Terdzo-GI-013: Difference between revisions
m Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> " |
No edit summary |
||
| Line 18: | Line 18: | ||
|terma=Yes | |terma=Yes | ||
|rtzcategory=Mahayoga | |rtzcategory=Mahayoga | ||
|deity=seng gdong dmar mo; bdud 'dul seng gdong | |deity=seng gdong dmar mo; | ||
| | |cycle=mkha' 'gro bdud 'dul drag mo seng ge'i gdong pa can | ||
| | |cycletib=མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅན་ | ||
|parentcycle=DA ki'i snyan brgyud zab mo | |||
|parentcycletib=ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ | |||
|language=Tibetan | |language=Tibetan | ||
|volumenumber=33 | |volumenumber=33 | ||
Revision as of 15:47, 10 January 2018
ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་ཅན་གྱི་བསྙེན་ཡིག་མཆོག་ཐུན་དངོས་གྲུབ་ཀྱི་གཏེར་བུམ་
by ([[Chos rje gling pa|]])
revealed by སྟག་ཤམ་ནུས་ལྡན་རྡོ་རྗེ་ (Taksham Nuden Dorje)
in cycle མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅན་ (Mkha' 'gro bdud 'dul drag mo seng ge'i gdong pa can)
parent cycle ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ (DA ki'i snyan brgyud zab mo)
Volume 33 (གི) / Pages 187-199 / Folios 1a1 to 7a6
Tibetan Text
༄༅། །ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་ཅན་གྱི་བསྙེན་ཡིག་མཆོག་ཐུན་དངོས་གྲུབ་ཀྱི་གཏེར་བུམ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་ནི་ཡེ་ཤེས་ཀྱི། །མཁའ་འགྲོ་མ་ལ་གུས་བཏུད་ནས། །དེ་ཉིད་བསྙེན་ཅིང་སྒྲུབ་པའི་ཚུལ། །འདི་ན་བདག་གིས་གསལ་བར་བྱ། །དེ་ལ་འདིར་ཡེ་ཤེས་ཀྱི་མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་ཅན་གྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་དང་རྒྱབ་རྟེན་གྱི་ལུང་མན་ངག་གི་ངེས་པ་རྣམས་ལེགས་པར་ཐོབ་ཅིང་། དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཟུང་འཇུག་ཏུ་བསྒྲུབ་ཕྱིར་བསྙེན་སྒྲུབ་ཀྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ལ། དང་པོ་གང་དུ་བྱ་བའི་གནས་ནི། རྒྱུད་ལས། གཡའ་རི་གངས་དང་མཁའ་འགྲོའི་གནས༔ དུར་ཁྲོད་དབེན་པའི་གནས་སུ་བསྒྲུབ༔ ཅེས་གསུངས་པའི་གནས་གང་ཡང་རུང་བར། བརྩམ་པའི་དུས་ཀྱང་། རྒྱུད་ལས། ཚེས་གཅིག་ཚེས་བདུན་ཉེར་གཅིག་དང༔ བཅུ་དང་བཅུ་གསུམ་གཟའ་སྐར་དར༔ རྒྱལ་དང་ཕུར་བུ་བྱ་ཉི་ལ༔ དེ་ཡི་དུས་སུ་འཇུག་པར་བྱ༔ ཞེས་གསུངས་པའི་དུས་དང་སྦྱར་ལ་སྟེགས་བུའི་གཞིར། བ་བྱུང་གུར་གུམ་ག་བུར་ཙན་དན་དཀར་དམར་སོགས་དྲི་བཟང་ཨ་མྲིཏ་སིནྡྷུ་ར་མཚལ་ཆེན་སོགས་ཀྱིས་བྱུག་ཅིང་ཆག་ཆག་གདབ། དེའི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་མེ་རི་རྡོར་ར་པདྨའི་ཕྲེང་བའི་དབུས་སུ་ཆོས་འབྱུང་བསྣོལ་མ། དེའི་ལྟེ་བར་པད་འདབ་བཞི། དེའི་རྒྱབ་པད་འདབ་བརྒྱད། དེའི་ཕྱིར་ཐོད་སྐམ་རྟ་སོ་རིམ་གྱིས་ཟླུམ་སྐོར་དུ་བྱ། དབུས་སུ་མཉྫིའི་ཁར་ཟངས་བུམ་མཚན་ཉིད་དང་ལྡན་པ་དར་དམར་གྱི་མགུལ་དཀྲིས་སོགས་བྱས་པའི་ནང་དུ་ཆུ་གཙང་ལ་བུམ་སྨན་ཉེར་ལྔ་དང་ཆོས་སྨན་བཏབ་པ། དེའི་ཁར་ཐོད་པ་དུམ་གཅིག་མཚན་ཉིད་དང་ལྡན་པའི་ནང་དུ་མཚལ་གྱིས་ཆོས་འབྱུང་བསྣོལ་མ་ནང་པད་འདབ་བཞི། དབུས་སུ་བཾ། འདབ་མ་བཞི་ལ་ཧ་རི་ནི་ས་བྲི། ཐོད་པའི་ནང་དུ་རིན་ཆེན་འབྲུ་སྨན་ཤིང་ཐོག་ཟས་སྣ་བྱིན་རྟེན་གྱི་རིགས། བླ་མའི་དབུ་ལོ་ཕྱག་སེན་ན་བཟའ་སོགས་དང་བཅས་སྟེ་བཀང་། ཁ་དར་དམར་གྱིས་བཀབ། དེའི་སྟེང་དུ་རྒྱ་ཡི་མེ་ལོང་གཡའ་མེད་ལ་སིནྡྷུ་ར་པད་རཀ་གུར་གུམ་ཙན་དན་དཀར་དམར་མཚལ་རྒྱ་སྐྱེགས་སོགས་སྦྱར་བའི་ཁུ་བས་ཐོད་ནང་བཞིན་དུ་བྲི། དར་དཀར་དམར་ཟུར་བལྟེབས་བྱས་པས་ཆོས་འབྱུང་བསྣོལ་མའི་ཚུལ་དུ་བཀབ། མེ་ལོང་གི་ལྟེ་བའི་ཐད་ཙམ་དུ་གསེར་དངུལ་གྱི་གཟུངས་ཐག་རྡོ་རྗེ་དར་དམར་གྱི་སྐུད་པ་ལྔ་བཏགས་པ། དེའི་རྒྱབ་བམ་སྟེང་དུ་མཁའ་འགྲོའི་སྐུ་ཚོན་གང་བ་སྐྱེ་མཆེད་དོད་པ་རྒྱབ་ངོས་སུ་རྨ་བྱའི་མདོངས་བཙུགས་པ་བཅས་བཤམ། མཁའ་འགྲོའི་སྲོག་རྟེན་སྒྲུབ་ཕུར་ཆེན་མོ་ཡོད་ན་དེ་དག་གི་རྒྱབ་ངོས་ནས་ཞལ་མདུན་དུ་གཟིགས་པ་བྱས་ཏེ་བཙུགས། དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ་ལོངས་སྤྱོད་ཀྱི་རྟེན་རིན་ཆེན་སྣ་ལྔ། ཤར་དུ་མོ་རྒྱུད་དབང་སྡུད་རྡོ་རྗེའི་ཟིལ་པ། ནུབ་ཏུ་ཕོ་རྒྱུད་དབང་སྡུད་པདྨའི་མཚལ་ཆེན། ལྷོ་རུ་ཡིད་དཀྲུག་བྱེད་ཤ་བའི་ཚིལ་བུ། བྱང་དུ་གདོན་སྲུང་གུ་གུལ། ཤར་ལྷོར་ཚ་བ་སྐྱེད་བྱེད་ཚྭ་སྣ། ལྷོ་ནུབ་ཏུ་ཡིད་འཁྲུག་བྱེད་ཤིང་ཀུན། ནུབ་བྱང་དུ་མདངས་འཕྲོག་བྱེད་རྨ་བྱའི་མདོངས། བྱང་ཤར་དུ་ཆགས་སེམས་སྐྱེད་བྱེད་ཕུར་མ་རྣམས་བཀོད། དཀྱིལ་འཁོར་གྱི་མདུན་ངོས་སུ་གལ་ཕྱེ་གཙང་མ་ལ་སིནྡྷུ་ར་ག་བུར་གུར་གུམ་སྤོས་སྨན་སྣ་ཚོགས་བཏབ་ཅིང་ཙནྡན་དམར་པོས་ཁ་བསྒྱུར་བའི་མཁའ་འགྲོའི་རྟེན་གཏོར་ཐོད་པ་སོགས་ཀྱི་ནང་དུ་བཤམ། གཡས་གཡོན་དུ་རྒྱུན་གཏོར་དཀར་གཏོར་པདྨ་འདབ་བརྒྱད་ཀྱིས་བསྐོར་བ་དང་། དམར་གཏོར་ཕུར་རྩེ་གྱེན་བསླངས་ལྟ་བུ་ལོགས་གསུམ་ལ་མཐེབ་ཀྱུ་གྲུ་གསུམ་པ་རེ། གཏོར་གསོས་བྱེད་པའི་སྐབས་སུ་དཀར་གཏོར་འདི་ལ་དཀར་གསུམ་མངར་གསུམ་སྦྱར་བའི་རིལ་བུས་ཁ་གསོ། དམར་གཏོར་ལ་ཤ་ཁྲག་སྦྱར་བའི་རིལ་བུ་ཟུར་གསུམ་གྱིས་གསོ་ཞིང་སྒྲུབ་པ་ཐོན་ནས་དཀར་གཏོར་དངོས་གྲུབ་ཏུ་ལོངས་སྤྱོད་པ་དང་། དམར་གཏོར་འབུལ་གཏོར་སྦྱིན་སྲེག་བྱ་བ་ཡིན། དེའི་གཡས་གཡོན་དུ་ཐོད་པའམ་ཐོད་གཟུགས་ཀྱི་སྣོད་དུ་ཆང་ལ་ཆོས་སྨན་བཏབ་པའི་བདུད་རྩི་སྨན་དང་། ཆུ་གཙང་ལ་སིནྡྷུ་ར་བཏབ་པའི་རཀྟ། མཐར་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་སྟེ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ། དབང་པོ་རྣམ་ལྔའི་མེ་ཏོག་མཚོན་བྱེད། ཚིལ་ཞུན་བྱུགས་པའི་སྤོས། ཞུན་མར་རམ་མར་ནག་གི་མར་མེ། བདུད་རྩི་ལྔ་བཏབ་པའི་དྲི་ཆུ། ཤ་ཁྲག་རུས་པས་བྲན་པའི་བཤོས་བུ་ཟུར་གསུམ་སོགས་རང་བྱུང་གི་མཆོད་པའང་གང་འབྱོར། སྐབས་སུ་གང་བབས་སུ་གཏེར་སྲུང་དམ་ཅན་གྱི་གཏོར་མ། ཆད་མདོ་བརྟན་སྐྱོང་། ཚོགས་ཕུད། སྔོན་འགྲོ་གཏོར་མ་སོགས་བཤམ། སྒྲུབ་པ་པོ་རང་ཉིད་དཀྱིལ་འཁོར་ལ་ཕྱོགས་པའི་གདན་ནང་ཚང་ཅན་འོག་ཏུ་འབྲུ་དཀར་གྱིས་གཡུང་དྲུང་བྲིས་པའི་ཁར་འདུག