Terdzo-'A-009: Difference between revisions
m Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> " |
m Text replacement - "2007-2016" to "2007-2018" |
||
| Line 5: | Line 5: | ||
|fulltitletib=ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཤད་རྒྱས་བསྡུས་འཕྲི་བསྣན་གྱིས་གསལ་བ་ | |fulltitletib=ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཤད་རྒྱས་བསྡུས་འཕྲི་བསྣན་གྱིས་གསལ་བ་ | ||
|fulltitle=thugs rje chen po gsang ba 'dus pa'i dbang bshad rgyas bsdus 'phri bsnan gyis gsal ba | |fulltitle=thugs rje chen po gsang ba 'dus pa'i dbang bshad rgyas bsdus 'phri bsnan gyis gsal ba | ||
|citation=[['jam mgon kong sprul]]. thugs rje chen po gsang ba 'dus pa'i dbang bshad rgyas bsdus 'phri bsnan gyis gsal ba. In Rin chen gter mdzod chen mo pod nyer gsum pa (The Great Treasury of Rediscovered Teachings Volume 23) by 'jam mgon kong sprul, 223-231. New Delhi: Shechen Publications, 2007- | |citation=[['jam mgon kong sprul]]. thugs rje chen po gsang ba 'dus pa'i dbang bshad rgyas bsdus 'phri bsnan gyis gsal ba. In Rin chen gter mdzod chen mo pod nyer gsum pa (The Great Treasury of Rediscovered Teachings Volume 23) by 'jam mgon kong sprul, 223-231. New Delhi: Shechen Publications, 2007-2018. | ||
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition | |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition | ||
|collectiontitletib=རིན་ཆེན་གཏེར་མཛོད་ | |collectiontitletib=རིན་ཆེན་གཏེར་མཛོད་ | ||
Revision as of 02:01, 7 November 2018
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཤད་རྒྱས་བསྡུས་འཕྲི་བསྣན་གྱིས་གསལ་བ་
by ([['jam mgon kong sprul|]])
revealed by རཏྣ་གླིང་པ་ (Ratna Lingpa)
