Terdzo-TA-009: Difference between revisions

From Rinchen Terdzö
m (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")
m (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")
Line 49: Line 49:
ཨོཾ་སྭསྟི་སིདྡྷི་རསྟུ། །ཕུལ་བྱུང་ཚེ་དང་ཡེ་ཤེས་དྭང་མའི་བཅུད། །སྐལ་བཟང་སྲོག་གི་ཟུངས་སུ་འདྲེན་མཛད་པ། །བླ་མ་ཚེ་དཔག་མེད་ལ་གུས་བཏུད་ནས། །དབང་ཆོག་འཆི་མེད་གྲུབ་པའི་དགའ་སྟོན་སྤེལ། །འདི་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས། སྨིན་བྱེད་དབང་གི་ཆོ་གའོ། །དང་པོ་ནི། གནས་དབེན་ཞིང་བཀྲ་ཤིས་ལ་ཡིད་དང་རྗེས་སུ་མཐུན་པར་སྟེགས་བུའི་ཁར་མཎྜལ་པདྨ་འདབ་བརྒྱད་ཕྱོགས་བཞི་དམར། མེ་རླུང་སེར། དབང་ལྡན་སྔོ། བདེན་བྲལ་དང་ལྟེ་བ་ལྗང་། གེ་སར་སེར་བ་རྡུལ་ཚོན་གྱིས་བྲི་བའམ། རས་སོགས་ལ་བྲིས་པ་བཏིང་བའི་ཁར་བུམ་པ་གས་ཆག་སོགས་ཀྱི་སྐྱོན་མེད་པའི་ནང་དུ་བུམ་རྫས་ཉེར་ལྔ་དམ་རྫས་བདུད་རྩི་ཆོས་སྨན། ཚེ་རྫས་བཅུད་ལེན་གྱི་སྨན་སོགས་བཏབ་པའི་ཆུ་གཙང་གིས་སུམ་གཉིས་ཙམ་བཀང་བ་མགུལ་ཆིངས་ཁ་རྒྱན་དང་བཅས་པའི་ཁ་རྒྱན་ལ་གཙོ་བོའི་སྐུ་ཙག་གིས་བརྒྱན་པ་བཀོད། དེའི་མདུན་དུ་བཅུད་ལེན་གྱི་སྨན་དང་མངར་གསུམ་སོགས་ཀྱི་ཕབས་ལྡན་ཚེ་རིལ་རིན་པོ་ཆེའི་སྣོད་དུ་ཕྱུར་བུར་སྤུངས་པ། གཡས་སུ་ཐོད་པར་ཆང་ལ་བདུད་རྩི་བཏབ་པའི་གསང་རྫས། རྒྱབ་ཏུ་ཤེར་དབང་གི་རྟེན་རིག་མའི་ཙཀ་ལིའམ་དྲིལ་བུ། གཡོན་དུ་བཞི་པའི་དབང་རྟེན་འཇའ་ཤེལ་དང་མེ་ལོང་རྨ་བྱའི་སྒྲོ་མདངས་བཅས་དང་། གང་བདེ་བར་ལྷ་དབང་ལ་དགོས་པའི་ཐོད་ཕྲེང་རིགས་ལྔའི་ཙཀ་ལི་བཅས་དགོད། དེ་དག་གི་མདུན་དུ་གཏོར་ཟླུམ་དམར་པོ་རྩ་བའི་ཕྱོགས་བཞིར་པད་སྤུངས་ཀྱིས་བརྟེན་པ་གསུམ། དེའི་གཡས་སུ་སྨན། གཡོན་དུ་རཀྟ། མདུན་ཆུ་གཉིས་ཉེར་སྤྱོད་སོགས་ཕྱི་མཆོད། ཚོགས་གཏོར་ཤ་ཆང་ཟས་སྣའི་ཡོ་བྱད་བརྟན་མའི་གཏོར་མ་བཅས་པ་ལེགས་པར་བཤམ། སློབ་དཔོན་གྱི་མདུན་དུ་གཡོན་ངོས་ནས་རིམ་པར་ནང་མཆོད། རྡོ་རྗེ་དྲིལ་བུ་ཌཱ་མ་རུ་ལས་བུམ་མེ་ཏོག་གི་སྣོད་ཡུངས་ཐུན། ཚེ་མདའ་དར་དམར་གཡུ་དང་མེ་ལོང་གིས་བརྒྱན་པ་རྣམས་བསྒྲིག །ཆོ་ག་དང་དབང་སོ་སོའི་སྔོན་འགྲོའི་བགེགས་གཏོར་ཡང་འདུ་བྱ། དབང་དངོས་གཞི་ཙམ་ལ་དེས་འཐུས་མོད། རྒྱས་སྤྲོས་ཀྱི་ཡན་ལག་ཏུ་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་བྲིས་འབུར་ཅི་རིགས། ཕྲིན་ལས་བཞིའི་འབྲང་རྒྱས་དཀར་པོ་ཟླུམ་པོ། སེར་པོ་གྲུ་བཞི། དམར་པོ་ཟླ་གམ། ནག་པོ་ཟུར་གསུམ་རྣམས་རང་རང་གི་མདོག་དབྱིབས་ཅན་གྱི་ཟན་ལེབ་བརྩེགས་པའི་གདན་བང་རིམ་བཞི་པ་རེའི་སྟེང་དུ་བཞག་པ་སྣོད་སོ་སོར་རམ་གཅིག་ཏུ་བསྡོམས་པས་ཀྱང་རུང་སྟེ་བཀོད་མཛེས་སུ་འདུ་བྱའོ། །གཉིས་པ་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བཟུང་། ཚོགས་ཐ་མའི་བར་ཕྲིན་ལས་ཀྱི་ཆོ་ག་འཆི་མེད་འདོད་འཇོ་བཞིན་ཉམས་སུ་བླང་ངོ་། །གསུམ་པ་ལ་གཉིས། སློབ་དཔོན་བདག་ཉིད་འཇུག་པ་དང་། སློབ་མ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ནི། སློབ་མ་ལ་ཇི་ཙམ་བསྐུར་བའི་དབང་རྣམས་བདག་འཇུག་གི་ཚུལ་དུ་བླང་བའམ། བསྡུ་ན་རིག་པའི་མེ་ཏོག་དོར་བས་འཇུག་པ་ནི། དཀྱིལ་འཁོར་ལ་གདོང་ཕྱོགས་པས་མེ་ཏོག་འཐོར་བ་དང་བཅས་ཏེ། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾ་བཛྲ་ས་མ་ཡ་ཨཱཾ༔ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། བདག་དང་དཀྱིལ་འཁོར་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སཏྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ལོ། སློབ་མའི་དོན་དུ། རྡོར་དྲིལ་འཛིན་ཅིང་ཐལ་སྦྱར་བཅས། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་ལན་གསུམ་མམ་གཅིག་གིས་གསོལ་བ་བཏབ་པས་གནང་བ་བསྩལ་བར་བསམ་མོ། །གཉིས་པ་ལ་གཉིས། སློབ་མ་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བའོ། །དང་པོ་ནི། ལས་ཀྱི་རྡོ་རྗེས་སྒོ་དྲུང་དུ་གཡས་ལས་བུམ་དང་། གཡོན་གུ་གུལ་གྱི་སྤོས་སྣོད་བཟུང་བས་སློབ་མ་རྣམས་ལ་ཁྲུས་བྱ་ཞིང་། སློབ་དཔོན་གྱིས་ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པ་བརྗོད། ལས་སྔགས་བཟླ། རང་ཉིད་སྐད་ཅིག་གིས་དཔལ་རྟ་མཆོག་རོལ་པའི་སྐུར་གྱུར་པར་བསམ། བགེགས་གཏོར་ལ་བསང་ཆུ་འཐོར་ཞིང་། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་དང་། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ་ཧོཿལན་གསུམ་གྱིས་བརླབ། ལྕགས་ཀྱུའི་ཕྱག་རྒྱ་དང་། ཨོཾ་སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བསྔོས། རྡོ་རྗེ་སྙེམས་པ་དང་བཅས་པས་ཐུགས་ཀར་བཟུང་ཞིང་། དྲིལ་བུ་དཀུར་བརྟེན་པས་བཀའ་བསྒོ་བ་ནི། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱིྎ ཆོས་ཀྱིྎ དགེ་འདུན་གྱིྎ ཆོས་ཉིད་རྣམ་པར་དག་པའིྎ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའིྎ ཁྱད་པར་བླ་མ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་འཆི་མེད་ཚེའི་དབང་བསྐུར་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། སུམ་བྷའི་དྲག་སྔགས་དང་གུལ་ཡུངས་རོལ་མོའི་ཚམ་རྔམ་བཅས་བགེགས་གཏོར་ཕྱི་བསྐྱལ་ཞིང་བགེགས་བསྐྲད། སློབ་དཔོན་གྱིས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཞེས་བརྗོད་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་ཕུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། ཅེས་བརྗོད། དེ་ནས་ལས་རྡོར་གྱིས་ཕྱག་གསུམ་བྱས་མེ་ཏོག་འགྱེད། ཡང་ཕྱག་གསུམ་བྱས་ལ་མེ་ཏོག་བསྡུ། སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་པདྨ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་ཀུན་སློང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་མདོ་རྒྱུད་རྣམས་ནས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། ཞེས་སོགས་རྒྱས་བསྡུས་གང་རིགས་ཀྱིས་བརྡ་སྤྲད། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་གདུལ་བྱའི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་དབྱེ་བའི་སྒོ་ནས་ཉན་ཐོས། རང་རྒྱལ། བྱང་སེམས་ཏེ་ཐུན་མོང་གི་ཐེག་པ་གསུམ། ཀྲི་ཡ། ཨུ་པ། ཡོ་ག་སྟེ་ཕྱི་རྒྱུད་སྡེ་འོག་མའི་ཐེག་པ་གསུམ། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག་སྟེ་ནང་རྣལ་འབྱོར་བླ་མེད་ལ་གདུལ་བྱ་དབང་པོ་རྟུལ་འབྲིང་རྣོན་པོས་རིམ་གཉིས་ཀྱི་ལམ་བསྒོམ་ཚུལ་སོགས་ཀྱི་དབྱེ་བའི་ཐེག་པ་གསུམ་སྟེ་ཐེག་པ་རིམ་པ་དགུ་དང་། བསྡུ་བའི་སྒོ་ནས་ཐེག་པ་ཆེ་ཆུང་གཉིས་སུ་འདུས་ལ། འདིར་ཐེག་ཆེན་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འབྲས་བུའི་ཐེག་པ། དེ་ལའང་ཕྱི་ནང་གཉིས་ལས་ནང་བླ་ན་མེད་པའི་ཐེག་པ་ལ་བོད་འདིར་འགྱུར་སྔ་ཕྱིའི་དབང་གིས་སྔགས་གསར་རྙིང་གཉིས་སུ་གྲགས་པ་ལས་རྙིང་མའི་ཁོངས་སུ་གཏོགས་པ། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་ཞེས་པའི་བཀའ་སྲོལ་ཆེན་མོ་གསུམ་ལས་འདིར་ཟབ་མོ་དག་སྣང་གི་གདམས་པ་དང་འབྲེལ་བ་སྟེ། སྤྱིར་དག་སྣང་ལ་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་གྱི་དག་སྣང་གསུམ་ལས། ཁྱད་པར་དུ་གྱུར་པའི་ཆོས་སྡེ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འཇམ་དཔལ་རྩ་བའི་རྒྱུད་དང་། ཨོ་རྒྱན་སངས་རྒྱས་གཉིས་པས་ཟབ་མོའི་གཏེར་ཁ་བཅོ་ལྔ་ཙམ་ནས་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་བསྔགས་ཤིང་། འཕགས་མཆོག་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པར་འཇིག་རྟེན་ན་ཡོངས་སུ་གྲགས་པའི་ཀུན་མཁྱེན་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་གྱིས་སྣང་སྲིད་ཐམས་ཅད་དག་པ་ཡེ་ཤེས་ཀྱི་རོལ་པར་གཟིགས་པས་མངོན་སུམ་པའི་དག་སྣང་རྒྱ་ཅན། སྐལ་ལྡན་རྣམས་ལ་སྨིན་གྲོལ་གྱི་སྒོ་འཕར་ཡོངས་སུ་ཕྱེ་ཞིང་། སྐལ་མེད་རྣམས་ལ་འཆོལ་བར་མི་སྤྱོད་པའི་ཕྱིར། ཇི་ལྟར་འཕགས་པ་ཆོས་འཕགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྒྱ་རིམ་པ་བདུན་གྱིས་བཏབ་པ་བཞིན་དུ། འཁོར་ལོ་ལ་སོགས་པའི་ཕྱག་རྒྱས་བཏབ་པར་མཛད་པའི་ཆོས་སྡེ་ཉི་ཤུ་རྩ་ལྔར་བཞུགས་པའི་ནང་ཚན། བྷྲཱུྃ་མཚན་རྡོ་རྗེའི་རྭ་གདེངས་ཐོག་མདའི་རྒྱ་ཅན་ལས་བྱུང་བའི་ཚེ་དཔག་མེད་དྭང་མ་བཅུད་འདྲེན་ཏེ། དེའང་ཀུན་མཁྱེན་བླ་མ་དམ་པ་ཉིད་དགུང་གྲངས་ལྔ་བཅུ་རྩ་དྲུག་ཏུ་ཕེབས་པ་ཆུ་ཕོ་བྱི་བའི་ལོའི་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔ་ནས་བཟུང་། གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོར་རིག་འཛིན་ལེགས་ལྡན་རྗེའི་དག་སྣང་རླུང་སྦྱོར་གྱི་ཚེ་སྒྲུབ་ཟབ་མོ་ཉམས་སུ་གཞེས་པའི་སྐབས། སྤྱིར་དག་པའི་སྣང་བ་མཐའ་ཡས་པ་དང་། ཁྱད་པར་ཨོ་རྒྱན་པདྨ་ཚེ་དཔག་ཏུ་མེད་པ་མངོན་རྟོགས་དང་མཐུན་པས་བསྐྱེད་རྫོགས་ལས་ཚོགས་དང་བཅས་པའི་གདམས་པ་བསྟན་ཅིང་། དབང་རྣམས་ཡོངས་སུ་རྫོགས་པར་བསྩལ་པ་ལྟར། རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་པདྨ་ཕྲིན་ལས་དང་། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་ལས་ཅན་རྣམས་ལ་སྤེལ་བར་མཛད་པ་ནས་བཟུང་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པ་སྟེ། དེ་ལའང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དབང་གི་གདམས་པ་དང་། སྨིན་ཟིན་གྲོལ་བར་བྱེད་པ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་སྨིན་བྱེད་དབང་གི་རིམ་པ་འབུལ་བའི་སྐབས་སུ་བབས་པ་ལ། སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བྱ་བ་བདག་མདུན་བསྒྲུབ་ཅིང་མཆོད་བསྟོད་བཟླས་པས་མཉེས་པར་བྱ་བ་དང་། བདག་ཉིད་ཀྱིས་བྱིན་རླབས་ནོད་པ། སློབ་མའི་དོན་དུ་གསོལ་བ་གདབ་པ་རྣམས་གྲུབ། ད་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་སྔོན་འགྲོ །དངོས་གཞི། མཇུག་གི་རིམ་པ་གསུམ་ལས། དང་པོ་སྔོན་འགྲོ་ལ་ཁྲུས་དང་བགེགས་བསལ་བ། མཎྜལ་འབུལ་ཞིང་གསོལ་བ་གདབ་པ། མོས་པ་དྲི་ཞིང་ལན་འདེབས་པ། ཆས་སུ་འཇུག་པ། སྡོམ་པ་འབོགས་ཤིང་དམ་ལ་བཞག་པ། སློབ་མ་ལྷར་བསྐྱེད་ཅིང་བྱིན་དབབ་པ། ལྷ་ངོ་བསྟན་ཅིང་མེ་ཏོག་འབུལ་བ་རྣམས་སུ་ཡོད་པ་ལས་རྩ་བའི་ས་བཅད་དང་པོ་ཁྲུས་དང་བགེགས་བསལ་བ་སོང་ནས། གཉིས་པ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་ལ། ཐོག་མར་བླ་མ་དང་མགོན་པོ་ཚེ་དཔག་མེད་ཐ་མི་དད་པ་ལ་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་སློབ་མ་ལ་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས། བླ་མ་ཉིད་པདྨ་ཚེ་དཔག་ཏུ་མེད་པའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ། བླ་མ་པདྨ་ཚེ་དཔག་མེད། །ཞི་ཁྲོ་རིག་འཛིན་མཁའ་འགྲོ་དགོངས། །བདག་ཅག་ལས་འཕྲོ་སྐལ་པར་ལྡན། །སྨིན་གྲོལ་ཡེ་ཤེས་ཚེ་དབང་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། གསུམ་པ་མོས་པ་དྲི་བ་ནི། སློབ་དཔོན་གྱིས། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ། །པདྨ་ཚེ་ཡི་དཀྱིལ་འཁོར་དུ། །འཇུག་པར་འདོད་པ་ཤིན་ཏུ་ལེགས། །དམ་ཚིག་སྡོམ་པ་ཀུན་ཐུབ་ཅིང་། །བསྐྱེད་རྫོགས་དོན་ལ་གནས་ནུས་སམ། །འགྲོ་ལ་ཕན་པ་བྱེད་ནུས་སམ། །ཞེས་དྲིས་པའི་ལན་བཏབ་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་པདྨ་ཚེ་དཔག་མེད། ཁྱོད་ཀྱི་བཀའ་བཞིན་བདག་གིས་བསྒྲུབ། །སྨིན་བྱེད་དབང་དང་གདམས་ངག་ཞུ། །གྲོལ་བྱེད་རིག་པ་རང་གསལ་སྟོན། །ཞེས་ཞུ། བཞི་པ་ཆས་སུ་འཇུག་པ་ནི། ལྷག་པའི་ལྷ་ཕྱག་སྟོང་པས་མཇལ་དུ་མི་རུང་བས་ཕྱག་རྟེན་དུ་དབུལ་རྒྱུའི་ཡེ་ཤེས་ལྔའི་རང་བཞིན་ཨུ་དུམ་ཝཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད། ལྔ་པ་སྡོམ་པ་བཟུང་བ་ནི། བླ་མ་དང་པདྨ་ཚེ་དཔག་མེད་ཐ་མི་དད་པ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། རྒྱུན་བཤགས་སྔོན་དུ་འགྲོ་བས་སྨོན་འཇུག་གི་སེམས་བསྐྱེད་ནས་གསང་སྔགས་ཀྱི་སྤྱོད་པ་ལ་བསླབ་པར་དམ་བཅའ་བ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱང་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། ཧཱུྃ། །རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ །འོད་གསལ་ཆེན་པོའི་དགོངས་པ་ཅན། །ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །རང་ལས་ཡེ་ཤེས་ཤར་བའི་སྐུ །མི་འབྲལ་རྩེ་གཅིག་དགོངས་པ་ཅན། །བྱིན་གྱིས་རློབ་ཅིང་བར་གཅོད་སེལ། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །དམ་ཚིག་རྣམ་པར་དག་པའི་སྐུ །བརྩེ་གདུང་བྱམས་པའི་དགོངས་པ་ཅན། །ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །ལན་གསུམ། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ལན་གསུམ། རྗེས་འབྲེལ་དུ་དམ་ལ་བཞག་པ་ནི། དམ་ཚིག་བདུད་རྩི་ལྕེ་ལ་སྦྱིན་ཞིང་། རྡོ་རྗེ་སྤྱི་བོར་བཞག་སྟེ། ཧྲཱིཿ དེ་རིང་དུས་སུ་དངོས་གྲུབ་ཐོབ། །སྲུངས་ཤིག་མ་བསྲུངས་ཉམས་པར་འགྱུར། །སྙིང་ལ་རྡོ་རྗེ་སེམས་དཔའ་གནས། །སློབ་དཔོན་བཀའ་བསྩལ་ཉན་པར་བྱོས། །མ་ཧཱ་བཛྲ་ས་མ་ཡ་ཧཱུྃ། ཞེས་བརྗོད། དྲུག་པ་ལྷར་བསྐྱེད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་རྒྱུ་བ་ཁ་སྦྱོར་དུ་འཆིང་། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པཾ་ལས་པདྨའི་སྡོང་པོ་རབ་ཏུ་རྒྱས་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡི་གེ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ངོ་བོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཡིན་པ་ལ། རྣམ་པ་མགོན་པོ་ཚེ་དཔག་ཏུ་མེད་པ་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་ཅིང་། གཡོན་པདྨ་རཱ་གའི་བུམ་པ་འཆི་མེད་བདུད་རྩིས་གང་བ་འཛིན་པས་ཡུམ་ལ་འཁྱུད་པ། སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞི་ཞིང་འཛུམ་པ་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། དབུ་སྐྲ་གནག་སྣུམ་ཐོར་ཚུགས་ཀྱི་རྩེ་མོར་ཡིད་བཞིན་གྱི་ནོར་བུས་བརྒྱན་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སེ་མོ་དོ། དོ་ཤལ། འོག་པགས། ཕྱག་གདུབ། ཞབས་གདུབ་ཀྱིས་སྒེག་ཅིང་དར་ལྗང་གུའི་སྟོད་གཡོགས་དང་དམར་པོའི་ཤམ་ཐབས་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ལྷ་ལྕམ་མནྡཱ་ར་དམར་མོ་མཛེས་ཤིང་ཡིད་དུ་འོང་བ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ནུ་མ་འབུར་ཞིང་བྷ་ག་རྒྱས་པ། གཅེར་མོ་སྐྲ་གྲོལ་བ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། པདྨའི་སྐྱིལ་མོ་ཀྲུང་གིས་ཡབ་ཀྱི་སྐེད་པར་འཁྲིལ་བ། འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་ན་བཞུགས་པ། སྐུ་ལུས་ཀྱི་ནང་དུ་རྩ་གསུམ་འཁོར་ལོ་ལྔ་དང་ལྡན་པའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་བུདྡྷ་ཐོད་ཕྲེང་རྩལ་ཡུམ་མནྡཱ་ར་སངས་རྒྱས་སྤྱན་མ་དང་མཉམ་པར་སྦྱོར་བ། གཉིས་ཀའང་སྐུ་མདོག་དཀར་པོ་ཕྱག་གཡས་འཁོར་ལོ་འཛིན་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་པདྨ་ཐོད་ཕྲེང་རྩལ་ཡུམ་ཤཱཀྱ་དེ་ཝཱི་གོས་དཀར་མོ་དང་མཉམ་པར་སྦྱོར་བ། གཉིས་ཀའང་སྐུ་མདོག་དམར་པོ་ཕྱག་གཡས་པདྨ་འཛིན་པ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་རྡོ་རྗེ་ཐོད་ཕྲེང་རྩལ་ཡུམ་ཡེ་ཤེས་མཚོ་རྒྱལ་མཱ་མ་ཀཱི་དང་མཉམ་པར་སྦྱོར་བ། གཉིས་ཀའང་སྐུ་མདོག་སྔོན་པོ་ཕྱག་གཡས་རྡོ་རྗེ་འཛིན་པ། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་རཏྣ་ཐོད་ཕྲེང་རྩལ་ཡུམ་ཀ་ལ་སིདྡྷི་རིན་ཆེན་སྒྲོལ་མ་དང་མཉམ་པར་སྦྱོར་བ། གཉིས་ཀའང་སྐུ་མདོག་སེར་པོ་ཕྱག་གཡས་རིན་ཆེན་འཛིན་པ། གསང་གནས་བདེ་སྐྱོང་གི་འཁོར་ལོའི་དབུས་སུ་ཀརྨ་ཐོད་ཕྲེང་རྩལ་ཡུམ་བཀྲ་ཤིས་ཁྱེའུ་འདྲེན་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བ། གཉིས་ཀའང་སྐུ་མདོག་ལྗང་གུ་ཕྱག་གཡས་རྒྱ་གྲམ་འཛིན་པ། ཡབ་རིག་འཛིན་ལྔ་ཀ་སྐུ་ལ་གསང་གོས་དང་སྣམ་སྦྱར། དབུ་ལ་པདྨའི་མཉེན་ཞུ་གསོལ་བ། ཕྱག་གཡོན་ན་འཆི་མེད་ཚེའི་བུམ་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་ལྔ་ཀའང་གཅེར་མོ་སྐྲ་གྲོལ་བ། མཛེས་འཛུམ་ལང་ཚོ་རྒྱས་ཤིང་བདེ་བ་སྐྱེད་པའི་ཉམས་ཅན། རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡོན་ན་བདུད་རྩིས་གང་བའི་ཐོད་པ་འཛིན་ཅིང་ཞབས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ། ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་སྣ་ལྔ་འཁྲུགས་པ། ལྷ་སོ་སོའི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་སྤྱི་དང་། ཁྱད་པར་བདེ་བ་ཅན་ཨོ་རྒྱན་གྱི་ཡུལ། རྔ་ཡབ་ཟངས་མདོག་དཔལ་རི། མཁའ་སྤྱོད་ཀྱི་ཞིང་ཁམས་སོགས་ནས་གུ་རུ་པདྨ་ཚེ་དཔག་མེད་ལ་ཚེའི་རིག་འཛིན་གྱི་ཚོགས་ཀྱིས་བསྐོར་བ་སྟེང་འོག་བར་གསུམ་ཐམས་ཅད་ནས་མེར་མེར་ཤིག་ཤིག་ཏུ་བྱོན་པ་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་མཚོ་ཆེན་པོ་ལ་ཆར་བབས་པ་བཞིན་དུ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་སྤོས་རོལ་དབྱངས་དང་བཅས་པས། ཧྲཱིཿ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཚེ་དཔག་མེད་མགོན་ལྷ་ཚོགས་རྣམས། །གནས་མཆོག་འདིར་གཤེགས་དབང་མཆོག་སྐུར། །བྱིན་ཕོབ་དངོས་གྲུབ་མ་ལུས་སྩོལ། །ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཅེས་པའི་སྔགས་མང་དུ་བརྗོད་ཅིང་བྱིན་དབབ། ཛྙཱ་ན་བཛྲ་ཏིཥྛས་བརྟན་པར་བྱ། བདུན་པ་ལྷ་ངོ་བསྟན་ཅིང་མེ་ཏོག་འབུལ་བ་ནི། ཁྱེད་རང་རྣམས་ཀྱིས་བླ་མ་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་དབྱེར་མེད་པའི་ཚེ་དཔག་མེད་ཡབ་ཡུམ་ལུས་དཀྱིལ་གྱི་ལྷ་ཚོགས་དང་བཅས་པ་མངོན་སུམ་དུ་མཇལ་བར་མོས་ཏེ། དེ་ལ་ཕྱག་རྟེན་གྱི་ཚུལ་དུ་མེ་ཏོག་འབུལ་བ་དང་བཅས་འདིའི་རྗེས་ཟློས་མཛོད། བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་ལྷ་ལ་མེ་ཏོག་འབུལ་དུ་གཞུག །དེས་སྔོན་འགྲོའི་ཆོས་རྣམས་སོང་ནས། གཉིས་པ་དབང་དངོས་ལ་བུམ་དབང་། གསང་དབང་། ཤེར་དབང་། རིག་པའི་རྩལ་དབང་། མཐའ་རྟེན་དང་ལྔ། དང་པོ་བུམ་དབང་ལའང་དངོས་དང་མཐའ་རྟེན་གཉིས་ལས། དང་པོ་ནི། བུམ་པ་འདི་ཉིད་ཕྱི་བུམ་པ་ལ། ནང་སྣང་སྲིད་ཡོངས་རྫོགས་གུ་རུ་པདྨ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་ཤར་བའི་སྐུ་དང་ཕྱག་མཚན་སྤྱི་གཙུག་དང་གནས་ལྔར་གཏུགས་ཏེ་དབང་བསྐུར་བས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འཆི་མེད་ཀྱི་བདུད་རྩིའི་རྒྱུན་བབས་པས་ལུས་ཐམས་ཅད་གང་། ཉོན་མོངས་པ་དུག་ལྔ་དང་དེའི་རང་མདངས་ལས་ཤར་བའི་ཚེའི་འགལ་རྐྱེན་བར་ཆད་ཐམས་ཅད་སངས་ཀྱིས་དག །བུམ་གསང་ཤེར་ཚིག་ལྟ་བ་སྤྱི་འབྱམས་ཀྱི་དབང་ཐོབ། འབྱུང་བ་ལྔའི་དྭངས་མ་སྟོབས་སུ་གྱུར་ཏེ་ཡེ་ཤེས་ལྔའི་རང་བཞིན་གྱི་ཚེ་དཔལ་མངོན་དུ་བྱས་པས་དོན་གྱི་འཆི་མེད་ཚེའི་དབང་ཐོབ་པའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ལ། ཧྲཱིཿ བཀྲ་ཤིས་འོད་གསལ་བུམ་པའི་གཞལ་ཡས་ཁང་། །པདྨ་ཚེ་ཡི་ལྷ་ཚོགས་བཞུགས་པའི་གནས། །གཉིས་མེད་འོད་ཟེར་ཀུན་ཏུ་འབར་བའི་བཅུད། །བུམ་པའི་དབང་བསྐུར་ཡེ་ཤེས་ལྔ་རྫོགས་ཤོག །རྩ་སྔགས་མཇུག་ཏུ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་སྭཱ། ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱ། ཞེས་བུམ་པ་དཔྲལ་བ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་བཞག །དེས་བུམ་དབང་དངོས་གཞི་སོང་། གཉིས་པ་མཐའ་རྟེན་ལ། ལྷ་དབང་བསྐུར་བ་ནི་བླ་མ་ཚེ་དཔག་མེད་ལ་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་རང་འདྲ་ཞིག་བྱུང་། ཁྱེད་རང་གི་སྤྱི་གཙུག་ནས་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་དང་གཙོ་བོའི་སྐུ་ཐོགས་ཏེ་སྤྱི་བོར་བཞག་ལ། ཧྲཱིཿ ངོ་བོའི་སྐུ་ནི་མཐའ་བྲལ་རྡོ་རྗེའི་ཚེ། །མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་རྩ་སྔགས་མཇུག་ཏུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། སླར་ཡང་སྐུའི་གནས་ཀྱི་ལྷ་སོ་སོ་ལས་རང་འདྲ་རིམ་གྱིས་ཆད་དེ། ཁྱེད་རང་རྣམས་ཀྱི་གནས་ཀྱི་ལྷ་སོ་སོ་ལ་ཐིམ་པའི་མོས་པ་མཛོད། བྱས་ལ་བུདྡྷ་ཐོད་ཕྲེང་རྩལ་གྱི་སྐུ་དཔྲལ་བར་བཞག་སྟེ། ཧྲཱིཿ ངོ་བོ་སྣང་མཛད་མཐའ་བྲལ་རྡོ་རྗེའི་ཚེ། །མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག །ཨོཾ་བཻ་རོ་ཙ་ན་ཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་ཨོཾ། པདྨ་ཐོད་ཕྲེང་རྩལ་གྱི་སྐུ་མགྲིན་པར་བཞག་སྟེ། ཧྲཱིཿ ངོ་བོ་སྣང་མཐའ་མཐའ་བྲལ་རྡོ་རྗེའི་ཚེ། མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག །ཨཱཿཔདྨ་དྷཱ་ར་ཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་ཨཱཿ བཛྲ་ཐོད་ཕྲེང་རྩལ་གྱི་སྐུ་སྙིང་གར་བཞག་ལ། ཧྲཱིཿ ངོ་བོ་མི་བསྐྱོད་མཐའ་བྲལ་རྡོ་རྗེའི་ཚེ། མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག །ཧཱུྃ་ཨ་ཀྵོ་བྷྱཿཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཐོད་ཕྲེང་རྩལ་གྱི་སྐུ་ལྟེ་བར་བཞག་སྟེ། ཧྲཱིཿ ངོ་བོ་རིན་འབྱུང་མཐའ་བྲལ་རྡོ་རྗེའི་ཚེ། །མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག །སྭཱ་རཏྣ་སཾ་བྷ་ཝ་ཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་སྭཱ། ཀརྨ་ཐོད་ཕྲེང་རྩལ་གྱི་སྐུ་གསང་གནས་སུ་བཞག་སྟེ། ཧྲཱིཿ ངོ་བོ་དོན་གྲུབ་མཐའ་བྲལ་རྡོ་རྗེའི་ཚེ། །མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག །ཧཱ་ཨ་མོ་གྷ་སིདྡྷི་ཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་ཧཱ། དེ་ལྟར་སྐུ་དང་གནས་ཀྱི་ལྷས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ཉོན་མོངས་པ་དུག་ལྔས་བསྐྱེད་པའི་ཕུང་པོ་ལྔ་རང་སར་དག་སྟེ་ཡེ་ཤེས་རྡོ་རྗེའི་སྐུ་འགྲུབ་པའི་ནུས་ལྡན་དུ་བྱས་པ་ཡིན་ནོ། །དེས་ལྷ་དབང་གྲུབ། བཅུད་ལེན་སྨན་གྱི་སྙིང་པོ་ཐམས་ཅད་བསྡུས་པའི་ཚེའི་རིལ་བུ་འདི་ཉིད་བྱིན་པས་ཚེ་བསོད་ལུས་སྟོབས་བཀྲག་མདངས་ཐམས་ཅད་རབ་ཏུ་རྒྱས་པའི་འཆི་བ་མེད་པའི་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཚེ་རིལ་ལག་གཡས་སུ་གཏད་ཅིང་མྱང་དུ་བཅུག་ལ། ཧྲཱིཿ སྨན་གྱི་སྙིང་པོ་བཅུད་ལེན་རིལ་བུ་འདི། །བྱིན་པས་ཚེ་དང་སྟོབས་བཀྲག་རྒྱས་པར་ཤོག །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་རྩ་སྔགས་མཇུག་ཏུ། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཞེས་བརྗོད། དེ་ལྟར་བུམ་པའི་དབང་ཡན་ལག་དང་བཅས་པ་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དག་པ་བརྗོད། གཉིས་པ་གསང་བའི་དབང་ལ། བླ་མ་ཚེ་དཔག་མེད་གནས་ལྔའི་ལྷ་དང་བཅས་པ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་སྦྱོར་མཚམས་ནས་བབས། ཐོད་པར་བསྐྱིལ་བ་འདི་ཉིད་མྱང་བ་ལ་བརྟེན་ནས་རྩ་རླུང་ཐིག་ལེ་ལས་རུང་གིས་བདེ་བ་ཆེན་པོའི་ཡེ་ཤེས་འདྲེན་པ་ལ་ནུས་པ་བརྟན་པོ་ཐོབ་པའི་མོས་པ་མཛོད། དཀྱིལ་འཁོར་གཡས་ཀྱི་ཐོད་པའི་གསང་རྫས་སློབ་མའི་ལག་གཡོན་དུ་བླུག་ལ། ཧྲཱིཿ སངས་རྒྱས་ཀུན་དང་རྟག་ཏུ་མཉམ་སྦྱོར་ཞིང་། །ཡེ་ཤེས་བདུད་རྩི་ལྔ་ཡིས་ནད་རྣམས་སེལ། །རྩ་ཁམས་མ་ལུས་ཡོངས་སུ་གང་བྱས་ནས། །བདེ་ཆེན་གསང་བའི་དབང་བསྐུར་ཐོབ་པར་ཤོག །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་རྩ་སྔགས་མཇུག་ཏུ། མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་བདུད་རྩི་མྱངས་པས་ལུས་ཀྱི་རྩ་ནང་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་ཅིང་གང་བས་བདེ་བ་བཟོད་མེད་དུ་འབར་བའི་རང་ངོ་བརྗོད་བྲལ་གྱི་ངང་ལ་མཉམ་པར་འཇོག་པར་ཞུ། དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རང་ལུས་གཏུམ་མོའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དག་པ་བརྗོད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། སློབ་དཔོན་གྱི་ཐུགས་ཀ་ནས་ལྷ་ལྕམ་མནྡཱ་ར་བ་གོས་དཀར་མོ་མཛེས་སྡུག་ལྟ་བས་མི་ངོམས་པ་ཞིག་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་སྦྱོར་ཡུམ་དུ་བྱིན་པ་དང་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པ། སྙིང་ག །ལྟེ་བ། གསང་གནས་ཀྱི་བར་དུ་བབས་པས་བདེ་བ་བཟོད་མེད་དུ་འབར་བས་ཡས་བབས་ཀྱི་དགའ་བ་བཞིའི་ཡེ་ཤེས་ཁྱད་པར་ཅན་ཉམས་སུ་མྱོངས། སླར་ཡང་ཧཱུྃ་ཞེས་གྱེན་དུ་དྲངས་པས་གསང་གནས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་གཙུག་གི་བར་སོང་ནས་སྤྱི་བོའི་ཧཱུྃ་ལ་སིབ་ཀྱིས་ཐིམ་པས་མས་བརྟན་གྱི་དགའ་བ་གསུམ་པའི་མཐར་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པས་སེམས་ཀྱི་ངོ་བོ་བདེ་བར་སོང་། བདེ་བས་སྟོང་པ་ངེས་པའི་ཟུང་འཇུག་གི་ངང་ལ་ཅི་གནས་སུ་མཉམ་པར་འཇོག་པར་ཞུ། རིག་ཙཀ་གམ་དྲིལ་བུ་གཏད་ལ། ཧྲཱིཿ རྡོ་རྗེ་པདྨ་མཉམ་སྦྱོར་བདེ་བ་ཆེ། །བཅུ་དྲུག་དགའ་བཞིའི་བདེ་སྟོང་ཡེ་ཤེས་ཀྱིས། །དབུ་མར་རླུང་སེམས་འདུས་ནས་འཕོ་མེད་སྐུ །འཆི་མེད་ཚེ་ཡི་དབང་བསྐུར་ཐོབ་པར་ཤོག །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་རྩ་སྔགས་གཤམ་དུ། མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །གཞན་ལུས་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དག་པ་བརྗོད། བཞི་པ་ཚིག་དབང་ངམ་རིག་པའི་རྩལ་དབང་ནི། འཇའ་ཤེལ་དང་། མེ་ལོང་རྨ་བྱའི་མདོངས་སྒྲོ་བཅས་སློབ་མར་བསྟན་ཏེ། ཁྱེད་རང་རྣམས་ད་ལྟ་ཕྱིའི་ཕྱག་རྒྱ་འདུ་བྱས་པའི་རྐྱེན་ལས་སྙོམས་འཇུག་གི་སྦྱོར་བས་དྲངས་པའི་ནང་ཀུན་རྫོབ་བདེ་བ་ཆེན་པོ་དགའ་བཞིའི་ངོ་བོར་རྫོགས་པ་དེ་ཉིད། ངོ་བོ་བརྟགས་ཤིང་དཔྱད་ན་གསང་བ་སྟོང་ཉིད་སྤྲོས་པ་དང་བྲལ་བ་དཔེས་མི་མཚོན་པ་བརྗོད་པ་གང་གིས་ཀྱང་གཏན་ལ་མི་ཕེབས་པ་བསམ་ལས་འདས་པ་རྟག་ཆད་གང་དུ་ཡང་མ་གྲུབ་པ་གཤིས་ཅི་ཡང་མ་ཡིན་པ་དེ་ཉིད་ཀ་དག་དང་། དེའི་རྩལ་ལས་ཚོགས་དྲུག་གི་སྣང་བ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་འཛིན་མེད་སྣ་ཚོགས་སུ་འཆར་བ་ལྷུན་གྲུབ་སྟེ། ད་ལྟ་ལུས་ལྷ་སྐུ་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བར་གསལ་བ་དང་། ཡིད་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་བདེ་བ་ཆེན་པོ་ཡ་མ་བྲལ་བར་ཚོགས་པ་བཞིན་དུ་མཐར་གྱིས་འདི་ཉིད་གོམས་པ་ལས་ཟུང་འཇུག་འབྲས་བུའི་མ་ཧཱ་གུ་རུ་པདྨ་ཚེ་དབང་རྩལ་གྱི་ཡེ་ཤེས་ཀྱི་སྐུ་མངོན་དུ་འགྱུར་བར་ཤེས་པར་གྱིས་ལ་རིག་པའི་རང་ངོ་སྐྱོངས་ཤིག །ཧྲཱིཿ ཤེལ་གྱི་འཇའ་དང་མེ་ལོང་ནང་གི་གཟུགས། །མདོངས་ཀྱི་ཚོན་རིས་གཞན་གྱིས་བྱས་པ་མིན། །མེད་བཞིན་སྣང་བ་རིག་པའི་རང་རྩལ་དུ། །ཤེས་པར་གྱིས་ལ་ཀ་དག་ཀློང་དུ་ལྟོས། ཨ་ཨ་ཨ། ཞེས་བརྡ་སྤྲད། དེས་ཚིག་དབང་རིན་པོ་ཆེ་ཐོབ། ཡེ་ཤེས་ཀྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དག་པ་བརྗོད། ལྔ་པ་མཐའ་རྟེན་ལ། ཚེ་འགུགས་པ་ནི། བླ་མ་དང་ཡི་དམ་ཐ་དད་མེད་པའི་གནས་ལྔ་ནས་འབྱུང་བ་ལྔའི་ལྷ་མོ་གཡས་མདའ་དར་དང་། གཡོན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་ཚེ་ཡར་བ་དང་། འཁྱམས་པ་དང་བྲོས་པ་དང་། འབྱུང་པོ་མི་མ་ཡིན་དང་རིག་སྔགས་སོགས་ཀྱི་མཐུས་ཕྲོགས་པ་དང་བརྐུས་པ་ཐམས་ཅད་དང་། འབྱུང་བ་ལྔའི་ཚེ་བཅུད། འཁོར་འདས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བདུད་རྩིས་གང་བའི་བུམ་པ་དང་། ཐོད་པ་རྡོ་རྗེ། གཡུང་དྲུང་འོད་ཀྱི་ཐིག་ལེ། ཡི་གེ་ཨ་ནྲྀ་བྷྲཱུྃ་ལ་སོགས་པ་དང་། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན། འོད་དང་བདུད་རྩི་སྣ་ལྔ། ལྷའི་སྐུ་སྔགས་ཕྱག་མཚན་ལ་སོགས་པའི་རྣམ་པར་བཀུག་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། མདའ་དར་གཡབ་ཅིང་སྙན་དབྱངས་དང་བཅས། ཧཱུྃ། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །ཅེས་སོགས་ཀྱིས་ཚེ་འགུགས། དེ་ནས་རྒྱས་པའི་ཡན་ལག་ཏུ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་གྱིས་མངའ་དབུལ་བ་དང་། བཀྲ་ཤིས་རྫས་བརྒྱད་ཀྱིས་ཤིས་པར་བྱ་བ་དང་། ལས་བཞིའི་འབྲང་རྒྱས་ཀྱིས་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་བྱ་བ་རྣམས་སུ་ཡོད་པ་ལས། དང་པོ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་དབང་བསྐུར་ཞིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བས་བསོད་ནམས་དང་དབང་ཐང་རྒྱས་པའི་སྒོ་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། འཁོར་ལོ་སོགས་རིམ་པར་ལག་ཏུ་གཏད་ལ། ཧྲཱིཿ འཁོར་ལོ་རིན་ཆེན་དབང་བཅུ་འཁོར་རྒྱུན་གཅོད། །ཆོས་འཁོར་ལེགས་བསྐོར་ས་བཅུའི་འབྲས་ཐོབ་ཤོག །ཙཀྲ་རཏྣ་ཨ་བྷི་ཥིཉྩ་མི། ཧྲཱིཿ བཙུན་མོ་རིན་ཆེན་གཏེར་ཆེན་ཟུང་དང་ལྡན། །བསོད་ནམས་ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག །པྲ་ཛྙཱ་པ་ར་མི་ཏ་ཨ་བྷི་ཥིཉྩ་མི། ཧྲཱིཿ ནོར་བུ་རིན་ཆེན་སྐྱོན་སེལ་བདེ་བའི་གནས། །མཆོག་གསུམ་རེ་སྐོང་ལྷག་མཐོང་དབང་ཐོབ་ཤོག །མ་ཎི་རཏྣ་ཨ་བྷི་ཥིཉྩ་མི། ཧྲཱིཿ ཁྱིམ་བདག་རིན་ཆེན་གང་འདུལ་དཔག་བསམ་ཤིང་། །ཤེས་བྱར་ཐོགས་མེད་ནོར་བདུན་དབང་ཐོབ་ཤོག །མ་ཧཱ་ཙིནྟ་རཏྣ་ཨ་བྷི་ཥིཉྩ་མི། ཧྲཱིཿ གླང་པོ་རིན་ཆེན་བདུད་འདུལ་སྟོབས་པོ་ཆེ། །ཡང་དག་སྟོབས་བཅུ་གཞན་དོན་དབང་ཐོབ་ཤོག །ཧཱསྟི་རཏྣ་ཨ་བྷི་ཥིཉྩ་མི། ཧྲཱིཿ རྟ་མཆོག་རིན་ཆེན་འཁོར་མཚོ་སྒྲོལ་ཤུགས་འཆང་། །ས་ལམ་མྱུར་བགྲོད་རྫུ་འཕྲུལ་དབང་ཐོབ་ཤོག །ཀརྨ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མི། ཧྲཱིཿ བློན་པོ་རིན་ཆེན་ཐབས་ལྡན་མི་འཇིགས་སྦྱིན། །གོ་གྱོན་གཡུལ་འཇོམས་མི་འཇིགས་དབང་ཐོབ་ཤོག །མ་ཧཱ་ཁཌྒ་རཏྣ་ཨ་བྷི་ཥིཉྩ་མི། བཀྲ་ཤིས་རྫས་བརྒྱད་ཀྱིས་དབང་བསྐུར་བས་ཁྱེད་རྣམས་ཀྱི་སྡིག་སྒྲིབ་དང་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་གནས་སྐབས་དང་མཐར་ཐུག་གི་བཀྲ་ཤིས་པའི་དགེ་མཚན་ཐམས་ཅད་ཐོབ་པའི་སྒོ་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། རྫས་བརྒྱད་རྣམས་རིམ་པ་བཞིན་ལག་ཏུ་སྦྱིན་ཞིང་། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། །ཡུངས་ཀར་ཕུལ་བས་སྟོང་ཕྲག་བརྒྱད་ཅུའི་བགེགས། །མ་ལུས་འཇོམས་མཛད་བཀྲ་ཤིས་དབང་ཐོབ་ཤོག །མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། སྔགས་འདི་ཀུན་ཏུ་འགྲེ་ཤེས་པར་བྱས་ཏེ། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། ཁྱེ་འུ་དམ་པ་རྩྭ་ཚོང་བཀྲ་ཤིས་ཀྱིས། །དཱུརྦ་ཕུལ་བས་ནད་གདོན་ཀུན་ལས་རྒྱལ། །སྡུག་བསྔལ་ཞི་བྱེད་བཀྲ་ཤིས་དབང་ཐོབ་ཤོག །སྔགས་དང་། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། ཚངས་པའི་རྒྱལ་པོས་བིལྦ་ཕུལ་བ་ཡིས། །སྟོབས་ལྡན་མི་འཇིགས་སྐུ་ལྔ་ཡོངས་སུ་རྫོགས། །སྐུ་ལྔའི་འབྲས་བུ་སྟོབས་འཕེལ་བཀྲ་ཤིས་ཤོག །སྔགས། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། བྲམ་ཟེ་དམ་པ་བཀྲ་ཤིས་སྐར་རྒྱལ་གྱིས། །ལི་ཁྲི་ཕུལ་ནས་ཐུགས་རྗེས་གཞན་ཕན་རྒྱས། ཁམས་གསུམ་དབང་སྡུད་བཀྲ་ཤིས་དབང་ཐོབ་ཤོག །སྔགས། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། གླང་ཆེན་ས་སྲུང་གི་ཝཾ་ཕུལ་བ་ཡིས། །ཤེས་བཅུ་རབ་བརྟན་བཞི་བརྒྱའི་ནད་ཀུན་སེལ། །དཀར་པོའི་ཆོས་འཛིན་བཀྲ་ཤིས་དབང་ཐོབ་ཤོག །སྔགས། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། །ལེགས་སྐྱེས་བུ་མོས་ཞོ་ནི་ཕུལ་བ་ཡིས། །དབང་པོའི་མདངས་འཕེལ་བསམ་གཏན་ཏིང་འཛིན་བསྐྱེད། །དྲི་མེད་སེམས་དག་བཀྲ་ཤིས་དབང་ཐོབ་ཤོག །སྔགས། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། །འོད་འཆང་ལྷ་མོས་མེ་ལོང་ཕུལ་བ་ཡིས། །མ་རིག་བག་སངས་ཆོས་རྣམས་གཟུགས་བརྙན་ལྟར། །གཙང་དག་སངས་རྒྱས་བཀྲ་ཤིས་དབང་ཐོབ་ཤོག །སྔགས། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། །བརྒྱ་བྱིན་དབང་པོས་གཡས་འཁྱིལ་དུང་ཕུལ་བས། །ཡོན་ཏན་རྒྱ་མཚོ་གསུང་དབྱངས་དྲུག་ཅུར་སྒྲོག །ཆོས་སྒྲ་ཀུན་ཁྱབ་བཀྲ་ཤིས་དབང་ཐོབ་ཤོག །མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། མཐར། སྭསྟི་སྭསྟི། བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད། དེ་ནས། ལས་བཞིའི་འབྲང་རྒྱས་ཀྱི་དབང་བསྐུར་བས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ལ་ཐོགས་པ་མེད་པའི་ནུས་མཐུ་གྲུབ་པས་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་དབང་ཐོབ་པའི་མོས་པ་མཛོད། འབྲང་རྒྱས་རྣམས་རིམ་བཞིན་ལག་ཏུ་སྦྱིན་ཞིང་། ཧྲཱིཿ ནད་གདོན་གནོད་པ་མ་ལུས་པ། །ཞི་བའི་ཕྲིན་ལས་དབང་ཐོབ་ཤོག །ཨོཾ་ཤཱནྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཚེ་དང་བསོད་ནམས་ཡེ་ཤེས་ཀུན། །རྒྱས་པའི་ཕྲིན་ལས་དབང་ཐོབ་ཤོག །སྭཱ་པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཧྲཱིཿ ཁམས་གསུམ་སྲིད་པའི་འགྲོ་བ་ཀུན། །དབང་སྡུད་ཕྲིན་ལས་དབང་ཐོབ་ཤོག །ཧྲཱིཿཔཱ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཧྲཱིཿ ཞིང་བཅུར་གྱུར་པའི་དགྲ་དང་བགེགས། །ཚར་གཅོད་དྲག་པོའི་དབང་ཐོབ་ཤོག །རུ་ཏྲ་མཱ་ར་ཡ་ཕཊཿཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཚེ་སྦ་བ་ནི། ཁྱེད་རང་རྣམས་ལྷའི་སྐུར་གསལ་བ་སྟོད་སྨད་ནས་རིམ་གྱིས་འོད་དུ་ཞུ་བ་ཐུགས་ཀའི་ལྷར་ཐིམ། དེ་ཡང་ས་བོན་ཧྲཱིཿལ་ཐིམ། དེ་ཡང་གྱེན་རྫོགས་སུ་ནཱ་དའི་བར་ཡལ་ཏེ་ནམ་ཡང་འཕོ་འགྱུར་གཞོམ་གཞིག་དང་བྲལ་བའི་གཉུག་མ་དོན་དམ་འཆི་བ་མེད་པ་ཀ་ནས་དག་པའི་དབྱིངས་སུ་ཚེ་སྦས་པར་བསམས་ལ་ཅི་གནས་སུ་མཉམ་པར་ཞོག་མཛོད། ཚེ་མདའི་ལྟོངས་སློབ་མའི་གནས་གསུམ་དང་ཡན་ལག་བཞིར་གཏུགས་ཏེ། ཧྲཱིཿ འཆི་མེད་རྡོ་རྗེ་ཡེ་ཤེས་ཚེ། །དཀྱིལ་འཁོར་ལྷ་དང་གཉིས་སུ་མེད། །འོད་ལྔ་གསལ་དྭངས་རྙོགས་པ་མེད། །ཐུགས་ཀར་རྟག་ཏུ་སྦ་བར་བྱ། །སྟོང་པའི་གོ་ཆ་སྲ་ཞིང་བརྟན། །སུས་ཀྱང་གཞོམ་དུ་ག་ལ་ཡོད། །ས་མ་ཡ་ཨ་ཨ། སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་ཁྱེད་རང་རྣམས་ལྷའི་སྐུར་ལམ་གྱིས་བཞེངས་པ་ལ་ནམ་མཁའ་གང་བའི་ཚེའི་ལྷ་དང་རིག་པ་འཛིན་པའི་ཚོགས་ཀྱིས་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་སོགས་དགེ་མཚན་དུ་མ་དང་བཅས་ཤིས་པར་བརྗོད་པའི་མོས་པ་མཛོད། ཧྲཱིཿ འཁོར་ལོས་སྒྱུར་རྒྱལ་ཅི་འདོད་རྩོལ་མེད་བཞིན། །རང་བྱུང་ཡེ་ཤེས་ཆོ་འཕྲུལ་ཟད་པ་མེད། །ཚེ་དང་ཡེ་ཤེས་ཕྲིན་ལས་ལྷུན་གྱིས་གྲུབ། །ཕུན་སུམ་ཚོགས་པའི་དངོས་གྲུབ་དེང་འདིར་སྩོལ། །ཅེས་དང་། གཞན་ཡང་ལས་བྱང་ལས་འབྱུང་བའི་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །གསུམ་པ་མཇུག་གི་བྱ་བ་ནི། དེ་ལྟར་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་གྱི་རིམ་པ་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ཡིན་པས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་ཕུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས་ལན་གསུམ། དེ་ལྟར་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད། ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱད། སློབ་མ་རྣམས་གྱེས། སློབ་དཔོན་གྱིས་ལྷག་མ་ནས་བཟུང་བཀྲ་ཤིས་ཀྱི་བར་ལས་གཞུང་ལྟར་བྱའོ། །ཕུན་ཚོགས་སྲིད་ཞིའི་ཁམས་ཀྱི་དྭངས་མའི་ཕུལ། །ཚེ་དང་ཡེ་ཤེས་བཅུད་ལེན་བདུད་རྩིའི་ཀླུང་། །འདྲེན་པའི་ཐབས་མཁས་སྨིན་བྱེད་ཆོ་ག་འདིས། །འགྲོ་ཀུན་འཆི་མེད་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པའང་ཀུན་མཁྱེན་ཆེན་པོ་ཉིད་ཀྱི་ལྗགས་བསྒྲིགས་དང་། བླ་མ་མཁས་པ་རྣམས་ཀྱི་གསུང་གི་བདུད་རྩི་བཀླགས་པས་གྲུབ་པར་མཚོ་སྐྱེས་ཀུན་ཏུ་འཆང་བ་དགྱེས་པའི་འབངས། རྡོ་རྗེ་གཟི་བརྗིད་ཀྱིས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །།

</div></onlyinclude>
</div></onlyinclude>
= Tsagli =
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 05:04, 29 December 2017

ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་ཆོག་ཁྲིགས་སུ་བསྡེབས་པ་འཆི་མེད་དགའ་སྟོན་

tshe dpag med dwangs ma bcud 'dren gyi dbang chog khrigs su bsdebs pa 'chi med dga' ston