མདུན་དུ་རྡོར་དྲིལ་ཌཱ་མ་རུ་རྐང་གླིང་མེ་ཏོག་གི་སྣོད་སོགས་བཤམ་མོ། །དངོས་གཞི་ཇི་ལྟར་བསྙེན་ཅིང་སྒྲུབ་ཚུལ་ལ། གཞུང་ལས། ཕྱི་ནང་གསང་བ་བླ་མེད་མཆོག་སྒྲུབ་སོགས་རྣམ་གཞག་མང་མོད། འདིར་གཅིག་དྲིལ་དུ་སྒྲུབ་པ་ཉིད་གཙོ་ཆེ་བའི་དབང་དུ་བྱས་ཏེ། ཐུན་བཞིར་བྱས་པའི་དགོང་ཐུན་གྱི་ཆར་སླེབ་པ་དང་། རང་ཉིད་མཁའ་འགྲོའི་ང་རྒྱལ་གྱིས་སྔོན་འགྲོ་གཏོར་མ་བྱིན་གྱིས་བརླབ། འདིའི་འདོན་བྱ་ཐམས་ཅད་ལས་བྱང་བསྡུས་པ་མྱུར་མགྱོགས་གློག་ཕྲེང་ཐོག་ནས་བྱ་སྟེ། ཧཱུྃ་ཧཱུྃ་ཧཱུྃ༔ གྷ་གྷ་གྷ་ཏཱ་ཡ༔ ལོག་པར་བལྟ་བའི་བགེགས་ཚོགས་ཉོན༔ ཞེས་སོགས་ནས། བིདྱཱ་རཱ་ཛ་ཀྲོ་ཏ་ནི་ཧཱུྃ་ཕཊ༔ ཀྱི་མཐར་གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ་ཌཱ་དྲིལ་ལ་སོགས་པའི་རོལ་མོའི་སྒྲ་དྲག་ཏུ་འཁྲོལ། སྔོན་གཏོར་ཕྱིར་དོར་ཞིང་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རིགས་རྣམས་རྒྱ་མཚོའི་བར་བསྐྲད་པར་བསམ། སྒོ་དྲུང་དུ་ཐོ་དཀར་པོ་བརྩིག །ཕྱི་ནང་གི་འགྲུལ་ངག་སོགས་གཅད། དེ་ནས་ལས་བྱང་ནང་བཞིན་གྱི་མཚམས་གཅོད་མཆོད་པ་བྱིན་རླབས་བྱིན་དབབ་བཤགས་པ་རྣམས་བྱ་ཞིང་། དངོས་གཞི་བསྐྱེད་རིམ་གསལ་གདབ་པའི་སྐབས། ཧཱུྃ༔ ཡེ་ནས་ཆོས་རྣམས་སྤྲོས་བྲལ་ཉིད༔ ཅེས་སོགས་ནས། འཇའ་ཚོན་ལྟ་བུར་གསལ་བར་བསྒོམ༔ ཞེས་པའི་བར་གྱི་གཞལ་ཡས་ཁང་ལྷའི་འཁོར་ལོ་དང་བཅས་པ་བདག་བསྐྱེད་གཙོ་ཆེ་བར་བསྒོམ་ཞིང་དེའི་ཡན་ལག་དཔེར་ན་ཉི་མ་དང་འོད་ཟེར་གྱི་ཚུལ་མེ་རི་འདབས་འབྱར་ལྟ་བུའམ། ཡང་ན་བཞིན་མེ་ལོང་ལ་འཆར་བའི་བྱད་ལྟར་བདག་མདུན་གྱེར་ཚིག་གཅིག་ལ་རྣམ་བཅས་མ་འདྲེས་པ་སོ་སོར་སྒོམ་པ་ཡིན། འདི་ནི་གང་ཟག་སྤྱིའི་དབང་དུ་བྱས་པ་ཡིན་ཅིང་། བློ་རབ་མ་ཧཱ་ཡོ་གའི་གསང་བ་ཁོང་དུ་ཆུད་པས་ནི་བདག་མདུན་ཟུང་འཇུག་གཅིག་ཏུ་བསྒོམས་པས་ཀྱང་ཁྱབ། དེ་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་པ་འབུལ་བ་བསྟོད་པའི་བར་ལས་བྱང་བཞིན་དུ་བྱ་ཞིང་། མཆོད་བསྟོད་ཀྱི་སྐབས་ལྷ་ལ་ལྷས་མཆོད་པའི་ཚུལ་ལམ། རང་ཉིད་ཀྱི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་སྤྲོས་པའི་འཛིན་སྟངས་ཀྱིས་བྱ་བ་སྟེ་གང་བདེ་བྱེད། དེ་ནས། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཀའ་ཉན་བཅས༔ ཞེས་སོགས་ནས། ས་མ་ཡ་ཤུདྡྷེ་ཨ༔ ཞེས་པའི་བཤགས་གསོལ་གྱི་མཇུག་ཏུ། བཟླས་པ་བྱ་བ་ནི། རང་ཡེ་ཤེས་ཀྱི་མཁའ་འགྲོར་གསལ་བའི་སྤྱི་བོར་རང་གི་རྩ་བའི་བླ་མ་དང་རྣམ་དབྱེར་མེད་པའི་སློབ་དཔོན་ཆེན་པོ་ལོངས་སྤྱོད་རྫོགས་སྐུའི་རྣམ་པ་ཅན་པང་དུ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་དམར་མོ་གྲི་ཐོད་འཛིན་པ་དང་གཉིས་སུ་མེད་པར་སྦྱོར་བ། དེ་ལ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བར་བསྒོམ། རང་ཡེ་ཤེས་ཀྱི་མཁའ་འགྲོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་འཕང་ལོ་ཙམ་པའི་ཁར་ཐུགས་སྲོག་བཾ་ཡིག་དམར་གསལ་ཚོན་གང་བ། དེའི་ཕྱི་རོལ་དུ་བཟླ་བྱའི་སྔགས་ཕྲེང་རྣམས་མར་མེའི་ཕྲེང་བ་ལྟར་གསལ་ལ་དྭངས་པ་གཡོན་སྐོར་དུ་དམར་ཆི་ལི་ལི་འཁོར་བ། དེ་ལྟ་བུ་འཁོར་གྱི་སེང་གདོང་རིགས་བཞི་དང་མདུན་བསྐྱེད་ཀྱི་ཐུགས་ཀར་ཡང་མོས་བསྐྱེད་ཙམ་བྱས་ནས། བདག་མདུན་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གིས་ལྷ་ཀླུ་མི་སོགས་སྲིད་པ་གསུམ་གྱི་འདོད་ཡོན་ཐམས་ཅད་བསྡུས་ནས་ཐུན་མོང་དངོས་གྲུབ་ཀྱི་ཆར་བབས་པར་བསམ་ལ་བཟླས་པ་བྱ། ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྤྱི་གཙུག་གི་བླ་མ་ཡབ་ཡུམ་ལ་ཕོག་སྦྱོར་མཚམས་ནས་འོད་ཟེར་དཀར་པོ་བྱང་སེམས་ཀྱི་རྒྱུན་བཞིན་ངང་ན་ར་ར་བྱུང་ནས་ལུས་ཐམས་ཅད་གང་ལུས་སྒྲིབ་དག་བུམ་དབང་ཐོབ། ཡབ་ཡུམ་གྱི་མགྲིན་པ་ནས་འོད་ཟེར་དམར་པོ་བྱུང་ལྕེ་ལ་ཐིམ་ངག་སྒྲིབ་དག་གསང་དབང་ཐོབ། ཐུགས་ཀ་ནས་འོད་ཟེར་མཐིང་ག་བྱུང་སྙིང་གར་ཐིམ་ཡིད་སྒྲིབ་དག་ཤེར་དབང་ཐོབ། ཡང་གསང་གནས་ནས་འོད་ཟེར་དཀར་དམར་མཐིང་གསུམ་འདྲེས་པ་བྱང་སེམས་ཀྱི་རྒྱུན་བཞིན་བབས། བདག་ལུས་ལྷར་གསལ་བའི་ལུས་ནང་ཐམས་ཅད་གང་། བ་སྤུའི་བུ་ག་ཐམས་ཅད་ན་མཁའ་འགྲོ་ཏིལ་གང་ཕྱུར་བ་བཞིན་དུ་ཡོད་པ་ཀུན་ཀྱང་སྔགས་སྒྲ་དི་རི་རི་སྒྲོག་པར་བསྒོམས་ལ་བཟླས་པ་བྱ། དེས་སྒོ་གསུམ་གྱི་སྡིག་སྒྲིབ་དག་ཅིང་ཚིག་དབང་ཐོབ་པར་མོས། ཐུན་མཇུག་ཏུ་བླ་མ་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་བདག་ལྷར་གསལ་བ་དང་དབྱེར་མེད་དུ་གྱུར་པས་དེ་ཁོ་ན་ཉིད་མི་འགྱུར་བའི་ཡེ་ཤེས་བདེ་བ་ཆེན་པོའི་དབང་དང་དངོས་གྲུབ་ཐོབ་པར་བསམ། ཡང་སེང་གདོང་རིགས་བཞི་ལ་སོགས་པའི་འཁོར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔའ་བོ་དང་དཔའ་མོ་ཐམས་ཅད་སྐུ་མདོག་དམར་མོ་གཅེར་བུ་སྤྱན་གསུམ་