in cycle ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ (Thugs rje chen po gsang ba 'dus pa)
Volume 23 (འ) / Pages 223-231 / Folios 1a1 to 5a6
Tibetan Text
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཤད་རྒྱས་བསྡུས་འཕྲི་བསྣན་གྱིས་གསལ་བ་བཞུགས་སོ། །ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་ཀྱིས་ཁྱབ་པའི་རྟོག་འཁྲུལ་རྨོངས་པའི་སེམས་ཅན་ཕ་མར་གྱུར་པ་ཐམས་ཅད་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་དབང་གི་སྒོར་ཞུགས་ཤིང་གྲོལ་བྱེད་ལམ་གྱི་རིམ་པ་ཟབ་མོ་ལ་ཅི་ནས་ཀྱང་བསླབ་པར་བྱའོ་སྙམ་པ་ཐེག་ཆེན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ཅིང་། ཆོས་གསན་པའི་ཀུན་སྤྱོད་རྣམས་ཀྱང་ཚུལ་བཞིན་དུ་མཛད་ནས་གསན་པར་ཞུ། དེ་ལ་ཉན་པ་པོ་སྤྲོ་བ་བསྐྱེད་པ་དང་། སྐབས་དོན་དངོས་བཤད་པ་གཉིས་ལས། དང་པོ་ལོ་རྒྱུས་མདོ་ཙམ་སྨོས་ན། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་དམིགས་པ་མེད་པའི་ཐུགས་རྗེའི་ཡེ་ཤེས་གཅིག་ཏུ་འདུས་པའི་རང་གཟུགས་ལ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཅེས་གྲགས་པ་ཡིན་ལ། དེ་ནི་སྙིང་རྗེའི་སྟོབས་རྒྱལ་དང་རྒྱལ་སྲས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པས་ཐུགས་རྗེ་ཆེན་པོ། སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་རྒྱ་མཚོ་མཁའ་ཁྱབ་ཏུ་སྤྲོ་བས་རྒྱལ་བ་རྒྱ་མཚོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གསང་བ་གཅིག་ཏུ་འདུས་པས་གསང་བ་འདུས་པ། སྲིད་ཞི་ཀུན་ཏུ་ཁྱབ་པའི་ཆོ་འཕྲུལ་ཆེན་པོའི་རོལ་གར་མཐའ་ཡས་པ་སྒྱུར་བས་གར་གྱི་དབང་ཕྱུག །འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཀྱི་ཕྱོགས་བཅུའི་འཇིག་རྟེན་དབང་དུ་མཛད་པས་འཇིག་རྟེན་དབང་ཕྱུག །མཁའ་ཁྱབ་ཀྱི་འགྲོ་བ་སྤྱི་དང་ཁྱད་པར་སྙིགས་མ་ལྔ་དང་ལྡན་པའི་ཞིང་རྣམས་སུ་སྙིང་རྗེའི་སྤྱན་གྱིས་རྟག་ཏུ་གཟིགས་པས་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་དོན་གྱི་ཡོན་ཏན་ལས་གྲས་པའི་མཚན་གྱི་རྣམ་གྲངས་མཐའ་ཡས་པ་ཞིང་ཁམས་ཀུན་ཏུ་ཁྱབ་པ་འདི་ཉིད། རྒྱལ་བ་ཆོས་སྐུའི་དུས་ན་ཐོག་མའི་མགོན་