི་སྐྱེ་བར་གྱུར་པ་དེ་ཉིད་ཕེབས་ཏེ། མཚོ་མཎྜལ་ནག་པོའི་དབུས་ནས་གདམས་པ་འདི་ཉིད་ཟབ་གཏེར་དུ་སྤྱན་དྲངས། དེར་ཀླུ་རྣམས་ཀྱིས་གདམས་པ་ཞུས་པའི་ཚེ། གཏེར་སྟོན་ཉིད་ཀྱིས་ཤོག་སེར་ཞལ་ཕྱེ་ནས་ཀླུ་རྣམས་ལ་གདམས་པ་བསྟན་པས། མཚོ་དེར་གནས་པའི་ཀླུ་རྣམས་ཀྱིས་བདེན་པ་མཐོང་ཞིང་ཕྱིར་མི་ལྡོག་པའི་ས་ལ་བཞག །མཚོ་དེའི་ཉ་སྲམ་སྲོག་ཆགས་སྦལ་པ་རྣམས་ཀྱང་ཚེ་འཕོས་མ་ཐག་མངོན་པར་མཐོ་བའི་གོ་འཕང་ལ་འགོད་པར་མཛད་དོ། །དེ་ལྟ་བུའི་གཏེར་སྟོན་དེ་ཉིད་ཀྱིས་མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གནང་། དེས་རྟོགས་ལྡན་སངྒྷ་བྷ་དྲ་ལ་གནང་། དེས་ཕ་རྒོད་དྲི་མེད་བློ་གྲོས་ལ། དེས་ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ། དེས་མཚུངས་མེད་མ་ཏིའི་མཚན་ཅན་ལ། དེས་བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ལ། དེས་མཚུངས་མེད་བིདྱཱའི་མཚན་ཅན་ལ། དེས་རྗེ་བཙུན་དཀོན་མཆོག་རཏྣ་ལ། དེས་བདག་ལའོ། །དེ་དག་ནི་ལོ་རྒྱུས་མདོ་ཙམ་བརྗོད་པ་དག་གོ །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་གཉིས་ཏེ། སྦྱོང་བ་དང་ལས་ལ་སྦྱར་བའོ། །དང་པོ་ལ་གསུམ། སྔོན་དུ་འགྲོ་བ་དང་། དངོས་གཞི་དང་། མཇུག་རྣམས་སོ། །དང་པོ་སྔོན་དུ་འགྲོ་བ་ནི། དབེན་པའི་གནས་སུ་རྣམ་པར་གཡེང་བ་ཐམས་ཅད་སྤངས་ནས་བདེ་ཞིང་རྒྱབ་ཅུང་ཟད་མཐོ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལེགས་པར་འཁོད་ནས། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་ཞིང་གསག་སྦྱོང་གི་ལས་དང་བླ་མའི་རྣལ་འབྱོར་བསྒོམ་ཞིང་ཟབ་ལམ་འཕོ་བའི་གདམས་པ་མྱུར་དུ་འབྱོངས་པར་གསོལ་བ་གདབ་བོ། །གཉིས་པ་དངོས་གཞི་ནི། འདིའི་ལྷ་བསྐྱེད་པ་དབང་པོ་ཐ་མ་དག་སྤྲོས་པ་ཆུང་བའི་དབང་དུ་མཛད་ནས་བླ་མ་གོང་མ་ལ་ལ་དག་ཡི་དམ་གྱི་ལྷ་ལ་རྒྱན་མེད་པར་བསྒོམ་པ་འདུག་ཀྱང་། དབང་པོ་རབ་འབྲིང་ཐ་མ་གསུམ་ཀ་ལ་ཆོ་ག་རྒྱས་པ་ཁོ་ན་ཕུན་སུམ་ཚོགས་པའི་ཡན་ལག་ཉིད་དུ་འགྱུར་ཞིང་། ཁྱད་པར་དུ་ཡང་དབང་པོ་རབ་ལ་ཆོ་ག་རྒྱས་པ་ལྷག་པར་དགོས་པ་རྗེ་འཇིག་རྟེན་མགོན་པོས་གསུངས་པས་འདི་ལྟར་ཉམས་སུ་ལེན་དགོས་ཏེ། དེ་ཡང་། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་པ་ཙམ་གྱིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྣམ་པར་དག་པ་དེ་ངའོ་སྙམ་དུ་བསམ་པའི་ངང་ནས། སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་འོད་འཕྲོ་བའི་སྟེང་དུ་བམ་རོ་སེར་པོ་གལ་རྐྱལ་དུ་ཕྱོགས་པའི་སྟེང་དུ་ནམ་མཁའ་ལ་དར་ཕྱར་བའམ། ཆུ་ལ་ཉ་ལྡང་བའི་ཚུལ་ལམ། ནམ་མཁའི་དཀྱིལ་འཁོར་ལ་ཉི་མའི་འོད་ཟེར་ཤར་བ་བཞིན་དུ་སྐད་ཅིག་གིས་ལུས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དྲི་མ་མེད་པའི་འོད་ཟེར་ཚད་མེད་པ་འཕྲོ་བ། སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མའི་འོད་ཀྱིས་རེག་པ་བཞིན་དམར་ཞིང་བརྗིད་ཆགས་པ། ཞབས་གཡོན་པ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་འགྱིང་བའི་རྟིང་པ་བྷ་ག་ལ་གཏད་པས་གསང་བའི་རྩ་ཁ་ཁ་མུ་ཁ་མནན་པར་མཛད་ཅིང་། གཡས་བརྐྱང་པའི་སྟབས་ཀྱིས་དབུགས་བྲལ་གྱི་སྙིང་ཁ་མནན་ཏེ་བཞེངས་པ། རྩ་བའི་ཞལ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ལ་རྗེས་སུ་ཆགས་པའི་ཉམས་དང་ལྡན་པ། མཆེ་བ་ཅུང་ཟད་གཙིགས་ཤིང་གར་དགུའི་རྣམ་རོལ་གྱིས་ཡང་དག་པར་སྤ་བ། གཙང་བ་དང་མི་གཙང་བའི་ཀུན་ཏུ་རྟོག་པས་དཀྲིས་པའི་བྲམ་ཟེ་སོགས་ཐེག་པ་དམན་ལ་འཁོད་པ་དང་། དེ་དག་གི་རྗེས་མཐུན་གྱི་ལམ་སྲོལ་གདལ་བ་དག་སྐྱོར་འབྱིན་དང་བགྲོད་པའི་སྟབས་ཀྱིས་ཚར་བཅད་དེ་གསང་ཆེན་རྣམ་པར་མི་རྟོག་པའི་ལམ་ལས་མི་སློབ་པའི་གོ་འཕང་ལ་དཀྲི་བའི་སླད་དུ་རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་རྡོ་རྗེ་རྩེ་ལྔའི་ཡུ་བ་ཅན་ནམ་མཁར་ཕྱར་ཞིང་། གཡོན་ཐོད་པ་བདུད་ཀྱི་ཁྲག་གིས་བཀང་བ་ཐུགས་ཀར་བསྣམས་པའི་མཆན་ཁུང་དུ་རྡོ་རྗེ་ཁ་ཊྭཱཾ་ག་སྒྲེང་བའི་ཚུལ་དུ་ཐོགས་པ། དབུ་ལ་ཐོད་སྐམ་རིན་ཆེན་གྱི་རྩེ་བྲན་ཅན་ལྔས་བརྒྱན་ཅིང་། ཐོད་པ་སྐམ་པོ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་ཤིང་། ཐོད་པའི་དུམ་བུ་དང་ནོར་བུའི་ཕྱག་གདུབ་ཞབས་གདུབ་སྐ་རགས་སེ་མོ་དོ་མགུལ་རྒྱན་རྣམས་འོད་འབར་བས་མཛེས་པར་བརྒྱན་པ། དབང་པོའི་གནམ་རུ་ལ་འགོང་པར་ནུས་པའི་ལྷ་རྫས་ཀྱི་གོས་དུ་མས་བཀླུབས་པ་སེར་བུས་བརླབ་པའི་ཚེ་སུམ་ཁུག་འཁྱོགས་ཤིང་གྱེས་པའི་རྣམ་པར་གཡོ་བ། ཕྲག་གོང་གཡོན་ནས་མཆན་ཁུང་གཡས་སུ་འཁྱུད་པའི་མཆོད་ཕྱིར་ཐོགས། དུར་ཁྲོད་ཀྱི་སྐྲ་ལས་བྱས་པ་ཉེ་བར་མདུད་པ་མི་མངོན་པས་སྤྲས་ཤིང་། དབུ་སྐྲ་ཕྱེད་བཅིངས་པའི་ལྷག་མ་རྒྱབ་ཏུ་སིལ་བུར་གྲོལ་བ། བདེ་བ་ཆེན་པོའི་ཉམས་འོད་འབར་ཞིང་ལང་ཚོ་གསར་པས་ཡང་དག་པར་སྤྲས་པ། བྷ་ག་རབ་ཏུ་རྒྱས་ཤིང་བཅུ་དྲུག་ལོན་པའི་ཉམས་ལྡན་ནུ་འབུར་ཟུང་གིས་སྒེག་ཅིང་། བདེ་བ་དང་སྟོང་པ་རོ་མཉམ་པའི་རྗེས་སུ་ཆགས་པའི་ངོ་བོ་ཉིད་སྙིང་རྗེའི་དཔྱིད་ཀྱིས་ཉེ་བར་གང་བས་ཁྲོ་ཞིང་འཛུམ་པ། སྤྱན་གསུམ་ཕྱོགས་བཅུར་གཡོ་བས་གདུག་པ་ཅན་ཐམས་ཅད་གཞོམ་ཞིང་བག་འཁུམ་པར་བྱེད་པ། སྐུ་སྣང་ལ་རང་བཞིན་མེད་པ་ཏིལ་གྱི་མར་མེ་ལྟ་བུར་གསལ་བའི་ཁོང་བུའི་ནང་དུ་རྩ་ཨ་བ་དྷཱུ་ཏི་ཕྱི་སྔོ་བ་ནང་དམར་བ་མདའ་སྨྱུག་འབྲིང་པོ་ཙམ་པ། དེ་ཡང་དྲང་བ། དྭངས་པ། གསལ་བ། ནང་སྟོང་པ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣ་སྤྱི་བོའི་ཚངས་པའི་བུ་གར་ཐལ་གྱིས་ཟུག་པ། མར་སྣ་གསང་གནས་སུ་ཟུག་པ། སྙིང་གའི་ཐད་དུ་སྨྱུག་མའི་ཚིགས་ལྟ་བུར་འགགས་པའི་ནང་གི་ཚིགས་ཀྱི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པའི་ཟེའུ་འབྲུའི་སྟེང་དུ་ངོ་བོ་རང་གི་རྣམ་པར་ཤེས་པའི་རྣམ་པ་ཕ་ལས་ཐོབ་པའི་དཀར་ཆ་དང་། མ་ལས་ཐོབ་པའི་དམར་ཆ་གཉིས་འདྲེས་པའི་ཚུལ་གྱིས་ཐིག་ལེ་ཡུངས་དཀར་གྱི་འབྲུ་ཙམ་དཀར་ལ་དམར་བའི་མདངས་དང་ལྡན་པ་སྣུམ་ལ་འདྲིལ་བ་འཕར་ཞིང་གཡོ་བའི་རྣམ་པ་ཅན། སྤྱི་བོ་ཚངས་བུག་ཡར་སྣ་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུའི་སྟེང་། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལ་ཆོས་གོས་རྣམ་གསུམ་སོར་དོ་སོར་གསུམ་ཙམ་མ་རེག་པའི་ཚུལ་གྱིས་བཀླུབས་ཤིང་། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལྟེ་འོག་ཏུ་མཛད་པ། སེང་གེའི་ཁྲི་ལ་བྱམས་བཞུགས་ཀྱི་ཚུལ་དུ་བཞུགས་པའི་ཞབས་གཡས་པའི་མཐེ་བོང་གིས་ཚངས་བུག་བཀག་པ། དེ་ཉིད་ལ་ལམ་ཟབ་མོ་འདི་ཉིད་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ་ལ་མོས་གུས་ཀྱི་གདུང་ཤུགས་དྲག་པོ་དང་བཅས་པའི་ངང་ནས་གསོལ་བ་བཏབ་ཅིང། རྣམ་པར་ཤེས་པའི་མདའ། རླུང་གི་གནམ་རུ་ལ་ཡིག་འབྲུའི་རྒྱུད་ཀྱིས་མཚམས་སྦྱར་ནས་བསྐུལ་བའི་ཚེ། ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་ནས། སངས་རྒྱས་ཀྱི་ཞབས་མཐེབ་ལ་ཏུག་ཏུག་སོང་བར་བསམས་ཏེ། ཀ་དཔེ་ལས། སེམས་ཀྱི་མདའ་ལ་རླུང་གི་གཞུ། །ཧིག་གི་རྒྱུད་ཀྱིས་རབ་བསྐུལ་བས། །ཞེས་གསུངས་པའི་དོན་བཤད་ལ་དམིགས་པ་རྣམས་གསལ་བའི་ངང་ནས་གསོལ་བ་འདེབས་པ་ནི། མོས་གུས་ཀྱི་གདུང་བ་དྲགས་པོས་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཞེ་ཐག་པ་ནས་འདི་སྐད་དོ། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་པར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་འགྲེ །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བྎ སོགས་ཀུན་ལ་འགྲེ །སངས་རྒྱས་འོད་དཔག་མེད་ལྎ མཚུངས་མེད་ནམ་མཁའ་རྒྱལ་མཚན་ལྎ རྟོགས་ལྡན་སངྒྷ་བྷ་དྲ་ལྎ ཕ་རྒོད་དྲི་མེད་བློ་གྲོས་ལྎ ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལྎ མཚུངས་མེད་མ་ཏིའི་མཚན་ཅན་ལྎ བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ལྎ མཚུངས་མེད་བིདྱཱའི་མཚན་ཅནྎ རྗེ་བཙུན་དཀོན་མཆོག་རཏྣ་ལྎ དྲིན་ཅན་རྩ་བའི་བླ་མ་ལྎ ཟབ་ལམ་འཕོ་བྎ མྱུར་ལམ་འཕོ་བསྎ བདག་སོགས་འདི་ནསྎ བདེ་བ་ཅན་དུྎ ཞེས་གསོལ་བ་བཏབ་ཅིང་། ཧིཀ་ཅེས་རླུང་དམིགས་སེམས་གསུམ་གྱེན་དུ་གཏད་ལ་སྤར་རོ། །དེ་ལྟར་སྦྱངས་པས་འབྱོངས་པའི་རྟགས་སུ་རབ་དྲན་མེད་དུ་འགྲོ་བ་དང་། འབྲིང་སྤྱི་བོ་ཟ་ཞིང་འབུར་བ་དང་། ཤུ་རྡོག་འབྱུང་བ་དང་། ཆུ་སེར་འཛག་པ་སོགས་རྟགས་མངོན་སུམ་མ་བྱུང་གི་བར་ལ་བསྐྱར་ལ་འབད་པར་བྱའོ། །གསུམ་པ་མཇུག་ནི་ཐུན་མཚམས་སུ་ཀ་ཞེས་པའི་སྒྲས་རླུང་དམིགས་སེམས་གསུམ་ཕབ་ཅིང་ཐིག་ལེ་སྙིང་ཁའི་པད་སྟེང་དུ་ཕབ་ལ་བཞག །མཇུག་ཏུ་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་རྒྱས་གདབ་ཅིང་། སླར་གོང་ལྟར་འབད་པས་སྦྱང་། མཇུག་ཏུ་རྟགས་རྣམས་མངོན་སུམ་དུ་གྱུར་ནས་འཇག་མ་འཛུག་པ་སོགས་ལག་ལེན་མཐོང་བ་བརྒྱུད་པ་ལྟར་བྱ། ཐུན་མཚམས་རྣམས་སུ་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་གོ །རྟགས་ཐོན་ནས་མ་ཤིའི་བར་དུ་ཉིན་མཚན་གུང་གི་ཐུན་ལ་དམིགས་པ་མ་བརྗེད་ཙམ་དང་གསོལ་འདེབས་མ་ཆག་ཙམ་མ་གཏོགས་འབད་པ་ཆེར་བྱས་ན་དུས་མ་ཡིན་པར་ཚེའི་དུས་བྱེད་པར་འགྱུར་ཉེན་ཆེ་བས་མི་བྱ། ཚེ་སྒྲུབ་ལ་འབད་ཅིང་སྨོན་ལམ་གྱི་ཁ་ཏོན་ལ་བརྩོན་པར་བྱ་དགོས་སོ། །གཉིས་པ་ལས་ལ་སྦྱར་བ་ལ་གཉིས། གཞན་ཕན་འགྲོ་དོན་གྱི་ཚུལ་དང་། རང་ཉིད་འཕོ་བའི་ཚུལ་ལོ། །དང་པོ་ནི། འགྲོ་བ་གང་ཡང་རུང་བ་ལས་ཀྱི་མཐའ་ཟད་ལྔ་པར་གྱུར་པ་ན། དེ་དག་ཤི་མ་ཐག་ལ་དར་གཅིག་སོང་བ་དང་། དྲོད་མཐའ་ནས་དབུས་སུ་འདྲིལ་ཞིང་སྙིང་ཁའི་དྲོད་སྟོད་དུ་འཕུང་པ། ཡན་ལག་བཞིའི་འཕར་རྩ་འཕྲོ་ཆད་ཅིང་། རྦ་རླབས་གཉིས་ཀྱང་ཅུང་ཟད་རེ་ཙམ་ལས་ཆེར་འཕར་དུ་མི་བཏུབ་ལ། ཕྱི་དབུགས་ཆད་ནས་ཅུང་ཟད་སོང་བའི་ནང་དབུགས་ཀྱང་ཆད་མ་ཐག་པའི་མོད་དེ་ཉིད་ལ་ཕུང་པོ་བསྒུལ་བསྐྱོད་དང་འཕུར་བསུབ་མ་བྱས་པའི་སྐབས་དེར། ཚེ་ལས་འདས་པའི་རྣ་བར་མཆུ་གཏད་དེ་སྐད་ཆེན་པོས་མིང་ནས་བོས་ལ། ཁྱོད་ཤི་བ་ཡིན་ནོ། །ཞེས་ལན་གསུམ་བརྡ་སྤྲད་ལ། ཁྱོད་ཚེ་འདིའི་སྣང་བ་ནི་ནུབ། ཕྱི་མའི་སྣང་བ་ནི་མ་ཤར། ད་ལྟ་བར་དོ་ཆོས་ཉིད་ངང་དུ་གནས་པ་ལགས་པས་ངོ་ཤེས་པར་གྱིས་ཤིག །དེ་ཡང་ཁྱོད་འཆི་བའི་ཚེ་གཟུགས་ཀྱི་ཕུང་པོ་ཐིམ་པས་ཉམ་ཆུང་ཞིང་ནུས་པ་ཟད། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་འགྱུར། ས་ཁམས་ཐིམ་པས་ལུས་སྐམ་ཞིང་རེངས། མིག་དབང་ཐིམ་པས་མིག་མི་གསལ་ཞིང་བཞིན་འགྱུར། གཟུགས་ཁམས་ཐིམ་པས་ལུས་ཀྱི་མདངས་ཉམས། ཚོར་བའི་ཕུང་པོ་ཐིམ་པས་ལུས་ཀྱི་ཚོར་བ་ཆུང་། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་མི་དྲན། ཆུ་ཁམས་ཐིམ་པས་ལུས་ཀྱི་རྔུལ་ཁ་ཆུ་ལ་སོགས་པ་སྐམ། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་གསལ། སྒྲ་ཐིམ་པས་རང་གི་ལུས་ཀྱི་སྒྲ་མི་ཐོས། འདུ་ཤེས་ཀྱི་ཕུང་པོ་རྣམས་ཐིམ་པས་སེམས་ཅན་རྣམས་མི་དྲན། སོར་རྟོག་ཡེ་ཤེས་ཐིམ་པས་ཉེ་དུ་ལ་སོགས་མི་དྲན། མེ་ཁམས་ཐིམ་པས་ཟས་མི་འཇུ། སྣ་ཡི་དབང་པོ་ཐིམ་པས་སྟེང་རླུང་དལ་གྱིས་འགྲོ །དྲི་ཐིམ་པས་རང་གི་དྲི་མི་བྲོ། འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་རང་གི་བྱ་བ་ཐམས་ཅད་འཇུག་པར་མི་འགྱུར་རོ། །བྱ་གྲུབ་ཡེ་ཤེས་ཐིམ་པས་བྱ་བ་དང་དགོས་པ་མི་དྲན། རླུང་ཐིམ་པས་རླུང་གི་གནས་ནས་འཕོ། ལྕེ་དབང་ཐིམ་པས་ཐུང་ཞིང་སྦོམ་པར་འགྱུར་རོ། །རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་། དེ་དག་ནི་རགས་པ་ཉི་ཤུ་ཐིམ་ཚུལ་ལོ། །དེ་ནས་ཕྲ་བ་ནང་གི་འབྱུང་བ་བཞི་ཐིམ་ཚུལ་ནི། ས་ཆུ་ལ་ཐིམ་པས་ཕྱི་རྟགས་ལུས་བསྒུལ་བསྐྱོད་མི་ནུས་ཤིང་ཟུངས་མི་ཐུབ། ལུས་ས་ལ་བྱིང་བ་སྙམ་བྱེད་ང་འཐེན་ཟེར་བ་སོགས་འབྱུང་། ནང་རྟགས་ཤེས་པ་དུ་བ་ལྟ་བུ་བན་བུན་ལང་ལོང་འཆར། ཆུ་མེ་ལ་ཐིམ་པས་ཕྱི་རྟགས་ཁ་ཆུ་དང་སྣ་ཆུ་ལ་སོགས་སྐམ། ནང་རྟགས་ཤེས་པ་སྨིག་རྒྱུ་ལྟ་བུ་གཡོ་ཞིང་མི་བརྟན་པ་འབྱུང་། ཆུ་མེ་ལ་ཐིམ་པས་ལུས་ཀྱི་དྲོད་ཆུང་དུ་འགྲོ་ཞིང་མཐའ་ནས་སྡུད། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་གསལ་ལམ་པ་འབྱུང་། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་རྟགས་དབུགས་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཐུབ། ཅུང་ཟད་རེ་སྡུད་ཀྱང་ཐུང་ལ་རྩུབ་པར་སྡུད། ནང་རླུང་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་གསལ་ལམ་པ་འབྱུང་། དེ་དག་ནི་ཕྲ་བ་འབྱུང་བཞི་ཐིམ་ཚུལ་ལོ། །དེ་ནས་དེའི་མོད་ལ་སྣང་མཆེད་ཐོབ་གསུམ་ཐོབ་ཚུལ་ནི། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་སྤྲིན་མེད་པའི་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་དཀར་ལམ་པ་འབྱུང་། ཞེ་སྡང་ལས་གྱུར་པའི་ཀུན་རྟོག་སོ་གསུམ་འགགས། སྣང་བ་མཆེད་པ་ལ་ཐིམ་པས་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའི་སྣང་བ་དམར་ལམ་པ་འབྱུང་། འདོད་ཆགས་ལས་གྱུར་པའི་ཀུན་རྟོག་བཞི་བཅུ་འགགས། མཆེད་པ་ཉེར་ཐོབ་ལ་ཐིམ་པས་ནམ་མཁའ་དག་པ་ལ་མུན་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་སྣང་བ་ནག་ལམ་པ་འབྱུང་ཞིང་དྲན་པ་ཉམས་ཤིང་ནག་ཐོམ་གྱིས་དྲན་མེད་དུ་འགྲོ །གཏི་མུག་ལས་གྱུར་པའི་ཀུན་རྟོག་བདུན་འགགས། དེ་ནས་དྲན་མེད་སངས་པ་ན་ཟླ་འོད་དང་ཉི་འོད་དང་མུན་པའི་སྨག་སྟེ་ནམ་མཁའ་སློང་བྱེད་ཀྱི་རྐྱེན་དང་བྲལ་བའི་ཐོ་རེངས་ཀྱི་དུས་ནམ་མཁའ་དག་པ་ལྟ་བུ་ཞིག་འཆར་ཏེ། དེ་ནི་འཆི་བའི་འོད་གསལ་དངོས་གཞི་ཡིན་པས་ངོས་ཟིན་པར་གྱིས་ཤིག །ཅེས་ངོ་སྤྲད་ལ། ཆོས་པ་ཉམས་མྱོང་ཅན་ཐུགས་དམ་ལ་བཞུགས་པའི་རིགས་ཡིན་ན་སྐབས་འདིར་ཁོ་རང་གི་ཉམས་དགེ་སྦྱོར་དང་མཚམས་བསྟུན་པའི་ངོ་སྤྲོད་བྱས་ལ་བཞག་གོ །སོ་སོ་སྐྱེ་བོ་ཕལ་པ་ཡིན་ན་སྐབས་འདིར་བར་དོ་དངོས་མིན་པས་ལས་ཀྱིས་ཁ་བསྒྱུར་དུ་མི་བཏུབ་ཅིང་ཕྱི་མའི་སྣང་བ་མ་འཆར། ཚེ་འདིའི་སྣང་བ་ནུབ་པའི་སྐབས་ཡིན་པས་འཕོ་བ་ཐེབས་སླ་ཞིང་། དུས་འདི་ལས་འགྱང་ན་བར་དོ་གཉིས་པ་ཕན་ཆད་ནས་ལས་ཀྱིས་ཁ་བསྒྱུར་དུ་བཏུབ་ཅིང་རིམ་གྱིས་ཕྱི་མའི་སྣང་བ་འཆར་བས་འཕོ་བ་ཐེབས་ཕུལ་ཆུང་དུ་འགྲོ་བས་སྐབས་འདིར་གདབ་གལ་ཤིན་ཏུ་ཆེའོ། །དེ་ནས་འཕོ་བ་གདབ་པའི་ཐབས་ནི། དེ་ལྟར་ཁྱོད་ཀྱིས་ཐིམ་རིམ་ངོ་མ་ཤེས་ཤིང་འོད་གསལ་གྱི་ངང་ལ་མཉམ་པར་གཞག་མི་ཐུབ་པར་འདུག་ན་ཁྱོད་རང་སེམས་གཞན་དུ་མ་ཡེངས་པར་དམིགས་པ་རྩེ་གཅིག་ཏུ་འདི་བཞིན་གྱིས་ཤིག །ཨོཾ་སྭ་བྷཱ་བ་སོགས་སྔར་སྦྱངས་པའི་དུས་ལྟར་ལ་སངས་རྒྱས་འོད་དཔག་མེད་ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། ཞེས་དང་། མཇུག་ཏུ་ཕཊ་ཀྱི་བརྡ་སྦྱར་བའི་དུས་ཁྱོད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་ལུས་ལ་ཕྱི་མིག་མི་བལྟ་བར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག །ཅེས་ཐིམ་རིམ་དང་དམིགས་པ་རྣམས་ཚིག་ཟུར་མ་ཉམས་ཤིང་གསལ་གདངས་ཐོན་ཞིང་དལ་བུས་ངོ་སྤྲད་ལ། གསོལ་འདེབས་ཀྱི་ཚེ་བདག་ཉིད་ཅེས་པའི་མལ་དུ་ཚེ་འདས་འདི་ནས་ཞེས་འདོན་པ་བསྒྱུར། ཧིག་གི་མལ་དུ་ཕཊ་ཀྱི་བརྡ་སྦྱར། སྔར་བཤད་པའི་རྟགས་རྣམས་དང་རང་ཉིད་གྲོགས་བཅས་མགོ་ན་བ་དང་། དམིགས་ཡུལ་གྱི་ཐོད་པ་གོགས་པ་དང་འབུར་བ་དང་ཚེག་སྒྲ་འབྱིན་པ་དང་། ཁྲག་དང་ཆུ་སེར་འབབས་པ་སོགས་རྟགས་དངོས་སུ་འོང་བས་མ་བྱུང་གི་བར་དུ་བསྐྱར་ལ་གདབ། རྟགས་ཐོན་ནས་བསྔོ་བ་དང་སྨོན་ལམ་གྱིས་མཚམས་སྦྱར་ལ་གདབ་པར་བྱའོ། །གཉིས་པ་རང་དོན་དུ་ལས་ལ་སྦྱར་བའི་ཚུལ་ནི། རང་ཉིད་འཆི་བའི་རྟགས་ཚང་ཞིང་དེ་ཉིད་ཀྱང་འཆི་བསླུའི་ཆོ་ག་སོགས་ཐབས་སྣ་ཚོགས་བྱས་ཀྱང་མ་བཟློག་པར་ངེས་པར་འཆི་བ་ལ་ཉེ་བའི་ཚེ་འཕོ་བར་བྱ་ཞིང་། འཆི་ལྟས་ཀྱི་ངེས་པ་བརྟན་པོ་མ་མཐོང་བར་བབ་ཅོལ་དུ་འཕོ་ན་རང་ཉིད་ཀྱི་ལྷ་རྣམས་བསད་པའི་ཉེས་པ་སོགས་ཀྱིས་དམྱལ་བར་སྐྱེ་བར་གསུངས་པས་དུས་མིན་དུ་འཕོ་མི་རུང་ངོ་། དེ་ལ་ལྟས་བརྟགས་པའི་ཚུལ་ལ་རང་གི་འཆི་ལྟས་ནི། གཡས་གཡོན་གྱི་རླུང་འཕོ་བ་བཅུ་གཉིས་མི་བྱེད་པར་བུང་གཅིག་ཁོ་ན་ལ་འཕོ་ན་འཆི་ལྟས་ཡིན་ལ། དེ་ཡང་མའི་དུས་སྦྱོར་གཡས་པའི་ཚེ་སྐྱེས་ན་འཆི་ལྟས་གཡས་ནས་འབྱུང་སྟེ། སྣ་བུག་གཡས་པ་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་ཕྱོགས་གསུམ་ན་འཆི། དེ་བཞིན་དུ་ཞག་ལྔ་དང་བཅུ་དང་བཅོ་ལྔ་དང་ཉི་ཤུ་དང་ཉེར་ལྔ་རྒྱུ་ན། རིམ་པས་ལོ་གསུམ་དང་གཅིག་དང་ཟླ་བ་དྲུག་དང་གསུམ་ན་འཆི་ཞིང་། ཞག་ཉེར་དྲུག་ནས་སོ་གཅིག་གི་བར་གྱིས་རིམ་བཞིན་ཟླ་བ་གཉིས་དང་གཅིག་དང་ཕྱེད་དང་། ཞག་བཅུ་དང་ལྔ་གསུམ་ན་འཆི་ལ། དེ་ནས་གཡོན་པ་ཞག་གཅིག་དང་དབུ་མར་གཅིག་རྒྱུ་ཞིང་འཆིའོ། །མའི་དུས་སྦྱོར་གཡོན་གྱི་ཚེ་སྐྱེས་ན་འཆི་ལྟས་ཀྱང་གཡོན་ནས་འབྱུང་སྟེ་སྣ་བུག་གཡོན་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་དང་ཞག་གསུམ་རྒྱུ་ན་ཟླ་བ་སུམ་ཅུ་ནས་འཆི། དེ་བཞིན་ཞག་དྲུག་དང་དགུ་དང་བཅུ་གཉིས་དང་བཅོ་བརྒྱད་དང་། ཉེར་གཅིག་དང་ཉེར་བཞི་དང་ཉེར་བདུན་དང་སུམ་ཅུ་རྒྱུ་ན་རིམ་པས་ཟླ་བ་ཉེར་བདུན་དང་ཉེར་བཞི་དང་ཉེར་གཅིག་དང་བཅོ་བརྒྱད་དང་བཅོ་ལྔ་དང་བཅུ་གཉིས་དང་དགུ་དང་དྲུག་དང་གསུམ་ན་འཆི་ལ། དེ་ནས་ཟླ་བ་གསུམ་ན་གཡོན་ནས་ཞག་སོ་གསུམ་དང་དེ་ནས་སྣ་བུག་གཡས་ནས་ཞག་གཉིས་དང་དབུ་མར་གཅིག་རྒྱུ་ཞིང་འཆི་བར་འགྱུར་བར་བཤད་དོ། །ཉེ་བའི་འཆི་ལྟས་ནི། རྣ་བའི་འུར་སྒྲ་མེད་ན་ཞག་དྲུག །ལྕེའི་རོ་མེད་ན་ཞག་ལྔ། མིག་གི་དབུས་སུ་རི་མོ་སྔར་མེད་པ་བྱུང་ན་ཞག་བཞི། སྣ་གཞོམ་ཞིང་དྲི་མེད་ན་ཞག་གསུམ། ལུས་ཀྱི་རེག་བྱ་དོར་ན་ཞག་གཉིས། ཁུ་བ་མེད་ན་ཞག་གཅིག་ནས་འཆི་བར་བཤད་ལ། ཤིན་ཏུ་ཉེ་བའི་འཆི་ལྟས་ནི་སྔར་ཐིམ་རིམ་གྱི་དུས་སུ་བཤད་པ་ལྟར་འབྱུང་བར་འགྱུར་རོ། །འཆི་ལྟས་འདི་དག་ནི་གློ་བུར་དུ་འཆི་བ་དག་ལ་ཐམས་ཅད་འབྱུང་བའི་ངེས་པ་མི་སྣང་ཡང་། བྱུང་ན་འཆི་བའི་ལྟས་ཡིན་ལ། གཞན་ཡང་རྨི་ལྟས་རྒྱུས་མེད་ཀྱི་ཡུལ་ཕྱོགས་སུ་གཅིག་པུར་འགྲོ་བ་དང་བོང་བུ་ཞོན་ནས་སམ་ཞོན་པ་མེད་པར་ལྷོ་ཕྱོགས་སུ་འགྲོ་བ་དང་། རྒྱ་སྐྱེགས་ཀྱི་རི་ལ་མེ་ཏོག་དམར་པོ་འཐུ་བ་ལ་སོགས་མང་དུ་བྱུང་ན་འཆི་བ་སོགས་མང་དུ་གསུངས་སོ། །འཆི་ལྟས་བྱུང་ན་འཆི་བ་བསླུ་བའི་ཐབས་སྣ་ཚོགས་བྱ། དེས་ཀྱང་མ་བཟློག་པར་ངེས་པར་འཆི་བའི་མཚན་མ་བརྟན་པོ་མཐོང་ན་རང་གི་ནོར་རྫས་རྣམས་བསོད་ནམས་སོགས་པའི་ཕྱོགས་སུ་བཏང་། འཁོར་དང་ལོངས་སྤྱོད་ལ་ཆགས་ཞེན་སྤང་། དམ་ཚིག་ཉམས་ཆགས་བྱུང་བ་ལ་བཤགས་སྡོམ་དྲག་པོ་བྱ། ཡི་དམ་གྱི་བྲིས་སྐུ་སོགས་མདུན་དུ་བཀྲམས་ལ་ལྷའི་རྣལ་འབྱོར་ཅི་རིགས་བསྒོམ། ཡི་དམ་དང་བཀའ་སྡོད་ལ་གཏོར་མ་ཕུལ་ལ་འཆི་བ་ལམ་དུ་ལོངས་པར་གསོལ་བ་དྲག་ཏུ་གདབ། ཆགས་སྡང་སོགས་དུག་ལྔའི་རྟོག་པ་མཚམས་སྦྱོར་ངན་པ་ཐམས་ཅད་སྤངས་ལ་སྨོན་ལམ་བཟང་པོ་བཏབ། འོག་མིན་ནམ་གསང་སྔགས་སྤྱོད་པའི་རིག་འཛིན་གྱི་ཞིང་ཁམས་ཡིད་ལ་བྱ་ཞིང་། དེར་འཕོ་བའི་འཕེན་པ་དྲགས་པོ་ཡང་བྱའོ། །དེ་ནས་འཆི་བ་ལ་ཤིན་ཏུ་ཉེ་བའི་རྟགས་ཤར་བ་ན། ལས་སྦྱོར་དངོས་ནི། ལུས་གནད་སོགས་སྔར་སྦྱོང་བའི་སྐབས་ལྟར་བྱ་ཞིང་། གལ་ཏེ་ནད་ཀྱིས་མནར་བ་སོགས་ལུས་གནད་སྔར་ལྟར་འདུག་པར་དཀའ་ན་གྲོགས་ཀྱིས་སྐྱོར་པའམ། ཡང་ན་སེང་གེའི་ཉལ་སྟབས་བྱ་སྟེ། མགོ་བྱང་དུ་བསྟན། གློ་གཡས་ལ་ཕབ། ལག་གཡས་འགྲམ་པ་གཡས་ལ་སྦྱར། ལག་གཡོན་བརླ་གཡོན་པའི་སྟེང་དུ་སྦུབས་ལ་བརྐྱང་། རྐང་པ་གཡས་འོག་དང་། གཡོན་སྟེང་དུ་བཞག་པའི་ལོང་བུ་བརྩེགས་ཏེ་བརྐྱང་། བག་ཙམ་བསྐུམས་ལ་འཕོས་ཀྱང་ངེས་པར་རུང་ལ། ལུས་གནད་ཕྱི་མ་འདི་ལ་ཆོས་དྲུག་པ་རྣམས་ལུས་བཅོས་ཏེ་འཕོ་བ་ཞེས་བཤད་དོ། །དེ་ནས་དམིགས་པ་རྣམས་སྔར་ལྟར་ལས། སངས་རྒྱས་འོད་དཔག་མེད་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་གི་ཚངས་བུག་རྒྱ་མཐོངས་ཁ་བྱེ་བ་ལྟར་སྐྱ་སེང་ངེ་ཡོད་པ། རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བར་དམིགས་པས་སྐྲ་གྱེན་དུ་འཐེན་ལ་ཧིཀ་དྲག་པོ་ཉེར་གཅིག་གིས་ཚངས་བུག་ནས་སྐར་མདའ་འཕངས་པ་ལྟར། སངས་རྒྱས་ཀྱི་ཐུགས་ཀར་འཕོས་པའི་སྦྱོར་བ་བྱས་པས་འཕོ་ནུས་པའི་རྟགས་སུ་ཤེས་པ་ནག་ཐུམ་བྱེད་ཅིང་དབུགས་ནང་དུ་མི་འདུས་པར་ཕྱིར་ནར་གྱིས་འགྲོ །སྤྱི་གཙུག་ན་བ་དང་གཡའ་བ་འབྱུང་། དེ་ལྟར་མ་བྱུང་ན་རེ་ཞིག་ཆུར་དྲངས་ལ་ངལ་བསོས་ཏེ། སླར་ཡང་དམིགས་པ་གསལ་བཏབ་ལ་ཧིཀ་དྲག་པོ་སོགས་ཀྱིས་འཕོ། རྟགས་བྱུང་ན་གོང་ལྟར་ཧིཀ་ཉེར་གཅིག་གིས་འཕོ། དེས་མ་འཕོས་ན་ཉེར་གཉིས་ནས་ཉེར་ལྔའི་བར་བརྗོད་པས་ངེས་པར་འཕོ་སྟེ། མཐར་མགོན་པོ་འོད་དཔག་མེད་ཀྱང་རང་ཉིད་གང་འདོད་པའི་ཞིང་དེའི་སངས་རྒྱས་ཀྱི་ཐུགས་ཀར་ཐིམ་པར་བསམ་པའམ། ཡང་ན་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་བསྡུས་ཏེ། དགེ་སྦྱོར་དྲན་པར་བྱ་ཞིང་ཟླ་གྲོགས་ཀྱིས་གསལ་འདེབས་བྱ་བར་ཡང་བཤད་དོ། །ཡང་རང་ཉིད་ནད་དྲག་པོས་མནར་བ་སོགས་ཀྱིས་ཧིཀ་སྒྲ་འབྱིན་པར་མི་ནུས་ན། རང་གི་དམིགས་པ་དང་རླུང་དམིགས་སེམས་གསུམ་གྱེན་དུ་གཏད་ལ་འཕོ་བའི་འདུན་པ་དྲག་ཏུ་བྱའོ། །གྲོགས་ཀྱིས་ཕཊ་དྲག་པོ་ཉེར་ལྔའམ་ཧིཀ་དྲག་པོ་ཉེར་ལྔ་སོགས་ཀྱིས་བསྐུལ་ཡང་ཉན་ནོ། །ལར་དུས་ངེས་མེད་དུ་འཕོ་བ་སྦྱང་བའི་སྐབས་ལས། འཆི་ཁར་འཕོ་བ་ལྷག་པར་སླ་བར་བཤད་པའི་ཕྱིར་རོ། །གཞན་དེ་ལྟར་མི་ཤེས་པའི་མིའམ་དུད་འགྲོ་ལ་རྣལ་འབྱོར་པས་དམིགས་པ་ཁོ་ན་མ་གཏོགས་པ་ཡུལ་དེ་ལ་བརྡ་མ་སྤྲད་ཀྱང་ཐེབས་པ་མྱོང་བས་གྲུབ་ཅིང་། དེ་ཙམ་མི་ནུས་པ་ལ་ཡང་ཤི་བའི་ཚེ་སྤྱི་གཙུག་ལ་ཐུག་པ་དང་། སངས་རྒྱས་སྨན་པའི་རྒྱལ་པོའི་མཚན་ནས་བརྗོད་པ་ཙམ་གྱིས་ཀྱང་རྒྱལ་བའི་སྲས་པོ་བརྒྱད་ཀྱིས་བདེ་བ་ཅན་དུ་ཁྲིད་པར་བཤད་ལ། དུད་འགྲོ་ལ་སོགས་པ་འཆི་བ་ལའང་ལུས་བཅོས་ཤིང་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ནས་བརྗོད་པས་སུམ་ཅུ་རྩ་གསུམ་པའི་ལྷའམ་བདེ་འགྲོ་གཞན་དུ་ངེས་པར་སྐྱེ་བར་བཤད་པའི་ཕྱིར་རོ། །སྨྲས་པ། མ་བསྒོམས་སངས་རྒྱས་མྱུར་ལམ་འཕོ་བའི་ཆོས། །འོད་དཔག་མེད་པས་ཨོ་རྒྱན་དངོས་ཉིད་ལ། །ལེགས་པར་གདམས་པའི་ཟབ་ཏིག་མ་འཆོལ་བ། ཁོ་བོས་བཤད་ཀྱི་གཞན་དུ་སུ་ཡིས་གདམས། །དཔེར་ན་གསེར་དང་ལྕགས་ཕྱེ་འདྲེས་པ་དག །དབྱེ་འབྱེད་ཁབ་ལེན་རྡོ་མིན་གཞན་སུ་ཞིག །དེ་ལྟར་མཁས་དང་རྨོངས་པའི་ཁྱད་པར་ཡང་། །ལེགས་བཤད་བརྩམས་ལས་འབྱུང་གི་གཞན་དུ་མིན། ཁོ་བོས་དང་པོ་ལམ་འདི་ཐོས་མ་ཐག །ངེས་པ་མ་མཐོང་བར་དུ་འབད་དེ་བསྒོམས། །སླར་ཡང་ཉམས་མྱོང་བཟང་པོས་ལེགས་འབད་ནས། །རང་བཟོ་སྤངས་ཏེ་སྦྱར་བ་ཁོ་ནར་ངེས། །དེང་སང་ཕལ་ཆེར་ཐོས་རློམ་སྤྱི་བརྟོལ་གྱིས། །གྲགས་པའི་རྗེས་སུ་བསྙེགས་དང་འདི་མི་འདྲ། །འདི་བརྩམས་པ་ལས་བྱུང་བ་ཡི། །དགེ་བ་དུང་ལྟར་དཀར་བ་དེས། །བདག་སོགས་རྨོངས་པའི་འགྲོ་བ་རྣམས། །འཆི་བ་ལམ་དུ་ལོངས་གྱུར་ཅིག །དེ་ལྟར་ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་འདི་ཉིད་ལ་སྔོན་ཆད་བཤེས་གཉེན་ཕལ་ཆེར་གྱི་རང་སྟོབས་དང་སྤྱི་བརྟོལ་གྱི་རང་བཟོའི་ཡིག་ཆ་དག་མ་དག་སྣ་ཚོགས་པ་དང་། ཁུངས་ཐུབ་པའི་ཡིག་ཆ་མདོར་བསྡུས་པ་ཞིག་ལས་མི་འདུག་པས། སླར་རུང་མཐུན་རྣམས་ཀྱིས་མཚམས་སྦྱར་ཏེ་དབུར་སྟོད་འབྲི་ཁུང་དུ་སྐྱུ་རའི་གདུང་རབས་ཐ་ཤལ་ཤཱཀྱའི་དགེ་སློང་རིག་པའི་གནས་བཅུ་ཕྲག་སྨྲ་ཞིང་གནས་ལུགས་རྟོགས་པ་མངོན་དུ་གྱུར་པ། འཆི་བ་འོད་གསལ་ཆོས་སྐུར་བརྟན་པ་ཐོབ་པའི་རིག་འཛིན་ཆོས་ཀྱི་གྲགས་པ་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེས་ཤིང་བྱི་མཆུ་ཟླ་བ་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་དགེ་བའི་དཀར་ཆའི་ཚེས་ལ། གཞོ་སྤྲོ་ལུང་གི་ཀུན་དགའ་ར་བའི་གཟིམས་ཆུང་དབང་ལྡན་ཕོ་བྲང་དུ་མགྱོགས་པར་སྦྱར་བ་དགེ་བར་གྱུར་ཅིག། །།

</div>
</div></onlyinclude>
 
</onlyinclude>
= Tsagli =
= Tsagli =
TSAGLI image gallery goes here
TSAGLI image gallery goes here

Revision as of 11:20, 30 June 2015

This page is under construction. Check back later for updated content.

ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མའི་ལོ་རྒྱུས་གདམས་ངག་ཁྲིད་ཡིག་དང་བཅས་པ་

zab lam 'pho ba'i gdams pa 'jag tshugs ma'i lo rgyus gdams ngag khrid yig dang bcas pa

by  ཉི་ཟླ་སངས་རྒྱས་ (Nyida Sangye)
revealed by  ཉི་ཟླ་སངས་རྒྱས་ (Nyida Sangye)
in cycle  ཟབ་ལམ་འཕོ་བ་གདམས་པ་འཇག་ཚུགས་མ (Zab lam 'pho ba gdams pa 'jag tshugs ma)
Volume 21 (ཞ) / Pages 353-388 / Folios 1a1 to 18b1

[edit]

༄༅། །ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མའི་ལོ་རྒྱུས་གདམས་ངག་ཁྲིད་ཡིག་དང་བཅས་པ་བཞུགས་སོ།། ཉི་ཟླ་སངས་རྒྱས་གཏེར་བྱོན། ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །གུ་རུ་ཐུགས་རྗེ་ཅན་གྱིས་སྙིགས་མའི་སེམས་ཅན་མང་པོ་བདེ་བ་ཅན་གྱི་ཞིང་བཟང་པོ་ལ་སྦྱོར་བའི་གདམས་པ་ཁྱད་པར་ཅན་འཕོ་བ་འཇག་ཚུགས་མའི་ལོ་རྒྱུས་ནི། སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་མཆིམས་ཕུའི་བྲག་དམར་དགེའུ་གོང་ན་བཞུགས་པའི་དུས། རྒྱལ་པོ་ཉིད་ཀྱི་བློན་པོ་ཉི་མ་ཞེས་བྱ་བ་ཞིག་ཡོད་ལ། དེ་ཡི་ཁང་པ་གོང་འོག་གཉིས་ཡོད་པ་ལས། ཁང་པ་འོག་མ་ལ་མེ་ཤོར་ནས། ཁང་པ་དང་ཡོ་བྱད་མང་པོ་ཚིག །ཁོ་རང་གི་ལུས་ཀྱི་ཆ་ཤས་ཀྱང་མི་འདུག་པས། མི་བཟོད་པའི་སྡུག་བསྔལ་གྱི་ཚོར་བ་དྲག་པོ་བྱུང་བའི་ཚེ། རྒྱལ་པོ་ཉིད་ཀྱིས་མ་བཟོད་པར། དགེའུ་གོང་དུ་སློབ་དཔོན་ཆེན་པོའི་དྲུང་དུ་བྱོན་ནས། ནོར་རྫས་མང་པོའི་འབུལ་བ་བྱས་ཏེ། ཀྱེ་སློབ་དཔོན་ཆེན་པོ་ལགས། བདག་གི་བློན་པོ་འདི་ལྟ་བུའི་སྡུག་བསྔལ་གྱིས་ཟིན་པ་སེམས་ཀྱིས་མ་བཟོད་པ་ལགས་པས། སྡུག་བསྔལ་འདི་ལས་མྱུར་དུ་སྒྲོལ་བའི་ཐབས་བསྟན་དུ་གསོལ། ཞེས་ཞུས་པ་དང་སློབ་དཔོན་ཆེན་པོས་ཅང་མི་གསུང་བའི་ཚུལ་གྱིས་ཞལ་གྱིས་བཞེས་ཏེ། སྐད་ཅིག་ལ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་འོད་དཔག་མེད་ཀྱི་སྤྱན་སྔར་བྱོན་ནས་གདམས་པ་འདི་ཉིད་ཞུས་སོ། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པ། བློན་པོ་ཉི་མ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་འདི་ལས་ཐར་པའི་སྐལ་པ་དང་ཇི་ལྟར་ལྡན་ཞེས་གསོལ་པས། སློབ་དཔོན་ཆེན་པོའི་བཀའ་ལས། བློན་པོ་ཉི་མ་ད་ལྟ་འདིར་ཁྲིད་ཤོག །དོན་འགྲུབ་པར་འགྱུར་རོ་གསུངས། རྒྱལ་པོས་བློན་པོ་འབོད་མཁན་བཏང་བས། བློན་པོ་འབྱོན་མ་ཐུབ་པ་ལ། རྒྱལ་པོའི་བཀས་དོ་ལིའི་ཁྱོགས་ལ་བཏེགས་ནས། སློབ་དཔོན་གྱི་དྲུང་དུ་བསྐྱལ་བ་དང་། བློན་པོས་གསེར་ས་ལེ་སྦྲམ་ཉི་མའི་འོད་ལྟ་བུ་འཕྲོ་བ་ཞིག་དང་། དངུལ་གྱི་མཎྜལ་ཟླ་བ་འདྲ་བ་ཞིག་ཕུལ། དེའི་རྗེས་གཞན་མེད་པར་མཛད་དེ། བློན་པོ་ཉི་མ་གཅིག་པུ་ལ། འཕོ་བའི་གདམས་པ་ཟབ་མོ་འདི་གནང་། བློན་པོས་ཞག་བདུན་ཉམས་སུ་བླངས་པས་སྡུག་བསྔལ་ལས་གྲོལ་ཏེ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་སོ། །དེ་ནས་གདམས་པ་འདི་གུ་རུའི་ཕྱག་མཛུབ་གཡོན་གྱི་མཚལ་ཁྲག་གིས་ཤིང་ཏཱ་ལའི་ལོ་མ་ལ་བྲིས། མཚོ་རྒྱལ་གྱི་དབུ་སྐྲས་བཅིངས། ཆུ་དར་སྔོན་པོས་དྲིལ་ནས། རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ། སྒམ་པོ་གདར་གྱི་བྲག་ལ་གཏེར་དུ་སྦས། གཏེར་བདག་ཀླུ་གཙུག་ན་རིན་ཆེན་ལ་བཅོལ། བློན་པོ་བདེ་བ་ཅན་ནས་སེམས་ཅན་གྱི་དོན་དུ་གཏེར་འདི་འདོན་པའི་གང་ཟག་ཉི་ཟླ་སངས་རྒྱས་ཞེས་བྱ་བའི་གཏེར་སྟོན་དུ་འགྱུར་ཏེ། མིང་དེ་ནི་བློན་པོ་ཉི་མས་གསེར་ས་ལེ་སྦྲམ་ཉི་མའི་འོད་ལྟ་བུ་འཕྲོ་བ་དང་། དངུལ་གྱི་མཎྜལ་ཟླ་བ་ལྟ་བུ་ཕུལ་བའི་རྟེན་འབྲེལ་ཡིན་ནོ། །ལས་ཅན་གྱི་གང་ཟག་དེ་མ་བྱུང་གི་བར་དུ་ཐུབ་པར་སྲུངས་ཤིག །ཅེས་གསུངས་སོ། །གཏེར་སྟོན་ཀརྨ་གླིང་པའི་ཡབ་ཉི་ཟླ་སངས་རྒྱས་དེས། སྒམ་པོ་གདར་གྱི་རི་ལ་སྒྲུབ་པ་མཛད་པའི་ཚེ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཞལ་གཟིགས། གནས་དེའི་བྲག་ལ་ཕྱག་མཛུབ་གཏད་དེ། བྲག་འདི་ན་ཟབ་ལམ་འཕོ་བའི་གདམས་པ་ཡོད་པས་ལོངས་ཤིག་གསུངས་པའི་ལུང་བསྟན་བྱུང་བ་བཞིན། གདམས་པ་ཟབ་མོ་འདི་གཏེར་ནས་སྤྱན་དྲངས་ཏེ་རེ་ཞིག་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པའི་སྐབས་ཞིག་ན། སླར་ཡང་རྡོ་རྗེ་ཕག་མོའི་ལུང་གིས། འཕོ་བའི་གདམས་པ་འདི་ནམ་མཁའ་རྒྱལ་མཚན་ལ་བྱིན་ཅིག་གསུངས་པ་བྱུང་ནས། ལུང་བསྟན་བཞིན་མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གནང་། རང་ཉིད་ཀྱིས་གསང་སྟབས་སུ་ཐུགས་ཉམས་སུ་བཞེས་པས། ཞིང་དུ་གཤེགས་ཁར་རྡོ་རྗེ་ཕག་མོས་ཞལ་གཟིགས་ཏེ། གདམས་པ་ཟབ་མོ་འདི། སངྒྷ་བྷ་དྲ་ལ་བྱིན་ཅིག་གསུངས་ལུང་བསྟན་བྱུང་བ་རྟོགས་ལྡན་སངྒྷ་བྷ་དྲ་ལ་གནང་། ཡང་རང་ཉིད་ཉམས་སུ་བཞེས་པའི་སྐབས་ཤིག །རྡོ་རྗེ་ཕག་མོས་ལུང་བསྟན་ཏེ། གདམས་པ་ཟབ་མོ་འདི་དྲི་མེད་བློ་གྲོས་ལ་གཏོད་གསུངས། སྟོད་སྨད་བར་གསུམ་དུ་བཙལ་བས་མ་རྙེད་པར་ཡི་དམ་ལ་གསོལ་བ་བཏབ་པས་དེ་སྙེ་མོ་ན་ཡོད་གསུངས་པ་བྱུང་ནས། སྙེ་མོར་བྱིས་པ་འདྲ་འདུག་པས། ཡུལ་འདི་ན་དྲི་མེད་བློ་གྲོས་ཟེར་བ་ཡོད་དམ་དྲིས་པས། ར་རྫི་དྲི་མེད་བློ་གྲོས་ཟེར་བ་ཡོད་ཟེར། དེ་ག་ན་ཡོད་གསུངས་པས་ནུབ་ཕྱོགས་ཀྱི་རི་ལ་ར་འཚོ་བར་སོང་ཟེར། དེའི་རྩར་བྱོན་པས་ར་རྫི་དྲི་མེད་བློ་གྲོས་རྙེད། སླར་ཡང་ཡི་དམ་ལ་གསོལ་བ་བཏབ་ནས། དེ་ཡིན་མིན་བརྟག་པ་མཛད་པས། ཡིན་པར་ཡིད་ཆེས་ནས། ར་རྫི་དེ་ལ་ང་ལ་བླ་མ་བཟང་པོ་ཞིག་ཡོད་པ་དེས་གདམས་པ་ཟབ་མོ་ཞིག་གནང་ཡོད་པས་ཁྱོད་ལ་སྟེར་དགོས་ལུང་བསྟན་ཡོད་གསུངས་པས་དེ་འདྲ་བདག་ཡིན་པའི་ངེས་པ་མེད་ཟེར་བས། ངེད་ཀྱིས་བླ་མ་དང་ཡི་དམ་ལ་གསོལ་བ་བཏབ་དཔྱད་བྱས་པས་ཡིན་པར་འདུག་གསུངས། གདམས་པ་ཟབ་མོ་འདི་གནང་ཉམས་སུ་བཞེས་པས། ཆིག་བརྒྱུད་ཀྱི་བཀའ་རྒྱ་གྲོལ་ཏེ། ཞུ་མཁན་བྱུང་ཚད་ལ་གནང་བས་ཕྲིན་ལས་ཤིན་ཏུ་ཆེ་བ་བྱུང་། རྩེ་གདོང་དུའང་མི་མང་པོ་ལ་གནང་བས། རྩེ་གདོང་དུ་འཕོ་ཆོས་གནང་བའི་བུ་མོ་གཅིག་ལ། ཕ་མས་བརྡུངས་ཤིང་འཛིངས་པས་སེམས་ཕམ་ནས་མཛོད་ཀྱི་ནང་ལ་སོང་བས། དེ་མ་ཐག་འཕོས་པ་མཐོང་། ཡང་ཞལ་སློབ་གཅིག་ལ་ནད་ཟུག་གཟེར་ཆེན་པོ་ཞིག་བྱུང་བའི་ཚེ། བླ་མའི་གདམས་ངག་ཡོད་བཞིན་དུ། འདི་ལྟ་བུའི་ཟུག་ཁུར་ནས་ཅི་བྱེད་ཟེར་འཕོས་སོང་བས་ཐག་སྒྲ་དང་བཅས་སྤྱི་བོ་འཕར་བ་མི་མང་པོས་མཐོང་བས། ཚུལ་དེ་ཉིད་ཀྱི་གཏམ་གསན་པས་བཀའ་རྒྱ་དམ་དུ་བཏང་ཞེས་གྲགས་པ་ཡིན་ནོ། །ལོ་རྒྱུས་སོ།། ༈ ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་བཞུགས་སོ༔ བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ འདིར་མ་བསྒོམ་པར་སངས་རྒྱ་བའི་གདམས་པ་ཟབ་མོ་འདི༔ རྒྱུད་སྡེ་ཐམས་ཅད་ཀྱི་ཁོང་པའི་སྙིང༔ ཟབ་པའི་མཐར་ཐུག་པ༔ སངས་མི་རྒྱ་བའི་དབང་མེད་པ༔ རྟགས་མངོན་སུམ་དུ་འབྱུང་བ་འདི་ལ༔ ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལ་གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་དང༔ བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་གཉིས་ལས༔ དང་པོ་ནི༔ ཨོ་རྒྱན་རིན་པོ་ཆེས་རྒྱལ་བ་འོད་དཔག་མེད་ལས་མངོན་སུམ་དུ་གསན་ནས༔ བློན་པོ་ཉི་མ་ལ་གནང་ནས་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དེ་ནས་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱིས་གཏེར་ནས་སྤྱན་དྲངས་ཏེ། མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གནང་། དེས་རྟོགས་ལྡན་སངྒྷ་བྷ་དྲ་ལ་གནང་། དེས་ཕ་རྒོད་དྲི་མེད་བློ་གྲོས་ལ་གནང་། དེས་ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་གནང་། དེས་མཚུངས་མེད་མ་ཏིའི་མཚན་ཅན་ལ་གནང་། དེས་མཁས་གྲུབ་ཕུན་ཚོགས་རྣམ་རྒྱལ་ལ་གནང་། དེས་རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལ་གནང་། དེས་མངའ་རིས་འོད་གསལ་མཆོག་ལྡན་ལ་གནང་། དེས་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེ་ལ་གནང། དེ་ནས་རིམ་པར་བརྒྱུད་དོ། །བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ལ༔ རང་གིས་སྦྱོང་བ་དང༔ གཞན་ལ་རྒྱག་པ་དང༔ ལས་ལ་སྦྱོར་བ་དང་གསུམ་ཡོད་པ་ལས༔ དང་པོ་ནི༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ སྐུ་མདོག་པདྨ་རཱ་ག་ལྟར་དམར་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ གཡས་གྲི་གུག་ནམ་མཁའ་ལ་ཕྱར་བ༔ གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ༔ ཞབས་གཡས་བསྐུམ་པའི་རྟིང་པ་བརླ་ལ་སྦྱར་བ༔ གཡོན་པ་བརྐྱང་བས་བམ་རོ་དམར་སེར་གྱི་སྙིང་གར་མནན་ཏེ་གར་སྟབས་སུ་བཞུགས་པར་བསྒོམས་ལ༔ དེའི་ཁོག་པའི་དབུས་སུ་རྩ་དབུ་མ་དམར་བ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ༔ གསལ་བ་ཏིལ་གྱི་མར་མེ་ལྟ་བུ༔ དྲང་བ་ཆུ་ཤིང་གི་སྡོང་པོ་ལྟ་བུ༔ སྟོང་པ་ཤོག་བུ་ཁོང་སྟོང་ལྟ་བུ༔ མཚན་ཉིད་བཞི་ལྡན༔ ཡར་སྣ་སྤྱི་གཙུག་ཏུ་ཟུག་པ༔ རྒྱ་མཐོངས་ཁ་བྱེ་བ་ལྟ་བུ༔ བུ་ག་སྐྱ་ཐལ་ལེར་ཡོད་པ༔ མར་སྣ་གསང་གནས་སུ་ཟུག་པ༔ མདའ་སྨྱུག་འབྲིང་པོ་ཙམ་ཞིག་གསལ་བཏབ༔ དེའི་སྤྱི་བོར་ངོ་བོ་རྩ་བའི་བླ་མ་ལ༔ རྣམ་པ་སངས་རྒྱས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན༔ བྱམས་བཞུགས་སུ་བཞུགས་པའི་ཞབས་གཉིས་ཀྱི་མཐེ་བོང་གིས་བུ་ག་བཀག་པ༔ སྙིང་ག་མན་ཆད་སྨྱུག་ཚིགས་བཀག་པ་ལྟར་ཟུམ་པ༔ དེའི་དབུས་སུ་སྙིང་པདྨ་འདབ་མ་བརྒྱད་པའི་དབུས་སུ༔ རང་གི་སེམས་ཉིད་ཀྱི་ངོ་བོ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ༔ འཕར་ལ་ཁད་འཕུར་ལ་ཁད་པ་གཅིག་གསལ་བཏབ༔ ཧིཀ་བྱས་པས་ཡར་འཕོས༔ ཀས་མར་ཕབ༔ རྟགས་མ་བྱུང་བར་སྦྱང༔ འབྱོངས་ཚད་ནི་བླ་མའི་ཞལ་ལས་ཤེས་སོ༔ རྟགས་བྱུང་བ་དང་ཚེ་དཔག་མེད་སེང་ཁྲི་རྒྱབ་ཡོལ་དང་བཅས་པ་གསལ་བཏབ༔ གཟུངས་རིང་ཐུང་ཅི་མང་བཟླས་མཐར་རང་ལ་བསྟིམ༔ ཚངས་བུག་གསེར་གྱི་རྡོ་རྗེས་བཀག་པར་བསམ་མོ༔ གཟུངས་ཐུང་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་གཞན་ལ་རྒྱག་པ་ནི༔ ཚེ་འདས་ཀྱི་མིང་ནས་བོས་ལ༔ ཁྱོད་ཀྱི་ཚེ་འདིའི་སྣང་བ་ནུབ༔ ཕྱི་མའི་སྣང་བ་མ་ཤར༔ ད་ལྟ་བར་དོའི་སྣང་བ་ཡིན་ནོ༔ ཞེས་ལན་གསུམ༔ དམིགས་པ་འབོགས་པ་ནི༔ ཨོཾ་སྭ་བྷཱ་བས་སྦྱང༔ སྟོང་པའི་ངང་ལས༔ ཚེ་འདས་ཀྱི་ལུས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ ཕྱག་གཡས་གྲི་གུག་ནམ་མཁའ་ལ་ཕྱར་བ༔ གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ་ཞབས་གཡས་བརྐྱང་གཡོན་བསྐུམ་པས་བམ་རོ་སེར་པོ་གན་རྐྱལ་བྱས་པའི་སྙིང་ཁ་མནན་ཏེ༔ གར་སྟབས་སུ་བཞུགས་པ་གཅིག་བསྒོམས་ལ༔ དེའི་ཁོག་པའི་དབུས་སུ་རྩ་དབུ་མ༔ ཁ་དོག་སྔོན་པོ་མཚན་ཉིད་བཞི་ལྡན་ཡར་སྣ་སྤྱི་གཙུག་ཏུ་ཟུག་པ༔ རྒྱ་མཐོངས་ཁ་བྱེ་བ་ལྟ་བུའི་སྟེང༔ སྤྱི་བོའི་གཙུག་ཏུ་ངོ་བོ་རྩ་བའི་བླ་མ་ལ༔ རྣམ་པ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ དེའི་སྐུའི་རྩ་དབུ་མའི་མར་སྣ་དང༔ ཚེ་འདས་ཀྱི་དབུ་མའི་ཡར་སྣ་གཉིས་ཁ་སྤྲད་ལ༔ གཤིན་པོའི་རྣམ་པར་ཤེས་པ་དང་རང་གི་སེམས་ཉིད་དབྱེར་མེད་དུ་བསྲེས་ལ༔ སངས་རྒྱས་ཀྱི་ཐུགས་ཀར་འཕང་ངོ༔ དེའི་རྗེས་ལ་དབྱིངས་རིག་བསྲེས་ལ་མཉམ་པར་བཞག་གོ༔ ཐེབས་པའི་རྟགས་ནི་བླ་མའི་ཞལ་ལས་ཤེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལས་ལ་སྦྱོར་བ་ནི༔ འཆི་རྟགས་ཐམས་ཅད་ཚང་ན་འཕོའོ༔ སྔས་ན་ལྷ་བསད་པའི་ཉེས་པ་དང༔ རང་སྲོག་རང་གིས་བཅད་པའི་ཉེས་པ་ཡོང་སྟེ༔ རྒྱུད་ལས༔ དུས་ལ་བབ་ན་འཕོ་བར་བྱ༔ དུས་མིན་ལྷ་རྣམས་གསད་པར་བྱེད༔ ལྷ་རྣམས་བསད་པ་ཙམ་གྱིས་ནི༔ དམྱལ་བ་དག་ཏུ་སྐྱེ་བར་འགྱུར༔ ཞེས་གསུངས་སོ༔ འཕོ་ལུགས་ནི༔ རང་ལུས་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་སྒོམ་པ་སྔར་དང་འདྲ༔ རང་གི་སྤྱི་བོར་སངས་རྒྱས་འོད་དཔག་མེད་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་སྐུའི་རྩ་དབུ་མའི་མར་སྣ་དང༔ རང་གི་ཡར་སྣ་གཉིས་ཁ་སྤྲད་ལ༔ ཧིཀ་བྱས་རང་གི་རྣམ་ཤེས་སངས་རྒྱས་ཀྱི་ཐུགས་ཀའི་ཧྲཱིཿལ་བསྟིམས་པའི་མཐར་མཉམ་པར་བཞག་གོ༔ དབུགས་ཧར་སོང་ནས་མཁའ་སྤྱོད་དུ་འགྲོ་བར་ཐེ་ཚོམ་མེད་དོ༔ ཡར་འདེགས་མར་འབེབ་རེས་མོས་ཀྱི༔ ཉི་ཤུ་རྩ་གཅིག་དབུགས་དག་གིས༔ འཆི་བ་ཞེས་བྱའི་རྣམ་རྟོག་གིས༔ མཁའ་སྤྱོད་གནས་སུ་སྐྱེ་བར་བྱེད༔ དེ་ཕྱིར་འདི་དང་འཕྲད་པ་དགའ༔ ཞེས་གསུངས་སོ༔ གསོལ་འདེབས་ཀ་དག་མ་འདི་བཀའ་རྒྱ་ཤིན་ཏུ་དམ་པར་བྱའོ༔ འདི་དམ་ཚིག་མི་གཙང་བ་ལ་བྱིན་ན་མཁའ་འགྲོའི་བཀའ་ཆད་ཡོང་བས༔ སྣོད་མིན་དང༔ དམ་ཚིག་མི་གཙང་བ་ལ་སྟེར་དུ་མི་རུང་ངོ༔ འདི་ཞུ་བའི་དུས་སུ་ཚོགས་འཁོར་མེད་ཐབས་མེད་དོ༔ འཕོ་ཆོས་མ་ཚུགས་བར་དུ་འཛིན་དུ་མི་རུང་ངོ༔ འཇག་མ་ཚུགས་ན་རྒྱག་ཏུ་མི་རུང༔ ཚེ་ལ་གནོད་དོ༔ འཕོ་བ་འཇག་ཚུགས་མའི་གདམས་པ་ཟབ་མོ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་གཏེར་ནས་བྱོན་པ་ལགས་སོ།། ༈ །།གསོལ་འདེབས་ནི༔ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ དེ་བཞིན་སྔ་ཕྱིར་སྦྱར་བས། སངས་རྒྱསྎ མཚུངས་མེད་ནམ་མཁའ་རྒྱལ་མཚན་ལྎ རྟོགས་ལྡན་སངྒྷ་བྷ་དྲ་ལྎ ཕ་རྒོད་དྲི་མེད་བློ་གྲོས་ལྎ ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལྎ མཚུངས་མེད་མ་ཏིའི་མཚན་ཅན་ལྎ བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ལྎ རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལྎ མངའ་རིས་འོད་གསལ་མཆོག་ལྡན་ལྎ འཇམ་དབྱངས་ཆོས་རྒྱལ་རྡོ་རྗེ་ལྎ དྲིན་ཆེན་རྩ་བའི་བླ་མ་ལྎ ༈ གསོལ་འདེབས་ཀ་དག་མ་བཞུགས་སོ། །ཀ་དག་བདེ་ཆེན་ཞིང་ཁམས་དེ་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ལྷུན་གྲུབ་ཐུགས་རྗེའི་ཞིང་ཁམས་དེ་ནས༔ ལོངས་སྐུ་སྤྱན་རས་གཟིགས་དབང་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་དེ་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ སྣང་སྲིད་ཆོས་སྐུའི་ཕོ་བྲང་དེ་ནས༔ གཏེར་སྟོན་ཉི་ཟླ་སངས་རྒྱས་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ཟབ་ཡངས་ཆོས་སྐུའི་ཕོ་བྲང་དེ་ནས༔ མཚུངས་མེད་ནམ་མཁའ་རྒྱལ་མཚན་དེ་ཡང༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔ སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ཁྱབ་བརྡལ་གཉུག་མའི་ཕོ་བྲང་དེ་ནས། །རྟོགས་ལྡན་སངྒྷ་བྷ་དྲ་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཟབ་དོན་གདམས་པའི་གཏེར་མཛོད་འཛིན་པའི། །ཕ་རྒོད་དྲི་མེད་བློ་གྲོས་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། སྨིན་གྲོལ་ཐར་པའི་ལམ་མཆོག་སྟོན་པའི། །འདྲེན་མཆོག་སངས་རྒྱས་རྒྱལ་མཚན་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། སྙན་བརྒྱུད་ཟབ་མོའི་ཆོས་ཆར་འབེབ་པའི། །མཚུངས་མེད་མ་ཏིའི་མཚན་ཅན་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཆོས་ཀྱི་རྟོགས་པ་མངོན་དུ་གྱུར་པའི། །མཁས་གྲུབ་ཕུན་ཚོགས་རྣམ་རྒྱལ་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ལྷུན་གྲུབ་སྣང་བཞིའི་ཕོ་བྲང་དེ་ནས། །རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། འཆི་མེད་གྲུབ་པའི་ཕོ་བྲང་དེ་ནས། །མངའ་རིས་འོད་གསལ་མཆོག་ལྡན་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། མཁས་གྲུབ་རྒྱ་མཚོའི་གཙུག་གི་ནོར་བུ། །བླ་མེད་ཆོས་རྒྱལ་རྡོ་རྗེ་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ནས། །དྲིན་ཆེན་རྩ་བའི་བླ་མ་དེ་ཡང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ༈ མྱུར་ལམ་འཕོ་བའི་གདམས་པ་འཇག་ཚུགས་མའི་ཁྲིད་ཡིག་པདྨ་ཅན་དུ་བགྲོད་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །མྱུར་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་ཞེས་བྱ་བ། བླ་མ་དང་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཐེག་པའི་ཟབ་ལམ་དཔྱིད། །སྟེང་སྒོ་རྣམ་གྲོལ་འཕོ་བའི་ལམ། །མ་བསྒོམ་སངས་རྒྱས་མངོན་བྱེད་པ། ཁོ་བོས་བཤད་ཀྱིས་ཉམས་སུ་ལོངས། །འདིར་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་དང་གདམས་པ་ཀུན་གྱི་མཐར་ཐུག་ཕོ་ཉའི་ལམ་སྲོལ་སྟེང་སྒོ་རྣམ་པར་གྲོལ་བ་དང་། འོག་སྒོ་བདེ་བ་ཆེན་པོ་གཉིས་སུ་འདུས་པ་ལས། །འདིར་སྟེང་སྒོ་རྣམ་པར་གྲོལ་བ་མ་བསྒོམ་པར་རྡོ་རྗེ་འཆང་མངོན་དུ་བྱ་བའི་ཐབས་ཟབ་ལམ་འཕོ་བའི་གདམས་པ་ནི། སྙིགས་མའི་སེམས་ཅན་ཚེ་ཐུང་ཉོན་མོངས་པ་རགས་པས་བསྐྱེད་རྫོགས་ཀྱི་གདམས་པ་ཡུན་རིང་དུ་བསྒོམས་ཀྱང་རྣམ་པར་གཡེང་བའི་དབང་དུ་གྱུར་པ་ཤས་ཆེ་བས། དེ་དག་ལ་མ་བསྒོམ་ཡང་སྡིག་པོ་ཆེ་མཚམས་མེད་པ་ལྔ་སྤྱད་པའི་གང་ཟག་ཞིག་ཡིནཡང་། ལམ་འདི་དང་འཕྲད་ན་གྲོལ་ངེས་ཏེ། རྗེ་བཙུན་མར་པས། །བསྒོམས་ན་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམ་སངས་རྒྱས་ང་ལ་ཡོད། །ཅེས་གསུངས་པས། ལམ་འདི་ཉིད་ཉམས་སུ་ལེན་པ་ལ་གཉིས་ཡོད་དེ། ཡིད་ཆེས་ཤིང་ཁུངས་བཙུན་པ་ལ་ལོ་རྒྱུས་ཀྱི་རྣམ་ཐར་དབྱེ་བ་དང་། གདམས་པ་དངོས་སོ། །དང་པོ་ནི། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་འཁོར་དཔལ་གྱི་བསམ་ཡས་བཞེངས་པའི་ས་འདུལ་དང་རབ་ཏུ་གནས་པར་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་སྤྱན་དྲངས་ཏེ་ཡོད་པའི་སྐབས་ཞིག་གི་ཚེ། རྒྱལ་པོའི་བློན་པོ་ཉི་མ་ཞེས་པ་བྱ་བ་ལོངས་སྤྱོད་མངའ་རིས་དཔལ་ཡོན་གྱིས་ཕྱུག་པ་ཞིག་ལ་ཕོ་བྲང་གཉིས་ཡོད་པས། ཀ་ཅ་འདོན་འཇུག་གི་ཆེད་དུ་ནུབ་གཅིག་བློན་པོ་ཉིད་ཀྱིས་སྒྲོན་མེ་བཏེགས་ཏེ་གཞན་རྣམས་ག་ལ་བ་དེར་དོང་པའི་ཚེ་སྒྲོན་མེའི་མེ་སྟག་ཕྲ་མོ་ཞིག་ཆད་པ་ཕོ་བྲང་གི་མེ་རྫས་ལ་ཟིན་ཏེ་མེ་འབར་ནས་བློན་པོའི་བླའི་མཆོད་གནས་ཤིག་དང་། བློན་པོ་ཉིད་ཀྱི་ཕ་མས་ཐོག་དྲངས་ཕོ་མོ་བཅུ་གསུམ། གཞན་ཡང་རྟ་བོང་དང་མཛོ་དྲེའུ་ཁྱི་ཕག་སོགས་རྐང་གྲངས་མང་དུ་ཚེའི་དུས་བྱས་སོ། །དེའི་མོད་ལ་བློན་པོའི་བསམ་པ་ལ་བདག་ཉིད་སྔོན་ལས་ཀྱི་འཕྲོ་ངན་པས་དགོས་པ་ཅི་ཡང་མེད་པར་ཕོ་བྲང་མེས་ཚིག་པས་མི་དགེ་བ་རྔམ་པོ་ཆེའི་རྒྱུར་སོང་སྙམས་ནས། མྱ་ངན་གྱིས་ལྗི་བར་ནོན་ནས་མུན་པའི་ཁང་བུར་འདྲེ་ལྡོག་ཅིང་སྨྲེ་སྔགས་དང་ཆོ་ངེས་དྲག་པོས་དུས་འདའ་བར་བྱས་པ་ན། མངའ་བདག་གིས་བློན་པོ་མྱ་ངན་གྱིས་གཟིར་བ་དེ་གཟིགས་ཏེ། མ་བཟོད་པར་འདི་སྙམ་དུ་བློན་པོ་རིག་པ་ཅན་འདི་ལྟ་བུས་ཉམས་ཉེས་པ་སོགས་ཀྱིས། ད་ནི་བློན་པོའི་གནས་སྐབས་སུ་ཚེ་འདིར་མྱ་ངན་གྱི་གདུང་བ་དྲག་པོ་འདི་ལས་སྐྱོབ་ཅིང་མཐར་ཐུག་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་ཤིག་དགོངས་པ་ལ། དེ་ལྟ་བུའི་ནུས་པ་བདག་ལ་མེད་པས་ཨོ་རྒྱན་རིན་པོ་ཆེ་ལ་ཞུ་དགོས་དགོངས་ཏེ། བྲག་དམར་བསམ་ཡས་མཆིམས་ཕུ་དགེའུ་མཚོ་རྒྱལ་ཕུག་པར་ཨོ་རྒྱན་རིན་པོ་ཆེ་བཞུགས་པའི་སྤྱན་སྔར་བྱོན་ཏེ། སྔར་གྱི་བློན་པོ་ཉི་མའི་ལོ་རྒྱུས་ཞུས་ཤིང་གསོལ་བ་བཏབ་པས། ཨོ་རྒྱན་རིན་པོ་ཆེས་ཅང་མི་གསུང་བའི་ཚུལ་གྱིས་ཞལ་གྱིས་བཞེས་སོ། །དེར་རྒྱལ་པོ་འཁོར་བཅས་ཟབ་ཡངས་ཀྱི་གཙུག་ལག་ཁང་ཆེན་པོར་སླར་ལོག་པའི་མོད་ལ་ཨོ་རྒྱན་ཉིད་དགོངས་པ་ལ་བཞུགས་ཏེ། བདེ་བ་ཅན་གྱི་ཞིང་དུ་སངས་རྒྱས་འོད་དཔག་མེད་པའི་སྤྱན་སྔར་བྱོན་ཏེ། མ་བསྒོམ་པར་འཚང་རྒྱ་བའི་ཟབ་ལམ་འཕོ་བའི་གདམས་པ་འདི་ཉིད་ཨོ་རྒྱན་རིན་པོ་ཆེ་ལ་གནང་། ཟབ་ལམ་འཕོ་བའི་གདམས་པ་གཞན་ལས་ཁྱད་པར་དུ་འཕགས་པ་འདི་ཉིད་ད་དུང་སྤེལ་བའི་དུས་ལ་མ་བབ་པས། བློན་པོ་ཉི་མ་གཅིག་པུ་ལ་ཤོད། གཞན་སུ་ལ་ཡང་མ་བསྟན་པར་མ་འོངས་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཚེ་བློན་པོ་ཉི་མ་ཉིད་མིའི་ཚུལ་བཟུང་ནས་འབྱུང་གི་དེའི་ཆོས་སྐལ་དུ་སྨོན་ལམ་ཐོབ་ལ་གཏེར་དུ་སྦོས་ཤིག །ཅེས་བཀའ་རྒྱས་བཏབ་ནས་གནང་ངོ་། །དེ་ནས་ཨོ་རྒྱན་ཉིད་སླར་ཡང་བདེ་བ་ཅན་གྱི་ཞིང་ནས་མཆིམས་ཕུ་དགེའུ་གོང་དུ་ཕེབས་ནས་དར་གཅིག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལས་བཞེངས་མ་ཐག །མཚོ་རྒྱལ་གྱིས་གུ་རུ་རིན་པོ་ཆེ་བློན་པོ་ཉི་མའི་དོན་དང་རྒྱལ་པོ་ཐུགས་ཆེས་པའི་གདམས་པ་བདེ་བ་ཅན་ནས་མཆིས་ལགས་སམ་ཞེས་ཞུས་པས། སྔོན་བདེ་བར་གཤེགས་པ་རྣམས་ཀྱི་བསྟན་པ་ལ་འབྱུང་དཀའ་བའི་གདམས་པ་ཟབ་མོ་བཀའ་རྒྱས་བཏབ་པ་དག་བདོག་གི །ཁྱོད་ཀྱིས་སོང་ལ་རྒྱལ་པོ་འདིར་སྤྱན་དྲོངས་ཤིག །ཅེས་གསུངས་པ་དང་། མཚོ་རྒྱལ་གྱིས་དེ་མ་ཐག་རྒྱལ་པོ་འཁོར་བཅས་སྤྱན་དྲངས་ཏེ་གུ་རུ་ཉིད་ཀྱི་སྤྱན་སྔར་སོན་པའི་ཚེ། བཀའ་བསྩལ་པ། ཀྱེ་མ་མངའ་བདག་རྒྱལ་པོ། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་མདོ་སྔགས་ཀྱི་ཐེག་པའི་ལམ་སྲོལ་མན་ངག་དང་བཅས་པ་མ་ལུས་པ་བདག་ལ་བདོག་ལགས་ཀྱང་། སྙིགས་མའི་སེམས་ཅན་ཐམས་ཅད་ཐེ་ཚོམ་དང་ཡིད་གཉིས་ཀྱི་འཆིང་བས་དམ་པར་བཅིངས་པ་རྣམས་ཡིད་ཆེས་པའི་སླད་དུ། བདག་བདེ་བ་ཅན་གྱི་ཞིང་ཁམས་སུ་དོང་སྟེ། མགོན་པོ་འོད་དཔག་ཏུ་མེད་པ་ལ་མ་བསྒོམ་པར་འཚང་རྒྱ་བའི་གདམས་པ་ཟབ་མོ་སྔར་མེད་པ་ཞུས་ཀྱིས་བློན་པོ་ཉི་མ་ད་ལྟ་ཉིད་དུ་འདིར་བོས་ཤིག་གསུངས་པར། རྒྱལ་པོ་འཁོར་དང་བཅས་པས་ཕྱིན་ཏེ་བློན་པོ་ཉི་མ་མུན་པའི་ཁང་བུ་ནས་བཏོན་ཏེ་ཁྲིད་པར་བརྩམ་པ་ན། སྔར་གྱི་མྱ་ངན་གྱིས་འདྲེ་ལྡོག་སྟེ་རྐང་པ་ཉམས་ཉེས་ཏེ་འགྲོ་བའི་མཐུ་མི་འདུག་པས། སླར་ཤིང་རྟའི་ཁྲི་ལ་བཞག་ནས་ཨོ་རྒྱན་རིན་པོ་ཆེའི་སྤྱན་སྔར་ཁྲིད་དོ། །དེར་འཁོད་དེ་བློན་པོ་ཉི་མས་གུ་རུ་རིན་པོ་ཆེ་ལ་གསེར་ཉི་མའི་འོད་དང་ལྡན་པའི་ས་ལེ་སྦྲམ་གཅིག །དངུལ་ཟླ་བ་ཉ་གང་བ་ལྟར་གསལ་ཞིང་འཚེར་བའི་མཎྜལ་སྟེང་དུ་བཞག་པ་ལ་རིན་པོ་ཆེ་སྣ་ལྔའི་ཕྱེ་མས་ལེགས་པར་སྤུངས་པ་ཕུལ་ཏེ་གསོལ་བ་བཏབ་པའི་མོད་ལ། གུ་རུ་རིན་པོ་ཆེས་རྒྱལ་པོ་འཁོར་དང་བཅས་པ་ཕྱིར་བསྐྲད་དེ། བློན་པོ་ཉི་མ་ཁོ་ན་ལ་ཟབ་ལམ་འཕོ་བ་བསྟན་ནས་སླར་བློན་པོ་རང་གི་ཁྱིམ་དུ་ལྡོག་སྟེ་བསྒོམས་པས་ཞག་བདུན་ནས་བློན་པོས་འཕོ་བ་འབྱོངས་པའི་དྲོད་ཚད་དང་ངེས་པ་བརྟན་པོ་རྙེད་དེ་ལུས་མ་སྤངས་པར་རིག་འཛིན་གྱི་གྲལ་དུ་འཁོད་པར་གྱུར་ཅིང་། སྔར་མེས་ཚིག་པའི་འགྲོ་བ་རྣམས་ཀྱང་ཉིད་ཀྱི་གདུལ་བྱར་གྱུར་ཏེ་དག་པའི་ཞིང་དུ་སྐྱེས་སོ། །དེར་དེ་ལྟ་བུའི་གདམས་པ་ངོ་མཚར་བར་རྒྱལ་པོས་གཟིགས་ཏེ། རྒྱལ་པོའི་དགོངས་པ་ལ་གུ་རུ་རིན་པོ་ཆེ་དང་བདག་ཅག་དམ་ཚིག་གི་འབྲེལ་བའི་སློབ་དཔོན་དུ་གྱུར་ཅིང་ཡུན་ཡང་རིང་བ་འདི་ཙམ་དུ་འགྲོགས་པས་གདམས་པ་ཟབ་མོ་འདི་བདག་གིས་ཀྱང་ཞུས་ན་བསྩལ་ཏེ་འོང་སྙམ་ནས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་བཏབ་ཀྱང་། གུ་རུའི་ཞལ་ནས་རྒྱལ་པོ་ཆེན་པོ་ཆོས་ལ་མོས་ན་སྔར་རྡོ་རྗེ་ཐེག་པའི་ཟབ་ལམ་མང་དུ་བཤད་པ་དེ་ཙམ་གྱིས་ཆོག་མོད། གདམས་པ་འདི་ནི་བློན་པོ་ཉི་མ་ཁོ་ན་ལས་གཞན་ལ་སྤེལ་བའི་གནས་མེད་པར་སངས་རྒྱས་འོད་དཔག་མེད་ཀྱི་བཀའ་རྒྱ་ཡོད་པས་འབུལ་བར་མི་བྱ་ཡིས་ཕྱིར་ལྡོག་ཅིག །ཅེས་གསུངས་ཏེ་མ་གནང་ངོ་། །དེ་ནས་སྐབས་ཤིག་ཏུ་སངས་རྒྱས་འོད་དཔག་ཏུ་མེད་པའི་ལུང་བསྟན་དང་། རྗེས་སུ་གདམས་པ་དོན་ཡོད་པའི་ཕྱིར་གུ་རུ་ཉིད་ཀྱི་ཕྱག་གཡོན་སྲིན་འཛུབ་ལ་རྨ་བཏོད་དེ། སྐུ་མཚལ་བྱུང་བ་མཚོ་རྒྱལ་གྱི་དབུ་སྐྲ་ཉག་གཅིག་གིས་ཤིང་ཏཱ་ལའི་ལོ་མར་གདམས་པ་འདི་བྲིས་ཏེ་མ་འོངས་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཚེ་བློན་པོ་ཉི་མ་ཉིད་སྔར་ཆོས་ཀྱི་ཡོན་ལ་གསེར་ཉི་མ་ལྟར་དང་དངུལ་ཟླ་བ་བཞིན་ཕུལ་བའི་མིང་གིས་མཚོན་ཏེ། གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་བྱ་བར་སྐྱེས་པའི་ཚེ་གདམས་པ་འདི་དང་འཕྲད་ནས་འགྲོ་བ་སེམས་ཅན་མ་རུངས་པ་རྣམས་འདུལ་བར་གྱུར་ཅིག །ཅེས་སྨོན་ལམ་གྱིས་མཚམས་སྦྱར་ནས་གསེར་དངུལ་ཟངས་ལྕགས་ཀྱི་སྒྲོམ་བུ་རྣམས་གཅིག་གི་ནང་དུ་གཅིག་བཅུག་པའི་ནང་དུ་ཆུ་དར་སྔོན་པོས་དྲིལ་བ་བཅུག །ཨོ་རྒྱན་ཡབ་ཡུམ་ཕྱག་རྒྱས་མནན་ཏེ། རྫོགས་པའི་སངས་རྒྱས་ཀྱིས་ལུང་བསྟན་པ་རི་བོ་ཤཱནྟི་ཞེས་སམ། ཞི་བའི་རི་བོ་ཞེས་པ་དྭགས་ལྷ་སྒམ་པོའི་རྒྱབ་ཀྱི་མཚོ་མཎྜལ་ནག་པོའི་གཏིང་དུ་སྦས། གཏེར་སྟོན་ཉི་མ་མ་བྱུང་གི་བར་དུ་ཀླུ་རྒྱལ་གཙུག་ན་རིན་ཆེན་གཏེར་སྲུང་དུ་བཀའ་བསྒོས་ལ་བཞག་གོ །དེ་ནས་ཕྱིས་གཏེར་སྟོན་ཉི་ཟླ་སངས་རྒྱས་སུ་གྲགས་པ་བློན་པོ་ཉི་མའི་སྐྱེ་བར་གྱུར་པ་དེ་ཉིད་ཕེབས་ཏེ། མཚོ་མཎྜལ་ནག་པོའི་དབུས་ནས་གདམས་པ་འདི་ཉིད་ཟབ་གཏེར་དུ་སྤྱན་དྲངས། དེར་ཀླུ་རྣམས་ཀྱིས་གདམས་པ་ཞུས་པའི་ཚེ། གཏེར་སྟོན་ཉིད་ཀྱིས་ཤོག་སེར་ཞལ་ཕྱེ་ནས་ཀླུ་རྣམས་ལ་གདམས་པ་བསྟན་པས། མཚོ་དེར་གནས་པའི་ཀླུ་རྣམས་ཀྱིས་བདེན་པ་མཐོང་ཞིང་ཕྱིར་མི་ལྡོག་པའི་ས་ལ་བཞག །མཚོ་དེའི་ཉ་སྲམ་སྲོག་ཆགས་སྦལ་པ་རྣམས་ཀྱང་ཚེ་འཕོས་མ་ཐག་མངོན་པར་མཐོ་བའི་གོ་འཕང་ལ་འགོད་པར་མཛད་དོ། །དེ་ལྟ་བུའི་གཏེར་སྟོན་དེ་ཉིད་ཀྱིས་མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གནང་། དེས་རྟོགས་ལྡན་སངྒྷ་བྷ་དྲ་ལ་གནང་། དེས་ཕ་རྒོད་དྲི་མེད་བློ་གྲོས་ལ། དེས་ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ། དེས་མཚུངས་མེད་མ་ཏིའི་མཚན་ཅན་ལ། དེས་བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ལ། དེས་མཚུངས་མེད་བིདྱཱའི་མཚན་ཅན་ལ། དེས་རྗེ་བཙུན་དཀོན་མཆོག་རཏྣ་ལ། དེས་བདག་ལའོ། །དེ་དག་ནི་ལོ་རྒྱུས་མདོ་ཙམ་བརྗོད་པ་དག་གོ །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་གཉིས་ཏེ། སྦྱོང་བ་དང་ལས་ལ་སྦྱར་བའོ། །དང་པོ་ལ་གསུམ། སྔོན་དུ་འགྲོ་བ་དང་། དངོས་གཞི་དང་། མཇུག་རྣམས་སོ། །དང་པོ་སྔོན་དུ་འགྲོ་བ་ནི། དབེན་པའི་གནས་སུ་རྣམ་པར་གཡེང་བ་ཐམས་ཅད་སྤངས་ནས་བདེ་ཞིང་རྒྱབ་ཅུང་ཟད་མཐོ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལེགས་པར་འཁོད་ནས། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་ཞིང་གསག་སྦྱོང་གི་ལས་དང་བླ་མའི་རྣལ་འབྱོར་བསྒོམ་ཞིང་ཟབ་ལམ་འཕོ་བའི་གདམས་པ་མྱུར་དུ་འབྱོངས་པར་གསོལ་བ་གདབ་བོ། །གཉིས་པ་དངོས་གཞི་ནི། འདིའི་ལྷ་བསྐྱེད་པ་དབང་པོ་ཐ་མ་དག་སྤྲོས་པ་ཆུང་བའི་དབང་དུ་མཛད་ནས་བླ་མ་གོང་མ་ལ་ལ་དག་ཡི་དམ་གྱི་ལྷ་ལ་རྒྱན་མེད་པར་བསྒོམ་པ་འདུག་ཀྱང་། དབང་པོ་རབ་འབྲིང་ཐ་མ་གསུམ་ཀ་ལ་ཆོ་ག་རྒྱས་པ་ཁོ་ན་ཕུན་སུམ་ཚོགས་པའི་ཡན་ལག་ཉིད་དུ་འགྱུར་ཞིང་། ཁྱད་པར་དུ་ཡང་དབང་པོ་རབ་ལ་ཆོ་ག་རྒྱས་པ་ལྷག་པར་དགོས་པ་རྗེ་འཇིག་རྟེན་མགོན་པོས་གསུངས་པས་འདི་ལྟར་ཉམས་སུ་ལེན་དགོས་ཏེ། དེ་ཡང་། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་པ་ཙམ་གྱིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྣམ་པར་དག་པ་དེ་ངའོ་སྙམ་དུ་བསམ་པའི་ངང་ནས། སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་འོད་འཕྲོ་བའི་སྟེང་དུ་བམ་རོ་སེར་པོ་གལ་རྐྱལ་དུ་ཕྱོགས་པའི་སྟེང་དུ་ནམ་མཁའ་ལ་དར་ཕྱར་བའམ། ཆུ་ལ་ཉ་ལྡང་བའི་ཚུལ་ལམ། ནམ་མཁའི་དཀྱིལ་འཁོར་ལ་ཉི་མའི་འོད་ཟེར་ཤར་བ་བཞིན་དུ་སྐད་ཅིག་གིས་ལུས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དྲི་མ་མེད་པའི་འོད་ཟེར་ཚད་མེད་པ་འཕྲོ་བ། སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མའི་འོད་ཀྱིས་རེག་པ་བཞིན་དམར་ཞིང་བརྗིད་ཆགས་པ། ཞབས་གཡོན་པ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་འགྱིང་བའི་རྟིང་པ་བྷ་ག་ལ་གཏད་པས་གསང་བའི་རྩ་ཁ་ཁ་མུ་ཁ་མནན་པར་མཛད་ཅིང་། གཡས་བརྐྱང་པའི་སྟབས་ཀྱིས་དབུགས་བྲལ་གྱི་སྙིང་ཁ་མནན་ཏེ་བཞེངས་པ། རྩ་བའི་ཞལ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ལ་རྗེས་སུ་ཆགས་པའི་ཉམས་དང་ལྡན་པ། མཆེ་བ་ཅུང་ཟད་གཙིགས་ཤིང་གར་དགུའི་རྣམ་རོལ་གྱིས་ཡང་དག་པར་སྤ་བ། གཙང་བ་དང་མི་གཙང་བའི་ཀུན་ཏུ་རྟོག་པས་དཀྲིས་པའི་བྲམ་ཟེ་སོགས་ཐེག་པ་དམན་ལ་འཁོད་པ་དང་། དེ་དག་གི་རྗེས་མཐུན་གྱི་ལམ་སྲོལ་གདལ་བ་དག་སྐྱོར་འབྱིན་དང་བགྲོད་པའི་སྟབས་ཀྱིས་ཚར་བཅད་དེ་གསང་ཆེན་རྣམ་པར་མི་རྟོག་པའི་ལམ་ལས་མི་སློབ་པའི་གོ་འཕང་ལ་དཀྲི་བའི་སླད་དུ་རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་རྡོ་རྗེ་རྩེ་ལྔའི་ཡུ་བ་ཅན་ནམ་མཁར་ཕྱར་ཞིང་། གཡོན་ཐོད་པ་བདུད་ཀྱི་ཁྲག་གིས་བཀང་བ་ཐུགས་ཀར་བསྣམས་པའི་མཆན་ཁུང་དུ་རྡོ་རྗེ་ཁ་ཊྭཱཾ་ག་སྒྲེང་བའི་ཚུལ་དུ་ཐོགས་པ། དབུ་ལ་ཐོད་སྐམ་རིན་ཆེན་གྱི་རྩེ་བྲན་ཅན་ལྔས་བརྒྱན་ཅིང་། ཐོད་པ་སྐམ་པོ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་ཤིང་། ཐོད་པའི་དུམ་བུ་དང་ནོར་བུའི་ཕྱག་གདུབ་ཞབས་གདུབ་སྐ་རགས་སེ་མོ་དོ་མགུལ་རྒྱན་རྣམས་འོད་འབར་བས་མཛེས་པར་བརྒྱན་པ། དབང་པོའི་གནམ་རུ་ལ་འགོང་པར་ནུས་པའི་ལྷ་རྫས་ཀྱི་གོས་དུ་མས་བཀླུབས་པ་སེར་བུས་བརླབ་པའི་ཚེ་སུམ་ཁུག་འཁྱོགས་ཤིང་གྱེས་པའི་རྣམ་པར་གཡོ་བ། ཕྲག་གོང་གཡོན་ནས་མཆན་ཁུང་གཡས་སུ་འཁྱུད་པའི་མཆོད་ཕྱིར་ཐོགས། དུར་ཁྲོད་ཀྱི་སྐྲ་ལས་བྱས་པ་ཉེ་བར་མདུད་པ་མི་མངོན་པས་སྤྲས་ཤིང་། དབུ་སྐྲ་ཕྱེད་བཅིངས་པའི་ལྷག་མ་རྒྱབ་ཏུ་སིལ་བུར་གྲོལ་བ། བདེ་བ་ཆེན་པོའི་ཉམས་འོད་འབར་ཞིང་ལང་ཚོ་གསར་པས་ཡང་དག་པར་སྤྲས་པ། བྷ་ག་རབ་ཏུ་རྒྱས་ཤིང་བཅུ་དྲུག་ལོན་པའི་ཉམས་ལྡན་ནུ་འབུར་ཟུང་གིས་སྒེག་ཅིང་། བདེ་བ་དང་སྟོང་པ་རོ་མཉམ་པའི་རྗེས་སུ་ཆགས་པའི་ངོ་བོ་ཉིད་སྙིང་རྗེའི་དཔྱིད་ཀྱིས་ཉེ་བར་གང་བས་ཁྲོ་ཞིང་འཛུམ་པ། སྤྱན་གསུམ་ཕྱོགས་བཅུར་གཡོ་བས་གདུག་པ་ཅན་ཐམས་ཅད་གཞོམ་ཞིང་བག་འཁུམ་པར་བྱེད་པ། སྐུ་སྣང་ལ་རང་བཞིན་མེད་པ་ཏིལ་གྱི་མར་མེ་ལྟ་བུར་གསལ་བའི་ཁོང་བུའི་ནང་དུ་རྩ་ཨ་བ་དྷཱུ་ཏི་ཕྱི་སྔོ་བ་ནང་དམར་བ་མདའ་སྨྱུག་འབྲིང་པོ་ཙམ་པ། དེ་ཡང་དྲང་བ། དྭངས་པ། གསལ་བ། ནང་སྟོང་པ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣ་སྤྱི་བོའི་ཚངས་པའི་བུ་གར་ཐལ་གྱིས་ཟུག་པ། མར་སྣ་གསང་གནས་སུ་ཟུག་པ། སྙིང་གའི་ཐད་དུ་སྨྱུག་མའི་ཚིགས་ལྟ་བུར་འགགས་པའི་ནང་གི་ཚིགས་ཀྱི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པའི་ཟེའུ་འབྲུའི་སྟེང་དུ་ངོ་བོ་རང་གི་རྣམ་པར་ཤེས་པའི་རྣམ་པ་ཕ་ལས་ཐོབ་པའི་དཀར་ཆ་དང་། མ་ལས་ཐོབ་པའི་དམར་ཆ་གཉིས་འདྲེས་པའི་ཚུལ་གྱིས་ཐིག་ལེ་ཡུངས་དཀར་གྱི་འབྲུ་ཙམ་དཀར་ལ་དམར་བའི་མདངས་དང་ལྡན་པ་སྣུམ་ལ་འདྲིལ་བ་འཕར་ཞིང་གཡོ་བའི་རྣམ་པ་ཅན། སྤྱི་བོ་ཚངས་བུག་ཡར་སྣ་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུའི་སྟེང་། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལ་ཆོས་གོས་རྣམ་གསུམ་སོར་དོ་སོར་གསུམ་ཙམ་མ་རེག་པའི་ཚུལ་གྱིས་བཀླུབས་ཤིང་། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལྟེ་འོག་ཏུ་མཛད་པ། སེང་གེའི་ཁྲི་ལ་བྱམས་བཞུགས་ཀྱི་ཚུལ་དུ་བཞུགས་པའི་ཞབས་གཡས་པའི་མཐེ་བོང་གིས་ཚངས་བུག་བཀག་པ། དེ་ཉིད་ལ་ལམ་ཟབ་མོ་འདི་ཉིད་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ་ལ་མོས་གུས་ཀྱི་གདུང་ཤུགས་དྲག་པོ་དང་བཅས་པའི་ངང་ནས་གསོལ་བ་བཏབ་ཅིང། རྣམ་པར་ཤེས་པའི་མདའ། རླུང་གི་གནམ་རུ་ལ་ཡིག་འབྲུའི་རྒྱུད་ཀྱིས་མཚམས་སྦྱར་ནས་བསྐུལ་བའི་ཚེ། ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་ནས། སངས་རྒྱས་ཀྱི་ཞབས་མཐེབ་ལ་ཏུག་ཏུག་སོང་བར་བསམས་ཏེ། ཀ་དཔེ་ལས། སེམས་ཀྱི་མདའ་ལ་རླུང་གི་གཞུ། །ཧིག་གི་རྒྱུད་ཀྱིས་རབ་བསྐུལ་བས། །ཞེས་གསུངས་པའི་དོན་བཤད་ལ་དམིགས་པ་རྣམས་གསལ་བའི་ངང་ནས་གསོལ་བ་འདེབས་པ་ནི། མོས་གུས་ཀྱི་གདུང་བ་དྲགས་པོས་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཞེ་ཐག་པ་ནས་འདི་སྐད་དོ། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་པར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་འགྲེ །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བྎ སོགས་ཀུན་ལ་འགྲེ །སངས་རྒྱས་འོད་དཔག་མེད་ལྎ མཚུངས་མེད་ནམ་མཁའ་རྒྱལ་མཚན་ལྎ རྟོགས་ལྡན་སངྒྷ་བྷ་དྲ་ལྎ ཕ་རྒོད་དྲི་མེད་བློ་གྲོས་ལྎ ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལྎ མཚུངས་མེད་མ་ཏིའི་མཚན་ཅན་ལྎ བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ལྎ མཚུངས་མེད་བིདྱཱའི་མཚན་ཅནྎ རྗེ་བཙུན་དཀོན་མཆོག་རཏྣ་ལྎ དྲིན་ཅན་རྩ་བའི་བླ་མ་ལྎ ཟབ་ལམ་འཕོ་བྎ མྱུར་ལམ་འཕོ་བསྎ བདག་སོགས་འདི་ནསྎ བདེ་བ་ཅན་དུྎ ཞེས་གསོལ་བ་བཏབ་ཅིང་། ཧིཀ་ཅེས་རླུང་དམིགས་སེམས་གསུམ་གྱེན་དུ་གཏད་ལ་སྤར་རོ། །དེ་ལྟར་སྦྱངས་པས་འབྱོངས་པའི་རྟགས་སུ་རབ་དྲན་མེད་དུ་འགྲོ་བ་དང་། འབྲིང་སྤྱི་བོ་ཟ་ཞིང་འབུར་བ་དང་། ཤུ་རྡོག་འབྱུང་བ་དང་། ཆུ་སེར་འཛག་པ་སོགས་རྟགས་མངོན་སུམ་མ་བྱུང་གི་བར་ལ་བསྐྱར་ལ་འབད་པར་བྱའོ། །གསུམ་པ་མཇུག་ནི་ཐུན་མཚམས་སུ་ཀ་ཞེས་པའི་སྒྲས་རླུང་དམིགས་སེམས་གསུམ་ཕབ་ཅིང་ཐིག་ལེ་སྙིང་ཁའི་པད་སྟེང་དུ་ཕབ་ལ་བཞག །མཇུག་ཏུ་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་རྒྱས་གདབ་ཅིང་། སླར་གོང་ལྟར་འབད་པས་སྦྱང་། མཇུག་ཏུ་རྟགས་རྣམས་མངོན་སུམ་དུ་གྱུར་ནས་འཇག་མ་འཛུག་པ་སོགས་ལག་ལེན་མཐོང་བ་བརྒྱུད་པ་ལྟར་བྱ། ཐུན་མཚམས་རྣམས་སུ་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་གོ །རྟགས་ཐོན་ནས་མ་ཤིའི་བར་དུ་ཉིན་མཚན་གུང་གི་ཐུན་ལ་དམིགས་པ་མ་བརྗེད་ཙམ་དང་གསོལ་འདེབས་མ་ཆག་ཙམ་མ་གཏོགས་འབད་པ་ཆེར་བྱས་ན་དུས་མ་ཡིན་པར་ཚེའི་དུས་བྱེད་པར་འགྱུར་ཉེན་ཆེ་བས་མི་བྱ། ཚེ་སྒྲུབ་ལ་འབད་ཅིང་སྨོན་ལམ་གྱི་ཁ་ཏོན་ལ་བརྩོན་པར་བྱ་དགོས་སོ། །གཉིས་པ་ལས་ལ་སྦྱར་བ་ལ་གཉིས། གཞན་ཕན་འགྲོ་དོན་གྱི་ཚུལ་དང་། རང་ཉིད་འཕོ་བའི་ཚུལ་ལོ། །དང་པོ་ནི། འགྲོ་བ་གང་ཡང་རུང་བ་ལས་ཀྱི་མཐའ་ཟད་ལྔ་པར་གྱུར་པ་ན། དེ་དག་ཤི་མ་ཐག་ལ་དར་གཅིག་སོང་བ་དང་། དྲོད་མཐའ་ནས་དབུས་སུ་འདྲིལ་ཞིང་སྙིང་ཁའི་དྲོད་སྟོད་དུ་འཕུང་པ། ཡན་ལག་བཞིའི་འཕར་རྩ་འཕྲོ་ཆད་ཅིང་། རྦ་རླབས་གཉིས་ཀྱང་ཅུང་ཟད་རེ་ཙམ་ལས་ཆེར་འཕར་དུ་མི་བཏུབ་ལ། ཕྱི་དབུགས་ཆད་ནས་ཅུང་ཟད་སོང་བའི་ནང་དབུགས་ཀྱང་ཆད་མ་ཐག་པའི་མོད་དེ་ཉིད་ལ་ཕུང་པོ་བསྒུལ་བསྐྱོད་དང་འཕུར་བསུབ་མ་བྱས་པའི་སྐབས་དེར། ཚེ་ལས་འདས་པའི་རྣ་བར་མཆུ་གཏད་དེ་སྐད་ཆེན་པོས་མིང་ནས་བོས་ལ། ཁྱོད་ཤི་བ་ཡིན་ནོ། །ཞེས་ལན་གསུམ་བརྡ་སྤྲད་ལ། ཁྱོད་ཚེ་འདིའི་སྣང་བ་ནི་ནུབ། ཕྱི་མའི་སྣང་བ་ནི་མ་ཤར། ད་ལྟ་བར་དོ་ཆོས་ཉིད་ངང་དུ་གནས་པ་ལགས་པས་ངོ་ཤེས་པར་གྱིས་ཤིག །དེ་ཡང་ཁྱོད་འཆི་བའི་ཚེ་གཟུགས་ཀྱི་ཕུང་པོ་ཐིམ་པས་ཉམ་ཆུང་ཞིང་ནུས་པ་ཟད། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་འགྱུར། ས་ཁམས་ཐིམ་པས་ལུས་སྐམ་ཞིང་རེངས། མིག་དབང་ཐིམ་པས་མིག་མི་གསལ་ཞིང་བཞིན་འགྱུར། གཟུགས་ཁམས་ཐིམ་པས་ལུས་ཀྱི་མདངས་ཉམས། ཚོར་བའི་ཕུང་པོ་ཐིམ་པས་ལུས་ཀྱི་ཚོར་བ་ཆུང་། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་མི་དྲན། ཆུ་ཁམས་ཐིམ་པས་ལུས་ཀྱི་རྔུལ་ཁ་ཆུ་ལ་སོགས་པ་སྐམ། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་གསལ། སྒྲ་ཐིམ་པས་རང་གི་ལུས་ཀྱི་སྒྲ་མི་ཐོས། འདུ་ཤེས་ཀྱི་ཕུང་པོ་རྣམས་ཐིམ་པས་སེམས་ཅན་རྣམས་མི་དྲན། སོར་རྟོག་ཡེ་ཤེས་ཐིམ་པས་ཉེ་དུ་ལ་སོགས་མི་དྲན། མེ་ཁམས་ཐིམ་པས་ཟས་མི་འཇུ། སྣ་ཡི་དབང་པོ་ཐིམ་པས་སྟེང་རླུང་དལ་གྱིས་འགྲོ །དྲི་ཐིམ་པས་རང་གི་དྲི་མི་བྲོ། འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་རང་གི་བྱ་བ་ཐམས་ཅད་འཇུག་པར་མི་འགྱུར་རོ། །བྱ་གྲུབ་ཡེ་ཤེས་ཐིམ་པས་བྱ་བ་དང་དགོས་པ་མི་དྲན། རླུང་ཐིམ་པས་རླུང་གི་གནས་ནས་འཕོ། ལྕེ་དབང་ཐིམ་པས་ཐུང་ཞིང་སྦོམ་པར་འགྱུར་རོ། །རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་། དེ་དག་ནི་རགས་པ་ཉི་ཤུ་ཐིམ་ཚུལ་ལོ། །དེ་ནས་ཕྲ་བ་ནང་གི་འབྱུང་བ་བཞི་ཐིམ་ཚུལ་ནི། ས་ཆུ་ལ་ཐིམ་པས་ཕྱི་རྟགས་ལུས་བསྒུལ་བསྐྱོད་མི་ནུས་ཤིང་ཟུངས་མི་ཐུབ། ལུས་ས་ལ་བྱིང་བ་སྙམ་བྱེད་ང་འཐེན་ཟེར་བ་སོགས་འབྱུང་། ནང་རྟགས་ཤེས་པ་དུ་བ་ལྟ་བུ་བན་བུན་ལང་ལོང་འཆར། ཆུ་མེ་ལ་ཐིམ་པས་ཕྱི་རྟགས་ཁ་ཆུ་དང་སྣ་ཆུ་ལ་སོགས་སྐམ། ནང་རྟགས་ཤེས་པ་སྨིག་རྒྱུ་ལྟ་བུ་གཡོ་ཞིང་མི་བརྟན་པ་འབྱུང་། ཆུ་མེ་ལ་ཐིམ་པས་ལུས་ཀྱི་དྲོད་ཆུང་དུ་འགྲོ་ཞིང་མཐའ་ནས་སྡུད། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་གསལ་ལམ་པ་འབྱུང་། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་རྟགས་དབུགས་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཐུབ། ཅུང་ཟད་རེ་སྡུད་ཀྱང་ཐུང་ལ་རྩུབ་པར་སྡུད། ནང་རླུང་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་གསལ་ལམ་པ་འབྱུང་། དེ་དག་ནི་ཕྲ་བ་འབྱུང་བཞི་ཐིམ་ཚུལ་ལོ། །དེ་ནས་དེའི་མོད་ལ་སྣང་མཆེད་ཐོབ་གསུམ་ཐོབ་ཚུལ་ནི། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་སྤྲིན་མེད་པའི་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་དཀར་ལམ་པ་འབྱུང་། ཞེ་སྡང་ལས་གྱུར་པའི་ཀུན་རྟོག་སོ་གསུམ་འགགས། སྣང་བ་མཆེད་པ་ལ་ཐིམ་པས་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའི་སྣང་བ་དམར་ལམ་པ་འབྱུང་། འདོད་ཆགས་ལས་གྱུར་པའི་ཀུན་རྟོག་བཞི་བཅུ་འགགས། མཆེད་པ་ཉེར་ཐོབ་ལ་ཐིམ་པས་ནམ་མཁའ་དག་པ་ལ་མུན་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་སྣང་བ་ནག་ལམ་པ་འབྱུང་ཞིང་དྲན་པ་ཉམས་ཤིང་ནག་ཐོམ་གྱིས་དྲན་མེད་དུ་འགྲོ །གཏི་མུག་ལས་གྱུར་པའི་ཀུན་རྟོག་བདུན་འགགས། དེ་ནས་དྲན་མེད་སངས་པ་ན་ཟླ་འོད་དང་ཉི་འོད་དང་མུན་པའི་སྨག་སྟེ་ནམ་མཁའ་སློང་བྱེད་ཀྱི་རྐྱེན་དང་བྲལ་བའི་ཐོ་རེངས་ཀྱི་དུས་ནམ་མཁའ་དག་པ་ལྟ་བུ་ཞིག་འཆར་ཏེ། དེ་ནི་འཆི་བའི་འོད་གསལ་དངོས་གཞི་ཡིན་པས་ངོས་ཟིན་པར་གྱིས་ཤིག །ཅེས་ངོ་སྤྲད་ལ། ཆོས་པ་ཉམས་མྱོང་ཅན་ཐུགས་དམ་ལ་བཞུགས་པའི་རིགས་ཡིན་ན་སྐབས་འདིར་ཁོ་རང་གི་ཉམས་དགེ་སྦྱོར་དང་མཚམས་བསྟུན་པའི་ངོ་སྤྲོད་བྱས་ལ་བཞག་གོ །སོ་སོ་སྐྱེ་བོ་ཕལ་པ་ཡིན་ན་སྐབས་འདིར་བར་དོ་དངོས་མིན་པས་ལས་ཀྱིས་ཁ་བསྒྱུར་དུ་མི་བཏུབ་ཅིང་ཕྱི་མའི་སྣང་བ་མ་འཆར། ཚེ་འདིའི་སྣང་བ་ནུབ་པའི་སྐབས་ཡིན་པས་འཕོ་བ་ཐེབས་སླ་ཞིང་། དུས་འདི་ལས་འགྱང་ན་བར་དོ་གཉིས་པ་ཕན་ཆད་ནས་ལས་ཀྱིས་ཁ་བསྒྱུར་དུ་བཏུབ་ཅིང་རིམ་གྱིས་ཕྱི་མའི་སྣང་བ་འཆར་བས་འཕོ་བ་ཐེབས་ཕུལ་ཆུང་དུ་འགྲོ་བས་སྐབས་འདིར་གདབ་གལ་ཤིན་ཏུ་ཆེའོ། །དེ་ནས་འཕོ་བ་གདབ་པའི་ཐབས་ནི། དེ་ལྟར་ཁྱོད་ཀྱིས་ཐིམ་རིམ་ངོ་མ་ཤེས་ཤིང་འོད་གསལ་གྱི་ངང་ལ་མཉམ་པར་གཞག་མི་ཐུབ་པར་འདུག་ན་ཁྱོད་རང་སེམས་གཞན་དུ་མ་ཡེངས་པར་དམིགས་པ་རྩེ་གཅིག་ཏུ་འདི་བཞིན་གྱིས་ཤིག །ཨོཾ་སྭ་བྷཱ་བ་སོགས་སྔར་སྦྱངས་པའི་དུས་ལྟར་ལ་སངས་རྒྱས་འོད་དཔག་མེད་ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། ཞེས་དང་། མཇུག་ཏུ་ཕཊ་ཀྱི་བརྡ་སྦྱར་བའི་དུས་ཁྱོད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་ལུས་ལ་ཕྱི་མིག་མི་བལྟ་བར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག །ཅེས་ཐིམ་རིམ་དང་དམིགས་པ་རྣམས་ཚིག་ཟུར་མ་ཉམས་ཤིང་གསལ་གདངས་ཐོན་ཞིང་དལ་བུས་ངོ་སྤྲད་ལ། གསོལ་འདེབས་ཀྱི་ཚེ་བདག་ཉིད་ཅེས་པའི་མལ་དུ་ཚེ་འདས་འདི་ནས་ཞེས་འདོན་པ་བསྒྱུར། ཧིག་གི་མལ་དུ་ཕཊ་ཀྱི་བརྡ་སྦྱར། སྔར་བཤད་པའི་རྟགས་རྣམས་དང་རང་ཉིད་གྲོགས་བཅས་མགོ་ན་བ་དང་། དམིགས་ཡུལ་གྱི་ཐོད་པ་གོགས་པ་དང་འབུར་བ་དང་ཚེག་སྒྲ་འབྱིན་པ་དང་། ཁྲག་དང་ཆུ་སེར་འབབས་པ་སོགས་རྟགས་དངོས་སུ་འོང་བས་མ་བྱུང་གི་བར་དུ་བསྐྱར་ལ་གདབ། རྟགས་ཐོན་ནས་བསྔོ་བ་དང་སྨོན་ལམ་གྱིས་མཚམས་སྦྱར་ལ་གདབ་པར་བྱའོ། །གཉིས་པ་རང་དོན་དུ་ལས་ལ་སྦྱར་བའི་ཚུལ་ནི། རང་ཉིད་འཆི་བའི་རྟགས་ཚང་ཞིང་དེ་ཉིད་ཀྱང་འཆི་བསླུའི་ཆོ་ག་སོགས་ཐབས་སྣ་ཚོགས་བྱས་ཀྱང་མ་བཟློག་པར་ངེས་པར་འཆི་བ་ལ་ཉེ་བའི་ཚེ་འཕོ་བར་བྱ་ཞིང་། འཆི་ལྟས་ཀྱི་ངེས་པ་བརྟན་པོ་མ་མཐོང་བར་བབ་ཅོལ་དུ་འཕོ་ན་རང་ཉིད་ཀྱི་ལྷ་རྣམས་བསད་པའི་ཉེས་པ་སོགས་ཀྱིས་དམྱལ་བར་སྐྱེ་བར་གསུངས་པས་དུས་མིན་དུ་འཕོ་མི་རུང་ངོ་། དེ་ལ་ལྟས་བརྟགས་པའི་ཚུལ་ལ་རང་གི་འཆི་ལྟས་ནི། གཡས་གཡོན་གྱི་རླུང་འཕོ་བ་བཅུ་གཉིས་མི་བྱེད་པར་བུང་གཅིག་ཁོ་ན་ལ་འཕོ་ན་འཆི་ལྟས་ཡིན་ལ། དེ་ཡང་མའི་དུས་སྦྱོར་གཡས་པའི་ཚེ་སྐྱེས་ན་འཆི་ལྟས་གཡས་ནས་འབྱུང་སྟེ། སྣ་བུག་གཡས་པ་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་ཕྱོགས་གསུམ་ན་འཆི། དེ་བཞིན་དུ་ཞག་ལྔ་དང་བཅུ་དང་བཅོ་ལྔ་དང་ཉི་ཤུ་དང་ཉེར་ལྔ་རྒྱུ་ན། རིམ་པས་ལོ་གསུམ་དང་གཅིག་དང་ཟླ་བ་དྲུག་དང་གསུམ་ན་འཆི་ཞིང་། ཞག་ཉེར་དྲུག་ནས་སོ་གཅིག་གི་བར་གྱིས་རིམ་བཞིན་ཟླ་བ་གཉིས་དང་གཅིག་དང་ཕྱེད་དང་། ཞག་བཅུ་དང་ལྔ་གསུམ་ན་འཆི་ལ། དེ་ནས་གཡོན་པ་ཞག་གཅིག་དང་དབུ་མར་གཅིག་རྒྱུ་ཞིང་འཆིའོ། །མའི་དུས་སྦྱོར་གཡོན་གྱི་ཚེ་སྐྱེས་ན་འཆི་ལྟས་ཀྱང་གཡོན་ནས་འབྱུང་སྟེ་སྣ་བུག་གཡོན་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་དང་ཞག་གསུམ་རྒྱུ་ན་ཟླ་བ་སུམ་ཅུ་ནས་འཆི། དེ་བཞིན་ཞག་དྲུག་དང་དགུ་དང་བཅུ་གཉིས་དང་བཅོ་བརྒྱད་དང་། ཉེར་གཅིག་དང་ཉེར་བཞི་དང་ཉེར་བདུན་དང་སུམ་ཅུ་རྒྱུ་ན་རིམ་པས་ཟླ་བ་ཉེར་བདུན་དང་ཉེར་བཞི་དང་ཉེར་གཅིག་དང་བཅོ་བརྒྱད་དང་བཅོ་ལྔ་དང་བཅུ་གཉིས་དང་དགུ་དང་དྲུག་དང་གསུམ་ན་འཆི་ལ། དེ་ནས་ཟླ་བ་གསུམ་ན་གཡོན་ནས་ཞག་སོ་གསུམ་དང་དེ་ནས་སྣ་བུག་གཡས་ནས་ཞག་གཉིས་དང་དབུ་མར་གཅིག་རྒྱུ་ཞིང་འཆི་བར་འགྱུར་བར་བཤད་དོ། །ཉེ་བའི་འཆི་ལྟས་ནི། རྣ་བའི་འུར་སྒྲ་མེད་ན་ཞག་དྲུག །ལྕེའི་རོ་མེད་ན་ཞག་ལྔ། མིག་གི་དབུས་སུ་རི་མོ་སྔར་མེད་པ་བྱུང་ན་ཞག་བཞི། སྣ་གཞོམ་ཞིང་དྲི་མེད་ན་ཞག་གསུམ། ལུས་ཀྱི་རེག་བྱ་དོར་ན་ཞག་གཉིས། ཁུ་བ་མེད་ན་ཞག་གཅིག་ནས་འཆི་བར་བཤད་ལ། ཤིན་ཏུ་ཉེ་བའི་འཆི་ལྟས་ནི་སྔར་ཐིམ་རིམ་གྱི་དུས་སུ་བཤད་པ་ལྟར་འབྱུང་བར་འགྱུར་རོ། །འཆི་ལྟས་འདི་དག་ནི་གློ་བུར་དུ་འཆི་བ་དག་ལ་ཐམས་ཅད་འབྱུང་བའི་ངེས་པ་མི་སྣང་ཡང་། བྱུང་ན་འཆི་བའི་ལྟས་ཡིན་ལ། གཞན་ཡང་རྨི་ལྟས་རྒྱུས་མེད་ཀྱི་ཡུལ་ཕྱོགས་སུ་གཅིག་པུར་འགྲོ་བ་དང་བོང་བུ་ཞོན་ནས་སམ་ཞོན་པ་མེད་པར་ལྷོ་ཕྱོགས་སུ་འགྲོ་བ་དང་། རྒྱ་སྐྱེགས་ཀྱི་རི་ལ་མེ་ཏོག་དམར་པོ་འཐུ་བ་ལ་སོགས་མང་དུ་བྱུང་ན་འཆི་བ་སོགས་མང་དུ་གསུངས་སོ། །འཆི་ལྟས་བྱུང་ན་འཆི་བ་བསླུ་བའི་ཐབས་སྣ་ཚོགས་བྱ། དེས་ཀྱང་མ་བཟློག་པར་ངེས་པར་འཆི་བའི་མཚན་མ་བརྟན་པོ་མཐོང་ན་རང་གི་ནོར་རྫས་རྣམས་བསོད་ནམས་སོགས་པའི་ཕྱོགས་སུ་བཏང་། འཁོར་དང་ལོངས་སྤྱོད་ལ་ཆགས་ཞེན་སྤང་། དམ་ཚིག་ཉམས་ཆགས་བྱུང་བ་ལ་བཤགས་སྡོམ་དྲག་པོ་བྱ། ཡི་དམ་གྱི་བྲིས་སྐུ་སོགས་མདུན་དུ་བཀྲམས་ལ་ལྷའི་རྣལ་འབྱོར་ཅི་རིགས་བསྒོམ། ཡི་དམ་དང་བཀའ་སྡོད་ལ་གཏོར་མ་ཕུལ་ལ་འཆི་བ་ལམ་དུ་ལོངས་པར་གསོལ་བ་དྲག་ཏུ་གདབ། ཆགས་སྡང་སོགས་དུག་ལྔའི་རྟོག་པ་མཚམས་སྦྱོར་ངན་པ་ཐམས་ཅད་སྤངས་ལ་སྨོན་ལམ་བཟང་པོ་བཏབ། འོག་མིན་ནམ་གསང་སྔགས་སྤྱོད་པའི་རིག་འཛིན་གྱི་ཞིང་ཁམས་ཡིད་ལ་བྱ་ཞིང་། དེར་འཕོ་བའི་འཕེན་པ་དྲགས་པོ་ཡང་བྱའོ། །དེ་ནས་འཆི་བ་ལ་ཤིན་ཏུ་ཉེ་བའི་རྟགས་ཤར་བ་ན། ལས་སྦྱོར་དངོས་ནི། ལུས་གནད་སོགས་སྔར་སྦྱོང་བའི་སྐབས་ལྟར་བྱ་ཞིང་། གལ་ཏེ་ནད་ཀྱིས་མནར་བ་སོགས་ལུས་གནད་སྔར་ལྟར་འདུག་པར་དཀའ་ན་གྲོགས་ཀྱིས་སྐྱོར་པའམ། ཡང་ན་སེང་གེའི་ཉལ་སྟབས་བྱ་སྟེ། མགོ་བྱང་དུ་བསྟན། གློ་གཡས་ལ་ཕབ། ལག་གཡས་འགྲམ་པ་གཡས་ལ་སྦྱར། ལག་གཡོན་བརླ་གཡོན་པའི་སྟེང་དུ་སྦུབས་ལ་བརྐྱང་། རྐང་པ་གཡས་འོག་དང་། གཡོན་སྟེང་དུ་བཞག་པའི་ལོང་བུ་བརྩེགས་ཏེ་བརྐྱང་། བག་ཙམ་བསྐུམས་ལ་འཕོས་ཀྱང་ངེས་པར་རུང་ལ། ལུས་གནད་ཕྱི་མ་འདི་ལ་ཆོས་དྲུག་པ་རྣམས་ལུས་བཅོས་ཏེ་འཕོ་བ་ཞེས་བཤད་དོ། །དེ་ནས་དམིགས་པ་རྣམས་སྔར་ལྟར་ལས། སངས་རྒྱས་འོད་དཔག་མེད་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་གི་ཚངས་བུག་རྒྱ་མཐོངས་ཁ་བྱེ་བ་ལྟར་སྐྱ་སེང་ངེ་ཡོད་པ། རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བར་དམིགས་པས་སྐྲ་གྱེན་དུ་འཐེན་ལ་ཧིཀ་དྲག་པོ་ཉེར་གཅིག་གིས་ཚངས་བུག་ནས་སྐར་མདའ་འཕངས་པ་ལྟར། སངས་རྒྱས་ཀྱི་ཐུགས་ཀར་འཕོས་པའི་སྦྱོར་བ་བྱས་པས་འཕོ་ནུས་པའི་རྟགས་སུ་ཤེས་པ་ནག་ཐུམ་བྱེད་ཅིང་དབུགས་ནང་དུ་མི་འདུས་པར་ཕྱིར་ནར་གྱིས་འགྲོ །སྤྱི་གཙུག་ན་བ་དང་གཡའ་བ་འབྱུང་། དེ་ལྟར་མ་བྱུང་ན་རེ་ཞིག་ཆུར་དྲངས་ལ་ངལ་བསོས་ཏེ། སླར་ཡང་དམིགས་པ་གསལ་བཏབ་ལ་ཧིཀ་དྲག་པོ་སོགས་ཀྱིས་འཕོ། རྟགས་བྱུང་ན་གོང་ལྟར་ཧིཀ་ཉེར་གཅིག་གིས་འཕོ། དེས་མ་འཕོས་ན་ཉེར་གཉིས་ནས་ཉེར་ལྔའི་བར་བརྗོད་པས་ངེས་པར་འཕོ་སྟེ། མཐར་མགོན་པོ་འོད་དཔག་མེད་ཀྱང་རང་ཉིད་གང་འདོད་པའི་ཞིང་དེའི་སངས་རྒྱས་ཀྱི་ཐུགས་ཀར་ཐིམ་པར་བསམ་པའམ། ཡང་ན་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་བསྡུས་ཏེ། དགེ་སྦྱོར་དྲན་པར་བྱ་ཞིང་ཟླ་གྲོགས་ཀྱིས་གསལ་འདེབས་བྱ་བར་ཡང་བཤད་དོ། །ཡང་རང་ཉིད་ནད་དྲག་པོས་མནར་བ་སོགས་ཀྱིས་ཧིཀ་སྒྲ་འབྱིན་པར་མི་ནུས་ན། རང་གི་དམིགས་པ་དང་རླུང་དམིགས་སེམས་གསུམ་གྱེན་དུ་གཏད་ལ་འཕོ་བའི་འདུན་པ་དྲག་ཏུ་བྱའོ། །གྲོགས་ཀྱིས་ཕཊ་དྲག་པོ་ཉེར་ལྔའམ་ཧིཀ་དྲག་པོ་ཉེར་ལྔ་སོགས་ཀྱིས་བསྐུལ་ཡང་ཉན་ནོ། །ལར་དུས་ངེས་མེད་དུ་འཕོ་བ་སྦྱང་བའི་སྐབས་ལས། འཆི་ཁར་འཕོ་བ་ལྷག་པར་སླ་བར་བཤད་པའི་ཕྱིར་རོ། །གཞན་དེ་ལྟར་མི་ཤེས་པའི་མིའམ་དུད་འགྲོ་ལ་རྣལ་འབྱོར་པས་དམིགས་པ་ཁོ་ན་མ་གཏོགས་པ་ཡུལ་དེ་ལ་བརྡ་མ་སྤྲད་ཀྱང་ཐེབས་པ་མྱོང་བས་གྲུབ་ཅིང་། དེ་ཙམ་མི་ནུས་པ་ལ་ཡང་ཤི་བའི་ཚེ་སྤྱི་གཙུག་ལ་ཐུག་པ་དང་། སངས་རྒྱས་སྨན་པའི་རྒྱལ་པོའི་མཚན་ནས་བརྗོད་པ་ཙམ་གྱིས་ཀྱང་རྒྱལ་བའི་སྲས་པོ་བརྒྱད་ཀྱིས་བདེ་བ་ཅན་དུ་ཁྲིད་པར་བཤད་ལ། དུད་འགྲོ་ལ་སོགས་པ་འཆི་བ་ལའང་ལུས་བཅོས་ཤིང་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ནས་བརྗོད་པས་སུམ་ཅུ་རྩ་གསུམ་པའི་ལྷའམ་བདེ་འགྲོ་གཞན་དུ་ངེས་པར་སྐྱེ་བར་བཤད་པའི་ཕྱིར་རོ། །སྨྲས་པ། མ་བསྒོམས་སངས་རྒྱས་མྱུར་ལམ་འཕོ་བའི་ཆོས། །འོད་དཔག་མེད་པས་ཨོ་རྒྱན་དངོས་ཉིད་ལ། །ལེགས་པར་གདམས་པའི་ཟབ་ཏིག་མ་འཆོལ་བ། ཁོ་བོས་བཤད་ཀྱི་གཞན་དུ་སུ་ཡིས་གདམས། །དཔེར་ན་གསེར་དང་ལྕགས་ཕྱེ་འདྲེས་པ་དག །དབྱེ་འབྱེད་ཁབ་ལེན་རྡོ་མིན་གཞན་སུ་ཞིག །དེ་ལྟར་མཁས་དང་རྨོངས་པའི་ཁྱད་པར་ཡང་། །ལེགས་བཤད་བརྩམས་ལས་འབྱུང་གི་གཞན་དུ་མིན། ཁོ་བོས་དང་པོ་ལམ་འདི་ཐོས་མ་ཐག །ངེས་པ་མ་མཐོང་བར་དུ་འབད་དེ་བསྒོམས། །སླར་ཡང་ཉམས་མྱོང་བཟང་པོས་ལེགས་འབད་ནས། །རང་བཟོ་སྤངས་ཏེ་སྦྱར་བ་ཁོ་ནར་ངེས། །དེང་སང་ཕལ་ཆེར་ཐོས་རློམ་སྤྱི་བརྟོལ་གྱིས། །གྲགས་པའི་རྗེས་སུ་བསྙེགས་དང་འདི་མི་འདྲ། །འདི་བརྩམས་པ་ལས་བྱུང་བ་ཡི། །དགེ་བ་དུང་ལྟར་དཀར་བ་དེས། །བདག་སོགས་རྨོངས་པའི་འགྲོ་བ་རྣམས། །འཆི་བ་ལམ་དུ་ལོངས་གྱུར་ཅིག །དེ་ལྟར་ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་འདི་ཉིད་ལ་སྔོན་ཆད་བཤེས་གཉེན་ཕལ་ཆེར་གྱི་རང་སྟོབས་དང་སྤྱི་བརྟོལ་གྱི་རང་བཟོའི་ཡིག་ཆ་དག་མ་དག་སྣ་ཚོགས་པ་དང་། ཁུངས་ཐུབ་པའི་ཡིག་ཆ་མདོར་བསྡུས་པ་ཞིག་ལས་མི་འདུག་པས། སླར་རུང་མཐུན་རྣམས་ཀྱིས་མཚམས་སྦྱར་ཏེ་དབུར་སྟོད་འབྲི་ཁུང་དུ་སྐྱུ་རའི་གདུང་རབས་ཐ་ཤལ་ཤཱཀྱའི་དགེ་སློང་རིག་པའི་གནས་བཅུ་ཕྲག་སྨྲ་ཞིང་གནས་ལུགས་རྟོགས་པ་མངོན་དུ་གྱུར་པ། འཆི་བ་འོད་གསལ་ཆོས་སྐུར་བརྟན་པ་ཐོབ་པའི་རིག་འཛིན་ཆོས་ཀྱི་གྲགས་པ་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེས་ཤིང་བྱི་མཆུ་ཟླ་བ་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་དགེ་བའི་དཀར་ཆའི་ཚེས་ལ། གཞོ་སྤྲོ་ལུང་གི་ཀུན་དགའ་ར་བའི་གཟིམས་ཆུང་དབང་ལྡན་ཕོ་བྲང་དུ་མགྱོགས་པར་སྦྱར་བ་དགེ་བར་གྱུར་ཅིག། །།

[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).