ཕྱག་རྒྱ་ལྔས་བརྒྱན་པ། ལྕགས་ཀྱུ་དང་ཐོད་ཁྲག་ཐོགས་པ་དཔག་ཏུ་མེད་པ་སྔགས་སྒྲ་དི་རི་རི་སྒྲོག་ཅིང་རང་ལ་བསྐོར་བ་བྱེད་ཅིང་ཞི་རྒྱས་དབང་དྲག་མཆོག་ཐུན་མོང་གི་དངོས་གྲུབ་ཅི་འདོད་སྟེར་བར་བསྒོམས་ལ་བཟླས་པ་བྱེད། བཟླས་དམིགས་འདི་རྣམས་དང་བསྟུན་ནས་བཟླ་ཞིང་། སྔགས་ནི་ལས་བྱང་སྒྲུབ་ཐབས་སོགས་ནས་ཤས་ཆེར་གསུངས་པའི། ཨོཾ་བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཛ༔ ཞེས་པ་གཙོ་བོར་བཟླ་ཞིང་། ཐུན་མཇུག་ལྟ་བུར་དྲིལ་སྒྲུབ་ནས་གསུངས་པའི་སྔགས་འདིའང་བརྒྱ་རྩ་སོགས་ཅི་འགྲུབ་བཟླ། ཨོཾ་བཾ་ཛྙཱ་ན་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་གུ་ཧྱ་ཙིཏྟ་སིདྡྷི་སིདྡྷི་ཧཱུྃ༔ སིང་ང་སིང་ང་ཧཱུྃ་ཧཱུྃ༔ ལྷང་ང་ལྷང་ང་པ་ཏྲ་པ་ཏྲ་སྭཱ་ཧཱ༔ དེ་ཡང་སྔགས་གོང་མའི་བསྙེན་ཚད་སྤྱི་ཙམ་དུ་འབུམ་ཚོ་བཞི། ཕྱི་མ་ཁྲི་ཚོ་གཅིག་ཙམ་བཟླས་ན་འཚམ་པར་འགྱུར་ལ། གོང་བསྙེན་ཐེམས་པའམ་ཅི་རིགས་ཙམ་སྔོན་དུ་སོང་ནས་བསྙེན་སྒྲུབ་ལས་གསུམ་གཅིག་དྲིལ་དྲག་སྔགས་ཡི་གེ་བཅུ་བཞི་པའི་བཟླས་དམིགས་ནི། ཐུགས་སྲོག་བཾ་ཡིག་དེ་ཉིད་ཧཱུྃ་དམར་ནག་ཏུ་གྱུར། དེའི་ཐ་མར་ཡི་གེ་བཅུ་བཞི་པའི་དྲག་སྔགས་ཁ་དོག་དམར་ནག་ལྕགས་སྲེག་གི་མདོག་ལྟ་བུ་གཡོན་སྐོར་དུ་དམར་ཀྱི་ལི་ལི་འཁོར་བ། དེ་ལས་འོད་ཟེར་མེའི་ཚྭ་ཚྭ་སྤྲོས་ཏེ་རྣམ་རྟོག་གི་རང་གཟུགས་གདོན་བགེགས་འབྱུང་པོ་བྱད་ཕུར་རྦོད་གཏོང་ཐམས་ཅད་གཞོབ་རྒོད་ཐུལ་ཐུལ་བསྲེགས་པར་བསམ་ལ་བཟླས་པ་བྱ། བསྙེན་པའི་ཚད་ནི་འབུམ་ཕྲག་བཅུ་བཞིའམ་མ་འགྲུབ་ན་འབུམ་ཕྲག་བཞི་ལ་བསྡུ། འདི་ལ་སྔགས་ཕྲེང་དཀར་སེར་དམར་ལྗང་སོགས་ལས་བཞིའི་བསྒྱུར་ཁའང་གང་འདོད་བྱ་ཞིང་། སྲུང་སྔགས་ཟློག་སྔགས་སོགས་ཀྱི་སྐབས་ཐོབ་དང་སྦྱར་བའི་ཤམ་བུ་བཏགས་པ་དང་དམིགས་པའི་ཁ་བསྒྱུར་ཡང་བྱ། དེ་ལྟར་བཟླས་པའི་རྣམ་གཞག་དེ་རྣམས་བློར་ངེས་པར་བྱ་ཞིང་། བཟླས་པ་ཟིན་པའི་ཐུན་མཇུག་ཏུ་ཨཱ་ལི་ཀཱ་ལི་ཡིག་བརྒྱ་སྦྲེལ་བ་ལན་གསུམ་བཟླ་ཞིང་སྔགས་ཙམ་གྱིས་མཆོད། དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། །དྲག་མོ་སེང་གེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འབར། །སེང་གེའི་གདོང་ཅན་ལྷ་མོར་བསྟོད། །ཅེས་པ་ཙམ་གྱིས་བསྟོད