པོ་གཟིག་བརྗིད་འོད་དཔག་ཏུ་མེད་པ། ལོངས་སྐུའི་དུས་ན་རྣམ་སྣང་གངས་ཆེན་མཚོ་པདྨའི་སྣང་བ་རབ་ཏུ་རྒྱས་པ། སྤྲུལ་སྐུའི་དུས་ན་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་ལོ་ཀེ་ཤྭ་ར་དང་། ཕྱག་སྟོང་སྤྱན་སྟོང་ལ་སོགས་པ་ཞི་བ་དང་། དཔལ་ཆེན་རྟ་མཆོག་རྒྱལ་པོ་སོགས་ཁྲོ་བོ་དང་། རྒྱལ་བ་རྒྱ་མཚོ་གསང་བ་འདུས་པ་སོགས་གསང་ཆེན་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་རྣམས་དང་། གསང་བ་ཡེ་ཤེས་དང་འཕགས་མ་སྒྲོལ་མ་སོགས་ཤེས་རབ་ཀྱི་ཆ་ལས་གང་འདུལ་གྱི་སྐུར་སྣང་བ་དང་། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དང་ཛམྦྷ་ལ་དཀར་པོ་སོགས་ཐུགས་རྗེ་ཤིན་ཏུ་མྱུར་བས་འདོད་རྒུ་ཐོགས་མེད་དུ་སྩོལ་བའི་རྣམ་འཕྲུལ་རྒྱ་མཚོའི་སྤྲིན་ཆེན་འཁོར་བ་ཇི་སྲིད་དུ་ཟད་པ་མི་མངའ་བས་ཆོས་ཀྱི་དབྱིངས་ཀུན་ཏུ་རྒྱས་པར་གཏམས་ཤིང་། སྐལ་པ་ཤིན་ཏུ་དམན་པས་གདུལ་དཀའ་བ་རྣམས་ལ། གཟུགས་བརྙན་མཐོང་གྲོལ། རིགས་སྔགས་བཟླས་གྲོལ། ཏིང་འཛིན་དྲན་གྲོལ། ཕྱག་རྒྱ་རེག་གྲོལ། དམ་རྫས་མྱོང་གྲོལ། ཟབ་དོན་ཐོས་གྲོལ། བདུག་སྤོས་ཚོར་གྲོལ་སོགས་རྒྱལ་བ་གཞན་ལས་ཁྱད་པར་དུ་མས་འཕགས་པའི་ཕྲིན་ལས་ཀྱི་སྒོ་མཐའ་ཡས་པ་ལ་དབང་བསྒྱུར། ཁྱད་པར་རྒྱལ་བས་ཞབས་ཀྱིས་མ་གཅགས་པ་གདོང་དམར་མུན་པའི་གླིང་བོད་ཁ་བ་ཅན་གྱི་ལྗོངས་འདི་ནི། འཕགས་མཆོག་འདི་ཉིད་ཁོ་ནའི་འདུལ་ཞིང་ཡིན་པས་ཐོག་མར་བདེ་འགྲོའི་ས་བོན་བསྐྲུན། རིམ་པར་ཆོས་སྐྱོང་བའི་རྒྱལ་བློན། མཁས་གྲུབ་དགེ་བའི་བཤེས་གཉེན། སྐྱེ་བོ་ཕལ་པ། བྱ་དང་རི་དྭགས་ཀྱི་གཟུགས་སོགས་མཆོག་དམན་བར་མའི་སྤྲུལ་པ་ཇི་སྙེད་པ་དང་། ས་རྡོ་རི་བྲག་ཆུ་ཤིང་གི་དངོས་པོ་རྣམས་ཀྱང་གྲོལ་བ་བཞིན་ལྡན་དུ་བྱིན་གྱིས་བརླབས་ཏེ། མདོར་ན་རྟེན་དང་བརྟེན་པ་མཐའ་དག་འཕགས་མཆོག་འདི་ཉིད་ཀྱི་ཐུགས་རྗེས་བཟུང་བ་ཁོ་ན་ཡིན་པས། དེའི་མཚན་བརྗོད་པ་དང་། གཟུངས་སྔགས་བཟླ་བ་དང་། དེ་ལ་དགེ་རྩ་བསྐྱེད་པ་དང། སྨིན་གྲོལ་གྱི་ལམ་ལ་ཞུགས་པ་རྣམས་ལའང་སངས་རྒྱས་གཞན་ལས་ལྷག་པར་མྱུར་བའི་བྱིན་རླབས་འབྱུང་བ། ཡུལ་དང་ཡུལ་ཅན་གྱི་རྟེན་འབྲེལ་བབས་ལས་བྱུང་བ་ཡིན། གཉིས་པ་སྐབས་དོན་རྒྱུ་མཚན་ཅུང་ཟད་བརྗོད་ན། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས། འཇིག་རྟེན་དུ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ། འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་དང་རྟོག་པ། གཟུངས་མདོ། རྒྱུ་སྡེ་ཟབ་མོ་རྣམ་གྲངས་དུ་མ་ཞིག་གསུངས་པ་དེ་རྣམས་ལ་བརྟེན་ནས། དངོས་གྲུབ་བརྙེས་པ་ས་ཆེན་པོའི་རྡུལ་དང་མཉམ་པ་བྱུང་ཞིང་གྲུབ་པའི་སློབ་དཔོན་སོ་སོའི་གདམས་ངག་དང་སྒྲུབ་ཐབས་ཀྱི་རིམ་པ་རྒྱ་བོད་གཉིས་སུ་མཐའ་ཡས་པ་བྱུང་བ་རྣམས་ལས་ཆེས་མཆོག་ཏུ་གྱུར་པ་ནི། སྤྱན་རས་གཟིགས་ཉིད་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་པ་གུ་རུ་པདྨ་འབྱུང་གནས་ཀྱི་བཀའ་སྲོལ་རྣམས་ཡིན་ལ། དེའང་སློབ་དཔོན་ཆེན་པོ་ཉིད་བོད་ཡུལ་དུ་འཇམ་དཔལ་སྤྲུལ་པའི་རྒྱལ་པོས་སྤྱན་དྲངས། གདུག་པའི་ལྷ་སྲིན་འབྱུང་པོ་ཐམས་ཅད་བཏུལ། གཙུག་ལག་ཁང་བཞེངས་ཤིང་དགེ་འདུན་གྱི་སྡེ་བཙུགས་པ་དང་། མདོ་རྒྱུད་བོད་སྐད་དུ་བསྒྱུར་བ་ལ་གེགས་མེད་མཐའ་རུ་ཕྱིན་པའི་བྱིན་རླབས་བསྩལ། ཁྱད་པར་སྐལ་ལྡན་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་དུ་མ་གནང་ཞིང་ཉན་བཤད་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པས་བོད་ཀྱི་ཡུལ་དུ་གྲུབ་པའི་སྐྱེ་བོ་མཐའ་ཡས་པ་བསྟན་པ་ཇི་སྲིད་བར་དུ་རྒྱུན་མི་འཆད་པར་འབྱུང་བར་བྱིན་གྱིས་བརླབས། མ་འོངས་པའི་གདུལ་བྱ་ལ་དགོངས་ཏེ་ཕྱོགས་བཞི་དབུས་ལྔར་གཏེར་ཆེན་གཏེར་ཕྲན་མིང་ཅན་མིང་མེད་གྲངས་ལས་འདས་པ་སྦས་ཤིང་དུས་ལ་བབས་པའི་ཚེ་དེ་དག་འདོན་པའི་སྐྱེས་བུ་ལུང་བསྟན། གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱིས་ཀྱང་གདུལ་བྱའི་དོན་མཐའ་ཡས་པ་དུས་གསུམ་དུ་མཛད་པ་ལས། སྐབས་སུ་བབས་པ་འདི་ནི། ཨོ་རྒྱན་སངས་རྒྱས་གཉིས་པས་ཐུགས་རྗེ་ཆེན་པོའི་རྒྱུད་ཆེ་ཆུང་གྲངས་མེད་པ་སྒྲ་རང་འགྱུར་དུ་མཛད་ཅིང་། རེ་རེ་ལའང་མན་ངག་ལས་ཚོགས་མང་དུ་མཛད་ནས་ཐུགས་གཏེར་ས་གཏེར་གནམ་གཏེར་ལ་སོགས་པར་སྦས། བྱེ་བྲག་ཏུ་བསམ་ཡས་ཨརྻ་པཱ་ལོའི་གླིང་དུ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལ་བརྟེན་ཏེ་མན་ངག་ལག་ལེན་གནད་ཏིག་ཏུ་དྲིལ་བ། སྒྲུབ་ཐབས་རྩ་བའི་སྐོར། ཡང་ཟབ་ཁྲིད་ཀྱི་སྐོར