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
revealed by  ངག་དབང་བློ་བཟང་རྒྱ་མཚོ་ (Fifth Dalai Lama Ngawang Lobzang Gyatso)
in cycle  དག་སྣང་རྒྱ་ཅན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་ (Dag snang rgya can tshe dpag med dwangs ma bcud 'dren)
Volume 9 (ཏ) / Pages 167-192 / Folios 1a1 to 13b6

[edit]

༄༅། །ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་ཆོག་ཁྲིགས་སུ་བསྡེབས་པ་འཆི་མེད་དགའ་སྟོན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་སིདྡྷི་རསྟུ། །ཕུལ་བྱུང་ཚེ་དང་ཡེ་ཤེས་དྭང་མའི་བཅུད། །སྐལ་བཟང་སྲོག་གི་ཟུངས་སུ་འདྲེན་མཛད་པ། །བླ་མ་ཚེ་དཔག་མེད་ལ་གུས་བཏུད་ནས། །དབང་ཆོག་འཆི་མེད་གྲུབ་པའི་དགའ་སྟོན་སྤེལ། །འདི་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས། སྨིན་བྱེད་དབང་གི་ཆོ་གའོ། །དང་པོ་ནི། གནས་དབེན་ཞིང་བཀྲ་ཤིས་ལ་ཡིད་དང་རྗེས་སུ་མཐུན་པར་སྟེགས་བུའི་ཁར་མཎྜལ་པདྨ་འདབ་བརྒྱད་ཕྱོགས་བཞི་དམར། མེ་རླུང་སེར། དབང་ལྡན་སྔོ། བདེན་བྲལ་དང་ལྟེ་བ་ལྗང་། གེ་སར་སེར་བ་རྡུལ་ཚོན་གྱིས་བྲི་བའམ། རས་སོགས་ལ་བྲིས་པ་བཏིང་བའི་ཁར་བུམ་པ་གས་ཆག་སོགས་ཀྱི་སྐྱོན་མེད་པའི་ནང་དུ་བུམ་རྫས་ཉེར་ལྔ་དམ་རྫས་བདུད་རྩི་ཆོས་སྨན། ཚེ་རྫས་བཅུད་ལེན་གྱི་སྨན་སོགས་བཏབ་པའི་ཆུ་གཙང་གིས་སུམ་གཉིས་ཙམ་བཀང་བ་མགུལ་ཆིངས་ཁ་རྒྱན་དང་བཅས་པའི་ཁ་རྒྱན་ལ་གཙོ་བོའི་སྐུ་ཙག་གིས་བརྒྱན་པ་བཀོད། དེའི་མདུན་དུ་བཅུད་ལེན་གྱི་སྨན་དང་མངར་གསུམ་སོགས་ཀྱི་ཕབས་ལྡན་ཚེ་རིལ་རིན་པོ་ཆེའི་སྣོད་དུ་ཕྱུར་བུར་སྤུངས་པ། གཡས་སུ་ཐོད་པར་ཆང་ལ་བདུད་རྩི་བཏབ་པའི་གསང་རྫས། རྒྱབ་ཏུ་ཤེར་དབང་གི་རྟེན་རིག་མའི་ཙཀ་ལིའམ་དྲིལ་བུ། གཡོན་དུ་བཞི་པའི་དབང་རྟེན་འཇའ་ཤེལ་དང་མེ་ལོང་རྨ་བྱའི་སྒྲོ་མདངས་བཅས་དང་། གང་བདེ་བར་ལྷ་དབང་ལ་དགོས་པའི་ཐོད་ཕྲེང་རིགས་ལྔའི་ཙཀ་ལི་བཅས་དགོད། དེ་དག་གི་མདུན་དུ་གཏོར་ཟླུམ་དམར་པོ་རྩ་བའི་ཕྱོགས་བཞིར་པད་སྤུངས་ཀྱིས་བརྟེན་པ་གསུམ། དེའི་གཡས་སུ་སྨན། གཡོན་དུ་རཀྟ། མདུན་ཆུ་གཉིས་ཉེར་སྤྱོད་སོགས་ཕྱི་མཆོད། ཚོགས་གཏོར་ཤ་ཆང་ཟས་སྣའི་ཡོ་བྱད་བརྟན་མའི་གཏོར་མ་བཅས་པ་ལེགས་པར་བཤམ། སློབ་དཔོན་གྱི་མདུན་དུ་གཡོན་ངོས་ནས་རིམ་པར་ནང་མཆོད། རྡོ་རྗེ་དྲིལ་བུ་ཌཱ་མ་རུ་ལས་བུམ་མེ་ཏོག་གི་སྣོད་ཡུངས་ཐུན། ཚེ་མདའ་དར་དམར་གཡུ་དང་མེ་ལོང་གིས་བརྒྱན་པ་རྣམས་བསྒྲིག །ཆོ་ག་དང་དབང་སོ་སོའི་སྔོན་འགྲོའི་བགེགས་གཏོར་ཡང་འདུ་བྱ། དབང་དངོས་གཞི་ཙམ་ལ་དེས་འཐུས་མོད། རྒྱས་སྤྲོས་ཀྱི་ཡན་ལག་ཏུ་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་བྲིས་འབུར་ཅི་རིགས། ཕྲིན་ལས་བཞིའི་འབྲང་རྒྱས་དཀར་པོ་ཟླུམ་པོ། སེར་པོ་གྲུ་བཞི། དམར་པོ་ཟླ་གམ། ནག་པོ་ཟུར་གསུམ་རྣམས་རང་རང་གི་མདོག་དབྱིབས་ཅན་གྱི་ཟན་ལེབ་བརྩེགས་པའི་གདན་བང་རིམ་བཞི་པ་རེའི་སྟེང་དུ་བཞག་པ་སྣོད་སོ་སོར་རམ་གཅིག་ཏུ་བསྡོམས་པས་ཀྱང་རུང་སྟེ་བཀོད་མཛེས་སུ་འདུ་བྱའོ། །གཉིས་པ་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བཟུང་། ཚོགས་ཐ་མའི་བར་ཕྲིན་ལས་ཀྱི་ཆོ་ག་འཆི་མེད་འདོད་འཇོ་བཞིན་ཉམས་སུ་བླང་ངོ་། །གསུམ་པ་ལ་གཉིས། སློབ་དཔོན་བདག་ཉིད་འཇུག་པ་དང་། སློབ་མ་འཇུག་ཅིང་དབང་བསྐུར་བའོ། །དང་པོ་ནི། སློབ་མ་ལ་ཇི་ཙམ་བསྐུར་བའི་དབང་རྣམས་བདག་འཇུག་གི་ཚུལ་དུ་བླང་བའམ། བསྡུ་ན་རིག་པའི་མེ་ཏོག་དོར་བས་འཇུག་པ་ནི། དཀྱིལ་འཁོར་ལ་གདོང་ཕྱོགས་པས་མེ་ཏོག་འཐོར་བ་དང་བཅས་ཏེ། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾ་བཛྲ་ས་མ་ཡ་ཨཱཾ༔ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། བདག་དང་དཀྱིལ་འཁོར་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སཏྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ལོ། སློབ་མའི་དོན་དུ། རྡོར་དྲིལ་འཛིན་ཅིང་ཐལ་སྦྱར་བཅས། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་ལན་གསུམ་མམ་གཅིག་གིས་གསོལ་བ་བཏབ་པས་གནང་བ་བསྩལ་བར་བསམ་མོ། །གཉིས་པ་ལ་གཉིས། སློབ་མ་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བའོ། །དང་པོ་ནི། ལས་ཀྱི་རྡོ་རྗེས་སྒོ་དྲུང་དུ་གཡས་ལས་བུམ་དང་། གཡོན་གུ་གུལ་གྱི་སྤོས་སྣོད་བཟུང་བས་སློབ་མ་རྣམས་ལ་ཁྲུས་བྱ་ཞིང་། སློབ་དཔོན་གྱིས་ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པ་བརྗོད། ལས་སྔགས་བཟླ། རང་ཉིད་སྐད་ཅིག་གིས་དཔལ་རྟ་མཆོག་རོལ་པའི་སྐུར་གྱུར་པར་བསམ། བགེགས་གཏོར་ལ་བསང་ཆུ་འཐོར་ཞིང་། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་དང་། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ་ཧོཿལན་གསུམ་གྱིས་བརླབ། ལྕགས་ཀྱུའི་ཕྱག་རྒྱ་དང་། ཨོཾ་སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བསྔོས། རྡོ་རྗེ་སྙེམས་པ་དང་བཅས་པས་ཐུགས་ཀར་བཟུང་ཞིང་། དྲིལ་བུ་དཀུར་བརྟེན་པས་བཀའ་བསྒོ་བ་ནི། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱིྎ ཆོས་ཀྱིྎ དགེ་འདུན་གྱིྎ ཆོས་ཉིད་རྣམ་པར་དག་པའིྎ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའིྎ ཁྱད་པར་བླ་མ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་འཆི་མེད་ཚེའི་དབང་བསྐུར་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། སུམ་བྷའི་དྲག་སྔགས་དང་གུལ་ཡུངས་རོལ་མོའི་ཚམ་རྔམ་བཅས་བགེགས་གཏོར་ཕྱི་བསྐྱལ་ཞིང་བགེགས་བསྐྲད། སློབ་དཔོན་གྱིས། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཞེས་བརྗོད་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་ཕུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། ཅེས་བརྗོད། དེ་ནས་ལས་རྡོར་གྱིས་ཕྱག་གསུམ་བྱས་མེ་ཏོག་འགྱེད། ཡང་ཕྱག་གསུམ་བྱས་ལ་མེ་ཏོག་བསྡུ། སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་པདྨ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་ཀུན་སློང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་མདོ་རྒྱུད་རྣམས་ནས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། ཞེས་སོགས་རྒྱས་བསྡུས་གང་རིགས་ཀྱིས་བརྡ་སྤྲད། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་གདུལ་བྱའི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་དབྱེ་བའི་སྒོ་ནས་ཉན་ཐོས། རང་རྒྱལ། བྱང་སེམས་ཏེ་ཐུན་མོང་གི་ཐེག་པ་གསུམ། ཀྲི་ཡ། ཨུ་པ། ཡོ་ག་སྟེ་ཕྱི་རྒྱུད་སྡེ་འོག་མའི་ཐེག་པ་གསུམ། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག་སྟེ་ནང་རྣལ་འབྱོར་བླ་མེད་ལ་གདུལ་བྱ་དབང་པོ་རྟུལ་འབྲིང་རྣོན་པོས་རིམ་གཉིས་ཀྱི་ལམ་བསྒོམ་ཚུལ་སོགས་ཀྱི་དབྱེ་བའི་ཐེག་པ་གསུམ་སྟེ་ཐེག་པ་རིམ་པ་དགུ་དང་། བསྡུ་བའི་སྒོ་ནས་ཐེག་པ་ཆེ་ཆུང་གཉིས་སུ་འདུས་ལ། འདིར་ཐེག་ཆེན་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འབྲས་བུའི་ཐེག་པ། དེ་ལའང་ཕྱི་ནང་གཉིས་ལས་ནང་བླ་ན་མེད་པའི་ཐེག་པ་ལ་བོད་འདིར་འགྱུར་སྔ་ཕྱིའི་དབང་གིས་སྔགས་གསར་རྙིང་གཉིས་སུ་གྲགས་པ་ལས་རྙིང་མའི་ཁོངས་སུ་གཏོགས་པ། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་ཞེས་པའི་བཀའ་སྲོལ་ཆེན་མོ་གསུམ་ལས་འདིར་ཟབ་མོ་དག་སྣང་གི་གདམས་པ་དང་འབྲེལ་བ་སྟེ། སྤྱིར་དག་སྣང་ལ་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་གྱི་དག་སྣང་གསུམ་ལས། ཁྱད་པར་དུ་གྱུར་པའི་ཆོས་སྡེ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འཇམ་དཔལ་རྩ་བའི་རྒྱུད་དང་། ཨོ་རྒྱན་སངས་རྒྱས་གཉིས་པས་ཟབ་མོའི་གཏེར་ཁ་བཅོ་ལྔ་ཙམ་ནས་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་བསྔགས་ཤིང་། འཕགས་མཆོག་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པར་འཇིག་རྟེན་ན་ཡོངས་སུ་གྲགས་པའི་ཀུན་མཁྱེན་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་གྱིས་སྣང་སྲིད་ཐམས་ཅད་དག་པ་ཡེ་ཤེས་ཀྱི་རོལ་པར་གཟིགས་པས་མངོན་སུམ་པའི་དག་སྣང་རྒྱ་ཅན། སྐལ་ལྡན་རྣམས་ལ་སྨིན་གྲོལ་གྱི་སྒོ་འཕར་ཡོངས་སུ་ཕྱེ་ཞིང་། སྐལ་མེད་རྣམས་ལ་འཆོལ་བར་མི་སྤྱོད་པའི་ཕྱིར། ཇི་ལྟར་འཕགས་པ་ཆོས་འཕགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྒྱ་རིམ་པ་བདུན་གྱིས་བཏབ་པ་བཞིན་དུ། འཁོར་ལོ་ལ་སོགས་པའི་ཕྱག་རྒྱས་བཏབ་པར་མཛད་པའི་ཆོས་སྡེ་ཉི་ཤུ་རྩ་ལྔར་བཞུགས་པའི་ནང་ཚན། བྷྲཱུྃ་མཚན་རྡོ་རྗེའི་རྭ་གདེངས་ཐོག་མདའི་རྒྱ་ཅན་ལས་བྱུང་བའི་ཚེ་དཔག་མེད་དྭང་མ་བཅུད་འདྲེན་ཏེ། དེའང་ཀུན་མཁྱེན་བླ་མ་དམ་པ་ཉིད་དགུང་གྲངས་ལྔ་བཅུ་རྩ་དྲུག་ཏུ་ཕེབས་པ་ཆུ་ཕོ་བྱི་བའི་ལོའི་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔ་ནས་བཟུང་། གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོར་རིག་འཛིན་ལེགས་ལྡན་རྗེའི་དག་སྣང་རླུང་སྦྱོར་གྱི་ཚེ་སྒྲུབ་ཟབ་མོ་ཉམས་སུ་གཞེས་པའི་སྐབས། སྤྱིར་དག་པའི་སྣང་བ་མཐའ་ཡས་པ་དང་། ཁྱད་པར་ཨོ་རྒྱན་པདྨ་ཚེ་དཔག་ཏུ་མེད་པ་མངོན་རྟོགས་དང་མཐུན་པས་བསྐྱེད་རྫོགས་ལས་ཚོགས་དང་བཅས་པའི་གདམས་པ་བསྟན་ཅིང་། དབང་རྣམས་ཡོངས་སུ་རྫོགས་པར་བསྩལ་པ་ལྟར། རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་པདྨ་ཕྲིན་ལས་དང་། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་ལས་ཅན་རྣམས་ལ་སྤེལ་བར་མཛད་པ་ནས་བཟུང་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པ་སྟེ། དེ་ལའང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དབང་གི་གདམས་པ་དང་། སྨིན་ཟིན་གྲོལ་བར་བྱེད་པ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་སྨིན་བྱེད་དབང་གི་རིམ་པ་འབུལ་བའི་སྐབས་སུ་བབས་པ་ལ། སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བྱ་བ་བདག་མདུན་བསྒྲུབ་ཅིང་མཆོད་བསྟོད་བཟླས་པས་མཉེས་པར་བྱ་བ་དང་། བདག་ཉིད་ཀྱིས་བྱིན་རླབས་ནོད་པ། སློབ་མའི་དོན་དུ་གསོལ་བ་གདབ་པ་རྣམས་གྲུབ། ད་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་སྔོན་འགྲོ །དངོས་གཞི། མཇུག་གི་རིམ་པ་གསུམ་ལས། དང་པོ་སྔོན་འགྲོ་ལ་ཁྲུས་དང་བགེགས་བསལ་བ། མཎྜལ་འབུལ་ཞིང་གསོལ་བ་གདབ་པ། མོས་པ་དྲི་ཞིང་ལན་འདེབས་པ། ཆས་སུ་འཇུག་པ། སྡོམ་པ་འབོགས་ཤིང་དམ་ལ་བཞག་པ། སློབ་མ་ལྷར་བསྐྱེད་ཅིང་བྱིན་དབབ་པ། ལྷ་ངོ་བསྟན་ཅིང་མེ་ཏོག་འབུལ་བ་རྣམས་སུ་ཡོད་པ་ལས་རྩ་བའི་ས་བཅད་དང་པོ་ཁྲུས་དང་བགེགས་བསལ་བ་སོང་ནས། གཉིས་པ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་ལ། ཐོག་མར་བླ་མ་དང་མགོན་པོ་ཚེ་དཔག་མེད་ཐ་མི་དད་པ་ལ་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་སློབ་མ་ལ་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས། བླ་མ་ཉིད་པདྨ་ཚེ་དཔག་ཏུ་མེད་པའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ། བླ་མ་པདྨ་ཚེ་དཔག་མེད། །ཞི་ཁྲོ་རིག་འཛིན་མཁའ་འགྲོ་དགོངས། །བདག་ཅག་ལས་འཕྲོ་སྐལ་པར་ལྡན། །སྨིན་གྲོལ་ཡེ་ཤེས་ཚེ་དབང་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། གསུམ་པ་མོས་པ་དྲི་བ་ནི། སློབ་དཔོན་གྱིས། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ། །པདྨ་ཚེ་ཡི་དཀྱིལ་འཁོར་དུ། །འཇུག་པར་འདོད་པ་ཤིན་ཏུ་ལེགས། །དམ་ཚིག་སྡོམ་པ་ཀུན་ཐུབ་ཅིང་། །བསྐྱེད་རྫོགས་དོན་ལ་གནས་ནུས་སམ། །འགྲོ་ལ་ཕན་པ་བྱེད་ནུས་སམ། །ཞེས་དྲིས་པའི་ལན་བཏབ་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་པདྨ་ཚེ་དཔག་མེད། ཁྱོད་ཀྱི་བཀའ་བཞིན་བདག་གིས་བསྒྲུབ། །སྨིན་བྱེད་དབང་དང་གདམས་ངག་ཞུ། །གྲོལ་བྱེད་རིག་པ་རང་གསལ་སྟོན། །ཞེས་ཞུ། བཞི་པ་ཆས་སུ་འཇུག་པ་ནི། ལྷག་པའི་ལྷ་ཕྱག་སྟོང་པས་མཇལ་དུ་མི་རུང་བས་ཕྱག་རྟེན་དུ་དབུལ་རྒྱུའི་ཡེ་ཤེས་ལྔའི་རང་བཞིན་ཨུ་དུམ་ཝཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད། ལྔ་པ་སྡོམ་པ་བཟུང་བ་ནི། བླ་མ་དང་པདྨ་ཚེ་དཔག་མེད་ཐ་མི་དད་པ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། རྒྱུན་བཤགས་སྔོན་དུ་འགྲོ་བས་སྨོན་འཇུག་གི་སེམས་བསྐྱེད་ནས་གསང་སྔགས་ཀྱི་སྤྱོད་པ་ལ་བསླབ་པར་དམ་བཅའ་བ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱང་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། ཧཱུྃ། །རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ །འོད་གསལ་ཆེན་པོའི་དགོངས་པ་ཅན། །ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །རང་ལས་ཡེ་ཤེས་ཤར་བའི་སྐུ །མི་འབྲལ་རྩེ་གཅིག་དགོངས་པ་ཅན། །བྱིན་གྱིས་རློབ་ཅིང་བར་གཅོད་སེལ། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །དམ་ཚིག་རྣམ་པར་དག་པའི་སྐུ །བརྩེ་གདུང་བྱམས་པའི་དགོངས་པ་ཅན། །ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །ལན་གསུམ། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ལན་གསུམ། རྗེས་འབྲེལ་དུ་དམ་ལ་བཞག་པ་ནི། དམ་ཚིག་བདུད་རྩི་ལྕེ་ལ་སྦྱིན་ཞིང་། རྡོ་རྗེ་སྤྱི་བོར་བཞག་སྟེ། ཧྲཱིཿ དེ་རིང་དུས་སུ་དངོས་གྲུབ་ཐོབ། །སྲུངས་ཤིག་མ་བསྲུངས་ཉམས་པར་འགྱུར། །སྙིང་ལ་རྡོ་རྗེ་སེམས་དཔའ་གནས། །སློབ་དཔོན་བཀའ་བསྩལ་ཉན་པར་བྱོས། །མ་ཧཱ་བཛྲ་ས་མ་ཡ་ཧཱུྃ། ཞེས་བརྗོད། དྲུག་པ་ལྷར་བསྐྱེད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་རྒྱུ་བ་ཁ་སྦྱོར་དུ་འཆིང་། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པཾ་ལས་པདྨའི་སྡོང་པོ་རབ་ཏུ་རྒྱས་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡི་གེ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ངོ་བོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཡིན་པ་ལ། རྣམ་པ་མགོན་པོ་ཚེ་དཔག་ཏུ་མེད་པ་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་ཅིང་། གཡོན་པདྨ་རཱ་གའི་བུམ་པ་འཆི་མེད་བདུད་རྩིས་གང་བ་འཛིན་པས་ཡུམ་ལ་འཁྱུད་པ། སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞི་ཞིང་འཛུམ་པ་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། དབུ་སྐྲ་གནག་སྣུམ་ཐོར་ཚུགས་ཀྱི་རྩེ་མོར་ཡིད་བཞིན་གྱི་ནོར་བུས་བརྒྱན་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སེ་མོ་དོ། དོ་ཤལ། འོག་པགས། ཕྱག་གདུབ། ཞབས་གདུབ་ཀྱིས་སྒེག་ཅིང་དར་ལྗང་གུའི་སྟོད་གཡོགས་དང་དམར་པོའི་ཤམ་ཐབས་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ལྷ་ལྕམ་མནྡཱ་ར་དམར་མོ་མཛེས་ཤིང་ཡིད་དུ་འོང་བ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ནུ་མ་འབུར་ཞིང་བྷ་ག་རྒྱས་པ། གཅེར་མོ་སྐྲ་གྲོལ་བ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། པདྨའི་སྐྱིལ་མོ་ཀྲུང་གིས་ཡབ་ཀྱི་སྐེད་པར་འཁྲིལ་བ། འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་ན་བཞུགས་པ། སྐུ་ལུས་ཀྱི་ནང་དུ་རྩ་གསུམ་འཁོར་ལོ་ལྔ་དང་ལྡན་པའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་བུདྡྷ་ཐོད་ཕྲེང་རྩལ་ཡུམ་མནྡཱ་ར་སངས་རྒྱས་སྤྱན་མ་དང་མཉམ་པར་སྦྱོར་བ། གཉིས་ཀའང་སྐུ་མདོག་དཀར་པོ་ཕྱག་གཡས་འཁོར་ལོ་འཛིན་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་པདྨ་ཐོད་ཕྲེང་རྩལ་ཡུམ་ཤཱཀྱ་དེ་ཝཱི་གོས་དཀར་མོ་དང་མཉམ་པར་སྦྱོར་བ། གཉིས་ཀའང་སྐུ་མདོག་དམར་པོ་ཕྱག་གཡས་པདྨ་འཛིན་པ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་རྡོ་རྗེ་ཐོད་ཕྲེང་རྩལ་ཡུམ་ཡེ་ཤེས་མཚོ་རྒྱལ་མཱ་མ་ཀཱི་དང་མཉམ་པར་སྦྱོར་བ། གཉིས་ཀའང་སྐུ་མདོག་སྔོན་པོ་ཕྱག་གཡས་རྡོ་རྗེ་འཛིན་པ། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་རཏྣ་ཐོད་ཕྲེང་རྩལ་ཡུམ་ཀ་ལ་སིདྡྷི་རིན་ཆེན་སྒྲོལ་མ་དང་མཉམ་པར་སྦྱོར་བ། གཉིས་ཀའང་སྐུ་མདོག་སེར་པོ་ཕྱག་གཡས་རིན་ཆེན་འཛིན་པ། གསང་གནས་བདེ་སྐྱོང་གི་འཁོར་ལོའི་དབུས་སུ་ཀརྨ་ཐོད་ཕྲེང་རྩལ་ཡུམ་བཀྲ་ཤིས་ཁྱེའུ་འདྲེན་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བ། གཉིས་ཀའང་སྐུ་མདོག་ལྗང་གུ་ཕྱག་གཡས་རྒྱ་གྲམ་འཛིན་པ། ཡབ་རིག་འཛིན་ལྔ་ཀ་སྐུ་ལ་གསང་གོས་དང་སྣམ་སྦྱར། དབུ་ལ་པདྨའི་མཉེན་ཞུ་གསོལ་བ། ཕྱག་གཡོན་ན་འཆི་མེད་ཚེའི་བུམ་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་ལྔ་ཀའང་གཅེར་མོ་སྐྲ་གྲོལ་བ། མཛེས་འཛུམ་ལང་ཚོ་རྒྱས་ཤིང་བདེ་བ་སྐྱེད་པའི་ཉམས་ཅན། རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡོན་ན་བདུད་རྩིས་གང་བའི་ཐོད་པ་འཛིན་ཅིང་ཞབས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ། ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་སྣ་ལྔ་འཁྲུགས་པ། ལྷ་སོ་སོའི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་སྤྱི་དང་། ཁྱད་པར་བདེ་བ་ཅན་ཨོ་རྒྱན་གྱི་ཡུལ། རྔ་ཡབ་ཟངས་མདོག་དཔལ་རི། མཁའ་སྤྱོད་ཀྱི་ཞིང་ཁམས་སོགས་ནས་གུ་རུ་པདྨ་ཚེ་དཔག་མེད་ལ་ཚེའི་རིག་འཛིན་གྱི་ཚོགས་ཀྱིས་བསྐོར་བ་སྟེང་འོག་བར་གསུམ་ཐམས་ཅད་ནས་མེར་མེར་ཤིག་ཤིག་ཏུ་བྱོན་པ་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་མཚོ་ཆེན་པོ་ལ་ཆར་བབས་པ་བཞིན་དུ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་སྤོས་རོལ་དབྱངས་དང་བཅས་པས། ཧྲཱིཿ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཚེ་དཔག་མེད་མགོན་ལྷ་ཚོགས་རྣམས། །གནས་མཆོག་འདིར་གཤེགས་དབང་མཆོག་སྐུར། །བྱིན་ཕོབ་དངོས་གྲུབ་མ་ལུས་སྩོལ། །ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཅེས་པའི་སྔགས་མང་དུ་བརྗོད་ཅིང་བྱིན་དབབ། ཛྙཱ་ན་བཛྲ་ཏིཥྛས་བརྟན་པར་བྱ། བདུན་པ་ལྷ་ངོ་བསྟན་ཅིང་མེ་ཏོག་འབུལ་བ་ནི། ཁྱེད་རང་རྣམས་ཀྱིས་བླ་མ་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་དབྱེར་མེད་པའི་ཚེ་དཔག་མེད་ཡབ་ཡུམ་ལུས་དཀྱིལ་གྱི་ལྷ་ཚོགས་དང་བཅས་པ་མངོན་སུམ་དུ་མཇལ་བར་མོས་ཏེ། དེ་ལ་ཕྱག་རྟེན་གྱི་ཚུལ་དུ་མེ་ཏོག་འབུལ་བ་དང་བཅས་འདིའི་རྗེས་ཟློས་མཛོད། བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་ལྷ་ལ་མེ་ཏོག་འབུལ་དུ་གཞུག །དེས་སྔོན་འགྲོའི་ཆོས་རྣམས་སོང་ནས། གཉིས་པ་དབང་དངོས་ལ་བུམ་དབང་། གསང་དབང་། ཤེར་དབང་། རིག་པའི་རྩལ་དབང་། མཐའ་རྟེན་དང་ལྔ། དང་པོ་བུམ་དབང་ལའང་དངོས་དང་མཐའ་རྟེན་གཉིས་ལས། དང་པོ་ནི། བུམ་པ་འདི་ཉིད་ཕྱི་བུམ་པ་ལ། ནང་སྣང་སྲིད་ཡོངས་རྫོགས་གུ་རུ་པདྨ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་ཤར་བའི་སྐུ་དང་ཕྱག་མཚན་སྤྱི་གཙུག་དང་གནས་ལྔར་གཏུགས་ཏེ་དབང་བསྐུར་བས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འཆི་མེད་ཀྱི་བདུད་རྩིའི་རྒྱུན་བབས་པས་ལུས་ཐམས་ཅད་གང་། ཉོན་མོངས་པ་དུག་ལྔ་དང་དེའི་རང་མདངས་ལས་ཤར་བའི་ཚེའི་འགལ་རྐྱེན་བར་ཆད་ཐམས་ཅད་སངས་ཀྱིས་དག །བུམ་གསང་ཤེར་ཚིག་ལྟ་བ་སྤྱི་འབྱམས་ཀྱི་དབང་ཐོབ། འབྱུང་བ་ལྔའི་དྭངས་མ་སྟོབས་སུ་གྱུར་ཏེ་ཡེ་ཤེས་ལྔའི་རང་བཞིན་གྱི་ཚེ་དཔལ་མངོན་དུ་བྱས་པས་དོན་གྱི་འཆི་མེད་ཚེའི་དབང་ཐོབ་པའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ལ། ཧྲཱིཿ བཀྲ་ཤིས་འོད་གསལ་བུམ་པའི་གཞལ་ཡས་ཁང་། །པདྨ་ཚེ་ཡི་ལྷ་ཚོགས་བཞུགས་པའི་གནས། །གཉིས་མེད་འོད་ཟེར་ཀུན་ཏུ་འབར་བའི་བཅུད། །བུམ་པའི་དབང་བསྐུར་ཡེ་ཤེས་ལྔ་རྫོགས་ཤོག །རྩ་སྔགས་མཇུག་ཏུ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་སྭཱ། ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱ། ཞེས་བུམ་པ་དཔྲལ་བ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་བཞག །དེས་བུམ་དབང་དངོས་གཞི་སོང་། གཉིས་པ་མཐའ་རྟེན་ལ། ལྷ་དབང་བསྐུར་བ་ནི་བླ་མ་ཚེ་དཔག་མེད་ལ་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་རང་འདྲ་ཞིག་བྱུང་། ཁྱེད་རང་གི་སྤྱི་གཙུག་ནས་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་དང་གཙོ་བོའི་སྐུ་ཐོགས་ཏེ་སྤྱི་བོར་བཞག་ལ། ཧྲཱིཿ ངོ་བོའི་སྐུ་ནི་མཐའ་བྲལ་རྡོ་རྗེའི་ཚེ། །མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་རྩ་སྔགས་མཇུག་ཏུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། སླར་ཡང་སྐུའི་གནས་ཀྱི་ལྷ་སོ་སོ་ལས་རང་འདྲ་རིམ་གྱིས་ཆད་དེ། ཁྱེད་རང་རྣམས་ཀྱི་གནས་ཀྱི་ལྷ་སོ་སོ་ལ་ཐིམ་པའི་མོས་པ་མཛོད། བྱས་ལ་བུདྡྷ་ཐོད་ཕྲེང་རྩལ་གྱི་སྐུ་དཔྲལ་བར་བཞག་སྟེ། ཧྲཱིཿ ངོ་བོ་སྣང་མཛད་མཐའ་བྲལ་རྡོ་རྗེའི་ཚེ། །མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག །ཨོཾ་བཻ་རོ་ཙ་ན་ཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་ཨོཾ། པདྨ་ཐོད་ཕྲེང་རྩལ་གྱི་སྐུ་མགྲིན་པར་བཞག་སྟེ། ཧྲཱིཿ ངོ་བོ་སྣང་མཐའ་མཐའ་བྲལ་རྡོ་རྗེའི་ཚེ། མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག །ཨཱཿཔདྨ་དྷཱ་ར་ཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་ཨཱཿ བཛྲ་ཐོད་ཕྲེང་རྩལ་གྱི་སྐུ་སྙིང་གར་བཞག་ལ། ཧྲཱིཿ ངོ་བོ་མི་བསྐྱོད་མཐའ་བྲལ་རྡོ་རྗེའི་ཚེ། མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག །ཧཱུྃ་ཨ་ཀྵོ་བྷྱཿཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཐོད་ཕྲེང་རྩལ་གྱི་སྐུ་ལྟེ་བར་བཞག་སྟེ། ཧྲཱིཿ ངོ་བོ་རིན་འབྱུང་མཐའ་བྲལ་རྡོ་རྗེའི་ཚེ། །མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག །སྭཱ་རཏྣ་སཾ་བྷ་ཝ་ཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་སྭཱ། ཀརྨ་ཐོད་ཕྲེང་རྩལ་གྱི་སྐུ་གསང་གནས་སུ་བཞག་སྟེ། ཧྲཱིཿ ངོ་བོ་དོན་གྲུབ་མཐའ་བྲལ་རྡོ་རྗེའི་ཚེ། །མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་ཤོག །ཧཱ་ཨ་མོ་གྷ་སིདྡྷི་ཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་ཧཱ། དེ་ལྟར་སྐུ་དང་གནས་ཀྱི་ལྷས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ཉོན་མོངས་པ་དུག་ལྔས་བསྐྱེད་པའི་ཕུང་པོ་ལྔ་རང་སར་དག་སྟེ་ཡེ་ཤེས་རྡོ་རྗེའི་སྐུ་འགྲུབ་པའི་ནུས་ལྡན་དུ་བྱས་པ་ཡིན་ནོ། །དེས་ལྷ་དབང་གྲུབ། བཅུད་ལེན་སྨན་གྱི་སྙིང་པོ་ཐམས་ཅད་བསྡུས་པའི་ཚེའི་རིལ་བུ་འདི་ཉིད་བྱིན་པས་ཚེ་བསོད་ལུས་སྟོབས་བཀྲག་མདངས་ཐམས་ཅད་རབ་ཏུ་རྒྱས་པའི་འཆི་བ་མེད་པའི་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཚེ་རིལ་ལག་གཡས་སུ་གཏད་ཅིང་མྱང་དུ་བཅུག་ལ། ཧྲཱིཿ སྨན་གྱི་སྙིང་པོ་བཅུད་ལེན་རིལ་བུ་འདི། །བྱིན་པས་ཚེ་དང་སྟོབས་བཀྲག་རྒྱས་པར་ཤོག །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་རྩ་སྔགས་མཇུག་ཏུ། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཞེས་བརྗོད། དེ་ལྟར་བུམ་པའི་དབང་ཡན་ལག་དང་བཅས་པ་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དག་པ་བརྗོད། གཉིས་པ་གསང་བའི་དབང་ལ། བླ་མ་ཚེ་དཔག་མེད་གནས་ལྔའི་ལྷ་དང་བཅས་པ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་སྦྱོར་མཚམས་ནས་བབས། ཐོད་པར་བསྐྱིལ་བ་འདི་ཉིད་མྱང་བ་ལ་བརྟེན་ནས་རྩ་རླུང་ཐིག་ལེ་ལས་རུང་གིས་བདེ་བ་ཆེན་པོའི་ཡེ་ཤེས་འདྲེན་པ་ལ་ནུས་པ་བརྟན་པོ་ཐོབ་པའི་མོས་པ་མཛོད། དཀྱིལ་འཁོར་གཡས་ཀྱི་ཐོད་པའི་གསང་རྫས་སློབ་མའི་ལག་གཡོན་དུ་བླུག་ལ། ཧྲཱིཿ སངས་རྒྱས་ཀུན་དང་རྟག་ཏུ་མཉམ་སྦྱོར་ཞིང་། །ཡེ་ཤེས་བདུད་རྩི་ལྔ་ཡིས་ནད་རྣམས་སེལ། །རྩ་ཁམས་མ་ལུས་ཡོངས་སུ་གང་བྱས་ནས། །བདེ་ཆེན་གསང་བའི་དབང་བསྐུར་ཐོབ་པར་ཤོག །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་རྩ་སྔགས་མཇུག་ཏུ། མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་བདུད་རྩི་མྱངས་པས་ལུས་ཀྱི་རྩ་ནང་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་ཅིང་གང་བས་བདེ་བ་བཟོད་མེད་དུ་འབར་བའི་རང་ངོ་བརྗོད་བྲལ་གྱི་ངང་ལ་མཉམ་པར་འཇོག་པར་ཞུ། དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རང་ལུས་གཏུམ་མོའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དག་པ་བརྗོད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། སློབ་དཔོན་གྱི་ཐུགས་ཀ་ནས་ལྷ་ལྕམ་མནྡཱ་ར་བ་གོས་དཀར་མོ་མཛེས་སྡུག་ལྟ་བས་མི་ངོམས་པ་ཞིག་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་སྦྱོར་ཡུམ་དུ་བྱིན་པ་དང་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པ། སྙིང་ག །ལྟེ་བ། གསང་གནས་ཀྱི་བར་དུ་བབས་པས་བདེ་བ་བཟོད་མེད་དུ་འབར་བས་ཡས་བབས་ཀྱི་དགའ་བ་བཞིའི་ཡེ་ཤེས་ཁྱད་པར་ཅན་ཉམས་སུ་མྱོངས། སླར་ཡང་ཧཱུྃ་ཞེས་གྱེན་དུ་དྲངས་པས་གསང་གནས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་གཙུག་གི་བར་སོང་ནས་སྤྱི་བོའི་ཧཱུྃ་ལ་སིབ་ཀྱིས་ཐིམ་པས་མས་བརྟན་གྱི་དགའ་བ་གསུམ་པའི་མཐར་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པས་སེམས་ཀྱི་ངོ་བོ་བདེ་བར་སོང་། བདེ་བས་སྟོང་པ་ངེས་པའི་ཟུང་འཇུག་གི་ངང་ལ་ཅི་གནས་སུ་མཉམ་པར་འཇོག་པར་ཞུ། རིག་ཙཀ་གམ་དྲིལ་བུ་གཏད་ལ། ཧྲཱིཿ རྡོ་རྗེ་པདྨ་མཉམ་སྦྱོར་བདེ་བ་ཆེ། །བཅུ་དྲུག་དགའ་བཞིའི་བདེ་སྟོང་ཡེ་ཤེས་ཀྱིས། །དབུ་མར་རླུང་སེམས་འདུས་ནས་འཕོ་མེད་སྐུ །འཆི་མེད་ཚེ་ཡི་དབང་བསྐུར་ཐོབ་པར་ཤོག །ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་རྩ་སྔགས་གཤམ་དུ། མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །གཞན་ལུས་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དག་པ་བརྗོད། བཞི་པ་ཚིག་དབང་ངམ་རིག་པའི་རྩལ་དབང་ནི། འཇའ་ཤེལ་དང་། མེ་ལོང་རྨ་བྱའི་མདོངས་སྒྲོ་བཅས་སློབ་མར་བསྟན་ཏེ། ཁྱེད་རང་རྣམས་ད་ལྟ་ཕྱིའི་ཕྱག་རྒྱ་འདུ་བྱས་པའི་རྐྱེན་ལས་སྙོམས་འཇུག་གི་སྦྱོར་བས་དྲངས་པའི་ནང་ཀུན་རྫོབ་བདེ་བ་ཆེན་པོ་དགའ་བཞིའི་ངོ་བོར་རྫོགས་པ་དེ་ཉིད། ངོ་བོ་བརྟགས་ཤིང་དཔྱད་ན་གསང་བ་སྟོང་ཉིད་སྤྲོས་པ་དང་བྲལ་བ་དཔེས་མི་མཚོན་པ་བརྗོད་པ་གང་གིས་ཀྱང་གཏན་ལ་མི་ཕེབས་པ་བསམ་ལས་འདས་པ་རྟག་ཆད་གང་དུ་ཡང་མ་གྲུབ་པ་གཤིས་ཅི་ཡང་མ་ཡིན་པ་དེ་ཉིད་ཀ་དག་དང་། དེའི་རྩལ་ལས་ཚོགས་དྲུག་གི་སྣང་བ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་འཛིན་མེད་སྣ་ཚོགས་སུ་འཆར་བ་ལྷུན་གྲུབ་སྟེ། ད་ལྟ་ལུས་ལྷ་སྐུ་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བར་གསལ་བ་དང་། ཡིད་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་བདེ་བ་ཆེན་པོ་ཡ་མ་བྲལ་བར་ཚོགས་པ་བཞིན་དུ་མཐར་གྱིས་འདི་ཉིད་གོམས་པ་ལས་ཟུང་འཇུག་འབྲས་བུའི་མ་ཧཱ་གུ་རུ་པདྨ་ཚེ་དབང་རྩལ་གྱི་ཡེ་ཤེས་ཀྱི་སྐུ་མངོན་དུ་འགྱུར་བར་ཤེས་པར་གྱིས་ལ་རིག་པའི་རང་ངོ་སྐྱོངས་ཤིག །ཧྲཱིཿ ཤེལ་གྱི་འཇའ་དང་མེ་ལོང་ནང་གི་གཟུགས། །མདོངས་ཀྱི་ཚོན་རིས་གཞན་གྱིས་བྱས་པ་མིན། །མེད་བཞིན་སྣང་བ་རིག་པའི་རང་རྩལ་དུ། །ཤེས་པར་གྱིས་ལ་ཀ་དག་ཀློང་དུ་ལྟོས། ཨ་ཨ་ཨ། ཞེས་བརྡ་སྤྲད། དེས་ཚིག་དབང་རིན་པོ་ཆེ་ཐོབ། ཡེ་ཤེས་ཀྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དག་པ་བརྗོད། ལྔ་པ་མཐའ་རྟེན་ལ། ཚེ་འགུགས་པ་ནི། བླ་མ་དང་ཡི་དམ་ཐ་དད་མེད་པའི་གནས་ལྔ་ནས་འབྱུང་བ་ལྔའི་ལྷ་མོ་གཡས་མདའ་དར་དང་། གཡོན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་ཚེ་ཡར་བ་དང་། འཁྱམས་པ་དང་བྲོས་པ་དང་། འབྱུང་པོ་མི་མ་ཡིན་དང་རིག་སྔགས་སོགས་ཀྱི་མཐུས་ཕྲོགས་པ་དང་བརྐུས་པ་ཐམས་ཅད་དང་། འབྱུང་བ་ལྔའི་ཚེ་བཅུད། འཁོར་འདས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བདུད་རྩིས་གང་བའི་བུམ་པ་དང་། ཐོད་པ་རྡོ་རྗེ། གཡུང་དྲུང་འོད་ཀྱི་ཐིག་ལེ། ཡི་གེ་ཨ་ནྲྀ་བྷྲཱུྃ་ལ་སོགས་པ་དང་། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན། འོད་དང་བདུད་རྩི་སྣ་ལྔ། ལྷའི་སྐུ་སྔགས་ཕྱག་མཚན་ལ་སོགས་པའི་རྣམ་པར་བཀུག་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། མདའ་དར་གཡབ་ཅིང་སྙན་དབྱངས་དང་བཅས། ཧཱུྃ། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །ཅེས་སོགས་ཀྱིས་ཚེ་འགུགས། དེ་ནས་རྒྱས་པའི་ཡན་ལག་ཏུ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་གྱིས་མངའ་དབུལ་བ་དང་། བཀྲ་ཤིས་རྫས་བརྒྱད་ཀྱིས་ཤིས་པར་བྱ་བ་དང་། ལས་བཞིའི་འབྲང་རྒྱས་ཀྱིས་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་བྱ་བ་རྣམས་སུ་ཡོད་པ་ལས། དང་པོ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་དབང་བསྐུར་ཞིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བས་བསོད་ནམས་དང་དབང་ཐང་རྒྱས་པའི་སྒོ་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། འཁོར་ལོ་སོགས་རིམ་པར་ལག་ཏུ་གཏད་ལ། ཧྲཱིཿ འཁོར་ལོ་རིན་ཆེན་དབང་བཅུ་འཁོར་རྒྱུན་གཅོད། །ཆོས་འཁོར་ལེགས་བསྐོར་ས་བཅུའི་འབྲས་ཐོབ་ཤོག །ཙཀྲ་རཏྣ་ཨ་བྷི་ཥིཉྩ་མི། ཧྲཱིཿ བཙུན་མོ་རིན་ཆེན་གཏེར་ཆེན་ཟུང་དང་ལྡན། །བསོད་ནམས་ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག །པྲ་ཛྙཱ་པ་ར་མི་ཏ་ཨ་བྷི་ཥིཉྩ་མི། ཧྲཱིཿ ནོར་བུ་རིན་ཆེན་སྐྱོན་སེལ་བདེ་བའི་གནས། །མཆོག་གསུམ་རེ་སྐོང་ལྷག་མཐོང་དབང་ཐོབ་ཤོག །མ་ཎི་རཏྣ་ཨ་བྷི་ཥིཉྩ་མི། ཧྲཱིཿ ཁྱིམ་བདག་རིན་ཆེན་གང་འདུལ་དཔག་བསམ་ཤིང་། །ཤེས་བྱར་ཐོགས་མེད་ནོར་བདུན་དབང་ཐོབ་ཤོག །མ་ཧཱ་ཙིནྟ་རཏྣ་ཨ་བྷི་ཥིཉྩ་མི། ཧྲཱིཿ གླང་པོ་རིན་ཆེན་བདུད་འདུལ་སྟོབས་པོ་ཆེ། །ཡང་དག་སྟོབས་བཅུ་གཞན་དོན་དབང་ཐོབ་ཤོག །ཧཱསྟི་རཏྣ་ཨ་བྷི་ཥིཉྩ་མི། ཧྲཱིཿ རྟ་མཆོག་རིན་ཆེན་འཁོར་མཚོ་སྒྲོལ་ཤུགས་འཆང་། །ས་ལམ་མྱུར་བགྲོད་རྫུ་འཕྲུལ་དབང་ཐོབ་ཤོག །ཀརྨ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མི། ཧྲཱིཿ བློན་པོ་རིན་ཆེན་ཐབས་ལྡན་མི་འཇིགས་སྦྱིན། །གོ་གྱོན་གཡུལ་འཇོམས་མི་འཇིགས་དབང་ཐོབ་ཤོག །མ་ཧཱ་ཁཌྒ་རཏྣ་ཨ་བྷི་ཥིཉྩ་མི། བཀྲ་ཤིས་རྫས་བརྒྱད་ཀྱིས་དབང་བསྐུར་བས་ཁྱེད་རྣམས་ཀྱི་སྡིག་སྒྲིབ་དང་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་གནས་སྐབས་དང་མཐར་ཐུག་གི་བཀྲ་ཤིས་པའི་དགེ་མཚན་ཐམས་ཅད་ཐོབ་པའི་སྒོ་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། རྫས་བརྒྱད་རྣམས་རིམ་པ་བཞིན་ལག་ཏུ་སྦྱིན་ཞིང་། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། །ཡུངས་ཀར་ཕུལ་བས་སྟོང་ཕྲག་བརྒྱད་ཅུའི་བགེགས། །མ་ལུས་འཇོམས་མཛད་བཀྲ་ཤིས་དབང་ཐོབ་ཤོག །མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། སྔགས་འདི་ཀུན་ཏུ་འགྲེ་ཤེས་པར་བྱས་ཏེ། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། ཁྱེ་འུ་དམ་པ་རྩྭ་ཚོང་བཀྲ་ཤིས་ཀྱིས། །དཱུརྦ་ཕུལ་བས་ནད་གདོན་ཀུན་ལས་རྒྱལ། །སྡུག་བསྔལ་ཞི་བྱེད་བཀྲ་ཤིས་དབང་ཐོབ་ཤོག །སྔགས་དང་། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། ཚངས་པའི་རྒྱལ་པོས་བིལྦ་ཕུལ་བ་ཡིས། །སྟོབས་ལྡན་མི་འཇིགས་སྐུ་ལྔ་ཡོངས་སུ་རྫོགས། །སྐུ་ལྔའི་འབྲས་བུ་སྟོབས་འཕེལ་བཀྲ་ཤིས་ཤོག །སྔགས། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། བྲམ་ཟེ་དམ་པ་བཀྲ་ཤིས་སྐར་རྒྱལ་གྱིས། །ལི་ཁྲི་ཕུལ་ནས་ཐུགས་རྗེས་གཞན་ཕན་རྒྱས། ཁམས་གསུམ་དབང་སྡུད་བཀྲ་ཤིས་དབང་ཐོབ་ཤོག །སྔགས། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། གླང་ཆེན་ས་སྲུང་གི་ཝཾ་ཕུལ་བ་ཡིས། །ཤེས་བཅུ་རབ་བརྟན་བཞི་བརྒྱའི་ནད་ཀུན་སེལ། །དཀར་པོའི་ཆོས་འཛིན་བཀྲ་ཤིས་དབང་ཐོབ་ཤོག །སྔགས། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། །ལེགས་སྐྱེས་བུ་མོས་ཞོ་ནི་ཕུལ་བ་ཡིས། །དབང་པོའི་མདངས་འཕེལ་བསམ་གཏན་ཏིང་འཛིན་བསྐྱེད། །དྲི་མེད་སེམས་དག་བཀྲ་ཤིས་དབང་ཐོབ་ཤོག །སྔགས། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། །འོད་འཆང་ལྷ་མོས་མེ་ལོང་ཕུལ་བ་ཡིས། །མ་རིག་བག་སངས་ཆོས་རྣམས་གཟུགས་བརྙན་ལྟར། །གཙང་དག་སངས་རྒྱས་བཀྲ་ཤིས་དབང་ཐོབ་ཤོག །སྔགས། ཧྲཱིཿ སྔོན་གྱི་རྒྱལ་བ་ཤཱཀྱ་སེང་གེ་ལ། །བརྒྱ་བྱིན་དབང་པོས་གཡས་འཁྱིལ་དུང་ཕུལ་བས། །ཡོན་ཏན་རྒྱ་མཚོ་གསུང་དབྱངས་དྲུག་ཅུར་སྒྲོག །ཆོས་སྒྲ་ཀུན་ཁྱབ་བཀྲ་ཤིས་དབང་ཐོབ་ཤོག །མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། མཐར། སྭསྟི་སྭསྟི། བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད། དེ་ནས། ལས་བཞིའི་འབྲང་རྒྱས་ཀྱི་དབང་བསྐུར་བས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ལ་ཐོགས་པ་མེད་པའི་ནུས་མཐུ་གྲུབ་པས་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་དབང་ཐོབ་པའི་མོས་པ་མཛོད། འབྲང་རྒྱས་རྣམས་རིམ་བཞིན་ལག་ཏུ་སྦྱིན་ཞིང་། ཧྲཱིཿ ནད་གདོན་གནོད་པ་མ་ལུས་པ། །ཞི་བའི་ཕྲིན་ལས་དབང་ཐོབ་ཤོག །ཨོཾ་ཤཱནྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཚེ་དང་བསོད་ནམས་ཡེ་ཤེས་ཀུན། །རྒྱས་པའི་ཕྲིན་ལས་དབང་ཐོབ་ཤོག །སྭཱ་པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཧྲཱིཿ ཁམས་གསུམ་སྲིད་པའི་འགྲོ་བ་ཀུན། །དབང་སྡུད་ཕྲིན་ལས་དབང་ཐོབ་ཤོག །ཧྲཱིཿཔཱ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཧྲཱིཿ ཞིང་བཅུར་གྱུར་པའི་དགྲ་དང་བགེགས། །ཚར་གཅོད་དྲག་པོའི་དབང་ཐོབ་ཤོག །རུ་ཏྲ་མཱ་ར་ཡ་ཕཊཿཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཚེ་སྦ་བ་ནི། ཁྱེད་རང་རྣམས་ལྷའི་སྐུར་གསལ་བ་སྟོད་སྨད་ནས་རིམ་གྱིས་འོད་དུ་ཞུ་བ་ཐུགས་ཀའི་ལྷར་ཐིམ། དེ་ཡང་ས་བོན་ཧྲཱིཿལ་ཐིམ། དེ་ཡང་གྱེན་རྫོགས་སུ་ནཱ་དའི་བར་ཡལ་ཏེ་ནམ་ཡང་འཕོ་འགྱུར་གཞོམ་གཞིག་དང་བྲལ་བའི་གཉུག་མ་དོན་དམ་འཆི་བ་མེད་པ་ཀ་ནས་དག་པའི་དབྱིངས་སུ་ཚེ་སྦས་པར་བསམས་ལ་ཅི་གནས་སུ་མཉམ་པར་ཞོག་མཛོད། ཚེ་མདའི་ལྟོངས་སློབ་མའི་གནས་གསུམ་དང་ཡན་ལག་བཞིར་གཏུགས་ཏེ། ཧྲཱིཿ འཆི་མེད་རྡོ་རྗེ་ཡེ་ཤེས་ཚེ། །དཀྱིལ་འཁོར་ལྷ་དང་གཉིས་སུ་མེད། །འོད་ལྔ་གསལ་དྭངས་རྙོགས་པ་མེད། །ཐུགས་ཀར་རྟག་ཏུ་སྦ་བར་བྱ། །སྟོང་པའི་གོ་ཆ་སྲ་ཞིང་བརྟན། །སུས་ཀྱང་གཞོམ་དུ་ག་ལ་ཡོད། །ས་མ་ཡ་ཨ་ཨ། སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་ཁྱེད་རང་རྣམས་ལྷའི་སྐུར་ལམ་གྱིས་བཞེངས་པ་ལ་ནམ་མཁའ་གང་བའི་ཚེའི་ལྷ་དང་རིག་པ་འཛིན་པའི་ཚོགས་ཀྱིས་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་སོགས་དགེ་མཚན་དུ་མ་དང་བཅས་ཤིས་པར་བརྗོད་པའི་མོས་པ་མཛོད། ཧྲཱིཿ འཁོར་ལོས་སྒྱུར་རྒྱལ་ཅི་འདོད་རྩོལ་མེད་བཞིན། །རང་བྱུང་ཡེ་ཤེས་ཆོ་འཕྲུལ་ཟད་པ་མེད། །ཚེ་དང་ཡེ་ཤེས་ཕྲིན་ལས་ལྷུན་གྱིས་གྲུབ། །ཕུན་སུམ་ཚོགས་པའི་དངོས་གྲུབ་དེང་འདིར་སྩོལ། །ཅེས་དང་། གཞན་ཡང་ལས་བྱང་ལས་འབྱུང་བའི་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །གསུམ་པ་མཇུག་གི་བྱ་བ་ནི། དེ་ལྟར་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་གྱི་རིམ་པ་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ཡིན་པས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་ཕུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས་ལན་གསུམ། དེ་ལྟར་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད། ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱད། སློབ་མ་རྣམས་གྱེས། སློབ་དཔོན་གྱིས་ལྷག་མ་ནས་བཟུང་བཀྲ་ཤིས་ཀྱི་བར་ལས་གཞུང་ལྟར་བྱའོ། །ཕུན་ཚོགས་སྲིད་ཞིའི་ཁམས་ཀྱི་དྭངས་མའི་ཕུལ། །ཚེ་དང་ཡེ་ཤེས་བཅུད་ལེན་བདུད་རྩིའི་ཀླུང་། །འདྲེན་པའི་ཐབས་མཁས་སྨིན་བྱེད་ཆོ་ག་འདིས། །འགྲོ་ཀུན་འཆི་མེད་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པའང་ཀུན་མཁྱེན་ཆེན་པོ་ཉིད་ཀྱི་ལྗགས་བསྒྲིགས་དང་། བླ་མ་མཁས་པ་རྣམས་ཀྱི་གསུང་གི་བདུད་རྩི་བཀླགས་པས་གྲུབ་པར་མཚོ་སྐྱེས་ཀུན་ཏུ་འཆང་བ་དགྱེས་པའི་འབངས། རྡོ་རྗེ་གཟི་བརྗིད་ཀྱིས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).