། སྣོད་བཅུད་ལྷའི་འཁོར་ལོར་གསལ་བ་ཐུགས་སྲོག་བཾ་ཡིག་གི་བར་དུ་བསྡུས་ལ། བཾ་ཡིག་ཀྱང་འོད་གསལ་གྱི་ངང་དུ་བཞག་པའི་རྫོགས་རིམ་དང་། སླར་ལྷ་སྐུ་སྐད་ཅིག་དྲན་རྫོགས་སུ་ལྡང་བའི་ཐུན་མཚམས་ཀྱི་སྤྱོད་ལམ་བྱ་ཞིང་། སྲོད་ཐུན་ལ་མཆོད་གཏོར་རྣམས་ཁ་གསོ། མཆོད་པ་བྱིན་རླབས་དང་བྱིན་དབབ་ནས་བཟླས་པའི་བར་དགོང་ཐུན་བཞིན་བྱ། བཟླས་པའི་མཇུག་གི་མཆོད་བསྟོད་གྲུབ་ནས་ཚོགས་ཕུད་ལ་བསང་ཆུ་འཐོར། ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཞེས་སོགས་ཀྱིས་ཚོགས་བྱིན་བརླབ། སྤྱན་འདྲེན། ཚོགས་ཕུད་དང་པོ་དཀྱིལ་འཁོར་ལ་འབུལ་བ། བར་པས་བཤགས་པ་བྱ་བ། ཐ་མ་བསྒྲལ་ཞིང་ཞལ་དུ་བསྟབ་པ་རྣམས་ལས་བྱང་བཞིན་དུ་བྱ་ཞིང་། འདི་ནས་གཟུང་སྒྲུབ་པ་མ་གྲོལ་བར་གྱི་ལྷག་མ་རྣམས་ཟུར་དུ་གསོག་པ་ལས་ལྷག་གཏོར་ཕྱིར་མི་གཏང་། བར་འདིར་ཆོས་སྐྱོང་སྤྱི་དང་བྱེ་བྲག་དམ་ཅན་གྱི་གཏོར་འབུལ་བསྟོད་པ་བྱ། དགོང་ཐུན་བཞིན་དུ་རྫོགས་རིམ་ལ་བསྡུས་ནས་ཐུན་མཚམས་ཀྱི་ལྷ་སྐུར་མི་ལྡང་བར་འོད་གསལ་གྱི་ངང་དུ་ཉལ། འདི་སྐབས་ཀྱི་རྫོགས་རིམ་དུས་མཚམས་གཅོད་སྲུང་བའི་གུར་ཁང་ནི་མི་བསྡུ་བར་གསལ་བཞིན་པར་འཇོག །ཐོ་རེངས་སྔགས་ཀྱི་སྒྲས་སད་པར་མོས་ལ་སྲུང་བའི་གུར་ཁང་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བྱ་ཞིང་མཚམས་གཅོད་དང་མཆོད་གཏོར་རྣམས་ཁ་གསོས་ཏེ། མཆོད་པ་བྱིན་རླབས་ནས་རྫོགས་རིམ་གྱི་འཇུག་ལྡང་དགོང་ཐུན་བཞིན་དུ་བྱ། སྔ་ཐུན་ལ་ཡང་མཆོད་ཁ་གསོས་བྱིན་རླབས་ནས་གཟུང་སྟེ་རྫོགས་རིམ་གྱི་འཇུག་ལྡང་གོང་བཞིན་བྱ། སྤྱིར་ཐུན་གྱི་ཚད་དང་ངོས་འཛིན་ཚུལ་ཐོ་རེངས་ནས་ནམ་ལངས་ཡན་ལ་ཐོར་ཐུན། ནམ་ལངས་ནས་གུང་ཚིགས་ཡན་ལ་སྔ་ཐུན། གུང་ཚིགས་གྲོལ་རྗེས་ནས་མུན་མཚམས་ཡན་ལ་དགོང་ཐུན། མུན་སྲོས་ནས་སྲོས་པོ་ཆེ་ཡན་ལ་སྲོད་ཐུན་དུ་འཇོག་པ་ཡིན་ནོ། །དེ་ལྟ་བུའི་ཁྲིགས་རིམ་གྱི་ཟླ་བ་ཞག་གྲངས་སོགས་དུས་དང་། གོང་དུ་བཤད་པའི་གྲངས་ཅི་རིགས། རྟགས་ཚད་ནས་བཤད་པ་བཞིན་གྱི་མཚན་མ་སོགས་གང་རུང་བློ་ཚོད་དང་སྦྱར་བ་གྲུབ་ནས་མཚམས་གྲོལ་རྒྱུའི་ཐོར་ཐུན་ལ་མཆོད་གཏོར་ཁ་གསོ་དང་ཚོགས་སོགས་རྒྱས་པར་བཤམས་ནས་བཟླས་པའི་བར་ཐུག་པར་བྱ་ཞིང་། བཟླས་པའི་རྗེས་སུ་ཚོགས་མཆོད་དང་སྤྲོ་ན་མཁའ་འགྲོའི་སྐོང་བའང་བྱ། ཚོགས་ལྷག་སྔ་གོང་ནས་བསགས་པ་རྣམས་སྐབས་འདིར་སྨན་རག་སྦྲན་ཏེ་ལྷག་མ་བསྔོ། དམ་ཅན་གྱི་གཏོར་འབུལ་བསྟོད་པ་དང་། དེའི་རྗེས་སུ་ཆད་ཐོ། བརྟན་སྐྱོང་རྣམས་ཀྱང་བྱ་ཞིང་དེ་རྣམས་ཀྱི་གཏོར་མ་ཡང་གཙང་སར་གཤེགས། གཏོར་སྣོད་རྣམས་ཁ་སྦུབ་ཅིང་གཏོར་བྲོ་བྱ། དེ་ནས། ཧཱུྃ༔ མ་གཅིག་སེང་གདོང་དངོས་གྲུབ་ཀུན་གྱི་མཛོད༔ ཅེས་སོགས་ནས། སིདྡྷི་ཕ་ལ་ཧོ༔ ཞེས་པའི་མཇུག་ཏུ་མདུན་གྱི་བུམ་ཐོད་མེ་ལོང་སྐུ་དང་སྒྲུབ་གཏོར་སོགས་གནས་གསུམ་དུ་གཏུགས་ཤིང་བུམ་ཆུ་གཏོར་རྫས་སྨན་རག་སོགས་ཅུང་ཟད་རེ་མྱང་། བཀྲ་ཤིས་བརྗོད་ཅིང་ཡེ་ཤེས་པ་རྣམས་སྒྲུབ་རྫས་ལ་བསྟིམ་ཞིང་སུ་པྲ་ཏིཥྛས་བརྟན་བཞུགས་བྱ། དམ་ཚིག་གི་འཁོར་ལོ་སྲུང་བའི་རྭ་གུར་དང་བཅས་པ་ཐུགས་སྲོག་བཾ་ཡིག་ལ་ཐུག་གི་བར་དུ་བསྡུ་ཞིང། དེ་ཉིད་ཀྱང་འོད་གསལ་སྤྲོས་མེད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དབྱིངས་རྣམ་པར་ཐར་པ་སྒོ་གསུམ་མཚོན་པར་དཔེར་བགྱིད་ན། ཐོ་རེངས་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུ་སྟོང་གསལ་རིག་པའི་སྙིང་པོ་ཅན་ཀྱི་ངང་ལ་མཉམ་པར་གཞག །སླར་ལྷ་སྐུ་དྲན་རྫོགས་སྒྱུ་མ་ལྟ་བུར་ལྡང་ཞིང་རྡོ་རྗེའི་གོ་བགོས་པས་བསྲུང་བར་བསམ། ཨེ་མ་ཧོ༔ གསང་སྔགས་བླ་མེད་མཁའ་འགྲོའི་དཀྱིལ་འཁོར་དུ༔ ཞེས་སོགས་ནས། སྒྲུབ་པ་པོ་ཡིས་ལས་བཞི་ལྷུན་གྲུབ་ཤོག༔ ཅེས་བསྔོ་སྨོན་སྟབས་མཚུངས་སུ་བྱ་ཞིང་། དཀྱིལ་འཁོར་རྫས་ཡོ་བྱད་རྣམས་མི་མངོན་པར་བསྡུ། ཞག་བར་མི་དང་མི་འཕྲད་ཅིང་དེ་ནས་ཕྱི་ནང་གི་འགྲུལ་ངག་སོགས་རིམ་པས་འགྲོལ་བ་སྟེ་མཚམས་སྒྲུབ་སྤྱི་བཞིན་དུ་ཤེས་པར་བྱའོ། །ཚུལ་འདིའི་ཡིག་ཆུང་གསང་བའི་མན་ངག་དང་། །ཡང་གསང་བླ་མེད་གཅིག་དྲིལ་སྒྲུབ་པའི་ཐབས། །མྱུར་མགྱོགས་གློག་ཕྲེང་ལས་བྱང་དགོངས་པ་གསུམ། །སྐལ་ལྡན་དོན་དུ་ལེགས་པར་ཕྱེ་སྟེ་བཀོད། །འཐོར་བ་བསྡེབས་དང་སྙན་བརྒྱུད་ཡི་གེ་རུ། །བཀོད་ལ་ནོངས་པ་མཆིས་ན་བླ་མ་དང་། །ཡེ་ཤེས་མཁའ་འགྲོར་བཤགས་ཤིང་དགེ་བ་ཡིས། །འགྲོ་ཀུན་ཤེས་རབ་ཕ་རོལ་ཕྱིན་བརྙེས་ཤོག །ཅེས་པ་འདི་ཡང་བླ་མ་དང་ཡེ་ཤེས་ཀྱི་མཁའ་འགྲོར་མི་ཕྱེད་པའི་དད་དམ་ཅན་གསང་བ་བློ་གསལ་གྱི་གསུང་གིས་བསྐུལ་ངོར་དྷརྨ་སྭཱ་མཱིས་སྦྱར་བའོ།། །།