། མཐར་ཐུག་ཚེ་སྒྲུབ་ཀྱི་སྐོར། སྤྱིའི་མན་ངག་རྒྱབ་ཡིག་གི་སྐོར། བཀའ་སྲུང་ལས་ཚོགས་ཀྱི་སྐོར་རྣམས་དང་། དེ་ཉིད་ཁྲོ་བོར་བསྟན་པ་རྟ་མགྲིན་གསང་འདུས་ཀྱི་སྐོར་ལ་སོགས་པའང་མཛད། ལྷོ་བྲག་ཏུ་དགེ་བསྙེན་མཁའ་རིས་སྤྱན་དྲངས་པའི་ཚེ་ལ་ཡག་མོན་མཁར་སྟེང་དུ་གསང་འདུས་ཞི་ཁྲོའི་སྐོར་རྣམས་ཡེ་ཤེས་མཚོ་རྒྱལ། རྒྱལ་བ་མཆོག་དབྱངས། ལང་གྲོ་ལོ་ཙཱ་ལ་སོགས་པས་ཤོག་སེར་ངོས་སུ་བཀོད། བསེ་སྒྲོམ་དམར་པོར་བཅུག་ནས་ལྷོ་བྲག་གནམ་སྐས་ཅན་དུ་གཏེར་དུ་སྦས། སྔགས་ཀྱི་སྲུང་མ། སྨྱོ་ཁ་དང་མཁའ་རི་སོགས་ལ་གཉེར་དུ་གཏད་པ། ཕྱིས་མི་ལོ་ལྔ་བཅུ་ཁ་རལ་ལུང་བསྟན་པའི་དུས་སུ་བབས་པ་ན། ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཉིད་བསམ་བཞིན་སྐྱེ་བ་བཞེས་པ་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་རཏྣ་གླིང་པ་སོགས་སྐུ་ཚེ་གཅིག་ལ་གླིང་པ་གསུམ་དུ་གྲགས་ཤིང་། ཟབ་གཏེར་ཉི་ཤུ་རྩ་ལྔ་སྤྱན་དྲངས་ཤིང་འགྲོ་དོན་མཛད་པ་ལ་བར་ཆད་མེད་པར་སྐུ་ཚེ་དང་ཕྲིན་ལས་མཐར་ཕྱིན་པ་དེ་ཉིད་ཀྱིས་ལྷོ་བྲག་གནམ་སྐས་ཅན་དུ་ཐུགས་གཏེར། གསང་གཏེར། ཟབ་གཏེར་ལ་སོགས་པ་བཞུགས་པའི་ནང་ཚན་གསང་གཏེར་འདི་ཉིད་སྤྱན་དྲངས་པའི་ཚེ། ཁྲོམ་ཚོགས་མཆོག་དམན་ཤིན་ཏུ་མང་པོས་དངོས་སུ་མཐོང་བར། དགེ་བསྙེན་མཁའ་རི་དཔོན་གཡོག་མངོན་སུམ་འོངས་ནས་གཏེར་སྒོ་བསྟན། འཇའ་ཚོན་ཁ་དོག་ལྔ་པ་དར་ཡུག་བརྐྱང་པ་ལྟར་ཟུག །དྲི་བཟང་གིས་ལུང་པ་ཁྱབ་པ་སོགས་ཡ་མཚན་པའི་ལྟས་དུ་མ་བྱུང་། གཏེར་གནས་གཞན་རྣམས་ནས་བྲམ་ཟེ་དྲི་མེད་སྙིང་པོའི་ཤ་རིལ་གཙོར་བྱས་སྐྱེ་བདུན་མྱང་གྲོལ་དང་། དམ་རྫས་རིགས་མི་གཅིག་པ་མང་དུ་སྤྱན་དྲངས། སྔགས་ཀྱི་སྲུང་མས་ལུང་བསྟན་པ་ལྟར་འཕན་ཡུལ་སྨན་རྩེའི་གཙོར་བྱས། ཕྱོགས་ངེས་མེད་དུ་བུམ་སྒྲུབ་ལན་གྲངས་སུམ་ཅུ་སོ་བགྲང་མཛད་པས་ཐུན་པ་ཡན་ཆད་ཀྱིས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་པ་དང་། རིལ་བུ་འཕེལ་ཞིང་འཕུར་བ་དང་། འཇའ་དང་འོད་དང་དྲི་བཟང་གིས་ཁྱབ་པ་དང་། མེ་ཏོག་གི་ཆར་རྟག་ཏུ་བབས་པ་སོགས་ངོ་མཚར་གྱི་རྫུ་འཕྲུལ་མཐའ་ཡས་པ་བསྟན་ནས་འགྲོ་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཞིང་དུ་བཀོད། ཆོས་བདག་གཙོ་བོ་པདྨ་གསུང་གི་བཀའ་བབ་ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ཀྱི་སྐྱེ་བ་རྒྱལ་དབང་བདུན་པ་ཆོས་གྲགས་མཚོ་ལ་ཆོས་དང་དམ་རྫས་ཕུལ་བས་འགྲོ་དོན་དབྱར་གྱི་ཆུ་བོ་ལྟར་རྒྱས་པའི་རྟེན་འབྲེལ་འགྲིགས། རྒྱལ་སྲས་ཚེ་དབང་གྲགས་པ། ཆོས་བདག་གུ་རུ་བློ་གྲོས། ཟུར་མང་བློ་གྲོས་རྒྱ་མཚོ་སོགས་ཀྱིས་མཐའ་དབུས་ཀུན་ཏུ་སྤེལ་ཞིང་བུམ་སྒྲུབ་བསྙེན་རྒྱུན་རྒྱུན་འཛུགས་མཛད་པ་སོགས་ཀྱིས་ཆོས་འདིའི་ཕྲིན་ལས་ཕྱོགས་མེད་དུ་ཁྱབ། ཁྱད་པར་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་མཁས་གྲུབ་ཀརྨ་ཆགས་མེད་ཞབས་དང་། དེའི་བརྒྱུད་འཛིན་རྣམས་ནས་ཟབ་ཆོས་འདིའི་བསྟན་པ་མདོ་ཁམས་སྟོད་སྨད་བར་གསུམ་དུ་དར་རྒྱས་ནུས་པ་མེད་པར་སྤེལ་བར་མཛད། སྔ་ཕྱི་དེ་དག་རྣམས་ཀྱི་དབང་དང་མན་ངག །མྱང་གྲོལ་དམ་རྫས་ཀྱི་རྒྱུན་ཇི་སྙེད་པ་ཐམས་ཅད་བརྒྱུད་པ་འདི་ལ་འདུས་པས་བརྒྱུད་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ཞིང་། དེ་ལྟ་བུའི་དབང་བསྐུར་བ་ལའང་། རྒྱས་པ་རིན་ཆེན་གཏེར་བུམ་མཆོག་དབང་དང་བཅས་པ། བསྡུས་པ་གཏོར་དབང་ཡིད་བཞིན་ནོར་བུ་གཉིས་སུ་བཞུགས་པ་ལས། ད་ལམ། དེ་གཉིས་གང་རུང་འདིའམ། དབང་ཆེན་རྒྱས་པའི་དོན་བསྡུས་རྒྱུད་ལས་ཕྱུང་བ་རྣལ་འབྱོར་རྒྱུན་དབང་ཉིད་སྒྲུབ་པར་བྱེད་པ་སྟེ། སྤྱིར་དབང་བསྐུར་ཐོབ་པའི་ཕན་ཡོན་མཐའ་ཡས་པ་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་རྣམས་ལས་འབྱུང་བ་ཡིན་ལ། བྱེ་བྲག་འདི་ཉིད་ཀྱི་ཡོན་ཏན་ནི། གསང་བ་འདུས་པའི་རྒྱུད་ལས། དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མ་ལུས་པ། །ཡིག་བདུན་དག་ལ་ཡང་དག་རྫོགས། །དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ། །རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས། །སྟོང་གསུམ་འཇིག་རྟེན་ཁམས་འདི་དག །ཏིལ་འབྲུར་བསིལ་ནས་བགྲང་ན་འཛད། །ཡིག་བདུན་ཡོན་ཏན་ཟད་མི་ཤེས། །ཞེས་སོགས་དང་། ཡིག་བདུན་དབང་དང་ལུང་ཐོབ་མིས། །ལས་དང་ལས་ཀྱི་རྣམ་སྨིན་རུང་། །མི་དགེ་བཅུ་དང་མཚམས་མེད་ལྔ། །དུས་འདི་ཉིད་ལ་སྦྱོང་བར་བྱེད། །ཡང་སྙིང་ཡིད་ལ་སུས་བྱེད་ཚད། །ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར། །བར་ཆད་སེལ་ཞིང་འགྲོ་བ་འདུལ། །ཅེས་སོགས་རྒྱ་ཆེར་འབྱུང་བ་དང་། སྐྱེ་བདུན་གྱི་དམ་རྫས་སྒྲུབ་ཚུལ་གསང་སྔགས་གསར་མའི་བདེ་མཆོག་རྩ་རྒྱུད་སོགས་ལས་རྒྱས་པར་གསུངས་ཤིང་། རྙིང་མའི་ཕྱོགས་སུ་ཐུགས་རྗེ་ཆེན་པོའི་ལས་ཚོགས་རྣམས་སུ་རྒྱ་ཆེར་གསུངས་པ་སྟེ། སྤྱིར་སྐྱེ་བདུན་གྱི་ཤ་ནི་སྤྱན་རས་གཟིགས་ཀྱིས་ཆེད་དུ་སྤྲུལ་པའི་མྱང་གྲོལ་ཡིན་པས་ཁར་སོང་བ་ཙམ་གྱིས་རྣམ་གྲོལ་ཐོབ་པ་སོགས་ཕན་ཡོན་མཐའ་ཡས་ཏེ། དཀར་ཆག་འགྲོ་བ་ཀུན་གྲོལ་ལས། ཁྱད་འཕགས་དམ་རྫས་མྱང་གྲོལ་འདི། །འགྲོ་བ་གང་གི་ཁ་རུ་ནི། །སྲོ་མ་ཙམ་ཞིག་སོང་གྱུར་ཀྱང་། །ཚེ་གཅིག་སངས་རྒྱས་མི་འགྲུབ་རེ། །ཞེས་དང་། སེམས་ཅན་གང་གི་ཁོང་དུ་སོང་བ་ན། །ཡ་རབས་བདུན་ལྡན་མི་ལུས་ཐོབ་ནས་ཀྱང་། །སྐད་ཅིག་ཉིད་ལ་ཆོས་སྐུ་མི་ཐོབ་རེ། །ཞེས་སོགས་བསྔགས་པ་རྒྱ་ཆེར་འབྱུང་ཞིང་། དེ་ཉིད་སྒྲུབ་ཆེན་འདིའི་སྒོ་ནས་ཚུལ་བཞིན་བསྒྲུབས་པའི་རིལ་བུ་བསྟན་པའི་ཕན་ཡོན་ནི་སྔ་མ་ལས་ཀྱང་ཁྱད་པར་དུ་འཕགས་ཏེ། དོན་ཏིག་འགྲོ་བ་ཀུན་སྒྲོལ་གྱི་རྒྱུད་ལས། ཐུགས་རྗེའི་སྤྲིན་ལས་ཤུགས་འབྱུང་བ། །འདི་ཉིད་མྱང་བ་ཙམ་གྱིས་ནི། །བློ་དང་བྲལ་བའི་དོན་རྟོགས་ནས། །སྒོམ་མི་དགོས་པར་མྱང་གྲོལ་ལོ། །ཞེས་དང་། ཡང་འདུས་དང་གསང་འདུས་སོགས་ཀྱི་རྒྱུད་མང་པོར། རིལ་བུ་ས་ཡི་ལྟོར་སོང་བ། །ཚེ་རབས་གང་དང་གང་སྐྱེས་ཀྱང་། །སྤྱན་རས་གཟིགས་དང་འབྲལ་མི་སྲིད། །སྐྱེ་བ་དྲན་ཅིང་ཐོས་པ་འཛིན། །ཡོན་ཏན་བསྔགས་པ་ཚད་ལས་འདས། །ཞེས་གསུངས་པས་མཚོན་ནོ། །དགོས་པ་ཕན་ཡོན་དེ་ལྡན་གྱི་དབང་བསྐུར་བ་དངོས་བསྒྲུབ་པར་བགྱི་བ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་ལེགས་པར་གྲུབ་ཟིན་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་ཐོག་མར་མཎྜལ་འབུལ་བར་ཞུ། །ཞེས་མཚམས་སྦྱར་ནས་ཞིང་ཁམས་འབུལ་དུ་གཞུག །དེ་ནས་གསོལ་གདབ་ཀྱི་མཚམས་སྦྱར་སོགས་ལ་འཇུག་གོ །ཞེས་པ་འདིའང་ལོ་བསྟར་བུམ་སྒྲུབ་ཆེན་མོའི་སྐབས་སུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་སྐྱབས་རྗེ་སྐུ་མཆེད་ཀྱི་བཀའ་ལྟར་གུ་ཎ་ས་མུ་དྲས་བགྱིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།