Terdzo-NA-012: Difference between revisions

From Rinchen Terdzö
m (Text replacement - " {{Header }}" to " {{Header}}")
m (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")
Line 52: Line 52:
གུ་རུ་པདྨ་སིདྡྷི་ཧཱུྃ། རྒྱལ་བ་ཀུན་དངོས་ཨོ་རྒྱན་རྡོ་རྗེ་འཆང་། །བདེ་གཤེགས་ཀུན་འདུས་དྲག་པོ་རྩལ་གྱི་སྐུར། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཡོངས་རྫོགས་པ། །རིགས་བདག་བླ་མ་དབྱེར་མེད་དེར་ཕྱག་འཚལ། །ཐུགས་སྒྲུབ་ཡང་ཏིག་གཅེས་སྒྲོན་གྱི། །ཟབ་ཁྲིད་ཉམས་སུ་ལེན་པའི་ཚུལ། །བརྒྱུད་ལྡན་བླ་མའི་གསུང་ཇི་བཞིན། །ཟིན་བྲིས་གཞུང་དོན་རབ་གསལ་བ། ཁྱབ་བདག་རིགས་ཀྱི་བདག་པོ་མཆོག །ཟུར་ཆེན་རྡོ་རྗེ་འཆང་ཆེན་པོའི། །གསུང་ལས་ཇི་ལྟར་ཐོས་པ་བཞིན། །བསྲེ་བསླད་མེད་པར་འདིར་བཤད་བྱ། །དེ་ལ་འདིར་ཡང་ཏིག་གཅེས་པའི་སྒྲོན་མེ་ཞེས་བྱ་བ་དྲག་པོ་ཐུགས་ཀྱི་སྒྲུབ་པའི་ཐེམས་ཅན་རྩ་བའི་ཆོས་ཚན་ཉེར་ལྔ་ལས་ཉེར་གཉིས་པ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་ལ། །ལས་ཅན་དག་པའི་འཁོར་རྣམ་པ་ལྔས་གསོལ་བ་བཏབ་པ་ལ་བརྟེན་ནས་གསང་བ་རིན་ཆེན་འདུས་པ་སྐུའི་ཚབ་དང་། ཡང་ཏིག་དཔའ་བོ་འབྲུ་གཅིག་གསུང་གི་ཚབ། པདྨའི་ཡང་ཏིག་གཅེས་སྒྲོན་ཐུགས་ཀྱི་ཚབ། མཁའ་འགྲོ་གསང་བའི་སྒྲུབ་ཐབས་ཡོན་ཏན་གྱི་ཚབ། གདུལ་བྱ་ལས་སྦྱོར་གྱི་གནད་ཏིག་ཐེམས་དང་བཅས་པ་ཕྲིན་ལས་ཀྱི་ཚབ་ཏུ་བཞག་པ་ལས། འདིར་ཐུགས་ཀྱི་ཚབ་ཏུ་བཞག་པ་ཡང་ཏིག་གཅེས་པའི་སྒྲོན་མེ་འདི་གང་བཤད་པར་བྱ་བའི་ཆོས་ཡིན་ནོ། །དེ་ཡང་གང་ལས་བྱུང་བའི་བརྒྱུད་པ་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་བཤད་པ་སྟེ་སྤྱི་དོན་གཉིས་ལས། དང་པོ་གང་ལས་བྱུང་བའི་བརྒྱུད་པ་ནི། སྤྱིར་བྱང་གཏེར་ལ་སྲས་བརྒྱུད་སློབ་བརྒྱུད་ཡུམ་བརྒྱུད་གསུམ་ལས། འདི་སྲས་སློབ་གཉིས་ཀ་ཐུན་མོང་ཡིན། དེ་ཡང་སྤྱིར་སྔ་འགྱུར་བཀའ་གཏེར་གྱི་རིང་ལུགས་ལ། རྒྱལ་བ་རིག་འཛིན་གང་ཟག་གསུམ། །དགོངས་པ་རིག་པ་རྣ་བར་བརྒྱུད། །གང་ལ་ཐུག་གི་བར་དུ་འོ། །ཞེས་གསུངས་པ་ལྟར་བཤད་ཚུལ་རྒྱ་ཆེ་ཡང་མདོར་བསྡུས་ཏེ་འཆད་པ་ལ། འོག་མིན་ཆོས་ཀྱི་དབྱིངས་སུ་ཆོས་སྐུ་ཀུན་བཟང་གདོད་མའི་མགོན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་སྣང་བ་རང་སྣང་ཚོམ་བུའི་དཀྱིལ་འཁོར་ཉིད་ལས་གཞན་དུ་མ་གྱུར་པ་ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་དགོངས་པ་རང་ཤར་བས་དགོངས་བརྒྱུད། ལྕང་ལོ་ཅན་དུ་སྤྲུལ་སྐུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་སྨུག་ནག་དབང་གི་མཁའ་འགྲོ་ལ་དགོངས་པས་བྱིན་གྱིས་བརླབས་ཏེ། རི་མ་ལ་ཡའི་རྩེར་རིགས་ཅན་དྲ་མ་ལྔ་ལ་བཤད་པ་སོགས་རིག་འཛིན་རིག་བརྒྱུད་དམ་བརྡའ་བརྒྱུད། དེ་མན་ཆད་ལ་སྙན་བརྒྱུད་དང་། གཏེར་མའི་ཕྱོགས་ལ་དེའི་སྟེང་དུ་བཀའ་བབས་ལུང་བསྟན་སྨོན་ལམ་དབང་བསྐུར་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་སོགས་ཀྱི་འཆད་ཚུལ་མང་བས། འདིར་ཐར་ཆགས་སུ་བཀོད་ན། སྨུག་ནག་ཌཱ་ཀིས་ཚངས་པ་གདོང་གསུམ་ལ། དེ་ཡང་གཟུགས་ཁམས་ཀྱི་ཚངས་པ་གདོང་བཞི་པ་དང་མི་འདྲ་བས་འདོད་ཁམས་ཀྱི་རི་རྒྱལ་ལྷུན་པོའི་རྩེ་མོར་འཁོད་པ་ཚངས་པ་གདོང་གསུམ་པ་དང་། ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ་འཇོག་པོ་རྣམས་དང་། ཟ་ཧོར་གྱི་རྒྱལ་པོ་ཛཿ མཁས་པ་ཤཱཀྱ་པྲ་བྷ་ཝ། ཨོ་རྒྱན་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས། པཎ་ཆེན་བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ། མཁར་ཆེན་བཟའ་མཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་དང་། འདི་རྣམས་ཀྱི་ལོ་རྒྱུས་རྣམ་ཐར་སྔ་འགྱུར་བཀའ་གཏེར་ལ་གྲགས་ཆེ་བ་ལྟར་ཡིན་པས་འདིར་མ་བཀོད་ལ། གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་དངོས་གྲུབ་རྒྱལ་མཚན་ཞབས་ནི་རི་ཁྲོད་པ་བཟང་པོ་གྲགས་པའི་ཁ་བྱང་དང་རི་བོ་བཀྲ་བཟང་ནས་གཏེར་གྱི་ལྡེ་མིག་ལ་བརྟེན་ནས། བྱང་ཟང་ཟང་ལྷ་བྲག་གི་སྐེད་བྲག་རི་དུག་སྦྲུལ་སྤུངས་འདྲ་ནས་མཛོད་ལྔའི་གཏེར་ཆེན་གདན་དྲངས་པའི་གཏེར་མཛོད་རེ་རེ་ལ་ཡང་ཆོས་ཚན་བརྒྱ་ཕྲག་རེ་བཞུགས་པས་ན་ལྔ་བརྒྱ་ཕྲག་གཅིག་ཏུ་གྲགས་ཤིང་། དྲག་པོ་ཐུགས་ཀྱི་སྐོར་འདི་ལྷོ་ཕྱོགས་གསེར་མཛོད་སེར་པོ་ནས་ཕལ་ཆེར་སྤྱན་དྲངས་པ་ཡིན་ནོ། །དེ་ལྟར་གཏེར་སྟོན་ཆེན་པོ་དང་སྐུ་སྲས་རྣམ་རྒྱལ་མགོན་པོ་སྟེ། ཡབ་སྲས་གཉིས་ཀས་རྗེས་སུ་བཟུང་བའི་ལུང་ཟིན་གྱི་སློབ་མ་རིག་འཛིན་སངས་རྒྱས་བྱམས་བཟང་ལ་གནང་། དེས་སེ་སྟོན་ཉི་མ་བཟང་པོ་ལ་གནང་ཞིང་འདི་ཉིད་ནི་གཏེར་སྟོན་གྱི་དངོས་སློབ་ཡིན་ཞིང་། དེ་ཡང་སེ་སྟོན་གོང་མ་དག་གིས་གླང་ལ་ཁལ་བཀལ་ཞིང་སྒྲུབ་གནས་བཙལ་བ་ས་སྟེང་གླང་ཉལ་བ་ལ་དབྱུག་པ་བརྒྱས་བསྣུན་ཀྱང་མ་ལངས་པར་མལ་དེར་ཉལ་བས་དེ་གར་གནས་གཞི་བཏིང་བ་ལ། དཔལ་ལྡན་བརྒྱ་མཁར་གསང་སྔགས་གླིང་དུ་གྲགས་པའི་གནས་དེར། སེ་སྟོན་ཉི་མ་བཟང་པོས་ཐོ་རེངས་ཀྱི་སྐབས་ཤིག་ཐུགས་སྒྲུབ་ཀྱི་ཕྲིན་ལས་མཛད་པས་ཏིང་འཛིན་རྩེ་གཅིག་ཏུ་སོང་བའི་མཐར་ཅུང་ཟད་མནལ་བར་དག་སྣང་དུ་མ་དང་། ཁྱད་པར་སྔགས་སྲུང་ཨེ་ཀ་ཛཱ་ཊཱིས་སྐུ་ལུས་བོར་མ་ཐག་ཨོ་རྒྱན་ཆེན་པོའི་ཞབས་དྲུང་དུ་བྱོན་ཏེ་ལུང་བསྟན་ཐོབ་ནས་སྟེང་ཕྱོགས་འཁོར་བ་ཟིལ་གནོན་གྱི་ཞིང་དུ་བགྲོད་ཅིང་སེམས་ཅན་འབུམ་ཕྲག་བདུན་གྲོལ་བར་ལུང་བསྟན་པ་ཡིན་ནོ། །དེས་སེ་སྟོན་མགོན་པོ་བཟང་པོ་ལ་གནང་། འདི་ཡང་སྒྲུབ་པ་མཐར་ཕྱིན་དུ་སྐུ་ཚེ་དྲིལ་བས་སྤངས་རྟོགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་གོ །བརྒྱུད་འདེབས་ཀྱི་དཔེ་རྒྱུན་འགར་སེ་སྟོན་མགོན་པོ་སྔོན་དང་ཉི་བཟང་རྗེས་སུ་བྲིས་པ་ནོར་བར་ཤེས་དགོས་སོ། །དེས་སེ་སྟོན་རིན་ཆེན་རྒྱལ་མཚན་ལ་གནང་བས་འདི་ཉིད་ནི་མཁས་གྲུབ་ཆེན་པོར་བཞུགས་ཤིང་དམ་པ་དུ་མའི་ཞབས་པད་བརྟེན་པས་ལུང་རྟོགས་ཀྱི་ཡོན་ཏན་དུ་མས་ཕྱུག་པའི་འཆད་རྩོམ་མང་དུ་མཛད་པས་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་སྲོལ་འཛིན་ཆེན་པོར་གྱུར་པའོ། །དེས་སྤྱན་ཚབ་མགོན་པོ་ཟླ་བ་ལ་གནང་བས་འདི་ཉིད་ནི་མངོན་རྫོགས་མ་མོ་ལ་གྲུབ་པ་བརྙེས་ཤིང་ས་དམ་གྱི་རི་ཁྲོད་དུ་སྒྲུབ་པ་སྙིང་པོར་མཛད་པ་ཞིག་གོ །དེས་མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་རྒྱལ་མཚན་ལ་གནང་བས། དམ་པ་འདི་ནི་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་མཁས་གྲུབ་ཆེན་པོ་གཤིན་རྗེ་ཚེ་བདག་དང་། པདྨ་ཡང་གསང་ལས་གྲུབ་པ་བརྙེས་པ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་ལ། སྐབས་ཤིག་འཇིག་རྟེན་དུ་མི་དགེ་བའི་ལྟས་སྐར་མ་ཕོད་ཅན་ཤར་བ་ལ་གཤིན་རྗེའི་གཏོར་ཟོར་འཕངས་པས་མི་སྣང་བར་གྱུར་པ་སོགས་ནུས་མཐུ་མངའ་བ་དང་། ཞིང་ཁམས་འཕོས་པའི་ཚེ་ངོ་མཚར་གྱི་རྟགས་དུ་མ་དང་། སྐུ་གདུང་ཞུགས་ལ་ཕུལ་བའི་ཚེ་དུད་རིས་ལས་རྟ་མགྲིན་ཡང་གསང་གི་སྐུ་ཤར་བ་སོགས་ངོ་མཚར་གྱི་རྣམ་ཐར་མཐའ་ཡས་པའོ། །དེས་ཐུགས་སྲས་བློ་གྲོས་རྒྱལ་མཚན་ལ་གནང་ཞིང་། འདི་ཡང་མཉམ་མེད་ནུབ་དགོན་པའི་ཐུགས་སྲས་དང་། འདི་སྐབས་སུ་སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་རྒྱལ་མཚན་གྱི་མཚན་མཐའ་ཅན་བརྒྱད་བྱུང་བའི་ནང་ཚན་དུ་གྱུར་པ། ཚུལ་ཁྲིམས་རྣམ་པར་དག་ཅིང་ཚེ་བདག་གི་ལྗགས་བསྙེན་མཛད་དུས་ཡ་མཱནྟ་ཀས་ཞལ་གཟིགས་ཤིང་། མགོན་པོ་ལེགས་ལྡན་བྲན་དུ་འཁོལ་བ་བྱང་བདག་པོ་དཔོན་གཡོག་ལ་ཚེ་དབང་མཛད་དུས་ཚེ་རིལ་ཟད་པ་ལ་ལྗགས་ཕུ་བཏབ་ཅིང་ཕྱག་གིས་རེག་པས་མངོན་སུམ་དུ་འཕེལ་བའི་གྲུབ་མཚན་བྱུང་ཞིང་མཉམ་མེད་རྗེའི་གདན་སར་བཞུགས་པ་ཞིག་གོ །དེས་མཁན་ཆེན་བྱམས་པ་བཟང་པོ་ལ་གནང་ཞིང་། འདི་ཉིད་ནི་བྱ་རྒོད་གཤོངས་ཀྱི་དགེ་བཤེས་རྫོགས་ཆེན་ཟང་ཐལ་དང་ལམ་འབྲས་ཀྱི་རྣལ་འབྱོར་མཐར་ཕྱིན་པ་ངམ་རིང་དགའ་ལྡན་བྱམས་པ་གླིང་གི་མཁན་པོར་བཞུགས་པ་ཡིན་ནོ། །དེས་ཀུན་བཟང་ཆོས་ཀྱི་ཉི་མ་ལ་གནང་ཞིང་། འདི་ནི་གྲུབ་བརྙེས་སྦས་པའི་རྣལ་འབྱོར་པ་ཞིག་ཡིན་པ་ཧ་ཅང་གྲགས་མི་ཆེ་བས་རྣམ་ཐར་ཞིབ་པ་མ་འཚལ་ལོ། །དེས་རིག་འཛིན་འབྲུག་སྒྲ་བཟང་པོ་ལ་གནང་། འདི་ནི་སྲིད་གསུམ་རྣམ་རྒྱལ་གྱི་དགེ་བཤེས། ཀུན་མཁྱེན་ཆེན་པོའི་བསྟན་བཅོས་གསང་འགྲེལ་ཕྱོགས་བཅུ་མུན་སེལ་ཐུགས་ལ་ཆུད་ཅིང་། དམ་པ་སངས་རྒྱས་ཀྱི་རྣམ་འཕྲུལ་དུ་གཏེར་ལུང་གིས་ཟིན་པ། རྫོགས་ཆེན་ཟང་ཐལ་གཙོ་བོར་གྱུར་པའི་བཀའ་གཏེར་གྱི་ཟབ་ཆོས་མང་དུ་བཞུགས་པ་རྫོགས་ཆེན་གྱི་འཆད་ཉན་གཙོ་བོར་མཛད་པས་རོང་པ་རྫོགས་ཆེན་པར་གྲགས་ཤིང་ལྷ་བཙུན་ནམ་མཁའ་འཇིགས་མེད་སོགས་བསྟན་འཛིན་གྱི་སློབ་བུ་མང་དུ་བསྐྲུན་པ་ཞིག་གོ །དེས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལ་གནང་ཞིང་དམ་པ་འདི་ཉིད་ནི་གཉོས་རིགས་སུ་སྐུ་བལྟམས་ཤིང་མཁས་གྲུབ་མདོ་སྔགས་བསྟན་འཛིན་སོགས་སྐྱེས་ཆེན་དུ་མར་གསར་རྙིང་བཀའ་གཏེར་གྱི་དམ་ཆོས་མང་དུ་གསན་ཞིང་། ཕྱིས་སྔ་འགྱུར་གྱི་བསྟན་འཛིན་ཁྲོད་ན་གསན་རྒྱ་ཆེ་བར་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ལྔ་པས་ཀྱང་བསྔགས་པར་མཛད་ཅིང་། གཏེར་ལུང་ལས། སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པར་ལུང་གིས་ཟིན་ཅིང་། མཁས་པ་ལ་གྲུབ་པའི་ཡོན་ཏན་གྱིས་བརྒྱན་པ། དག་པའི་སྣང་བར་མཁའ་འགྲོ་མ་བདེ་ཆེན་རྒྱལ་མོས་མཚམས་སྦྱར་ཏེ་གུ་རུ་པདྨས་ཞལ་བསྟན་ཅིང་དབང་བསྐུར་བྱིན་གྱིས་བརླབས་པ། རིགས་སྲས་རྩོད་བྲལ་གྱི་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཡབ་རྗེར་གྱུར་པ་དེ་ཉིད་དོ། །དེས་ཁོ་བོའི་བླ་མ་ཟུར་ཆེན་རྡོ་རྗེ་འཆང་ཆེན་པོ་ཆོས་དབྱིངས་རང་གྲོལ་ལ་གནང་བ་སྟེ། རིག་འཛིན་མཁས་གྲུབ་ཆེན་པོ་འདི་ཉིད་ནི་གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པར་རིག་འཛིན་ཡོལ་མོ་བ་ཆེན་པོའི་ཟབ་གཏེར་དང་། ལྷ་བཙུན་རྗེའི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་ཆོས་བདག །རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་སྐོར་སོགས་ལས་གསལ་བར་ལུང་བསྟན་ཅིང་། ཟུར་རིགས་སུ་བལྟམས་ཏེ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། རིག་འཛིན་ངག་གི་དབང་པོ། རིག་འཛིན་ཡོལ་མོ་བ་ཆེན་པོ། ངག་དབང་ཡེ་ཤེས་གྲུབ་པ། ཡབ་རྗེ་འཁོར་ལོའི་དབང་ཕྱུག །གཞོན་ནུ་དོན་གྲུབ། རྒྱལ་བ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ། རྗེ་བཀའ་འགྱུར་བ་ཆེན་པོ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། དར་ལྡིངས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་སོགས་གསང་རྙིང་གི་སྐྱེས་ཆེན་དུ་མ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་མཐའ་ཡས་པ་གསན་ཅིང་། ཟབ་ཆོས་ཀྱི་བདུད་རྩི་ཕར་ཡང་སྩོལ་བ། ཐོས་དོན་ཉམས་སུ་བཞེས་པའི་སྒྲུབ་པ་མཐར་ཕྱིན་པ། མདོ་སྔགས་རིག་གནས་སོགས་ཤེས་བྱའི་གནས་མཐའ་དག་གཟིགས་པའི་ཀུན་མཁྱེན། སེམས་ཅན་ལ་བརྩེ་བའི་སྙིང་རྗེ་ཆེན་པོས་གཟིགས་ཤིང་ཕན་པ་ཁོ་ན་ལྷུར་མཛད་པའི་སེམས་དཔའ་ཆེན་པོ་མཐུ་སྟོབས་ནུས་པའི་དབང་ཕྱུག་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར་པ་སྔ་འགྱུར་གྱི་བསྟན་པའི་སྲོག་མཐུད་པའི་བཀའ་དྲིན་བླ་ན་མེད་པ་སྩོལ་བ་ཞིག་ཡིན་ལ། ཁྱད་པར་ཛྙཱ་ན་ཀུ་མཱ་རའི་སྔོན་གནས་རྗེས་དྲན་གྱི་ཚུལ་ནི། ཡར་ཀླུང་བཀྲ་ཤིས་རྩེར་ཚར་ལུགས་ཀྱི་ཟབ་ཆོས་རྣམས་གསན་པར་ཕེབས་ཞོར་བསམ་ཡས་བུ་ཚལ་མཇལ་བར་ཕེབས་པས་སྔོན་གྱི་བག་ཆགས་མང་དུ་སད་ཅིང་། ཁྱད་པར་དུ་ཌཱ་དྲིལ་གྱི་སྒྲ་ཞིག་གསན་པའི་མོད་ལ་མདུན་གྱི་ནམ་མཁར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། གཡས་སུ་པཎ་ཆེན་བི་མ་ལ། གཡོན་དུ་མཁའ་འགྲོ་མཚོ་རྒྱལ་རྣམས་མངོན་སུམ་དུ་གཟིགས་པར་གུ་རུ་ཞི་བའི་ཡན་ལག་བཅུ་པ་མཛད་ཅིང་ཛཿཧཱུྃ་བཾ་ཧོཿས་དབང་བཞི་བླངས་པས། གུ་རུའི་ཞལ་ནས། ཛྙཱ་ན་ཀུ་མཱ་མ་ཡེངས་གསན་མཛོད་ཅིག །ཆོས་དབྱིངས་རྣམ་དག་ཡེ་གྲོལ་གདོད་མའི་ཀློང་། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་ལྡན། །མི་འགྱུར་གཏིང་ཟབ་བརྗོད་བྲལ་ལྷང་ངེ་བ། །དྲི་བྲལ་ཡན་པ་ལྷུན་གྲུབ་ཆོས་ཀྱི་སྐུ །ཞེས་གསུང་ཞིང་ངོ་སྤྲད། བི་མ་ལས། འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་ཀྱི་དཀྱིལ། །གདོད་ནས་དག་པ་སྐུ་གསུམ་ལྷུན་གྱིས་གྲུབ། །དེ་ཉིད་མ་བཅོས་ཅོག་གཞག་སོ་མའི་ངང་། །ཡེ་གྲོལ་དག་པ་དེ་ཉིད་ཉམས་སུ་ལོངས། །ཞེས་དང་། མཚོ་རྒྱལ་གྱིས། ཡང་དག་དོན་ལ་སྐྱེ་འཆི་གཉིས་མེད་ཀྱང་། །གནས་སྐབས་ཤ་ཁྲག་ལུས་འདི་ངེས་པར་འགྱུར། །ཚེ་འདིའི་སྣང་བ་རྨི་ལམ་སྒྱུ་མ་འདྲ། །རང་ངོ་ཤེས་ན་སྐད་ཅིག་བརྟན་པ་ཐོབ། །ཅེས་གསུངས་པ་དང་། དེ་ཞོར་དུ་འཇམ་མགོན་བཀའ་འགྱུར་བ་ཆེན་པོ་དང་། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་གཉིས། སྙིགས་དུས་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པའི་སྒྲོན་མེར་ལུང་བསྟན་མ་ཐག །དཔལ་མགོན་ཞལ་བྲམ་གཟུགས་ཅན་དངོས་སུ་བྱོན་ཏེ། རྗེ་བཀའ་འགྱུར་བ་ཆེན་པོ་ཆོས་རྒྱལ་ཁྲི་སྲོང་གི་དུས་ཁ་ཆེའི་པཎ་ཆེན་དྷརྨ་པཱ་ལ་དང་། རྒྱལ་སྲས་དངུལ་ཆུ་ཆོས་རྫོང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་ཀྱི་སྐྱེ་རྒྱུད་དུ་ལུང་བསྟན་མཛད་པ་སོགས་ངོ་མཚར་གྱི་གནས་དུ་མ་དང་། གཞན་ཡང་དག་པའི་གཟིགས་སྣང་མཐའ་ཡས་ཤིང་། རྒྱལ་དབང་མཆོག་གི་ཏི་ཤྲི་གྱུར། བསྟན་འཛིན་གྱི་སྐྱེས་བུ་མང་པོ་སྨིན་གྲོལ་ལམ་ལ་བཀོད་པ་སོགས་མཛད་ཕྲིན་རྒྱ་ཆེ་ཞིང་། མཐར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚེ། བསམ་ཡས་མཆིམས་ཕུའི་དུར་ཁྲོད་དུ་ཁོ་བོས་སྐུ་གདུང་ཞུགས་ལ་ཕུལ་བའི་ཚེ། ནམ་མཁའ་འཇའ་སྤྲིན་གྱིས་ཁྱབ་ཅིང་མེ་ཏོག་གི་ཆར་དང་ཁྱད་པར་པུར་དུད་ཀྱི་སྣེ་ལས་འོད་དཀར་པོ་སྡེར་མ་ཙམ་ཞིག་ཨོ་རྒྱན་གསང་ཕུག་ཏུ་འཇའ་དཀར་ཟུག་པའི་རྩེར་སོང་བ་དང་། གུ་རུའི་སྤྲུལ་པ་བྱ་རྒོད་ཐང་དཀར་ཞིག་ནམ་མཁའ་ལ་ལྡིང་བ་སོགས་ཀུན་གྱིས་མཐོང་བའི་ངོ་མཚར་བསམ་ལས་འདས་པ་བྱུང་བ་ལགས་སོ། །དམ་པ་དེས་བདག་རྗེས་སུ་བཟུང་བ་ཡིན་ཏེ། དེ་ཡང་རང་ལོ་དྲུག་པ་ནས་བཅུ་དྲུག་གི་བར་དུ་ཡང་ཡང་ཞབས་ཀྱི་པདྨོར་བཏུད་པས་སྨིན་གྲོལ་གྱི་ཟབ་ཆོས་མང་དུ་ནོས་ཤིང་། ཁྱད་པར་རང་ལོ་བཅུ་དྲུག་གི་ཐོག་གུང་ཐང་གི་གཙུག་ལག་ཁང་གི་ཡང་རྩེར་གསང་འགྲེལ་སྤར་བཀབ། རོང་འགྲེལ་གཡུང་ཊཱིཀ་ཕྱོགས་བཅུ་མུན་སེལ་སོགས་འགྲེལ་པ་བཞིའི་ལུང་དང་རཏྣའི་འདུས་པ་སྐོར་བཞི་སོགས་ཟབ་ཆོས་མང་དུ་གནང་ཞིང་ཁྱད་པར་རྫོགས་ཆེན་དགོངས་པ་ཟང་ཐལ་ཀ་དག་ལྷུན་གྲུབ་ཀྱི་ཉམས་ཁྲིད་ཀྱི་གཞུང་བཙུགས་པའི་ཟུར་རྒྱན་དུ་ཡང་ཏིག་གཅེས་སྒྲོན་དང་། བླ་མ་སྐུ་གསུམ་མ། རིག་འཛིན་སྲོག་སྒྲུབ་ཀྱི་ཁྲིད་སོགས་སྨིན་པར་བསྩལ་ཞིང་ཞབས་པད་ཡུན་རིང་དུ་བསྟེན། མཐར་གསང་བ་རྨད་བྱུང་མའི་དབང་ཁྲིད་དང་། མ་གཅིག་གི་གཅོད་ཁྲིད་ཀྱི་མཎྜལ་ཙམ་དུ་སླེབས་པ་ལ་ངེད་ཀྱང་ཅུང་ཟད་བྲོ་འཚལ་བས་དེར་ཆོས་མཚམས་གནང་བས་ངེད་ལ་སུན་བཟློག་བརྟན་བཞུགས་སོགས་རྒྱས་པར་བསྩལ་ཞིང་དེའི་ཕྱི་ལོར་ཞིང་ཁམས་སུ་འཕོས་པ་སོགས་རྣམ་ཐར་དུ་གསལ་བ་ལྟར་རོ། །རིག་འཛིན་བརྒྱུད་པ་སྤེལ་ལེགས་ནོར་བུའི་ཕྲེང་། །སེལ་མེད་དགོས་འདོད་རེ་སྐོང་ཡིད་བཞིན་གྱི། །སྨིན་གྲོལ་འདོད་དགུར་སྩོལ་མཛད་རྩ་བརྒྱུད་ཀྱི། །ཡོངས་འཛིན་དམ་པ་རྣམས་ལ་ཕྱག་བགྱི་འོ། །ཞེས་སོ། །སྤྱི་དོན་གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་དངོས་བཤད་པ་ལ་སྨིན་གྲོལ་གཉིས་ལས་དང་པོ་ནི། དབང་མ་ཐོབ་པར་རྒྱུད་དང་གདམས་ངག་གི་ཟབ་ཁྲིད་འཆད་པར་མི་རུང་ཡང་དེང་སང་རས་ཆོད་བྱེད་པ་མང་དུ་སྣང་བས། དེས་ན་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ཐེམས་མེད་ཀྱི་དབང་ཆོག་ཆེན་མོ་སྒྲུབ་པ་སྡེ་དགུ་དང་སྦྱར་བ་དང་། ཐེམས་ཅན་དྲུག་པ་དབང་བསྐུར་འབྲིང་པོ་སྒྲུབ་པ་སྡེ་དྲུག་དང་འབྲེལ་བ་དང་། བསྡུས་པ་བྱིན་རླབས་ཐུགས་རྗེའི་དབང་ལྔ། ཞི་དྲག་ཐུན་མོང་གི་གཏོར་དབང་ཟངས་མཛོད་མ་སོགས་ལེགས་པར་ཐོབ་པའམ། ཁྱད་པར་དབང་བསྐུར་ཆེ་འབྲིང་གཉིས་གང་རིགས་ཀྱིས་སྨིན་པར་བྱས་པ་ཞིག་ལ་ཟབ་ཁྲིད་སྟོན་པར་བྱེད་དགོས་པ་ཡིན་ནོ། །གཉིས་པ་གྲོལ་བྱེད་ཀྱི་གདམས་ངག་ཇི་ལྟར་སྟོན་ཚུལ་ནི། གཙོ་བོར་གཏེར་གཞུང་གི་ཟིན་སོ་གཙོ་ཆེ་ཞིང་། ཁྱད་པར་ནུབ་དགོན་ནས་བརྒྱུད་པའི་ཁྲིད་རིམ་ཟུར་ཆེན་རྡོ་རྗེ་འཆང་གིས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལས་གསན་སྐབས་སུ་མཛད་པ་དམིགས་རིམ་གསལ་བྱེད་ཟིན་བྲིས་ཉིད་རྩ་བར་བཟུང་སྟེ་འཆད་པར་བྱེད་པ་ལ། རྩ་བ་ལས། ཐོག་མར་སྔོན་འགྲོ་གཟེར་ལྔ་དམིགས་རིམ་བཅས༔ ཞེས་གསུངས་པའི་དང་པོ་ཐུན་མོང་གི་སྔོན་འགྲོ་གཟེར་ལྔ་ནི། བྱང་གཏེར་སྤྱི་དང་ཁྱད་པར་རྫོགས་ཆེན་ཀ་དག་ལྷུན་གྲུབ། ཐུགས་སྒྲུབ་རྣམ་གསུམ་བཅས་པའི་སྔོན་འགྲོར་མཛད་པས། གཟེར་ལྔའི་གཏེར་གཞུང་ལས། ན་མོ༔ ཀུན་བཟང་ཐུགས་ལ་ཕྱག་འཚལ་ལོ༔ ཞེས་མཆོད་པར་བརྗོད་ནས། དང་པོ་དད་ལྡན་སྐྱེས་བུ་རྣམས༔ ཞེས་པ་ནས། རིན་ཆེན་གནད་ཀྱི་གཟེར་ལྔ་བརྩམ༔ ཞེས་པའི་བར་གྱིས་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་བསྟན། དེས་ཇི་ལྟར་ཉམས་སུ་བླང་བ་ནི། སྐྱབས་སེམས། ཚོགས་གསག །སྒྲིབ་སྦྱོང་། མི་རྟག་སྐུལ་འདེབས། བླ་མའི་རྣལ་འབྱོར་ཏེ་ལྔ་པོ་རང་རྒྱུད་ལ་གཟེར་བཏབ་པ་བཞིན་དགོས་པས་ན་གཟེར་ལྔ་ཞེས་སོ། །དེ་ལ་དང་པོ་སྐྱབས་སེམས་ནི། བདག་དང་ཁམས་གསུམ་སེམས་ཅན་རྣམས༔ ཞེས་པ་ནས། ཐར་བར་བྱ་ཕྱིར་སེམས་བསྐྱེད་དོ༔ ཞེས་པའི་བར་གྱིས་ལུས་མདོར་བསྟན་ནས། གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ཇི་ལྟར་བསྒོམ་པ་ནི། བདག་གི་སྤྱི་བོར་ནམ་མཁའི་ཁམས༔ ཞེས་པ་ནས། བཀའ་ཉན་ལས་བྱེད་ཕོ་ཉར་བསམ༔ ཞེས་པའི་བར་གྱིས་བསྟན་པས། དེ་ལྟར་བསྒོམ་པའི་ཚུལ་ནི། རང་གི་སྤྱི་བོར་པད་སྡོང་འདབ་མ་བཞི་པ་ཡངས་ཤིང་རྒྱ་ཆེ་བ་ལྟེ་བའི་ཟེའུ་འབྲུར་ཉི་ཟླའི་གདན་ལ་རྩ་བའི་བླ་མ་དེ་ཉིད་བརྒྱུད་པ་དྲུག་འདུས་ཀྱི་ངོ་བོ་རྡོ་རྗེ་དྲག་པོ་རྩལ་ཡུམ་ཕག་མོ་དང་མཉམ་པར་སྦྱོར་བ་བདག་ལ་དགྱེས་ཞལ་མཛུམ་མདངས་དང་ལྡན་པ། དེའི་མདུན་ཤར་གྱི་འདབ་མ་དང་ཤར་ཕྱོགས་ཀྱི་སྟེང་འོག་ཐམས་ཅད་ཁྱབ་པར་བདག་ཅག་གི་སྟོན་པ་ཐུབ་ཆེན་ཤཱཀྱ་སེང་གེ་གཙོ་བོར་གྱུར་པའི་ཐེག་དགུའི་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལྷ་ཚོགས་མ་ཚང་བ་མེད་པའི་སངས་རྒྱས་དཀོན་མཆོག་དང་། གཡས་ཕྱོགས་ལྷོའི་འདབ་མ་དང་ནམ་མཁའ་སྟེང་འོག་ཐམས་ཅད་དུ་བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་གླེགས་བམ་གྱི་རྣམ་པ་ལུང་རྟོགས་ཀྱི་དམ་ཆོས་མ་ལུས་པ་འདུས་པའི་བདག་ཉིད་ཅན། དེའི་བར་མཚམས་ཐམས་ཅད་བཻཌཱུརྱའི་གཞི་ལ་གསེར་ཞུན་མས་བྲིས་པ་དང་། གསེར་གྱི་གཞི་ལ་བཻཌཱུརྻའི་ཁུ་བས་བྲིས་པའི་བཏགས་གྲོལ་རྒྱུད་དྲུག་སོགས་ཀྱིས་གོ་མཚམས་མེད་པར་གཏམས་པ་སྟེ་ཆོས་དཀོན་མཆོག་དང་། རྒྱབ་ཕྱོགས་ཀྱི་འདབ་མ་དང་སྟེང་འོག་ཐམས་ཅད་རྒྱལ་བ་རིགས་གསུམ་མགོན་པོ་དང་། རྒྱལ་ཚབ་བྱམས་པ་མགོན་པོ་སོགས་བྱང་ཆུབ་སེམས་དཔའི་དགེ་འདུན་དང། ཉན་རང་སོགས་འགྲོ་དོན་མཛད་པའི་དགེ་འདུན་དཀོན་མཆོག་དང་། གཡོན་ཕྱོགས་ཀྱི་འདབ་མ་དང་སྟེང་འོག་ཐམས་ཅད་སྔགས་ཀྱི་སྲུང་མ་རྡོ་རྗེ་ཁྲོ་མོ་རག་གདོང་མ་གཙོ་བོར་གྱུར་པའི་མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་སྟེ་འདི་དག་ཀྱང་དགེ་འདུན་དཀོན་མཆོག་ཏུ་བསྡུའོ། །གང་གིས་སྐྱབས་སུ་འགྲོ་མཁན་ནི། རང་ཉིད་གཙོ་བོར་གྱུར་པའི་གཡས་གཡོན་དུ་ཕ་མ། འོག་ཏུ་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་དགྲ་གཉེན་བར་མའི་ཚོགས་ཐམས་ཅད་མངོན་སུམ་ལྟ་བུར་འཁོད་པ་ལ། བརྩེ་བ་སྙིང་རྗེ་ཆེན་པོས་ལེགས་པར་བརྟགས་ཏེ་རྒྱུ་མི་དགེ་བ་དང་དཀར་ནག་སྣ་ཚོགས་ཀྱིས་འབྲས་བུ་དངོས་སུ་མྱོང་བ་འདི་རྣམས་ལ་སྙིང་རྗེ་དང་ལས་བསགས་པ་ལ་འགྱོད་སེམས་དྲག་པོས་སྐྱབས་སུ་འགྲོ་བར་བྱ་དགོས་ལ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ནི། རང་གིས་བྱང་དྲངས་ཏེ་མགྲིན་གཅིག་ཏུ་འུར་དིང་གིས་སྐྱབས་སུ་འགྲོ་བར་དམིགས་ཏེ། ཀྱེ་མ༔ ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཀུན༔ ཞེས་པ་ནས། བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་གཟིགས༔ ཞེས་པའི་བར་གྱིས་སྤྱིར་སྨོས་ཏེ། བྱེ་བྲག་ཏུ། ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནས༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི༔ ཞེས་བརྗོད་པའི་ཚེ་བླ་མ་རྡོ་རྗེ་དྲག་པོ་རྩལ་དེ་ཉིད་ལ་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད་པའི་མོས་གུས་གདུང་ཤུགས་དྲག་པོ་མ་ཡེངས་པར་བྱ། དེ་བཞིན་དུ་གང་ལ་གང་འདུལ་སོགས་ཚིག་རྐང་གཉིས་ཀྱི་དུས་ཤར་གྱི་ཡི་དམ་དང་། སངས་རྒྱས་གསུང་ལས་སོགས་ཀྱི་དུས་ལྷོའི་ཆོས་དང་། ཐུགས་རྗེ་ཆེན་པོས་ཞེས་སོགས་ཀྱི་སྐབས་ནུབ་ཀྱི་དགེ་འདུན་དང་། གདུལ་བྱའི་དོན་དུ་ཞེས་སོགས་ལ་བྱང་གི་ཆོས་སྲུང་རྣམས་ལ་སེམས་གཏད་དེ་སྐྱབས་འགྲོ་ལན་མང་དུ་བྱའོ། །སྐྱབས་ཡུལ་དེ་རྣམས་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རྣམ་བཤད་སོགས་མང་དུ་ཡོད་ཀྱང་ཡི་གེས་འཇིགས་ཏེ་བྲིར་མ་ལང་ཞིང་དེ་དག་ཀྱང་ཆོས་སྐུར་བལྟས་ཏེ་སྐྱབས་སུ་སོང་ན་ངེས་དོན་གྱི་ཡོན་ཏན་རྒྱུད་ལ་སྐྱེ། ལོངས་སྐུར་བལྟས་ན་སྐུ་དང་ཞིང་ཁམས་རྒྱས་པའི་ཡོན་ཏན། སྤྲུལ་སྐུར་བལྟས་ན་སྤྲུལ་པས་འགྲོ་བ་འདྲེན་ནུས་པའི་ཡོན་ཏན་སྐྱེ་བར་གསུངས། དེ་དང་རྗེས་སུ་འབྲེལ་བར་སེམས་བསྐྱེད་པ་ནི། སྤྱིར་སྨོན་འཇུག་དོན་དམ་སོགས་ཀྱི་བཤད་གཞི་རྣམས་བཏང་སྙོམས་སུ་བྱས་ཏེ། གོང་གི་སྐྱབས་ཡུལ་དེ་རྣམས་སེམས་བསྐྱེད་བླང་བའི་ཡུལ་དཔང་པོ་ལྟ་བུར་བསྒོམས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་སྙམ་པའི་སྨོན་པ་སེམས་བསྐྱེད་དང་། དེའི་ཕྱིར་དུ་ལམ་གྱི་འཇུག་སྒོ་མང་ཡང་། ཟབ་གསང་འོད་གསལ་རྡོ་རྗེ་སྙིང་པོའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་འདིར་འཇུག་ཅིང་ཉམས་སུ་བླང་སྙམ་པ་འཇུག་པ་དང་། དེའི་ཕྱིར་བདག་གིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཀྱི་མཐུ་ལས། མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་བྱང་ཆུབ་ཐོབ་པ་དང་། དོན་དམ་པར་རང་བྱུང་རིག་པ་རང་ཤར་གྱི་ཆོས་སྐུ་ཡང་དག་སྙིང་པོ་རྟོགས་པར་ཤོག་ཅིག་པའི་དོན་དམ་སེམས་བསྐྱེད་སོགས་གསལ་བཏབ་སྟེ། བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིས༔ ཞེས་པ་ནས། འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ ཅེས་པའི་བར་ལན་མང་དུ་བརྗོད་ཅིང་སྐྱབས་སེམས་སྙིང་ཐག་པ་ནས་བྱའོ། །གཞུང་ལས། དབང་པོ་རབ་འབྲིང་ཐ་མ་ཡིས༔ ཞག་གསུམ་ལྔ་འམ་བདུན་གྱི་བར༔ རིམ་པར་སྐྱབས་འགྲོ་སེམས་བསྐྱེད་བྱ༔ ཞེས་གསུངས་པས་ཉམས་ཁྲིད་ཀྱི་དུས་དེ་ལྟར་བྱའོ། །སྐྱབས་སེམས་འདི་རྣམས་ཉམས་སུ་ལེན་སྐབས་རྒྱུ་དང་འབྲས་བུའི་སྐྱབས་འགྲོ །སྨོན་འཇུག་དོན་དམ། བདག་གཞན་མཉམ་བརྗེའི་བྱང་སེམས་བསྒོམ་ཚུལ། ཕར་ཕྱིན་དྲུག་གི་ལམ་སོགས་ལ་སྒྲོ་འདོགས་ཆོད་པར་བྱ་བ་ནི་ཤིན་ཏུ་གཅེས་སོ། །དེ་ལྟར་སྐྱབས་སེམས་གྲུབ་ནས་སྐྱབས་ཡུལ་དེ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་ཏེ་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕོག་པས། ལུས་ཟག་མེད་བདེ་ཆེན་གྱི་སྐུ་དང་སེམས་རྟོག་མེད་ཆོས་ཀྱི་སྐུར་སངས་རྒྱས་ཏེ་བྱ་མ་བུ་འཕུར་བ་བཞིན་དུ་དག་པ་མཁའ་སྤྱོད་ཀྱི་གནས་སུ་འུར་དིང་གིས་འཕུར་བར་བསམ། སྐྱབས་ཡུལ་དེ་རྣམས་ཀྱང་འོད་ཕུང་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ནས་རང་ལ་ཐིམ་པས་དེ་རྣམས་ཀྱི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་བསམས་ལ་མཉམ་པར་བཞག་གོ །གཉིས་པ་ཚོགས་བསགས་པ་ནི། ཁྲིད་གཞུང་ལས། ཅི་ཡོད་ལོངས་སྤྱོད་ཆགས་མེད་དགེ་བར་ཐོངས༔ ཞེས་དང་། གཟེར་ལྔའི་གཞུང་ལས། གཉིས་པ་བདག་འཛིན་འགྲོལ་བ་ནི༔ བསོད་ནམས་ཚོགས་གཉིས་གསག་པའི་ཕྱིར༔ ཟས་དང་ལོངས་སྤྱོད་ཅི་འབྱོར་བ༔ ཕངས་དང་སྙིང་བརྩེ་ཐམས་ཅད་ཀྱང༔ བདེ་གཤེགས་མཆོད་ཅིང་སྦྱིན་པར་གཏང༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཎྜལ་འབུལ༔ ཞེས་གསུངས་པའི་དོན། རྒྱུའི་ཐེག་པ་ལྟར་གྲངས་མེད་གསུམ་དུ་ཚོགས་གསག་པའི་ངལ་བ་བརྟེན་མི་དགོས་པར། འབྲས་བུའི་ཐེག་པ་འདིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་ཚུལ་དངོས་ཞེན་སྤང་ཕྱིར་རང་འབྱོར་ཅི་ཡོད་ཆགས་མེད་དུ་མཆོད་སྦྱིན་བྱ་བ་དང་། ཁྱད་པར་ཕྱི་ནང་གསང་བའི་མཎྜལ་གྱི་སྒོ་ནས་ཚོགས་གཉིས་རྫོགས་པའི་ཟབ་ལམ་དམ་པ་ཉམས་སུ་བླང་བ་ནི། སྐྱབས་ཡུལ་དང་འདྲ་བའི་ཚོགས་ཞིང་དེ་དག་རང་གི་མདུན་དུ་དམིགས་ལ། དང་པོ་ཕྱིའི་མཎྜལ་འབུལ་བ་ནི། ན་མོ༔ དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ༔ ཞེས་པ་ནས། ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ ཅེས་པའི་བར་ངག་ཏུ་བརྗོད་ཅིང་། ཇི་ལྟར་དམིགས་ཚུལ་ནི། སྤྱིར་དུས་འཁོར་མངོན་པ་སོགས་ཀྱི་འདོད་ཚུལ་གྱི་སྣོད་བཅུད་ཀྱི་འཇིག་རྟེན་ལུགས་མི་འདྲ་ཡང་འདིར་མངོན་པ་ལྟར་བསྒོམ་བདེ་ཞིང་གསར་རྙིང་ཐམས་ཅད་དེ་ལྟར་མཛད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་གླིང་འཁོར་ཡུག་ཉི་ཟླ་ལྕགས་རི་དང་བཅས་པའི་གནས་ཚུལ་གྱི་དོན་སྤྱི་ངེས་པར་བྱས་ལ། སྙིང་ཐིག་རྣམས་སུ་ལྔ་ཚན་ལྔའི་མཎྜལ་འབུལ་ཚུལ་རྒྱས་པར་གསུངས་ཤིང་། འདིར་རང་གི་མདུན་དུ་གསེར་དངུལ་འཁར་བ་ལ་སོགས་ཀྱི་མཎྜལ་ནས་འབྲས་སོགས་ཀྱི་འབྲུ་རྣམས་སྟ་གོན་བྱ། དེ་ལྟ་བུའི་མཎྜལ་ཚོམ་བུ་ཡང་རྒྱས་པ་སོ་བདུན་མ་དང་། བསྡུས་པ་བདུན་མ་སོགས་ཀྱི་བཤད་ཚུལ་དང་། གུ་རུ་པདྨས་གསང་སྔགས་ལམ་རིམ་དུ། སྒྲུབ་དང་མཆོད་པའི་མཎྜལ་གཉིས་སུ་འབུལ༔ ཞེས་གསུངས་པའི་རང་འགྲེལ་དུ། སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་མཆོད་ཡུལ་དང་། ཚོམ་བུ་བདུན་མ་མཆོད་པའི་མཎྜལ་དུ་བཤད་ཅིང་། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར་གྱི་སྔོན་འགྲོའི་སྐབས་དང་། འདིར་ཡང་མཆོད་པའི་མཎྜལ་ཚོམ་བུ་བཅོ་ལྔ་མར་བཤད་པ་སྟེ། རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཉི་ཟླ་སྟེ་བཅོ་ལྔར་བཤད་པའི་ཕྱིར་རོ། །དེ་ལྟ་བུའི་ཚོམ་བུ་བཀོད་པ་དམིགས་རྟེན་ཙམ་དང་། བསྒོམ་བྱར་སྣོད་བཅུད་ཀྱི་འཇིག་རྟེན་སྟོང་གསུམ་གྱི་སྟོང་ཆེན་པོ་གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་ཉི་ཟླ་འཁོར་ཡུག་དང་བཅས་པར་སྤྲུལ་ཏེ་འབུལ་དགོས་ལ། དེ་ལྟ་བུའི་མཎྜལ་དེ་ཉིད་རང་དབང་དུ་འབུལ་བའི་ནུས་པ་མ་མཆིས་ཀྱང་། བདག་དོན་དུ་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་མཐུས་བཞེས་པར་འགྱུར་བ་ཡིན་ཏེ། སྤྱོད་འཇུག་ལས། བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་གསུངས་པའི་ཕྱིར། ཁྲིད་ཀྱི་དུས་སྐབས་འདིར་དངོས་འབྱོར་ཀྱི་མཆོད་པ་ཡང་ཅི་ནུས་སུ་འབུལ་ལོ། །གཉིས་པ་ནང་གི་མཎྜལ་ནི། རང་དབང་དུ་བྱས་པ་རྣམས་བློས་བླངས་ཏེ་འབུལ་བ་ཡིན་པས་གཞུང་ལས། ན་མོ༔ འཇིག་རྟེན་ལས་ཀྱིས་འདུས་པའི་བར་དོ་རུ༔ བདག་བློས་ཤིན་ཏུ་གཅེས་པར་བཟུང་བ་ཡི༔ ཞེས་པ་ནས། དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ ཞེས་པའི་བར་ངག་ཏུ་བརྗོད་ཅིང་། བསྒོམ་དོན་ནི་སྐྱེ་འཆི་བར་དོ་འདིར་བདག་གིས་བློས་བཟུང་བའི་ཡུལ་འཁོར་འདོད་པའི་ལོངས་སྤྱོད། ཕ་མ་བུ་ཚ་མཛའ་གྲོགས་ཟས་ནོར་གོས་རྒྱན་དང་བཅས་པ་གཅེས་འཛིན་གྱི་བློས་བཟུང་བ་འདི་རྣམས་བློས་ལིངས་ཀྱིས་བསྒྱུར་ཏེ་འབུལ་བར་དམིགས་སོ། །གསུམ་པ་གསང་བའི་མཎྜལ་ནི། ཕྱི་ལྟར་སྣོད་བཅུད། ནང་ལྟར་གྱི་ཡུལ་འཁོར་ལོངས་སྤྱོད་དང་བཅས་པ་འདི་རྣམས་བདག་ལུས་འབྱུང་འདུས་ཀྱི་ཉེར་མཁོར་གྱུར་པས་ན་སྒྱུ་ལུས་ཀྱི་ཕུང་པོ་གཅེས་པར་འཛིན་པ་འདི་ཡང་ཆགས་ཞེན་མེད་པར་འབུལ་བ་ཡིན་པས། ཧཱུྃ༔ རང་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ༔ ཞེས་པ་ནས། རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ༔ ཞེས་པའི་བར་བརྗོད་ཅིང་འབུལ་ཚུལ་ནི། བླ་མའི་གསུང་རྒྱུན་དུ། རིལ་པོར་འབུལ་བ་དང་། སིལ་བུར་འབུལ་བ་གཉིས་ལས། རིལ་པོར་འབུལ་ན། རང་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་གི་དབུས་སུ་ཙིཏྟ་རིན་པོ་ཆེ་འབར་བ་དང་དབང་པོ་སྒོ་ལྔས་བརྒྱན་པ་ལ། རྣམ་ཤེས་ཚོགས་བརྒྱད་འཁོར་གྱི་ཚུལ་དུ་བསྐོར་བ། ཤ་ཁྲག་རུས་པ་ནང་ཁྲོལ་དང་བཅས་པ་འདོད་ཡོན་སྣ་ཚོགས་དང་། མིག་གཉིས་ཉི་ཟླའི་རྣམ་པར་འབུལ་ཞིང་། སིལ་བུར་འབུལ་བ་ལུས་ཀྱི་པགས་པ་བཤུས་ཏེ་གསེར་གྱི་ས་གཞིའི་དོད་དང་། ཁྲག་གིས་ཆག་ཆག་བཏབ་པ་དྲི་བཟང་གི་ཆུ་དང་། ཁོག་སྨད་འབྱུང་བཞི། ཁོག་སྟོད་རི་རབ་ཀྱི་ཚུལ་ལ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་ཟླ་ཡན་ལག་ཉིང་ལག་སོགས་ཕྱོགས་མཚམས་སུ་གླིང་བཞི་གླིང་ཕྲན་གྱི་ཚུལ་དུ་བཀོད་ཅིང་། ཤ་ཁྲག་ནང་ཁྲོལ་སོགས་འདོད་ཡོན་ལྔའི་རང་བཞིན་དུ་ཁྱབ་པར་བཀྲམ་སྟེ་འབུལ་བར་དམིགས་པ་ཡིན་གསུངས། དེ་ལྟ་བུའི་མཎྜལ་ཕྱི་ནང་གསང་བ་གསུམ་གྱི་ཚུལ་དུ་ཕུལ་བས། ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས། གསང་བ་སེམས་ཀྱི་འཕྲོ་འདུ་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྫོགས་པའི་རྒྱུར་འགྱུར་བས་མཆོད་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་ཕྱི་ལྟར་ཕྱི་ནང་གསང་བའི་མཎྜལ་རྣམས་ཉམས་ཁྲིད་ཀྱི་དུས་སུ་སྐྱབས་སེམས་ལྟར་ཞག་གྲངས་སུ་བཅད་དེ་འབུལ་ཞིང་རྒྱུན་ལྡན་ཇི་ལྟར་རིགས་པ་ཕུལ་ནས་མཆོད་ཡུལ་རྣམས་རང་ལ་བསྡུའོ། །གསུམ་པ་སྒྲིབ་སྦྱོང་ནི། གཟེར་ལྔའི་གཞུང་ལས། གསུམ་པ་སྒྲིབ་སྦྱོང་བཤགས་པའི་གཟེར༔ ལས་ཀྱི་སྒྲིབ་པ་མ་དག་བར༔ ཡང་དག་སྙིང་པོ་མི་རྟོགས་པས༔ ཞེས་གསུངས་པས། དེ་ཉིད་ཇི་ལྟར་ཉམས་སུ་བླང་བ་ནི། ཧཱུྃ༔ རང་གི་སྒྱུ་ལུས་བེམས་པོ་ཡི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང༔ ཨཱཿལས་རྡོ་རྗེ་སེམས་དཔའ་ཉིད༔ ཅེས་པ་ནས། ཕྱི་ནང་ལུས་བཀྲུས་དག་པར་བསམ༔ ཞེས་པའི་བར་ལྟར་ཡིན་ལ། དེ་ལ་ཡང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་བ་ནི་གོང་གི་དཀྱུས་ལྟར་ལ། ཐུན་མོང་མ་ཡིན་པ་ནི། དུག་ལྔ་སྤྱི་འཇོམས་སུ། རང་གི་སྤྱི་བོར་ཐུན་མོང་བ་ལྟར་གྱི་རྡོར་སེམས་གསལ་བ་དེའི་ཀླད་པ་དུང་ཁང་དུ་གཏི་མུག་འཇོམས་པའི་རྡོར་སེམས་དཀར་པོ། མགྲིན་པར་འདོད་ཆགས་འཇོམས་པའི་རྡོར་སེམས་དམར་པོ། ཐུགས་ཀར་ཞེ་སྡང་འཇོམས་པའི་རྡོར་སེམས་མཐིང་ནག །ལྟེ་བར་སེར་སྣ་དང་ང་རྒྱལ་འཇོམས་པའི་རྡོར་སེམས་སེར་པོ། གསང་གནས་སུ་ཕྲག་དོག་འཇོམས་པའི་རྡོར་སེམས་ལྗང་གུ །དེ་རྣམས་ཀྱང་པད་ཟླའི་གདན་ལ་སེམས་སྐྱིལ་གྱིས་བཞུགས་པའི་སོ་སོའི་ཐུགས་ཀར་ཟླ་གདན་ལ་ཧཱུྃ་ཡིག་དཀར་དམར་མཐིང་སེར་ལྗང་བ་ལ་ཡིག་བརྒྱ་ས་བོན་གྱི་མདོག་ལྟར་བསྐོར་བ་གསལ་བཏབ་ཅིང་། ཡིག་བརྒྱ་བཟླ་བཞིན་པས་དུང་ཁང་གི་རྡོར་སེམས་དེའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བདུད་རྩིའི་རྒྱུན་བབས་པས་སྐུ་ལུས་ཤེལ་བུམ་འོ་མས་གང་བ་ལྟར་གྱུར་པ་ཕྱིར་ལུད་དེ། གཞིའི་རྡོར་སེམས་དེའི་སྐུ་ལུས་ཀྱང་མེར་གྱིས་་གང་བ་ཞབས་གཡས་པའི་མཐེ་བོང་ནས་འཛགས་པས་རང་ལུས་ཀྱི་ཕྱི་ནང་ཐམས་ཅད་སྦྱོང་བྱེད་འོད་ཟེར་བདུད་རྩི་དཀར་པོའི་རྒྱུན་དེས་བཀྲུས་པས་སྦྱང་གཞི་གཏི་མུག་གི་ལས་ཀྱིས་དུད་འགྲོར་སྐྱེ་བའི་ལས་སྒྲིབ་སྦྱངས།སྦྱངས་འབྲས་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། སྦྱོང་བྱེད་ཀྱི་འོད་ཟེར་དེ་ཕྱོགས་བཅུར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྦྱང་གཞི་སྦྱངས་འབྲས་སོགས་གོང་ལྟར་གྱུར་པར་བསམ། དེ་བཞིན་དུ་མགྲིན་པའི་རྡོར་སེམས་དམར་པོའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བདུད་རྩི་དམར་པོའི་རྒྱུན་བབས་པས་བྱི་རུའི་བུམ་པ་མཚལ་བཏུལ་མའི་ཁུ་བས་ཁེངས་པ་ལྟར་གྱུར་པ། གཞིའི་རྡོར་སེམས་ཀྱི་སྐུ་ལུས་ཤེལ་བུམ་མཚལ་གྱི་ཁུ་བ་ལྟ་བུས་གང་བ་ཞབས་མཐེབ་ནས་འཛགས་ཏེ་སྦྱོང་བྱེད་འོད་ཟེར་བདུད་རྩི་དེས་རང་རྒྱུད་ཀྱི་སྦྱང་གཞི་འདོད་ཆགས་ཀྱི་དབང་གིས་མིར་སྐྱེ་བའི་ལས་སྦྱངས། སྦྱངས་འབྲས་སོར་རྟོག་ཡེ་ཤེས་དང་སེམས་ཅན་གྱི་ལས་སྦྱོང་བྱེད་སྦྱང་གཞི་སྦྱངས་འབྲས་གོང་ལྟར་བསམ། ཐུགས་ཀའི་རྡོར་སེམས་མཐིང་གའི་ས་བོན་སྔགས་ཕྲེང་ལས་སྦྱོང་བྱེད་འོད་ཟེར་བདུད་རྩི་མཐིང་གའི་རྒྱུན་བྱུང་བས་བཻཌཱུརྻའི་བུམ་པ་མཐིང་ཞུན་གྱི་ཁུ་བས་གང་བ་ལྟར་གྱུར་པ་སོགས་གོང་ལྟར། སྦྱང་གཞི་ཞེ་སྡང་གིས་དམྱལ་བར་སྐྱེ་བའི་ལས་སྦྱོང་ཞིང་སྦྱངས་འབྲས་མེ་ལོང་ཡེ་ཤེས་དང་། ལྟེ་བའི་རྡོར་སེམས་ཀྱི་ས་བོན་དང་སྔགས་ཕྲེང་ལས་སྦྱོང་བྱེད་འོད་ཟེར་བདུད་རྩི་སེར་པོའི་རྒྱུན་བབས་པས་གསེར་བུམ་གསེར་བཏུལ་མའི་ཁུ་བས་གང་བ་ལྟར་གྱུར་པ་དང་། སྦྱང་གཞི་སེར་སྣ་དང་ང་རྒྱལ་གྱིས་ལྷ་དང་ཡི་དྭགས་སུ་སྐྱེ་བའི་ལས་སྦྱངས། སྦྱངས་འབྲས་མཉམ་ཉིད་ཡེ་ཤེས་དང་། གསང་གནས་ཀྱི་རྡོར་སེམས་ལྗང་གུའི་ས་བོན་སྔགས་ཕྲེང་ལས་སྦྱོང་བྱེད་འོད་ཟེར་བདུད་རྩི་ལྗང་གུའི་རྒྱུན་བྱུང་བས་མར་གད་ཀྱི་བུམ་པ་མར་གད་ཀྱི་ཁུ་བས་ཁེངས་པ་ལྟར་གང་བ་དང་། སྦྱང་གཞི་ཕྲག་དོག་གིས་ལྷ་མིན་དུ་སྐྱེ་བའི་ལས་སྦྱངས། སྦྱངས་འབྲས་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར་པ་སོགས་གོང་གི་རིགས་འགྲེས་སྦྱར་ཏེ་ཡིག་བརྒྱ་བཟླ། གཟེར་ལྔའི་གཞུང་ལས། ཐུན་བཞི་ཐུན་དྲུག་གང་བདེའི་བར༔ ཡང་སྙིང་གཟུངས་དང་བཅས་པ་བཟླ༔ ཞེས་གསུངས་པས་ཡང་སྙིང། ཨོཾ་བཛྲ་སཏྭ་ཧཱུྃ་ཨཱ༔ ཞེས་དང་། གཟུངས་རིང་ནི། ཧེ་རུ་ཀའི་ཡིག་བརྒྱ་སོགས་མིན་པའི་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཁོ་ན་བཟླའོ། །གཟེར་ལྔའི་གཞུང་ལས། དབང་པོ་རབ་འབྲིང་ཐ་མ་ཡིས༔ ཞག་གསུམ་བདུན་ནམ་ཉེར་གཅིག་བར༔ རིམ་པར་སྒྲིབ་སྦྱོང་ལས་ལ་འབད༔ ཅེས་གསུངས་པས། ཁྲིད་ཀྱི་དུས་ཞག་གྲངས་དེ་བཞིན་དང་། རྒྱུན་དུ་བརྒྱའམ་ཉེར་གཅིག་ལ་ཉུང་མཐའ་བྱ་དགོས་ཏེ། བརྒྱ་རྩ་བཟླས་ན་དུས་གསུམ་གྱི་རྒྱལ་སྲས་སུ་འགྱུར་བར་དོང་སྤྲུགས་ལས་གསུངས་ཤིང་། ཉེར་གཅིག་བཟླས་ན་ལྟུང་བ་མི་འཕེལ་བར་བཤད་པའི་ཕྱིར་རོ། ས་ལུགས་ལ། ཕྱི་དང་ནང་གི་ཆུས་ཁྲུས་བྱ། །རྣལ་འབྱོར་མ་ཡིས་དབང་ཡང་བསྐུར། །ཞེས་པའི་རྒྱུད་ལུང་དང་སྦྱར་བའི་རྡོར་སེམས་ཀྱི་ཆུ་རྒྱུན་དེས་ལུས་ནང་གང་བའི་ནང་ཁྲུས་དབང་བཞི་དང་སྦྱོར་བ་འདུག་ཀྱང་འདིར་གཞུང་དང་ཟིན་བྲིས་སོགས་ལ་བཤད་ཚོད་མེད་དོ། །ཐུན་བསྡུ་བ་ན། དུང་ཁང་གི་རྡོར་སེམས་འོད་དུ་ཞུ་ནས་མགྲིན་པའི་རྡོར་སེམས་ལ་ཐིམ། དེ་ཐུགས་ཀའི་རྡོར་སེམས་ལ། གསང་གནས་ཀྱི་རྡོར་སེམས་ལྟེ་བ་དང་། དེ་ཐུགས་ཀར། ཕྱིའི་རྡོར་སེམས་ཀྱང་ཐུགས་ཀའི་རྡོར་སེམས་དང་། དེ་ཉིད་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་ནས་བླ་མ་རྡོ་རྗེ་སེམས་དཔའ་དང་རང་སེམས་དབྱེར་མེད་དུ་གྱུར་པར་བསམས་ལ་མཉམ་པར་བཞག་གོ །འདི་ནི་ཐུན་མོང་མ་ཡིན་པའི་ཟབ་གནད་གསུང་རྒྱུན་མ་ཡིན་པས་རྒྱུན་པར་བསྒོམ་ན་ལེགས། ཡང་ན་རང་རྒྱུད་ལ་ཉོན་མོངས་གང་ཆེ་བརྟགས་ལ། གཏི་མུག་ཤས་ཆེ་བ་ལ་དཀར་པོ། འདོད་ཆགས་ལ་དམར་པོ། ཞེ་སྡང་ལ་མཐིང་ག །སེར་སྣ་དང་ང་རྒྱལ་ལ་སེར་པོ། ཕྲག་དོག་ལ་ལྗང་གུ་སྟེ་གང་འདུལ་གྱི་སྐུ་སོ་སོར་སྒོམ་བཟླས་བྱེད་པར་ཡང་གསུངས་སོ། །དེ་ཡང་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་སྡོམ་བྱེད་དགོས་པས་སྟོབས་བཞི་ངོས་འཛིན་པ་གཅེས་སོ། །བཞི་པ་མི་རྟག་བསྐུལ་འདེབས་ཀྱི་གཟེར་ནི། ཁྲིད་གཞུང་རྩ་བ་ལས། དང་པོར་མི་རྟག་དྲན་པས་འཁོར་བ་ཡི༔ ཡུལ་འཁོར་ལོངས་སྤྱོད་བརྩེ་གདུང་ཉེ་འབྲེལ་རྣམས༔ གྲོས་བཏབ་ནན་གྱིས་འཁྲི་བ་རྦད་ཀྱིས་བཅད༔ ཅེས་གསུངས་པའི་དོན། གཟེར་ལྔའི་གཞུང་ལས། བཞི་པ་མི་རྟག་བསྐུལ་འདེབས་གཟེར༔ རང་གི་ཡུལ་འཁོར་ཁང་ཁྱིམ་དང༔ ཞེས་པ་ནས། ཐུན་དུ་བཅད་ལ་མི་རྟག་བསྒོམ༔ མི་རྟག་མཐོང་ནས་ཆོས་ལ་འཇུག༔ ཅེས་པའི་བར་གྱིས་བསྟན་པ་ལྟར་ངག་ཏུ་བརྗོད་ལ་བསྒོམ་པའི་ཚུལ་ནི་གསར་རྙིང་སྤྱི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྣམས་ཐོག་མར་བསྒོམས་པ་ཐུན་མོང་གི་སྔོན་འགྲོ་དང་། སྐྱབས་སེམས་སོགས་ཐུན་མོང་མ་ཡིན་པའི་སྔོན་འགྲོར་བྱེད་ཀྱང་། འདིར་གཟེར་ལྔའི་ཁོངས་སུ་བསྡུས་ཏེ་གསུངས་པས། སྐབས་འདིར་བསྒོམ་བྱ་ནི། རང་གི་ཡུལ་འཁོར་ཁང་ཁྱིམ་དང༔ ས་རྡོ་རི་བྲག་འཇིག་རྟེན་ཁམས༔ བརྩིགས་དང་གནས་དང་འཇིག་པ་དང༔ དུས་ཀྱི་འཕོ་འགྱུར་ལེགས་པར་བསམ༔ ཞེས་སོགས་ཀྱིས་དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པར་བསམ་པ་དང། བར་དུ་རང་གི་དགྲ་དང་གཉེན༔ སྲོག་ཆགས་ཀུན་དང་རང་གི་ལུས༔ སྐྱེ་དང་གསོན་དང་འཆི་བ་བསམ༔ ཞེས་སོགས་ཀྱིས་གཉིས་པ་རང་གཞན་སྐྱེ་འཆིའི་སྡུག་བསྔལ། བཅུད་ཀྱི་སེམས་ཅན་མི་རྟག་པར་བསམ་པ་དང་། ཐ་མ་འཁོར་བ་རིགས་དྲུག་གི༔ སྡུག་བསྔལ་རིམ་གྱིས་བརྟག་ཅིང་བསམ༔ ཞེས་སོགས་ཀྱིས་གསུམ་པ་རིགས་དྲུག་གི་སྡུག་བསྔལ་བསམ་པ་སོགས་དོན་གསུམ་གྱིས་བསྟན་པ་དང་རྒྱས་པར་འཆད་ཅིང་བསྒོམ་དུ་གཞུག་དགོས། འདིའི་ཁོངས་ནས་དལ་འབྱོར་རྙེད་དཀའ། མི་རྟག་པ། ལས་འབྲས། འཁོར་བའི་སྡུག་བསྔལ་སོགས་གསུང་རབ་སྤྱི་ལྟར་རྒྱས་པར་བཤད། དེ་ཡིས་ངེས་འབྱུང་དང་སྐྱོ་ཤས་དྲག་པོ་བཅོས་མིན་དུ་སྐྱེ་ཞིང་ལས་འབྲས་ལ་ཡིད་ཆེས་བརྟན་པོ་རྙེད་པར་བྱ་དགོས་སོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། གཟེར་ལྔའི་གཞུང་ལས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་རྗེས་འགྲོ་བའི་དོན་མཛད་ཀྱང༔ བདག་ནི་འཁོར་བའི་གནས་སུ་འཁྱམས༔ ད་ལྟ་ངེས་པའི་དོན་སྟོན་པའི༔ བླ་མ་དེ་ནི་སངས་རྒྱས་ཀྱི༔ སྤྲུལ་པ་ཡིན་ཏེ་བཀའ་དྲིན་ཆེ༔ ཞེས་པ་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོར་ཡིད་བཞིན་གྱི་ནོར་བུ་རྩོལ་མེད་དུ་འབྱུང་བ་ལྟར། དད་ལྡན་གྱི་མི་ལ་བླ་མ་རྩོལ་མེད་དུ་འབྱུང་བ་དང་། འཁོར་ལོས་སྒྱུར་རྒྱལ་གཤེགས་པའི་ཚེ་ནོར་བུ་ཡང་རྒྱ་མཚོར་ལྡོག་པ་ལྟར་ལོག་ལྟ་ཅན་ལ་བླ་མ་དེ་ཉིད་དག་ཞིང་དུ་གཤེགས་པའི་ངེས་དོན་དང་བཅས་ཏེ། བླ་མའི་རྣལ་འབྱོར་བསྒོམ་པར་བྱ༔ ཞེས་པའི་བར་ངག་ཏུ་བརྗོད་ཅིང་ཚིག་རྗེས་དོན་དྲན་བྱ། བླ་མའི་རྣལ་འབྱོར་བསྒོམ་ཚུལ་ནི། ཐུགས་སྒྲུབ་རང་གི་ཆོས་སྡེར་ལོགས་སུ་འབྱུང་བའི། གསང་མཚན་ཐུགས་སྒྲུབ་བླ་མ་ཡི༔ རྣལ་འབྱོར་པདྨ་བདག་གིས་བཤད༔ ཧཱུྃ༔ རང་ལུས་དེར་འཛིན་མེད་པ་ཡི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང༔ དར་ཆེན་བལྟབས་ཁྲི་བརྩེགས་པའི་གདན༔ དེ་སྟེང་གུ་རུ་དྲག་པོ་རྩལ༔ ཞེས་པ་ནས། ཐུགས་ནི་དྲག་པོའི་ངར་དང་ལྡན༔ ཞེས་པའི་བར་ལྟར་རོ། །དེ་ཡང་སྤྱིར་བླ་མ་ཁྲོམ་ཚོགས་སུ་བསྒོམ་པ་དང་། ཐོ་བརྩེགས་སུ་བསྒོམ་པ་དང་། ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་གསུམ་ལས། འདིར་ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་དགོས་ཏེ། གོང་གི་འཕྲོས་ལས། དུས་གསུམ་སངས་རྒྱས་ཡི་དམ་ལྷ༔ རྣམ་དག་བརྒྱུད་པའི་བླ་མ་རྣམས༔ བཀྲག་མདངས་འོད་དུ་མེ་རེ་རེ༔ མ་ཧཱ་གུ་རུའི་སྐུ་ལ་འདུས༔ ཀུན་འདུས་བླ་མའི་ངོ་བོ་ལ༔ རྩེ་གཅིག་དད་པས་ཕྱག་འཚལ་ལོ༔ གཉིས་མེད་རོལ་པའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཅེས་གསུངས་པའི་ཕྱིར། རང་གི་སྤྱི་བོར་རྩ་བའི་བླ་མ་དེ་ཉིད་རྡོ་རྗེ་དྲག་པོ་རྩལ་གྱི་སྐུའི་རྣམ་པར་གསལ་བཏབ་པ་དེ་ལ། དུས་གསུམ་གྱི་སངས་རྒྱས་ཡི་དམ་ཞི་ཁྲོ་བརྒྱུད་པའི་བླ་མ་ཐམས་ཅད་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་ཏེ་བསྟིམས་པས་བཀྲག་དང་གཟི་མདངས་དང་ལྡན་པར་གྱུར་ནས་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་དེ་ཉིད་ལ་དད་པས་ཕྱག་འཚལ་ཞིང་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་གཉིས་མེད་རོལ་པ་ཆེན་པོར་ཕུལ་བས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྩོལ་བར་མོས་དགོས་ཤིང་། གཞུང་ལས་ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པར་གསལ་བར་གསུང་བཞིན་དུ་བླ་མ་ཐོ་བརྩེགས་སུ་བསྒོམ་པ་གཞུང་དོན་དང་འགལ་བར་སེམས་སོ། །གསོལ་བ་འདེབས་པ་ནི། ཨོཾ་ཨཱཿཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་བ་འདེབས༔ ཞེས་པ་ནས། འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཞེས་པའི་བར་དཀྱུས་ལྟར་ལ། བརྒྱུད་ཚུལ་གཏེར་སྟོན་ཆེན་པོ་ནས། རིག་འཛིན་སངས་རྒྱས་བྱམས་བཟང་སོགས་བརྒྱུད་འདེབས་བྱེ་བྲག་པ་ལྟར་གསོལ་འདེབས་རྩེ་གཅིག་ཏུ་བྱའོ། །མཐར་དབང་བཞི་ལེན་པ་སོགས་ཀྱི་སྤྲོས་པ་མི་དགོས་ཏེ། གོང་གི་འཕྲོས་ལས། བླ་མ་འོད་དུ་མེར་གྱིས་ཞུ༔ བདག་གི་སྤྱི་བོར་ཐིམ་པ་ལས༔ ཐ་མལ་ལུས་འདི་འོད་དུ་ཞུ༔ བདག་གི་ལུས་ངག་ཡིད་གསུམ་པོ༔ མ་ཧཱ་གུ་རུའི་ངོ་བོར་གྱུར༔ རང་རིག་བླ་མའི་ངང་དེར་ནི༔ དར་གཅིག་མ་ཡེངས་གློད་ལ་བཞག༔ དེ་ནས་བླ་མའི་རྣམ་པར་ལྡང༔ ཐམས་ཅད་སྐུ་གསུམ་བླ་མར་བལྟ༔ ཞེས་གསུངས་པའི་ཕྱིར། བླ་མ་རྡོ་རྗེ་དྲག་པོ་རྩལ་དེ་ཉིད་བདག་ལ་དགྱེས་པ་ཆེན་པོས་འོད་དུ་མེར་གྱིས་ཞུ་ནས་རང་གི་སྤྱི་བོར་ཐིམ་པ་ལ་བརྟེན་ནས། རང་ལུས་ཐ་མལ་པར་སྣང་བ་འདི་ཡང་འོད་ཕུང་བདེ་བ་ཆེན་པོའི་རྣམ་པར་ཞུ་སྟེ་བདག་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་རང་རིག་བླ་མ་དྲག་པོ་རྩལ་གྱི་ངོ་བོར་བསམས་ལ། མ་བཅོས་པའི་ངང་དུ་ལྷོད་ཀྱིས་གློད་ལ་མཉམ་པར་བཞག །རྗེས་ཐོབ་ཏུ་སྣང་གྲགས་རིག་གསུམ་ཐམས་ཅད་སྐུ་གསུམ་བླ་མའི་རང་བཞིན་དུ་བལྟ་ཞིང་གསལ་གདབ་བོ། །དེ་ལྟར་ཐུན་མོང་གི་སྔོན་འགྲོ་གཟེར་ལྔས་རྒྱུད་སྦྱོང་བ་གལ་ཆེ་བ་ཡིན་ཏེ། ཀ་དག་གི་ཁྲིད་གཞུང་ལས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་མ་སོང་ན༔ ནང་པ་སངས་རྒྱས་ཀྱི་ཆོས་སུ་མི་འགྲོ་བས་ཅི་བྱེད་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱིས་ཟིན་པར་བྱ༔ བདག་འཛིན་མ་གྲོལ་ན་རིག་པའི་མདངས་མི་འཆར་བས་ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྒྲིབ་པ་མ་སྦྱངས་ན་བྱང་ཆུབ་མི་ཐོབ་པས་སྡིག་སྦྱོང་གི་ཆོས་ལ་ནན་ཏན་བསྐྱེད༔ རིགས་དྲུག་གི་སྡུག་བསྔལ་མ་བསམས་ན་དགེ་བའི་ལས་ལ་མི་ཚུད་པས་འཁོར་བའི་སྡུག་བསྔལ་ལ་རྩིས་འདེབས་ཡང་ཡང་བྱ༔ བླ་མ་སངས་རྒྱས་དངོས་སུ་མ་མཐོང་ན་བྱིན་རླབས་ཀྱིས་རང་རྒྱུད་གྲོལ་བ་དཀའ་བས་ཡོན་ཏན་བསམས་ལ་བླ་མའི་རྣལ་འབྱོར་བསྒོམ༔ ཞེས་གསུངས་པའི་ཕྱིར་རོ། གཉིས་པ་ཐུན་མོང་མ་ཡིན་པའི་སེམས་འཛིན་ལ་གསུམ་སྟེ། ལུས་ལྷ་ལ་སེམས་འཛིན་པ། ངག་སྔགས་ལ་སེམས་འཛིན་པ། སེམས་ཉིད་ཕྱག་མཚན་ལ་སེམས་འཛིན་པ་དང་གསུམ་ལས། དང་པོ་ནི་ཟིན་བྲིས་རྩ་བ་ལས། བླ་མ་རང་ཐིམ་ལུས་འདི་ལྷ་རུ་གྱུར། །སྣང་སྟོང་འཛིན་མེད་ལྷ་ལ་སེམས་འཛིན་པ། །རགས་དང་ཕྲ་བ་ཆ་ཤས་ཀུན་ལ་འཛིན། །ཞེས་གསུངས་པའི་དོན་ལུས་ལྷའི་དཀྱིལ་འཁོར་བསྒོམ་ཚུལ་ནི། གཞུང་ལས། མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ ང་ཡི་སྐུ་ཚབ་ཡིན་པས་གསལ་བར་སྒོམས༔ ཞེས་གསུངས་པ་ལྟར། སྐབས་འདིར་ཐུགས་སྒྲུབ་རང་གི་གཏེར་གཞུང་བདག་བསྐྱེད་ཟུར་དུ་གསལ་བ་འདིར་བླངས་ཏེ། བདག་ཉིད་ཀྱིས་ཧཱུྃ་ཧཱུྃ་ཞེས་བརྗོད་པས་སྐད་ཅིག་དྲན་རྫོགས་སུ་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་བ༔ སྐུ་འཇིགས་པའི་ཆ་ལུགས་སུ་བསྟན་པ༔ གསུང་རྔམ་པའི་ང་རོ་སྒྲོག་པ༔ ཐུགས་དྲག་པོའི་ངར་དང་ལྡན་པ༔ འགྱིངས་བག་དང་རོལ་པའི་སྟབས་སུ་བཞུགས་པ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་འཕྱར་བ༔ གཡོན་པས་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན་པ༔ རུས་པའི་རྒྱན་དྲུག་དང་རིན་པོ་ཆེའི་དབུ་རྒྱན་དང་སྦྲུལ་གྱི་གདུ་བུས་བརྒྱན་པ༔ ཁྲོ་གཏུམ་འཇིགས་པའི་གར་དགུ་དང་ལྡན་པ༔ སྤྱན་གསུམ་ཉི་ཟླ་འཁྱིལ་བ་ལྟར་གཟིགས་པ༔ ཚེམས་གངས་རི་གཏམས་པ་ལྟར་བཞད་པ༔ ཨག་ཚོམ་དུས་མཐའི་མེ་ལྟར་འབར་བ༔ ཞལ་ནས་ཧཱུྃ་གི་སྒྲ་འབྲུག་ལྟར་སྒྲོག་པ༔ ཟ་འོག་གི་བེར་སྨུག་པོ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ དབུ་སྐྲའི་ཐོར་ཅོག་རུས་པས་བརྒྱན་པ༔ ཞབས་གཉིས་སྟངས་སྟབས་སུ་བགྲད་དེ༔ ཉི་ཟླ་པདྨའི་གདན་སྟེང་དུ༔ རཀྴ་སྲིན་པོ་ཕོ་མོ་བརྫིས་པའི་གདན་ལ་བཞུགས་པ༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན་འགྱིང་བག་དུ་བརྗིད་པ༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་གྱུར༔ ཅེས་ངག་ཏུ་བརྗོད་ཅིང་བསྐྱེད་རིམ་གསལ་བཏབ། དེ་ཡང་སྣང་བཞིན་དུ་སྟོང་པ། སྟོང་བཞིན་དུ་གསལ་བར་འཆར་ཞིང་། འཛིན་ཞེན་མེད་པའི་ངང་ལ་ཅི་གནས་སུ་བཞག །རྣམ་རྟོག་འཕྲོ་ན་རགས་པ་དང་ཕྲ་བ་ཆ་ཤས་ལ་སེམས་འཛིན་པའི་ཐོག་མར། ང་ནི་ཐ་མལ་པ་ནམ་ཡང་མ་ཡིན་ཏེ། རང་རིག་ལྷ་སྐུར་ཤར་བ་རྡོ་རྗེ་དྲག་པོ་རྩལ་དངོས་ཡིན་སྙམ་པའི་ང་རྒྱལ་བཟུང་སྟེ་སེམས་འཛིན། རགས་པ་ནི། སྐུ་མདོག་མཐིང་ནག་ཏུ་འབར་བ་འཇིགས་ཚུལ་ཅན། གསུང་དྲག་པོའི་རྔམ་སྒྲ་ཅན། ཐུགས་གདུལ་བྱ་གདུག་པ་ཅན་འདུལ་བའི་ཕྱིར་དུ་དྲག་པོའི་ངར་དང་བཅས་པ། སྐུ་འགྱིང་བག་དང་རོལ་པའི་སྟབས་སུ་བཞུགས་པ་ལ་སེམས་འཛིན། ཕྲ་བ་ལ་གཉིས་ཏེ། དང་པོ་རྒྱན་ཅན་ལ་སེམས་འཛིན་པ་ནི། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འཕྱར་སྟབས་སུ་འཛིན་པ། གཡོན་པས་གསེར་གྱི་དྲིལ་བུའི་ཁ་དཀུར་བརྟེན་པ། རུས་པའི་རྒྱན་དྲུག་ནི། སྤྱི་བོར་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པ་ལས་རུས་པའི་དྲྭ་མིག་སོ་གཉིས་ཕྱང་འཕྲུལ་དང་བཅས་པ། ༡༽ མགྲིན་པར་རུས་པའི་དྲྭ་མིག་བཅུ་དྲུག་གི་མགུལ་རྒྱན། ༢༽ རྒྱབ་མདུན་དུ་སེ་རལ་ཁ་རུས་ཕྲེང་ཉིས་གཤིབས་བརྒྱད་དང་བཅས་པ། ༣༽ སྐུ་སྨད་སྟག་ཤམ་གྱི་སྟེང་དུ་རུས་པའི་དྲྭ་མིག་རེ་བཞིའི་འོག་ལྤགས། ༤༽ ཕྱག་ཞབས་ཀྱི་མཁྲིག་མར་རུས་པའི་ཕྱག་གདུབ་དང་། ༥༽ ཞབས་གདུབ། ༦༽ སྟེ་རུས་རྒྱན་དྲུག །སྐྲ་མཚམས་སུ་ཐོད་པ་སྐམ་པོ་ལྔ་ལ་རིན་པོ་ཆེའི་ཟེ་པྲོག་ཅན་རྒྱལ་བ་རིགས་ལྔས་མཚན་པ། སྦྲུལ་རིགས་ལྔས་དབུ་སྐྲ་སྙན་མགུལ་ཕྱག་ཞབས་དོ་ཤལ་རྣམས་སྤྲས་པ། སྙན་རྒྱན་རིན་པོ་ཆེ་དང་རུས་པའི་རྣ་རྒྱན་གར་དགུའི་ཉམས་ལྡན། སྤྱན་གསུམ་ཉི་ཟླ་ལྟར་འཁྱིལ་ཞིང་གཟིགས་པ། ཚེམས་ཕྲེང་དང་མཆེ་བ་གངས་རི་ལྟར་གཏམས་པར་བཤད་ཅིང་ཧཱུྃ་གི་སྒྲ་འབྲུག་ལྟར་སྒྲོག་པ། ཨག་ཚོམ་དང་སྨིན་མ་སྨ་ར་མེ་ལྟར་འབར་བ། ཟ་འོག་སྨུག་པོའི་བེར་ཕོད་ལྡིང་ཐབས་སུ་གྱོན་པའི་སྟེང་དུ་ཞིང་གླང་གི་པགས་པ་གསོལ་བ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་དང་སྣ་རྩེར་རཀྟའི་ཐིག་ལེ། ལྐོག་མར་ཞག་གི་ཟོ་རིས། ཐོད་པ་སྐམ་རློན་རྙིང་གསུམ་མམ་ཡང་ན་ཐོད་རློན་གྱི་དོ་ཤལ་ཅན། དེ་ཡང་ཐོད་པ་སྐམ་པོའི་དབུ་རྒྱན་དང་། ཐོད་རློན་གྱི་དོ་ཤལ་ལ་གདགས་པའི་རྒྱན་གཉིས། ཞིང་གླང་སྟག་ལྤགས་གསུམ་ལ་བགོ་བའི་གོས་གསུམ། ཐལ་ཞག་རཀྟ་གསུམ་ལ་བྱུག་པའི་རྩི་གསུམ་སྟེ་དུར་ཁྲོད་ཀྱི་ཆས་བརྒྱད་དུ་གྲགས་སོ། །དེང་སང་བྲིས་འབུར་ཕལ་ཆེར་ལ་ཁྲོ་བོ་དཀྱུས་མ་ལྟར་དབུ་སྐྲ་གཟིངས་པ་ཁོ་ན་ཤས་ཆེ་ཡང་། འདིར་དབུ་སྐྲའི་ཐོར་ཅོག་རུས་པས་བརྒྱན་པ། ཅེས་དང་། རྟགས་བསྟོད་ལས། དབུ་སྐྲའི་ཐོར་ཚུགས་ནམ་མཁའི་སྤྲིན་ལྟར་གཏིབས༔ ཞེས་གསུངས་པས། དབུ་སྐྲ་ཐོར་ཚུགས་ཁོ་ནའི་རྩེར་རྡོ་རྗེ་ཕྱེད་པའི་ཏོག་དང་། དབུ་སྐྲའི་ལྷག་མ་ཅུང་ཟད་རྒྱབ་ཏུ་གྲོལ་བ་ཡིན་ནོ། །གཞན་ཡང་རྟགས་བསྟོད་ལས། རིན་ཆེན་འབར་བས་དབུ་དང་ཕྱག་ཞབས་སྤྲས༔ ཞེས་འབྱུང་བས། ཕྱག་ཞབས་ཀྱི་མཁྲིག་མ་དང་ཕྱག་གི་ཉྭ་གཉིས་སུ་རིན་པོ་ཆེའི་གདུ་བུ་ཅན། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གིས་སྲིན་པོ་ཕོ་ཁ་སྦུབས་དང་མོ་གན་རྐྱལ་གྱི་སྟེང་དུ་བགྲད་པ། དེའི་འོག་ཏུ་ཉི་ཟླ་པདྨའི་གདན་ཅན་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། འགྱིང་བག་ཏུ་བརྗིད་ཅིང་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུ་ཅན་དུ་སེམས་འཛིན་ནོ། །གཉིས་པ་ཕྲ་བ་རྒྱན་མེད་ལ་སེམས་འཛིན་པ་ནི། སྐུ་མདོག་མཐིང་ནག་བཻཌཱུརྻ་སྔོན་པོ་ཉི་མའི་འོད་ཟེར་གྱིས་ཆེར་འབར་བ་ལྟ་བུ་དང་། སྤྱན་གསུམ་དམར་ཟླུམ་འཁྱིལ་བ་སྨིན་མ་རྫི་མ་དང་བཅས་ཏེ་འབར་བ། ཤངས་ཁྲོ་གཉེར་དང་ལྡན་པ། ཞལ་གདངས་པ་ཧེ་ཞེས་བཞད་པ་ལྟ་བུ། སྐུ་ལུས་སྦོམ་ཞིང་གསུས་ཁྱིམ་ཆེ་བ། ཉྭ་སུལ་རྣམས་རགས་པ། ཕྱག་ཞབས་ཀྱི་མཐིལ་བཞི་ཁྲག་གིས་བྱུགས་པ་ལྟར་དམར་བ། སེན་མོ་རྣམས་ཟངས་མདོག་ཅན་བྱ་སྡེར་ལྟར་རྣོ་བ་སྟེ་རྒྱན་མེད་ལ་སེམས་འཛིན་ནོ། །ཆ་ཤས་ལ་སེམས་འཛིན་པ་ནི། དེ་དག་ཀྱང་རེ་རེ་བཞིན་དུ་གསལ་སྣང་བརྟན་པོར་མ་གྱུར་གྱི་བར་དུ་སེམས་འཛིན་ལ། དེ་ཡང་བྱིང་རྨུགས་དང་འཕྲོ་རྒོད་ཀྱི་དབང་དུ་མ་ཤོར་བར་རྣམ་པ་གསལ་བ་དང་སོ་སོའི་རྣམ་དག་དྲན་པ་དང་། ང་རྒྱལ་བརྟན་པོ་རེག་མཐོང་གི་མཚན་མ་རྙེད་ཀྱི་བར་དུ་སེམས་འཛིན་ནོ། །བསྐྱེད་རིམ་གྱི་སེམས་འཛིན་འདི་གསལ་སྣང་ཐོན་པ་ཞིག་ངེས་པར་གལ་ཆེ་བས། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་རྣམ་པ་གསལ་བར་འཆར་བ་ཞིག་མ་བྱུང་ན། གདོས་བཅས་ཀྱི་བེམས་པོ་བྲིས་འབུར་གྱི་སྐུ་ལྟ་བུའི་བསྐྱེད་རིམ་ཉག་ཉོག་དང་དེར་འཛིན་གྱིས་ཨ་འཐས་དྲག་པོར་ཞེན་ན་རུ་ཏྲར་གོལ་བ་སོགས་བཤད་པས་ལམ་འདིར་གཅིག་ཏུ་བརྩོན་པས་འབད་དགོས་ཤིང་། རྣམ་དག་དྲན་པ་ནི། ཐེམས་མེད་ཀྱི་རྒྱུད་ཡང་གསང་འདུས་པ་ལས་རྒྱ་ཆེར་བཤད་པ་ལྟར་ངེས་པར་གཅེས་སོ། །དེ་ལྟར་བསྐྱེད་རིམ་ལ་གོམས་པའི་ང་རྒྱལ་བརྟན་པར་བྱ་དགོས་པས། ཁྲིད་ཀྱི་དུས་སུ་ཤར་སྒོམ་མ་ཡིན་པའི་རིམ་པ་དང་གཅིག་ཅར་དུ་རེས་འཇོག་གིས་ཉམས་ལེན་ཐུན་དུ་བཅད་ལ་བསྒོམ་ཞིང་། ཐུན་མཚམས་སུ་བློ་བྲལ་གྱི་ངང་དུ་འཇོག་པ་རྒྱུན་བསྲིང་ངོ་། །དེ་ལྟར་ལུས་ལྷ་ལ་སེམས་འཛིན་པ་སོང་ནས། གཉིས་པ་ངག་སྔགས་ལ་སེམས་འཛིན་པ་ངག་སྔགས་ཀྱི་དཀྱིལ་འཁོར་ནི། རྩ་བ་ལས། དེ་ནས་ངག་ཉིད་སྔགས་ལ་སེམས་འཛིན་པ། ཡི་གེ་ཧཱུྃ་སྔོན་སྣོད་བཅུད་ཁྱབ་པ་ནི། ཁ་དོག་སྒྲ་དབྱིབས་ཀུན་ལ་ཅི་གནས་བྱ། །ཞེས་གསུངས་པའི་དོན། རང་གི་མདུན་དུ་ཧཱུྃ་སྔོན་པོ་རང་ལུས་ཙམ་ཞིག་གསལ་བར་དམིགས་ནས་དེ་ལ་སེམས་འཛིན། འཕྲོ་ན་ཧཱུྃ་དེ་ལས་ཧཱུྃ་གྲངས་མེད་པ་འཕྲོས་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཧཱུྃ་གིས་ཁྱབ་པར་དམིགས། ཡང་ཚུར་བསྡུས་ཏེ་སྤྲོ་གཞིའི་ཧཱུྃ་སྔོན་དེ་ལ་སེམས་གཟུང་། དེ་ལྟ་བུའི་ཧཱུྃ་དེ་ཁ་དོག་སྔོན་པོར་སྣང་བ་དང་། དབྱིབས་ཡི་གེ་དབུ་ཅན་གྱི་རྣམ་པ་ཧཱུྃ་གི་རང་སྒྲ་སྒྲོག་པ་རྣམས་ལ་སེམས་འཛིན་ནོ། །དེ་ཡང་ཁྲིད་གཞུང་ལས། ཡང་ཏིག་དཔའ་བོ་འབྲུ་གཅིག་སྔགས་ཀྱི་འབྲུ༔ གསུང་གི་ཚབ་ཡིན་རྒྱུན་ཆད་མེད་པར་ཟློས༔ ཞེས་གསུངས་པའི་དགོངས་དོན་དང་། ཐུགས་སྒྲུབ་ལ་ཡི་དམ་དུ་བཟུང་བའི་རྒྱུན་གྱི་བཟླས་བརྗོད་ཆགས་མེད་དུ་བྱེད་ཀྱིན་ཡོད་ན། ཆོས་ཚན་ཉེར་ལྔ་ལས་གསུམ་པ་གསང་བ་རིན་ཆེན་འདུས་པ་དང་དེའི་གསལ་བྱེད་ཆོས་རྒྱལ་དབང་པོའི་སྡེས་མཛད་པ་དང་། ངེད་ཀྱིས་བྲིས་པའི་བསྙེན་པའི་ཡང་ཡིག་ཟབ་དོན་ནོར་བུ་ལྟར། ཧཱུྃ་ཞི་བ་ཤུབ་བུ་བརྒྱའི་བར་བདུན་ཕྲག་དང་པོའི་དམིགས་པ་དང་། དྲག་པོ་ཉིས་བརྩེགས་བརྒྱའི་བར་བདུན་གཉིས་པའི་དམིགས་པ། དབང་ལྔ་བརྩེགས་བརྒྱའི་བར་བདུན་གསུམ་པའི་དམིགས་པ་སྟེ་སུམ་བརྒྱ་དང་། རྒྱས་པ་བདུན་བརྩེགས་ཉེར་གཅིག་བར་བདུན་ཕྲག་བཞི་པའི་དམིགས་པ་རྣམས་སྦྱར་བའི་སུམ་བརྒྱ་ཉེར་གཅིག་གི་བཟླས་པ་བྱ། ཁྲིད་གཞུང་གི་དགོངས་དོན་རྒྱུན་ཆད་མེད་པར་བཟླ་བ་ནི། རླུང་འབྱིན་འཇུག་ཐམས་ཅད་ཧཱུྃ་གི་སྒྲར་ཤེས་པར་བྱས་ཏེ་སེམས་བཟུང་ན་གཞུང་དང་མཐུན། སྐབས་འདིར་ཟིན་བྲིས་ཁ་ཅིག་ཏུ་སྲུང་འཁོར་གཞལ་ཡས་ཁང་སོགས་ཕྱི་དཀྱིལ་དང་། ལུས་དཀྱིལ་སྒོམ་ཚུལ་སོགས་བྲིས་འདུག་ཀྱང་། སྤྱིར་དབང་བསྐུར་སོགས་ཀྱི་སྐབས་བདག་བསྐྱེད་ཐེམས་ཅན་བདུན་པ་ཕྲིན་ལས་འབྲིང་པོ་ལྟར་ལུས་དཀྱིལ་བསྒོམས་རྗེས། མདུན་བསྐྱེད་ཀྱི་ཚུལ་དུ་ཐེམས་མེད་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ་ཆེན་པོ་ཟུར་ནས་འབྱུང་བ་ལྟར་སྦྱར་ནས། སྤྱན་འདྲེན་མཆོད་བསྟོད་སོགས་ལྷན་ཅིག་ཏུ་བྱེད་པ་ཕྱག་བཞེས་སུ་ཡོད་ཅིང་གཞན་དུ་ན་བསྙེན་པའི་སྐབས་ཀྱང་། དཀྱིལ་འཁོར་གསུམ་གྱི་སྒྲུབ་པ་བྱ། །ཞེས་གོང་དུ་སྨོས་པ་ལྟར་ལུས་ལྷའི་དཀྱིལ་འཁོར། ངག་སྔགས་ཀྱི་དཀྱིལ་འཁོར། སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ལས་གཞན་པའི་ཕྱི་དཀྱིལ་ལ་བརྟེན་མི་དགོས་ཤིང་། སྲུང་འཁོར་བྱེ་བྲག་པ་ཟབ་ཁྱད་ཅན་ཡང་ལོགས་སུ་ཡོད་པས་འདིར་བསྲེ་བསླད་ཀྱི་རྒྱས་འགེབས་མང་པོ་ངལ་བའི་རྒྱུར་ཟད་པས་མི་བྱའོ། །གསུམ་པ་ཐུགས་ཕྱག་མཚན་ལ་སེམས་འཛིན་པ་ནི། རྩ་བ་ལས། སེམས་ཉིད་ཕྱག་མཚན་གནམ་ལྕགས་རྡོ་རྗེ་ལ། །འཛིན་ཚུལ་སྙིང་དབུས་གནམ་ལྕགས་རྩེ་དགུར་གྱུར། །དེ་ལ་སྤྲོ་བསྡུ་གོང་བཞིན་འཛིན་པར་བྱ། །ཞེས་གསུངས་པ་སྒོམ་ཚུལ་ནི། རང་ལྷར་གསལ་བའི་སྙིང་དབུས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཞིག་ལ་སེམས་བཟུང་། འཕྲོ་ན་དེ་ལས་རྡོ་རྗེ་རྩེ་དགུ་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་ཕྱི་སྣོད་ནང་བཅུད་ཐམས་ཅད་མེར་གྱིས་གང་བར་མོས། ཡང་ཚུར་བསྡུས་ཏེ་སྙིང་དབུས་ཀྱི་སྤྲོ་གཞིའི་རྡོ་རྗེ་ལ་ཐིམ་པར་བསམས་ལ་མཉམ་པར་འཇོག་པ་འདི་ནི་རྩ་བར་རྡོ་རྗེ་སྙིང་དབུས་སུ་བསྒོམས་པ་དེ་ལས་སྤྲོ་བསྡུ་བྱེད་པར་གསུངས་པ་དེ་བཞིན་དང་། ཧཱུྃ་གི་སེམས་འཛིན་སྐབས་མདུན་དུ་ཧཱུྃ་ཡིག་ལས་སྤྲོ་བསྡུ་བྱེད་པ་ལས། སྙིང་དབུས་ནས་སྤྲོ་བའི་གསལ་ཁ་མེད་པས་འདི་བཞིན་མ་འདྲེས་པར་བྱའོ། ཁྲིད་གཞུང་ལས། གང་ཟག་དབང་པོ་རབ་འབྲིང་ཐ་མ་ཡིས༔ བདུན་དང་བདུན་གཉིས་བདུན་གསུམ་ཉེར་གཅིག་གིས༔ ཡོན་ཏན་རྟགས་ཀྱི་དངོས་གྲུབ་ངེས་པར་འབྱུང༔ ལོངས་སྤྱོད་མཐའ་རྒྱས་ཚོགས་ཀྱི་འཁོར་ལོ་སྐོར༔ ཅེས་གསུངས་པས། ཉམས་ཁྲིད་ཀྱིས་དུས་སྐུ་གསུང་ཐུགས་ཀྱི་སེམས་འཛིན་ཞག་གྲངས་དེ་ལྟ་བུས་རྟགས་ཐོན་གྱི་བར་དུ་འབད་ཅིང་སྐབས་འདིར་སྤྲོ་ན་འཕྲིན་གཞུང་གྱེར་ཞིང་ཚོགས་འཁོར་སོགས་བགྱིས་ན་ཁྲིད་གཞུང་དང་མཐུན་ཅིང་མ་བྱུང་ཡང་འགལ་བ་མེད་དོ། །རྩ་བ་ལས། དེ་ནས་ཀ་དག་སྔོན་འགྲོ་རྡོ་རྗེ་དང་། །ཧཱུྃ་སྔོན་ཐིག་ལེ་དཀར་དམར་དམིགས་རིམ་བསྐྱང། །ཞེས་པའི་སེམས་འཛིན་ལ་དོན་གསུམ་གྱི་དང་པོ་རྡོ་རྗེ་དཀར་པོ་ལ་སེམས་འཛིན་པ་ནི། རྫོགས་ཆེན་ཀ་དག་གི་ཁྲིད་ཡིག་གཏེར་གཞུང་མ་རིག་མུན་སེལ་སྒྲོན་མེའམ་སྙིང་པོ་བཅུད་བསྡུས་ལམ་གྱི་གནད་ཁྲིད་ལས། ཚེ་འདིར་སངས་རྒྱས་བསྒྲུབ་འདོད་ན༔ ཕྱི་ལྟར་ཡུལ་གྱི་སྣང་བ་ལ༔ ནང་ལྟར་རིག་པའི་བརྡའ་ངོ་སྤྲད༔ ལས་ཅན་སྐལ་བར་ལྡན་པ་ཡིས༔ མདུན་དུ་ཁྲུ་བདུན་བཅལ་བའི་སར༔ རྡོ་རྗེ་དཀར་པོ་རྩེ་ལྔ་པ༔ གཡས་སུ་འཁྱིལ་བ་རང་གཟུགས་ཙམ༔ གསལ་བར་བསྒོམས་ལ་དྲག་པོར་སྐོར༔ ཅེས་གསུངས་པས། རང་གི་མདུན་ནས་ཁྲུ་བདུན་ཙམ་གྱི་སར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རང་གཟུགས་ཙམ་ཞིག་གསལ་བཏབ་ལ་རྡོ་རྗེ་དེ་གཡས་སུ་ཀྱི་ལི་ལི་འཁོར་བ་ལ་སེམས་བཟུང་། དེ་ལ་དམིགས་པ་གསལ་ཐེབས་པའི་རྟགས་ནི། གོང་གི་འཕྲོས་ལས། དམིགས་པ་གསལ་ཐེབས་རྟགས་འདི་འབྱུང༔ མགོ་འཁོར་རྣ་བ་འུར་བ་དང༔ རླུང་རིག་གར་གཏད་རྡོ་རྗེར་འཁྱིལ༔ ཞེས་གསུངས་པས་དེ་ལྟར་བྱུང་ན་ལོག་གནོན་དུ་རྡོ་རྗེ་དེ་གཡོན་དུ་འཁོར་བ་ལ་སེམས་གཏད། མཐར་རླུང་སེམས་རྡོ་རྗེ་དབྱེར་མེད་དུ་མཉམ་པར་འཇོག་ཅིང་། དེ་ལྟ་བུ་བདུན་གསུམ་ཉེར་གཅིག་གང་རིགས་སུ་བསྒོམས་པའི་མཐར། དེ་ནས་ཞག་གཅིག་དལ་བར་བྱ༔ ཞེས་གསུངས་པས། དམིགས་པ་དེས་སུན་པ་ལྟར་སྣང་ན། ཞག་གཅིག་གི་རིང་དམིགས་པའི་སྤྲོ་བསྡུ་བོར་ནས་གནས་ལུགས་ཀྱི་ངང་ནས་ངལ་གསོའོ། །གཉིས་པ་ཧཱུྃ་སྔོན་པོ་ལ་སེམས་འཛིན་པ་ནི། ཀ་དག་གི་ཁྲིད་གཞུང་ལས། མདུན་དུ་ཁྲུ་བདུན་བཅལ་བའི་སར༔ ཧཱུྃ་ཆེན་སྔོན་པོ་རང་གཟུགས་ཙམ༔ ཞེས་གསུངས་པས་སྔར་རྡོ་རྗེ་དཀར་པོ་བསྒོམས་པ་ལྟར་མདུན་ནས་ཁྲུ་བདུན་གྱི་སར་དབུ་ཅན་གྱི་ཧཱུྃ་སྔོན་པོ་རང་གཟུགས་ཙམ་ཞིག་གསལ་བཏབ་ལ་སེམས་བཟུང་། ལ་ལར་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་ཡིག་བསྒོམ་ཚུལ་འདུག་ཀྱང་། གོང་གི་རྡོ་རྗེ་དང་འཁྲུལ་པ་ཡིན་པས་ཧཱུྃ་ཁོ་ན་བསྒོམ་པས་འཐུས་ཤིང་། སྡོད་ན་ཧཱུྃ་ཡིག་མཉམ་པར་བཞག༔ ཅེས་འབྱུང་བས་ཧཱུྃ་ཡིག་སྔོན་པོ་དེ་ལ་རིག་པ་གཏད་དེ་ཅི་གནས་སུ་བཞག །འཕྲོ་ན་ས་རྡོ་རི་བྲག་དང༔ རི་རབ་གླིང་བཞི་གླིང་ཕྲན་དང༔ དགྲ་གཉེན་ཁང་ཁྱིམ་རང་གི་ལུས༔ ཡིད་འོང་གྲོགས་དང་མཛེས་པའི་ནོར༔ གང་ལ་འཕྲོ་བའི་སྣང་ཡུལ་ལ༔ ཆུ་སྲིན་དུང་གིས་ཕུག་པ་ལྟར༔ ཕར་ཐལ་ཚུལ་ཐལ་དག་ཏུ་ཕུག༔ བདག་མེད་བྲལ་ནོར་ལྟ་བུར་བསམ༔ ཞེས་གསུངས་པས་ཤེས་པ་གང་ལ་འཕྲོ་བའི་སྣང་ཡུལ་ས་རྡོ་རི་བྲག་རི་རབ་གླིང་བཞི་གླིང་ཕྲན་སོགས་དང་། ཚོགས་དྲུག་གི་སྣང་བ་དགྲ་གཉེན་ཁང་ཁྱིམ་ཡིད་དུ་འོང་བའི་གྲོགས་དང་ནོར་རྫས་སོགས་གང་ཤར་བ་ལ། ཧཱུྃ་དེ་ལས་ཧཱུྃ་ཡིག་གྲངས་མེད་པ་སྤྲོས་ཏེ། རྒྱ་མཚོར་བགྲོད་པའི་ཚོང་པ་ལ་ཆུ་སྲིན་རི་བོ་ཙམ་རྒྱང་རིང་པོ་ནས་མཐོང་བ་རི་དང་ཆུ་སྲིན་གང་ཡིན་བརྟག་ཕྱིར་ཕུག་རོན་དང་། དེ་གསོད་པའི་ཕྱིར་སྲོག་ཆགས་དུང་དཀར་གསོན་མ་བཏང་བས་ཆུ་སྲིན་གྱི་ལུས་ཕུག་པས་འཇིགས་པ་དང་བྲལ་བ་དཔེར་བྱས་ཏེ། ཧཱུྃ་ཡིག་དེས་སྣང་ཡུལ་དེ་དག་ཕར་ཐལ་ཚུར་ཐལ་དུ་ཁྲོལ་མ་ལྟར་ཕུག་པས་འཛིན་མེད་དུ་གཏོང་ཞིང་། མཐར་རང་ལུས་གདོས་བཅས་སུ་སྣང་བ་འདི་ཡང་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཤ་འབུས་གཡེངས་པ་ལྟར་ཕུག་སྟེ་འཛིན་མེད་དུ་འཇོག་པ་སོགས་བྱ། དེ་ལྟར་དམིགས་པ་གསལ་ཐེབས་པའི་རྟགས་ནི། དམིགས་པ་གསལ་ཐེབས་རྟགས་འདི་འབྱུང༔ ཡེངས་མེད་རིག་པ་ལམ་དུ་ཚུད༔ རྟོག་པ་ཅི་ཤར་ཧཱུྃ་དུ་འཆར༔ དམིགས་པ་གང་ལའང་གཏད་དུ་འདོད༔ ཅེས་གསུངས་པས་འཕྲོ་གནས་གང་བྱུང་ལ་གོང་བཞིན་གཅུན་པས། མ་ཡེངས་པའི་དྲན་པ་སོ་ཚུགས་ཤིང་། འཕྲོ་རྒོད་ཐམས་ཅད་ཧཱུྃ་ཡིག་ཏུ་འཆར་བ་དང་དམིགས་པ་གར་གཏད་བདེ་བ་འབྱུང་ངོ་༔ དམིགས་རྐང་འདི་ཡང་ཞག་གྲངས་གོང་མ་བཞིན་ཐུན་དུ་བཅད་དེ་བསྒོམ་པ་དང་། དེ་ནས་ཞག་གཅིག་དལ་བར་བྱ། ཞེས་པ་ཡང་གོང་ལྟར་རོ། །གསུམ་པ་ཐིག་ལེ་དཀར་དམར་ལ་སེམས་འཛིན་པ་ནི། རྩ་བ་ལས། ལུས་གནད་རླུང་གནད་རྩ་གནད་ཐིག་ལེའི་གནད། བཞི་ལ་བརྟེན་ནས་སེམས་ཀྱི་གནས་ཆ་བཙལ། ཞེས་གསུངས་པས། གོང་གི །ཐིག་ལེ་དཀར་དམར་དམིགས་རིམ་བསྐྱང་། །ཞེས་པ་ལ་སྦྱོར་རྒྱུ་ཡིན་པས། ཐིག་ལེ་དཀར་དམར་གྱི་སེམས་འཛིན་དང་། གནད་བཞི་ཐ་དད་དུ་ཡོད་པ་ནི་མ་ཡིན་ཏེ་གཏེར་གཞུང་ལས། པདྨ་འབྱུང་གནས་ཐུགས་ཀྱི་བཅུད་ལེན་པ༔ ལུས་ཀྱི་གནད་ནི་མཉམ་གཞག་དྲང་པོར་བསྲང༔ རྩ་ཡི་གནད་ནི་མིག་གཉིས་ཐད་ཀར་བལྟ༔ རླུང་གི་གནད་ནི་སྟེང་རླུང་འོག་རླུང་གཅུན༔ ཤེས་པའི་གནད་ནི་མ་བཅོས་ལྷུག་པར་བཞག༔ ཅེས་དང་། ཀ་དག་གི་ཁྲིད་གཞུང་ལས། ལུས་གནད་རྐང་པ་སྐྱིལ་ཀྲུང་ལ༔ ལག་པ་མཉམ་གཞག་སྒལ་ཚིགས་བསྲང༔ རྩ་གནད་མིག་གཉིས་དྲང་པོར་བལྟ༔ རླུང་གནད་སྟེང་རླུང་འོག་རླུང་བསྡམ༔ ཐིག་ལེའི་གནད་ལ་ལྟེ་བའི་དབུས༔ ཨེ་ལས་ཐིག་ལེ་དམར་པོ་བསམ༔ སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ༔ བཾ་ལས་ཐིག་ལེ་དཀར་པོ་བསམ༔ ཤེས་པའི་གནད་ནི་སུམ་མདོ་རུ༔ ཨེ་ལས་མེ་འབར་བཾ་ཞུ་ནས༔ སྙིང་གར་ཐིག་ལེ་དཀར་དམར་འདྲེས༔ དེ་ལ་ཤེས་པ་གཏད་དེ་བཟུང༔ ཡང་དག་དོན་གྱི་གནད་བསྟན་པ༔ ཐིག་ལེ་དཀར་དམར་རིམ་གྱིས་བསྡུ༔ ཅི་ཡང་ཡིད་ལ་མི་བྱ་འོ༔ ཞེས་གསུངས་པའི་ཕྱིར་དམིགས་པ་དེ་གཉིས་གོང་འོག་སྦྱར་ཏེ་ཉམས་སུ་ལེན་པའི་ཚུལ་ནི། ལུས་གནད་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་སོགས་རྣམ་སྣང་ཆོས་བདུན་སྤྱི་ལྟར་ལ། ལག་པ་མཉམ་གཞག་གམ། བླ་མའི་གསུང་རྒྱུན་ལག་གཉིས་ཀྱི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་ཏེ་རྡོ་རྗེ་བསྡམས་པ་བརླ་གཉིས་ཀྱི་སྟེང་དུ་བཞག་སྟེ། རླུང་རོ་དགུ་ཕྲུགས་སམ། ལན་གསུམ་བསལ། ལུས་ཀྱི་ནང་དྲང་ཐད་དུ་རྩ་དབུ་མ་མཚན་ཉིད་བཞི་ལྡན་ཡར་རྩེ་ཚངས་བུག་དང་། མར་སྣེ་ལྟེ་འོག་སོར་བཞིར་ཟུག་པ་ལས་རོ་རྐྱང་གཉིས་བསྒོམ་མི་དགོས། རྩ་གནད་མིག་གཉིས་རང་བབས་སུ་བལྟ། རླུང་གནད་འོག་རླུང་བསྐུམ་ཞིང་སྟེང་རླུང་སྣ་བུག་ནས་རྔུབས་ཏེ་ལྟེ་འོག་ཏུ་ཆིར་གྱིས་མནན། ཐིག་ལེའི་གནད་ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་ཤེས་རབ་ཀྱི་རང་བཞིན་ཨེ་ཡིག་ལས་བྱུང་བའི་ཐིག་ལེ་དམར་པོ་དབུ་མ་སྦོམ་ཕྲ་སྦ་ལྕག་ཙམ་ལ་ཐིག་ལེ་རྒྱ་སྲན་ཙམ། མདའ་སྨྱུག་ཙམ་ལ་སྲན་མ་ཙམ་ཞིག་གསལ་བཏབ། སྤྱི་གཙུག་གི་དབུ་མའི་ནང་དུ་ཐབས་ཀྱི་རང་བཞིན་བམ་ཡིག་ལས་བྱུང་བའི་ཐིག་ལེ་དཀར་པོ་ཆེ་ཆུང་གོང་དང་འདྲ་བ་གསལ་བཏབ། ཤེས་པའི་གནད་ནི་སུམ་མདོར་ཨ་ཐུང་ཤད་ཀྱི་རྣམ་པ་མེའི་རང་བཞིན་ཅན་འདི་ལྟ་བུ་ཞིག་གསལ་བཏབ། འོག་རླུང་བསྐུམ་པའི་རྐྱེན་གྱིས་ཨ་ཤད་ལ་བུས་ཏེ་མེ་འབར་བ། ཐིག་ལེ་དམར་པོ་དང་འདྲེས་ཏེ་གྱེན་དུ་འབར་བས་སྙིང་ཐད་ཀྱི་དབུ་མར་སླེབས། དེ་ལས་ཀྱང་མེ་ལྕེ་གྱེན་དུ་འབར་བས་སྤྱི་བོའི་ཐིག་ལེ་དཀར་པོ་དངུལ་ཆུ་ལྟར་ཞུ་སྟེ་སྙིང་གའི་ཐིག་ལེ་དམར་པོ་དང་འདྲེས་པ་ལ་སེམས་བཟུང་སྟེ་ཅི་གནས་སུ་བཞག་སྟེ་རླུང་བཟུང་། མི་ཐུབ་པ་དང་སངས་ཀྱིས་བཏང་བ་སོགས་དང་། ཡང་གོང་བཞིན་གསལ་བཏབ་སྟེ་རླུང་འཛིན་པ་སོགས་ཐུན་རེར་ཅི་ནུས་བྱ། ཐུན་བསྡུ་ན་ཐིག་ལེ་དཀར་དམར་གཉིས་ཀྱང་མི་དམིགས་པར་བསམས་ལ་ཅི་ཡང་ཡིད་ལ་མི་བྱ་བར་གང་ཤར་རང་གྲོལ་དུ་མཉམ་པར་འཇོག་དགོས་ཏེ། རྩ་བ་ལས། བར་བར་ངོ་བོ་བལྟས་ཏེ་ཤར་གྲོལ་བཏང་། །ཞེས་གསུངས་པའི་ཕྱིར། དེ་ལྟར་གསལ་ཐེབས་པའི་རྟགས་ནི། དམིགས་པ་གསལ་ཐེབས་རྟགས་འདི་འབྱུང༔ ལུས་ཀྱི་སྣང་བ་དྲན་ཚོར་མེད༔ དབུགས་ནི་ཕྱི་ནང་འགྱུ་མི་ཚོར༔ སྣང་བ་ཐོགས་མེད་འགྲོ་བར་ཤེས༔ ཞེས་གསུངས། ཕན་ཡོན་ནི། དེ་ལྟར་དམིགས་པ་གསུམ་བསྒོམས་པས༔ ལུས་ངག་ཡིད་གསུམ་ལམ་དུ་ཚུད༔ ཅེས་གསུངས་པས། རྡོ་རྗེ་དཀར་པོས་ལུས། ཧཱུྃ་སྔོན་པོས་ངག །ཐིག་ལེ་དཀར་དམར་གྱིས་སེམས་གསུམ་ལམ་དུ་ཚུད་པར་འགྱུར། དམིགས་པ་དེ་གསུམ་བསྒོམ་པའི་ཚད་ནི། གང་ཟག་དབང་པོ་རིམ་པ་གསུམ༔ དམིགས་པ་རེ་རེ་བསྒོམ་པའི་ཚད༔ བདུན་དང་བཅུ་བཞི་ཉེར་གཅིག་གིས༔ རང་རང་རྟགས་རེ་འབྱུང་བར་ངེས༔ ཞེས་གསུངས་པས། སྔོན་འགྲོ་གཟེར་ལྔ་ནས་འདིའི་བར་གྱི་དམིགས་རིམ་རྣམས། དབང་པོ་རབ་ཀྱིས་བདུན། འབྲིང་གིས་བཅུ་བཞི། ཐ་མས་ཉེར་གཅིག་རེ་བསྒོམས་ན་རྟགས་དེ་རྣམས་འབྱུང་ངེས་པས་ཞག་རེ་ཙམ་ཡང་བསྒོམ་མི་ནུས་པར་ཉམས་རྟགས་འབྱུང་དཀའ་བས་ཉམས་ཁྲིད་དུ་བྱེད་ན་གཞུང་བཞིན་བྱ་བ་གཅེས་སོ། །དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་སོང་རྗེས། དངོས་གཞིའི་ཁྲིད་ཀྱི་རིམ་པ་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ནི། རྩ་བ་ལས། དེ་རྗེས་ཁྲིད་གཞུང་དངོས་གཞི་ལ་ཞུགས་ཏེ། །མཉམ་གཞག་གསལ་སྟོང་འཛིན་མེད་ངོ་བོ་སྐྱོང་། །ཞེས་གསུངས་པའི་དོན་སྤྱིར་ཞི་གནས་སྔོན་དུ་བཏང་བའི་མཐར་སེམས་འཚོལ་ཀྱི་གདར་ཤ་བཅད་དེ་སྒོམ་ཐོག་ནས་ལྟ་བ་འཚོལ་བ་དང་། ཐོག་མར་སེམས་འཚོལ་དང་དེ་ནས་ཞི་གནས་སུ་ཕབ་སྟེ། ལྟ་ཐོག་ནས་སྒོམ་པ་འཚོལ་བ་སྟེ་ལུགས་གཉིས་ལས། འདིར་སྔ་མ་ལྟར་ཡིན་པས། དང་པོ་སྒོམ་ཐོག་ནས་ལྟ་བ་འཚོལ་བ་ནི། གོང་གི་སེམས་འཛིན་དེ་རྣམས་ལ་རིམ་པར་སློབ་པ་དང་། བླ་མའི་ཕྱག་བཞེས་སུ་སྐབས་འདིར་རྟེན་ཅན་རྡེའུ་ཤིང་བུ་སོགས་ལ་བརྟེན་ནས་སེམས་འཛིན་པ་དང་། རྟེན་མེད་མ་བཅོས་པར་འཇོག་པ་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཞི་གནས་སྒོམ་གྱི་གཞི་ཡིན་པས་མཉམ་པར་འཇོག་དགོས་ཤིང། དེ་ཡང་རྣམ་རྟོག་བཀག་སྒོམ་ལྟ་བུ་མ་ཡིན་པར་གཞི་རྩ་གཅོད་པའི་ཕྱིར་ཡིན་ཏེ། ཀ་དག་གི་ཁྲིད་གཞུང་ལས། དེ་ནས་དབེན་པའི་གནས་ཆེན་དུ༔ ལུས་ངག་ཡིད་གསུམ་བརྟན་པར་བྱ༔ དུས་དེ་ཡན་ཆད་དུག་ལྔའི་ལས༔ ཅི་བྱས་ཅི་དྲན་བག་ཆགས་ཡིན༔ མེ་ཏོག་སད་ཀྱིས་ཁྱེར་བ་འདྲ༔ རྗེས་འབྲེང་མི་བྱ་འབྲེལ་ཐག་བཅད༔ དུས་དེ་མན་ཆད་དུག་ལྔའི་ལས༔ ཅི་བྱས་ཅི་བསམ་ཉོན་མོངས་ཡིན༔ སྣ་ཐག་དགྲ་ལ་ཤོར་བ་འདྲ༔ བསམ་མནོ་མི་བཏང་ཅི་དགར་བཞག༔ ད་ལྟར་ཤེས་པ་དྭངས་མ་ཕྱེད༔ ཐོམ་མེ་མུན་ནེ་གཏི་མུག་ཡིན༔ ཐེ་ཚོམ་རེ་དོགས་རྣམ་རྟོག་ཡིན༔ རྟོག་པའི་སྤུན་ལངས་ལྟ་བའི་དགྲ༔ མ་བཅོས་མི་བཅོས་རང་སོ་ལ༔ ཅི་ཡང་ཡིད་ལ་མི་བྱ་བར༔ སྣང་བ་སྟོང་པར་རྟོགས་པ་དང༔ སྟོང་པ་སྣང་བར་རྟོགས་པ་དང༔ སྣང་སྟོང་དབྱེར་མེད་རྟོགས་པ་དང༔ སངས་རྒྱས་སེམས་ཅན་གཉིས་མེད་དུ༔ མ་རྟོགས་བར་ལ་དབེན་པ་བསྟེན༔ དབང་པོ་རབ་འབྲིང་ཐ་མ་ཡིས༔ བདུན་གསུམ་ཉེར་གཅིག་བསྒོམས་པ་ཡིས༔ ཉམས་བཞི་འཆར་བས་ནན་ཏན་བསྐྱེད༔ ཅེས་དང་། གུ་རུ་པདྨས་དགེ་སློང་ནམ་མཁའི་སྙིང་པོར་གསོལ་འདེབས་སུ་བསྩལ་པ་ལས། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང༔ སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ ཅེས་གསུངས་པ་ལྟར་བསྒོམ་དགོས་པས་དེ་ཡང་གང་ཟག་གི་རིགས་ཐོད་རྒལ་རིམ་སྐྱེས་གཅིག་ཅར་གསུམ་གྱི་རྒྱུད་ཚོད་དང་སྦྱར་བའི་ཁྲིད་ཚུལ་བྱ་དགོས་པས་རྟེན་ཅན་རྡེའུ་ཤིང་བུ་སོགས་ལ་བརྟེན་ཀྱང་འགལ་བ་མེད་མོད། འོན་ཀྱང་གོང་གི་སེམས་འཛིན་རྣམས་དམིགས་པའི་རྟེན་ཅན་ཁོ་ན་ཡིན་པས་རྡེའུ་ཤིང་བུ་སོགས་ཀྱི་སྤྲོས་པ་མེད་ཀྱང་ཆོག་ཅིང་། རྟེན་མེད་ཁོ་ན་གཞུང་དང་མཐུན་པས། རྣམ་སྣང་ཆོས་བདུན་བཅས་ཏེ་ཤེས་པ་ཁོང་གློད་དེ་མཉམ་པར་བཞག་པས་ལས་དང་པོ་པ་ཚོགས་དྲུག་གི་རྟོག་པ་ཤུགས་ཆེ་བས། ཕྱི་རོལ་གྱི་རྐྱེན་ལས་སེམས་ཀྱི་རྣམ་རྟོག་དུག་ལྔའི་བག་ཆགས་ལྷང་གིས་ཤར་བ་དེའི་རྗེས་མི་གཅོད་ཅིང་། མ་འོངས་པའི་རྟོག་པའི་སྔོན་མི་བསུ། ད་ལྟའི་ཤེས་པ་དྭངས་སྙིགས་མ་ཕྱེད་པ་ཆུ་བོ་རྙོགས་མས་དཀྲུགས་པ་ལྟ་བུ་མུན་འཐོམས་སུ་ཡོད་པ་དེ་དྲན་ཤེས་ཀྱི་རིག་པས་ངོས་ཟིན་པར་བྱས་ཏེ་རྣམ་རྟོག་ཐོལ་སྐྱེས་རྦད་གཅོད་ཀྱི་ཚུལ་དུ་གང་ཤར་གྱི་ངོ་བོ་རང་ཤར་རང་གྲོལ་དུ་བཏང་། ལས་དང་པོ་པར་རྣམ་རྟོག་རི་གཟར་ལ་ཆུ་རྒྱུག་པ་ལྟར་འབྱུང་ཡང་སྐྱོན་དུ་མི་བལྟ་བར་ངོས་ཟིན་པར་བྱས་པས། རེ་ཞིག་ནས་འགྱུ་བ་ཇེ་ཕྲར་འགྱུར་ཞིང་གནས་ཆ་ཆེར་སོང་བའི་དུས། འགྱུ་བ་ཕྲ་མོ་རྩད་མ་ཆོད་པས་གནས་ཡོད་སྙམ་པའི་བཟང་རྟོག་ཨ་འཐས་ན་ཞི་གནས་ལྟེང་པོའི་འགོག་པའི་སྙོམས་འཇུག་ལྟ་བུར་འགྲོ་བས་འགྱུ་བ་ཕྲ་རགས་སྦོམ་གསུམ་ངོས་བཟུང་སྟེ་ཤར་གྲོལ་དུ་གཏོང་བ་གཅེས་ཏེ། གུ་རུ་པདྨས་མཁར་ཆེན་བཟའ་ལ་གསུངས་པ་ཀ་དག་གི་ཆོས་ཚན་ཟབ་མོ་གནད་ཀྱི་ཐེམ་བཅུ་ལས། སེམས་འཛིན་གྱི་ཕུར་པ་ལ་ཞེན་པས་ཐར་པ་མི་ཐོབ༔ ཞི་གནས་མགོ་བྱིལ་གྱིས་ཐར་པའི་ལམ་མི་རྙེད༔ ཅེས་གསུངས་པའི་ཕྱིར། དེ་ལྟར་བསྒོམས་པས་ཉམས་བཞི་འཆར་ཚུལ་ནི། ཀ་དག་གི་ངོ་སྤྲོད་རང་རིག་རང་གསལ་ལས། སྣང་བ་འདི་སྟོང་པར་རྟོགས༔ སྟོང་པ་སྣང་བར་རྟོགས༔ སྣང་སྟོང་དབྱེར་མེད་དུ་རྟོགས༔ སངས་རྒྱས་དང་སེམས་ཅན་དབྱེར་མེད་དུ་རྟོགས༔ དེ་ཉིད་ཀྱི་གདིང་རྙེད་པའི་ཤེས་པ་འབྱུང༔ ཞེས་གསུངས། དེ་ལྟར་ཤར་ཡང་ཆོག་ཤེས་དང་འཛིན་ཆགས་མེད་པ་ཞིག་དགོས་ཏེ། གོང་གི་འཕྲོས་ལས། ཉམས་ཀྱི་སྣང་བ་བཞི་ལ་ཆོག་ཤེས་སུ་བཟུང་བ་ནི་བྱིས་པའི་ལྟ་བ་ཡིན་ནོ༔ སྣང་བ་དང་སྟོང་པ་འདི་ལ་མ་ཆགས་པ་ཞིག་དགོས༔ ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྒོམ་པ་ལ་གེགས་སེལ་བ་ནི། རྩ་བ་ལས། ཕྱི་གེགས་སེལ་བྱེད་གུ་རུ་སྤྱི་བོར་བསྒོམ། །ཐོ་རེངས་དུས་སུ་ཧཱུྃ་གི་སྣང་གླུ་བླང་། །བླ་མའི་ཐུགས་དང་རང་གི་ཤེས་པ་བསྲེ། །ཞེས་གསུངས་པ་སྤྱིར་ཕྱིའི་གེགས་སེལ་ཐབས་སུ། ལུས་མཉམ་བཞག་གི་མིག་ནམ་མཁར་གཏད། ཤེས་པ་མ་བཅོས་པའི་ངང་ནས་རང་གི་སྤྱི་བོར་བླ་མ་དྲག་པོ་རྩལ་གྱི་སྐུའི་རྣམ་པར་གསལ་བཏབ་སྟེ། གསོལ་འདེབས་ཀྱི་ཚུལ་དུ་གདུང་ཤུགས་དྲག་པོས་རྒྱས་པའི་ཧཱུྃ་བདུན་བརྩེགས་ཀྱི་སྣང་གླུ་བླངས་པས་མོས་གུས་ཀྱི་ཉམས་སྐྱེས་པ་དང་། དེ་ཉིད་འོད་ཕུང་སྔོན་པོའི་རྣམ་པར་ཞུ་སྟེ་རང་ལ་ཐིམ་པས་བླ་མ་དང་རང་སེམས་དབྱེར་མེད་དུ་མཉམ་པར་གཞག་གོ །འདི་ནི་ཁྲིད་གཞུང་དངོས་གཞི་ལས། པདྨ་འབྱུང་གནས་ཐུགས་ཀྱི་བཅུད་ལེན་པ༔ ལུས་ཀྱི་གནད་ནི་མཉམ་གཞག་དྲང་པོར་བསྲང༔ རྩ་ཡི་གནད་ནི་མིག་གཉིས་ཐད་ཀར་གཏད༔ རླུང་གི་གནད་ནི་སྟེང་རླུང་འོག་རླུང་གཅུན༔ ཤེས་པའི་གནད་ནི་མ་བཅོས་ལྷུག་པར་བཞག༔ ཐོ་རེངས་དུས་ན་ཧཱུྃ་གི་སྣང་གླུ་བླང༔ བླ་མ་སྤྱི་བོར་བསྒོམ་ཞིང་གསོལ་བ་གདབ༔ མ་བཅོས་རྩེ་གཅིག་གདུང་བ་སྐྱེས་པའི་ཚེ༔ བླ་མའི་ཐུགས་དང་རང་གི་ཤེས་པ་བསྲེ༔ མཉམ་གཞག་ངང་ལ་རིག་པ་དར་གཅིག་བཞག༔ ཅེས་གསུངས་པའི་དོན་ནོ། །བྱེ་བྲག་ཏུ་སྒོམ་སྐྱོན་ལྔ་སེལ་བའི་དང་པོ་བྱིང་བ་གཏི་མུག་གི་གེགས་སེལ་ནི། རྩ་བ་ལས། དེ་ནས་ནང་གི་སྒོམ་སྐྱོན་ལྔ་སེལ་ཕྱིར། །བྱིང་བ་གཏི་མུག་འཐོམས་པའི་གེགས་བྱུང་ན། །གུ་རུ་དམར་སྨུག་ནམ་མཁའི་མཐོངས་སུ་བསྒོམ། །འོད་ཞུ་རང་ལ་ཐིམ་སོགས་གཞུང་བཞིན་བསྐྱང་། །ཞེས་པའི་དོན་ཁྲིད་གཞུང་ལས། དེ་ལ་སྒོམ་གྱི་སྐྱོན་ལྔ་བསལ་བ་ནི༔ བྱིང་ཞིང་འཐིབས་ན་གཏི་མུག་ལས་ངན་སློང༔ ལུས་དང་ཤེས་པ་གཟེངས་བསྟོད་ཤེས་པ་བསྒྲིམ༔ མཐོ་ས་རླུང་གི་བསིར་བུ་འོང་ས་རུ༔ ལུས་གནད་བཅོས་ཏེ་ཤེས་པ་ནམ་མཁར་གཏད༔ གུ་རུ་དམར་སྨུག་མདངས་ལྡན་བདག་ལ་བསྟིམ༔ རྗེས་ལ་མཉམ་གཞག་མ་བཅོས་ངང་ལ་བཞག༔ ཞག་གསུམ་འབད་ན་གཏི་མུག་མུན་པ་སེལ༔ ཞེས་པའི་སྒོམ་དོན་བྱིང་རྨུགས་ཀྱི་ངང་དུ་སོང་ན་བྱིང་པ་གཏི་མུག་གི་གེགས་ཡིན་པས། དེ་སེལ་བ་ནི། ས་མཐོ་ས་རླུང་བསིར་བུ་ཡོད་པར་ལུས་གནད་གོང་བཞིན་བྱ། ཤེས་པ་གཟེངས་བསྟོད་དེ་བསྒྲིམས་ལ་ནམ་མཁར་གཏད། བླ་མ་གུ་རུ་དྲག་པོ་རྩལ་གྱི་སྐུའམ་གུ་རུ་ཞི་བ་གང་ཡང་རུང་བ་སྐུ་མདོག་དམར་སྨུག་ཏུ་ཡོད་པ་མདངས་དང་ལྡན་པ་ཞིག་མདུན་གྱི་ནམ་མཁར་བསྒོམས་པ་དེ་ལ་ཤེས་པ་གཏད་ཅིང་གདུང་ཤུགས་ཀྱི་གསོལ་འདེབས་ཡིད་ཀྱིས་བྱས་པའི་མཐར། དེ་ཉིད་འོད་དམར་སྨུག་ཅིག་ཏུ་གྱུར་ནས་རང་ལ་བསྟིམས་ནས་མཉམ་པར་འཇོག་པ་ཞག་གསུམ་བསྒོམ་མོ། །གཉིས་པ་རྒོད་པ་ཞེ་སྡང་གི་གེགས་སེལ་བ་ནི། རྩ་བ་ལས། རྒོད་པ་ཞེ་སྡང་གེགས་སེལ་གུ་རུ་དཀར། །སྨིན་མཚམས་ཐད་ཀྱི་ནམ་མཁར་བསྒོམ་པ་དང་། །ཞེས་པ་ཁྲིད་གཞུང་ལས། རྣམ་རྟོག་རགས་ཤིང་རྒོད་ན་ཞེ་སྡང་སློང༔ ང་ཡི་སྐུ་ལ་ལྟ་སྟངས་རིག་པ་གཏད༔ རང་འདྲའི་ལྷ་སྐུས་འཇིག་རྟེན་ཐམས་ཅད་གང༔ དགའ་ཞིང་ངར་ལྡན་སྐུ་ཆེ་ཡན་ལག་ཧྲགས༔ དྲག་པོའི་ཧཱུྃ་སྒྲ་ངར་ལྡན་དི་རི་རི༔ དགྲ་གཉེན་རྩིས་གདབ་མེད་པར་ཤེས་པ་བསྒྲིམ༔ གུ་རུ་དཀར་གསལ་རང་གི་ཐུགས་ཀར་ཐིམ༔ ཤེས་པ་གློད་ཀྱིན་མཉམ་གཞག་ངང་ལ་བཞག༔ ཞག་གསུམ་བསྒོམས་ན་ཞེ་སྡང་རྟོག་པ་ཐུལ༔ ཞེས་གསུངས་པས། རྣམ་རྟོག་འཕྲོ་རྒོད་ཆེ་ན་ཞེ་སྡང་གི་རྟོག་པ་འཕེལ་བའི་གེགས་ཡིན་པས་དེ་སེལ་བ་ནི། མདུན་གྱི་སྨིན་མཚམས་ཐད་ཀྱི་ནམ་མཁར་གུ་རུ་ཞི་དྲག་གང་རིགས་ཀྱི་སྐུ་དཀར་གསལ་ཞིག་གསལ་བཏབ་པ་ལ་རིག་པ་གཏད་ཅིང་ལྟ་སྟངས་བྱས་ཏེ་ཡིད་ཀྱིས་གསོལ་བ་བཏབ་པས་མཐར་འོད་ཟེར་དཀར་པོའི་རྣམ་པར་གྱུར་ནས་རང་ལ་བསྟིམས་ནས་མཉམ་པར་འཇོག །སྐབས་འགར་མདུན་གྱི་གུ་རུའི་སྐུ་དང་། རང་ཡང་སྣང་བ་མ་འགགས་རིག་པ་ལྷ་སྐུ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུར་ཤར་བ་ལས། གུ་རུ་དྲག་པོའི་སྐུ་དཔའ་ཞིང་ངར་དང་ལྡན་པ་སྐུ་ཆེ་ལ་ཡན་ལག་རགས་པ་ཞལ་ནས་དྲག་པོའི་ཧཱུྃ་སྒྲ་འབྲུག་ལྟར་དིར་རི་རི་སྒྲོག་པ་དཔག་ཏུ་མེད་པ་འཕྲོས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་སྟེ་དགྲ་གཉེན་གྱི་སྣང་བ་གང་ཤར་ཡང་རྩིས་གདབ་མེད་པར་བཅོམ་པ་ལ་ཤེས་པ་བསྒྲིམས་ཏེ་གཏད་པའི་མཐར་ལྷོད་ཀྱིས་གློད་ལ་མཉམ་པར་འཇོག་པ་ཞག་གསུམ་བསྒོམ་མོ། །གསུམ་པ་ཟ་ཟིའི་རྟོག་པ་སྣ་ཚོགས་སུ་འཕྲོ་ཞིང་མཉམ་གཞག་ལ་མི་གནས་པར་ཕྱི་རོལ་གྱི་ཡུལ་སྣང་རྒོད་པའི་གེགས་སེལ་ནི། རྩ་བ་ལས། འཕྲོ་དང་ཤེས་པ་རྫི་འཁོར་གེགས་བྱུང་ན། །ལྟེ་བའི་གནས་ནས་མེ་འབར་སྣོད་བཅུད་དང་། །ཕུང་ཁམས་བསྲེགས་ནས་སྟོང་ཉིད་ངང་ལ་འཇོག །འཕྲོ་ན་གུ་རུ་མཐིང་ག་སྙིང་ཐད་བསྒོམ། །དེ་ཡང་འོད་ཞུ་རང་ལ་ཐིམ་པར་བསམ། །ཞེས་པ་ཁྲིད་གཞུང་ལས། ཤེས་པ་རྫི་འཁོར་ཟ་ཟིའི་རྟོག་པ་མང༔ མཉམ་གཞག་མི་བརྟན་ཡུལ་སྣང་རྒོད་པ་ན༔ ལྟེ་བའི་འོག་ནས་མེ་བྱུང་རང་ལུས་བསྲེག༔ མེ་དཔུང་ཆེར་འཕེལ་ཕྱི་ཡི་ཡུལ་མཁར་དང༔ དགྲ་གཉེན་མཛེས་སྡུག་འཛིན་པའི་ཡུལ་སྣང་བསྲེགས༔ ཐམས་ཅད་སྟོང་པ་ཆེན་པོའི་ངང་ལ་བཞག༔ གུ་རུ་མཐིང་ག་བདག་གི་ཐུགས་ཀར་བསྟིམ༔ འཛིན་མེད་ངང་ལ་ཞག་གསུམ་མཉམ་པར་བཞག༔ དེས་ནི་རྣམ་རྟོག་རྐུན་པོ་ལམ་དུ་ཚུད༔ ཅེས་གསུངས་པས། དེ་ལྟ་བུའི་གེགས་སེལ་ནི། རང་གི་ལྟེ་འོག་ན་གཞིར་གནས་ཀྱི་མེ་ཨ་ཐུང་ཤད་ཀྱི་རྣམ་པར་ཡོད་པ་དེ་ལས་མེ་འབར་ཏེ་རང་ལུས་གདོས་བཅས་སུ་སྣང་བ་འདི་ཡང་གཞོབ་ཐུལ་གྱིས་བསྲེགས། དེ་ལས་མེ་དཔུང་ཆེར་འཕེལ་ནས་སྣོད་ཀྱི་འཇིག་རྟེན་ས་རྡོ་རི་བྲག་ཡུལ་མཁར་སོགས་དང་བཅུད་ཀྱི་སེམས་ཅན་དགྲ་གཉེན་མཛེས་སྡུག་འཛིན་པའི་ཡུལ་སྣང་ཐམས་ཅད་བསྲེགས་ཏེ་ཐམས་ཅད་སྟོང་པ་ཆེན་པོའི་ངང་དུ་མཉམ་པར་བཞག །གུ་རུ་དྲག་པོ་མཐིང་ག་ཞིག་ནམ་མཁར་བསྒོམས་པ་ལ་ཡིད་ཀྱིས་གསོལ་བ་བཏབ་པས་འོད་ཟེར་མཐིང་གའི་རྣམ་པར་གྱུར་ཏེ་རང་གི་སྙིང་གར་ཐིམ་པར་བསམས་ལ་འཛིན་མེད་ཀྱི་ངང་དུ་འཇོག་པ་ཞག་གསུམ་བྱས་པས། རྣམ་རྟོག་རྐུན་པོ་ཞེས་འགྱུ་བ་ཕྲ་རགས་རྩད་མི་ཆོད་པའི་འོག་འགྱུ་རྒྱ་འབྱམས་ཀྱི་གེགས་ལས་གྲོལ་བར་འགྱུར་རོ། །བཞི་པ་ཤེས་པ་རྫི་འཁོར་བ་དང་རེ་དོགས་བདག་འཛིན་གྱི་གེགས་སེལ་ནི། རྩ་བ་ལས། སྐབས་འགར་བདེ་སྡུག་རེ་དོགས་སྣ་ཚོགས་པའི། །སྣང་བ་གང་ཤར་ཆུ་ཡི་རི་མོ་འམ། །སྦྲུལ་མདུད་བཞིན་དུ་རང་གྲོལ་ངང་དུ་བཏང་། །དེ་ལ་མ་གནས་གུ་རུ་འོད་ལྔ་ཡི། །རྣམ་པར་སེམས་གཏད་འོད་ཞུ་རང་ལ་ཐིམ། །འཛིན་མེད་ངང་ལ་ཞག་གཅིག་མཉམ་པར་བཞག །ཅེས་པ་ཁྲིད་གཞུང་ལས། གཏད་མེད་བསྒོམས་ཀྱང་ཤེས་པ་རྫི་འཁོར་ནས༔ རེ་དོགས་བདག་འཛིན་དམ་པོས་འཐས་པ་ན༔ སྣང་སེམས་བྱ་བྱེད་ཐམས་ཅད་འཁྲུལ་པ་ཡིན༔ སྐྱེ་འཆི་འཕོ་འགྱུར་མི་རྟག་དྲན་པར་གྱིས༔ འཇིགས་སྐྲག་ཚ་གྲང་ནད་ཀྱང་སྒྱུ་མ་ཡིན༔ བསྐལ་པར་དམྱལ་བར་ཕྱིན་ནས་བཙོས་བསྲེགས་ཀྱང༔ སེམས་ལ་སྐྱེ་འཆི་མེད་པས་འཐོན་པ་ཡིན༔ ཟས་ནོར་ཉེ་འབྲེལ་སྙིང་བརྩེ་སྒྱུ་མ་ཡིན༔ རང་ལུས་གཅེས་པར་བཟུང་ཡང་ནམ་ཞིག་འཆི༔ འཁོར་བའི་རྒྱུ་ནི་རེ་དོགས་ཐེ་ཚོམ་ཡིན༔ སངས་རྒྱས་དགོངས་པ་སྟོང་གསལ་འཛིན་མེད་ཡིན༔ དཔེར་ན་ནམ་མཁའ་སྤྲིན་དང་བྲལ་བ་དེ༔ གསལ་དྭངས་བཀྲག་འཚེར་ངོས་བཟུང་གཅིག་ཀྱང་མེད༔ དེ་ཕྱིར་སྐྱེས་བུས་ཤེས་པ་ཧུར་གྱིས་འདོན༔ ནམ་མཁའ་མེ་ཤེལ་དག་ལ་ཤེས་པ་གཏད༔ རིག་པ་ངར་ལྡན་ཕྱོགས་ཞེན་འཛིན་ཆགས་དོར༔ བཅོས་མེད་ངང་ལ་མཉམ་གཞག་དར་གཅིག་བཞག༔ གུ་རུ་འོད་ཟེར་ལྔ་ལྡན་བདག་ལ་བསྟིམ༔ དེ་ལྟར་ཞག་གསུམ་བསྒོམས་པས་ཐེ་ཚོམ་ཆོད༔ ཅེས་གསུངས་པས་དེའི་དོན་བསྒོམ་པའི་ཚུལ་ནི། བདེ་སྡུག་རེ་དོགས་ཀྱི་སྣང་བ་གང་ཤར་ཆུའི་རི་མོའམ་སྦྲུལ་གྱི་མདུད་པ་བཞིན་དུ་རང་གྲོལ་བ་གནས་ལུགས་གཏད་མེད་རང་བབས་སུ་མཉམ་པར་བཞག་ཀྱང་ཤེས་པ་རྫི་འཁོར་ནས་རེ་དོགས་དང་བདག་འཛིན་གྱི་མདུད་པ་མ་གྲོལ་ན་འདི་ལྟར་བསམས་ཏེ། ཕྱི་སྣང་བ་ལ་སེམས་གཡེང་བའི་བྱ་བྱེད་ཀྱིས་བློ་སྣ་ཚོགས་སུ་ཤར་ནས་ཐམས་ཅད་འཁྲུལ་པར་ངོ་ཤེས་པར་བྱས་ཏེ་སྐྱེ་འཆི་དང་འཕོ་འགྱུར་ཐམས་ཅད་མི་རྟག་པར་དྲན་པར་བྱ། འདིར་སྣང་གི་སེམས་ལ་འཇིགས་སྐྲག་དང་ལུས་ལ་ཚ་གྲང་དང་ནད་སོགས་ཐམས་ཅད་རྟག་པ་མ་ཡིན་པར་སྒྱུ་མར་ཤེས་པ་དང་། རྒྱུ་མཚན་སེམས་སྣང་གི་འཁྲུལ་ངོར་དམྱལ་བར་བསྐལ་པ་དུ་མར་བཙོ་བསྲེགས་ཀྱི་སྡུག་བསྔལ་མྱོངས་ཀྱང་སེམས་ལ་སྐྱེ་འཆི་མེད་པའི་ཕྱིར་དམྱལ་བ་ནས་འཐོན་པ་དང་། ཚེ་འདིར་ཟས་ནོར་ཉེ་འབྲེལ་ལ་སྙིང་བརྩེ་ཞིང་ཆགས་ཀྱང་སྒྱུ་མ་ཡིན་ཕྱིར་རྟག་མི་ཐུབ་པས། ཁྲིད་གཞུང་ལས། ཉེ་འབྲེལ་ཟས་ནོར་རི་ཁའི་རྩྭ་སྦུར་འདྲ༔ ཇི་ལྟར་བྱས་ཀྱང་འབྲལ་བས་བརྩེ་སེམས་དོར༔ ཞེས་གསུངས་པས། རང་གི་ལུས་འདི་གཅེས་པར་བཟུང་ཡང་ནམ་ཞིག་འཆི་བར་འགྱུར་བས་དེའི་ཕྱིར་འཁོར་བར་འཁྱམས་པའི་རྒྱུ་བཟང་པོར་རེ་བ་དང་ངན་པར་དོགས་པའི་ཐེ་ཚོམ་གྱི་བློས་འཆིང་བ་ཡིན་པས་འཛིན་མེད་སྒྱུ་མར་ཤེས་པ་དང་། མཐར་ཐུག་སངས་རྒྱས་ཀྱི་དགོངས་པ་ཡང་སྟོང་གསལ་འཛིན་མེད་ནམ་མཁའ་སྤྲིན་བྲལ་ལྟར་ངོས་བཟུང་མེད་པའི་ཕྱིར་རང་གི་ཤེས་པ་རྫི་འཁོར་བ་ལས་ཧུར་གྱིས་བཏོན། ཕྱི་རོལ་གྱི་ནམ་མཁའ་དང་མེ་ཤེལ་གཡའ་བྲལ་ལ་རིག་པ་གཏད་ལ་དབྱིངས་རིག་བསྲེས་ཏེ་འཛིན་མེད་མ་བཅོས་པའི་ངང་དུ་མཉམ་པར་བཞག །འདི་ལ་རྩ་བར་ཞག་གཅིག་མཉམ་པར་བཞག་ཚུལ་བཤད་ཀྱང་ཁྲིད་གཞུང་དུ་དར་གཅིག་བཞག་ཅེས་གསུངས་པས་རྗེས་ཐོབ་ཀྱི་སྣང་བ་མ་ཤར་བར་དུ་དར་གཅིག་མཉམ་པར་འཇོག་པའི་དོན་ཡིན་པར་རྟོགས། མཉམ་གཞག་དེ་ལ་མ་གནས་པར་རྟོགས་པའི་སྤུན་ལངས་ན། གུ་རུ་ཞི་དྲག་གི་སྐུ་འཆར་གང་བདེ་འོད་ཟེར་ལྔ་འཕྲོ་བ་ཞིག་མདུན་གྱི་ནམ་མཁར་གསལ་བཏབ་པ་ལ་སེམས་བཟུང་སྟེ་ཡིད་ཀྱིས་གསོལ་བ་བཏབ་པ་མཐར་རང་ལ་བསྟིམས་ནས་མཉམ་པར་འཇོག་པ་ཞག་གསུམ་བསྒོམ་པར་གསུངས་པ་ལྟར་བྱ། ལྔ་པ་ཞི་གནས་ཀྱི་གཞི་བཅའ་བ་དང་། དེ་ལ་དུག་གསུམ་གྱི་བྱེ་བྲག་གི་གེགས་སེལ་བ་ཡིན་པས། རྩ་བར། དེ་ནས་ལུས་སེམས་སྣང་སེམས་བརྟག་པར་བྱ། །ཞེས་དང་ཐག་བཅད་པ་སོགས་བཤད་པ་འོག་ཏུ་སེམས་འཚོལ་གྱི་སྐབས་སུ་འཆད་ཅིང་། འདིར་ཁྲིད་གཞུང་གི་ས་བཅད་མི་སྟོང་པའི་ཕྱིར་ལྔ་པའི་དོན་མདོ་ཙམ་བརྗོད་ན། ཁྲིད་གཞུང་ལས། སྣང་བ་རང་སྣང་གྲགས་པ་རང་སྒྲ་ཡིན༔ འགྱུ་བ་རང་སྟོང་ཡིན་པས་ངང་ལ་ཞོག༔ དེ་ལྟར་བསྒོམས་པས་རྣམ་རྟོག་ཇེ་ཉུང་འགྲོ༔ གསལ་སྟོང་རིག་པའི་གདངས་ནི་ཇེ་རིང་འཕེལ༔ དྲན་ཐག་ཇེ་ཉེ་རྟོག་པ་ཉལ་གྱིས་ཞི༔ ལུས་ཀྱི་སྣང་བ་དྲན་ཚོར་མེད་པ་ལ༔ སྲོག་རྩོལ་རླུང་གི་འབྱུང་འཇུག་མི་ཚོར་ཞིང༔ ཤེས་པ་གཡོ་མེད་རྒྱ་མཚོ་རླབས་བྲལ་འདྲ༔ དེ་ནི་སྒོམ་གྱི་གཞི་ཡིན་མེད་ཐབས་མེད༔ ཞི་གནས་ཞེས་བྱ་སྒོམ་གྱི་ཞིང་ས་ཡིན༔ ཞེས་གསུངས་པས་ཕྱི་རོལ་སྣང་གྲགས་ཀྱི་ཡུལ་ལ་འགྱུ་བྱེད་ཀྱི་དྲན་པ་རང་གི་ངོ་བོས་སྟོང་པའི་ངང་དུ་བཞག་པས། རྣམ་རྟོག་འཕྲོ་རྒོད་ཇེ་ཉུང་དུ་སོང་ཡང་དྲན་ཤེས་ཀྱི་གསལ་ཆ་མ་འགགས་པའི་ངོ་བོ་སྟོང་པ་རིག་གདངས་ངོ་རང་ཤེས་ཀྱི་དྲན་པ་རྩོལ་མེད་དུ་ཉེ་བར་འཆར་བས། འཕྲོ་རྒོད་ཀྱི་འགྱུ་བ་ཉལ་གྱིས་ཞི་བ་ལུས་སྣང་དྲན་ཚོར་མེད་པ་རླུང་འབྱུང་རྔུབ་མི་ཚོར་བ་ཤེས་པ་རྒྱ་མཚོ་རླབས་བྲལ་ལྟར་མི་གཡོ་བར་གནས་པ་དེ་ཞི་གནས་ཡིན་པས་དེ་སྒོམ་གྱི་གཞི་བཅའ་བ་ཞིང་ས་ལྟ་བུ་ཡིན་པའི་དོན། དེ་ལྟར་ཞི་གནས་ཀྱི་རོ་ལ་ཆགས་པའི་ཞེན་པ་སྤོང་ཐབས་རྣམས་ཁྲིད་གཞུང་གི་ཚིགས་བཅད་གོང་འོག་འཁྲུགས་བསྡེབས་ཀྱི་དོན་བསྡུས་ཏེ་བཤད་ན། སྔར་མ་ཕྱིན་པའི་དབེན་གནས་ཤིག་ཏུ་ཕྱིན་པས་རྟོག་པ་གསར་པ་ཞིག་ལྷང་གིས་འཆར་བར་འགྱུར་བས་དེར་རིག་པ་བཀུག་སྟེ་ངོ་བོ་ལ་ཆེར་གྱིས་བལྟས་པས་རྣམ་རྟོག་དང་པོ་བྱུང་ས་དང་། ཐ་མར་འགྲོ་ས་མེད་པ་ད་ལྟའི་བར་གྱི་ཤེས་པ་ཚུབ་རིལ་རང་གིས་རང་བཅིངས་པའི་འཁྲུལ་པ་དེ་ལྟ་བུ་ལྷོད་ཀྱིས་གློད་དེ་འཇོག །དེ་བཞིན་དུ་དུར་ཁྲོད་དང་ཁང་སྟོང་། ངམ་གྲོག་གཡང་ས་དགྲ་བགེགས་གཉེན་དང་ནོར་རྫས་སོགས་ཆགས་སྡང་སྐྱེ་བའི་ཡུལ་རྣམས་སུ་རིམ་པར་བགྲོད་པས་རྟོག་པ་གསར་པ་རེ་སྐྱེ་བས། ཁྲིད་གཞུང་ལས། དེ་ནས་རིམ་གྱིས་དུར་ཁྲོད་ཁང་སྟོང་དང༔ ངམ་གྲོག་གཡང་ས་དགྲ་བགེགས་ཆགས་སྡང་ཡུལ༔ རིམ་པས་བགྲོད་པས་རྟོག་པ་གསར་པ་སྐྱེ༔ ཞེས་གསུངས་པས་དུག་གསུམ་བྱེ་བྲག་གི་གེགས་སེལ་ལས། ཞེ་སྡང་གི་གེགས་སེལ་ནི། དེ་ཡང་དགྲ་བགེགས་ལྟ་བུར་ཞེ་སྡང་དང་འཇིགས་སྐྲག་སྐྱེས་ན། ཁྲིད་གཞུང་ལས། ཞེ་སྡང་སྐྱེས་ན་དེ་ཡི་ངོ་བོ་བལྟ༔ དགྲ་བོ་གཉེན་དུ་འགྱུར་སྲིད་སྒྱུ་མ་ཡིན༔ ཞེས་དང་། དགྲ་འདྲེའི་རྐྱེན་གྱིས་འཇིགས་ཤིང་སྐྲག་པ་ན༔ གཅེས་པའི་འཛིན་པ་དམ་པོས་བྱུང་བ་སྟེ༔ ལུས་འདི་སྐྲག་ན་ཆུ་བུར་ས་རྡོ་འདྲ༔ ཇི་ལྟར་བྱས་ཀྱང་འཆི་བས་རྒྱངས་ཀྱིས་བསྐྱུར༔ ཅེས་དང་། དགྲ་དང་འདྲེ་ཡང་རྨི་ལམ་སྣང་བ་འདྲ༔ གཉིད་ཀྱི་དགྲ་འདྲེ་སད་དུས་གང་ན་འདུག༔ དེ་བཞིན་ད་ལྟའི་འཛིན་སྣང་འདིས་འཕུང་བས༔ འཛིན་སྣང་དོར་ན་སེམས་ལ་དགྲས་མི་འཇིགས༔ ལྷོད་གློད་རྒྱངས་བསྐྱུར་མ་བཅོས་ངང་ལ་བཞག༔ ཅེས་གསུངས་པས་དགྲ་ལ་ཞེ་སྡང་དྲག་པོ་སྐྱེས་ན་དེ་ཡི་ངོ་བོར་བལྟས་ཏེ་མཉམ་པར་བཞག་པས་དགྲར་འཛིན་གྱི་སྣང་བ་རང་སར་ཞིག་པས་དགྲ་ཡང་གཉེན་དུ་འགྱུར་བས་སྒྱུ་མ་དང་འདྲ། དགྲ་དང་འདྲེར་འཛིན་གྱི་རྣམ་རྟོག་ཨ་འཐས་པས་འཇིགས་སྐྲག་གི་སྣང་བ་ཤར་ན་རང་ཉིད་གཅེས་འཛིན་གྱི་འཇུར་བུ་དམ་པོ་ལས་བྱུང་བས་འདི་ལྟར་བསམས་ཏེ། ལུས་འདི་སྐྲག་ན་ཆུ་བུར་ས་རྡོ་དང་འདྲ་བས་གཅེས་པར་བཟུང་ཡང་ནམ་ཞིག་ན་འཆི་ལ། དགྲ་འདྲེའི་སྣང་བ་ཤར་ན་ཡང་རྨི་ལམ་དང་འདྲ་བས་གཉིད་སད་པའི་ཚེ་གང་དུ་ཡང་མེད་པས། གཉིས་འཛིན་གྱི་སྣང་བ་དོར་ན་རང་སར་གྲོལ་བས་ལྷོད་ཀྱིས་གློད་ལ་མ་བཅོས་པར་བཞག །འདོད་ཆགས་ཀྱི་གེགས་སེལ་ནི། ཁྲིད་གཞུང་ལས། འདོད་ཆགས་སྐྱེས་ན་དེ་ཡི་ངོ་བོ་བལྟ༔ ཤ་ཁྲག་ལང་ཚོ་མི་རྟག་རྨི་ལམ་འདྲ༔ གང་ལའང་སྙིང་པོ་མེད་ཀྱི་ཆགས་ཞེན་སྐྱུངས༔ འཛིན་མེད་དྲན་པས་མཉམ་གཞག་བརྟན་པར་མཛོད༔ ཅེས་གསུངས་པས་འདོད་ཆགས་སྐྱེས་ན་དེའི་ངོ་བོ་ལ་བལྟ་ཞིང་ཆགས་ཡུལ་གྱི་ཤ་ཁྲག་ལང་ཚོ་ཐམས་ཅད་མི་རྟག་ཅིང་རྒས་པར་འགྱུར་བ་དང་མི་སྡུག་པའི་རང་བཞིན་རྨི་ལམ་འདྲ་བས་ཆགས་ཞེན་གྱི་བློ་བསྒྱུར་ནས་འཛིན་མེད་དུ་འཇོག །གཏི་མུག་གི་གེགས་སེལ་ནི། ཁྲིད་གཞུང་ལས། ཤེས་པ་རྫི་འཁོར་གསལ་ཆ་མ་ཐོན་ན༔ དྲན་པས་ཏུར་བཟུང་བདག་ལ་གསོལ་བ་ཐོབ༔ མ་རིག་བག་ཆགས་འཐིབས་པོ་དྲན་པས་ཟུངས༔ ཤེས་པ་གཟེངས་བསྟོད་མཉམ་གཞག་དར་གཅིག་མཛོད༔ ཅེས་གསུངས་པས་བྱིང་ཞིང་འཐིབས་ཏེ་ཤེས་པ་རྫི་འཁོར་ནས་གཏི་མུག་གི་དབང་གིས་གསལ་ཆ་མ་ཐོན་ན། དྲན་འཛིན་གྱི་ངང་ནས་གུ་རུ་སྤྱི་བོར་བསྒོམས་ཤིང་མོས་གུས་ཀྱིས་གསོལ་བ་བཏབ་སྟེ་ཤེས་པ་གཟེངས་སྟོད་ཅིང་མཉམ་གཞག་བྱ། འདི་ནི་གུ་རུ་པདྨས་རིག་འཛིན་རྒོད་ལྡེམ་ཅན་ལ་དག་སྣང་དུ་ཞལ་གདམས་ངོ་སྤྲོད་གསུངས་པ་ལས། རྐྱེན་སྣང་ཐེ་ཚོམ་གྱིས་སེམས་ཀྱི་རྒྱུད་དཀྲུགས་ནས་ཅི་ཡང་བྱེད་མ་ཤེས་པ་རྫི་འཁོར་ན་རིག་པ་རང་ལུགས་ཀྱི་ངང་ནས་བླ་མ་ལ་གསོལ་བ་ཐོབ། དེའི་རྗེས་སུ་ཤར་བའི་བློ་གྲོས་རྣམ་རྟོག་གིས་མ་བསླད་པ་དེ་སྒྲོ་འདོགས་ཆོད་པའི་སྙིང་གཏམ་ཡིན་ནོ། ཞེས་གསུངས་པ་དང་དོན་གཅིག་པར་སྣང་། དེ་ལྟར་དུག་གསུམ་གྱིས་ཀུན་ནས་བསྐྱེད་པའི་བག་ཆགས་རྣམ་རྟོག་གི་རང་གཟུགས་ན་བ་དང་འཆི་བའི་རྣམ་རྟོག་གི་སྡུག་བསྔལ་ཤར་ན་དེ་དག་གི་བྱུང་གནས་འགྲོ་གསུམ་བརྟག་པ་དང་ལམ་དུ་ཁྱེར་ཚུལ་ནི། ཁྲིད་གཞུང་ལས། ནད་དང་འཆི་བའི་སྡུག་བསྔལ་བྱུང་བའི་ཚེ༔ དེ་ཡི་བྱུང་ས་གནས་ས་ངོ་བོ་བལྟ༔ ན་བ་གཅེས་འཛིན་འཐས་པའི་བག་ཆགས་ཡིན༔ སྡུག་བསྔལ་ཤི་ཡི་དོགས་པའི་རྣམ་རྟོག་ཡིན༔ ཟུག་གཟེར་ཉོན་མོངས་ལས་ཀྱི་རྣམ་སྨིན་ཡིན༔ ལེགས་པར་བརྟགས་ན་ཡང་དག་ཆོས་སྐུ་སྟེ༔ ན་བའི་དུས་ན་གར་ཡང་སོང་བ་མེད༔ གཅེས་འཛིན་མི་བྱ་འཆི་བའི་འཇིགས་པ་དོར༔ ཟུག་གཟེར་རོ་ལ་མི་མྱང་མཉམ་པར་བཞག༔ དེ་ཕྱིར་སྐྱོན་རྣམས་ཅི་བྱུང་ཐམས་ཅད་ལ༔ བྱུང་ས་འགྲོ་ས་གནས་ས་ལེགས་པར་བརྟག༔ དོན་ལ་རྒྱུ་རྐྱེན་མེད་དོ་འཛིན་པ་ཆོད༔ མ་བཅོས་ངང་ལ་མཉམ་གཞག་བརྟན་པར་བྱ༔ དེ་ཡིས་ལམ་གྱི་གེགས་དང་བར་ཆད་སེལ༔ ཞེས་གསུངས་པའི་དོན་ལུས་ལ་ནད་བྱུང་བའི་ཚེ་ནད་དེ་དང་པོ་གང་ནས་བྱུང་བར་དུ་གང་དུ་གནས་ཐ་མ་གང་དུ་འགྲོ་བརྟག་ཅིང་ནད་ཀྱི་ངོ་བོ་ལ་བལྟ། དེ་ཡང་གཅེས་འཛིན་འཐས་པའི་བག་ཆགས་ལས་ནད་དང་། དེའི་སྡུག་བསྔལ་ཤི་དོགས་ཀྱི་རྣམ་རྟོག་དང་ཟུག་གཟེར་སྔོན་ལས་ཀྱི་རྣམ་སྨིན་དུ་ཤེས་པས་ཟུག་གཟེར་གྱི་རོ་མི་མྱང་ཞིང་ལེགས་པར་བརྟགས་ན་རྣམ་རྟོག་གི་རང་གཟུགས་ཆོས་སྐུ་བདེ་བ་ཆེན་པོར་འཆར་ཞིང་། དེ་བཞིན་དུ་རྐྱེན་བཟང་ངན་ཐམས་ཅད་ཀྱི་བྱུང་གནས་འགྲོ་གསུམ་བརྟག་ཅིང་མཁན་པོ་རྩད་ཆོད་པས་མ་བཅོས་པའི་ངང་ལ་མཉམ་པར་བཞག་པས་ལམ་གྱི་གེགས་དང་བར་ཆོད་ཐམས་ཅད་སེལ་བར་གསུངས་ཏེ། ཀ་དག་གི་ཆོས་སྡེ་གེགས་སེལ་ནོར་བུའི་བང་མཛོད་ལས། དེ་ལྟར་སྒོ་གསུམ་རང་ལུགས་སུ་བཞག་པས་རྣམ་རྟོག་ཕྲ་རགས་ཐམས་ཅད་ཞི་ནས་སེམས་རང་སར་ལྷན་གནས་པ་ཞིག་འབྱུང༔ དེ་ཀ་ལ་ཞི་གནས་ཞེས་བྱའོ༔ ཞེས་གསུངས་པའི་ཕྱིར་རོ། །འདི་ཡན་ཆད་སེམས་འཛིན་གྱི་ཞི་གནས་སུ་བཞག་ཐབས་དེ་དག་གི་གེགས་སེལ་དང་བཅས་པའི་རིམ་པའོ། །གཉིས་པ་ལྟ་ཐོག་ནས་སྒོམ་འཚོལ་བ་སེམས་འཚོལ་གྱི་སྒོ་ནས་གདར་ཤ་གཅོད་པ་ནི། རྩ་བ་ལས། དེ་ནས་ལུས་སེམས་སྣང་སེམས་བརྟག་པར་བྱ། །བྱུང་གནས་འགྲོ་གསུམ་བརྟགས་ལ་ཕུ་ཐག་གཅད། ཅེས་གསུངས་པ་ཁྲིད་གཞུང་དུ་ལུས་སེམས་དང་སྣང་སེམས་བརྟག་པ་མ་གསུངས་ཀྱང་། བླ་མའི་གསུང་རྒྱུན། ལུས་ལས་སེམས་བྱུང་ངམ་སེམས་ལས་ལུས་བྱུང་བརྟགས་པས་ཉམས་མྱོང་གང་བྱུང་བླ་མར་ཞུ། སྣང་སེམས་གཉིས་ཀྱང་དེ་དང་མཚུངས་པར་བརྟག །དེ་དག་གི་དོན་འོག་ཏུ་ངོ་སྤྲོད་ཀྱི་སྐབས་སུ་སྟོན། བྱུང་གནས་འགྲོ་གསུམ་བརྟག་པ་ནི། ཁྲིད་གཞུང་ལས། དེ་ནས་རྣལ་འབྱོར་སེམས་ཀྱི་ངོ་བོ་བལྟ༔ དང་པོ་ཞག་གསུམ་སེམས་ཀྱི་བྱུང་ས་བསམ༔ བྱུང་ས་འདུག་ན་དེ་ཡི་རྩ་བ་བརྟག༔ བྱུང་ས་མེད་ན་རྒྱུ་མེད་ཅི་ལ་སྲིད༔ དེ་ནས་ཞག་གསུམ་སེམས་ཀྱི་ཁ་དོག་དང༔ གཟུགས་དང་དབྱིབས་སུ་གྲུབ་བམ་མ་གྲུབ་བལྟ༔ གྲུབ་ན་ལེགས་པར་དེ་ཡི་རྩ་བ་གཅད༔ མ་གྲུབ་འདུག་ན་འཕྲོ་འདུ་ཅི་ལས་བྱུང༔ དེ་ནས་ཞག་གསུམ་སེམས་ཀྱི་འགྲོ་ས་བརྟག༔ འགྲོ་ས་འདུག་ན་དེ་ཡི་རྩ་བ་བཅད༔ འགྲོ་ས་མེད་ན་བློ་གཏད་ཇི་ལྟར་བྱེད༔ ཁ་ཙམ་ཚིག་ཙམ་མ་ཡིན་ལེགས་པར་བརྟག༔ ཅེས་གསུངས་པའི་དོན་སེམས་ཞེས་བྱ་བ་འདི་དང་པོ་གང་ནས་བྱུང་། བར་དུ་གང་དུ་གནས། ཐ་མར་གང་དུ་འགྲོ་སེམས་དེ་ཡི་གཟུགས་ཆེ་ཆུང་། དབྱིབས་ཟླུམ་པོ་གྲུ་བཞི་སོགས་ཇི་ལྟར་འདུག །གཟུགས་སུ་གྲུབ་ན་ཁ་དོག་དཀར་དམར་སོགས་ཇི་འདྲར་སྣང་། གཅིག་དང་དུ་མ་ཇི་ལྟ་བུ་ཞིག །གཅིག་ཏུ་འདུག་ན་དེ་ཡང་ཇི་ལྟ་བུ། མང་པོར་འདུག་ན་གྲངས་ཇི་ཙམ། ཕྱི་རོལ་ཚོགས་དྲུག་གི་ཡུལ་སྣང་གང་དུ་གནས། རང་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གང་དུ་གནས། མང་པོར་འདུག་ན་སོ་སོར་དབྱིབས་ཁ་དོག་སོགས་སུ་གྲུབ་པ་གཞིར་བཅས་པས་ཇི་ལྟར་སྣང་། གཅིག་པུར་འདུག་ན་དེ་ཡང་གཟུགས་དབྱིབས་སོགས་ཅི་འདྲ་བ་ཞིག །ལུས་འདིར་སེམས་གནས་པའི་ཕྱིར་ལུས་ཀྱི་ནང་ནས་ཕྱིར་འཕྲོ་བའི་ཚེ། ཕྱི་རོལ་ཏུ་འཕྲོ་བའི་སེམས་དང་ནང་དུ་གནས་པའི་སེམས་གཉིས་སུ་བྱུང་བས་གཉིས་སུ་སྣང་ངམ། གཅིག་ཏུ་འདུག་ན་ཕྱིར་འཕྲོ་བའི་ཚེ་ནང་ན་སེམས་མེད་པ་ཤི་བའི་རོ་དང་འདྲ་བ་ཞིག་འདུག་གམ་ཇི་ལྟར་ཡིན་སོགས་ཁྲིད་གཞུང་ལྟར་ན་ཞག་དགུའི་བར་དང་། དབང་བརྟུལ་ལ་དེར་ཡང་མ་ཚད་པའི་ཞག་མང་པོའི་བར་རྟོག་ཏུ་འཇུག་ཅིང་བླ་མས་སོ་སོར་དྲི་བ་ལེན། འདི་སྐབས་འགའ་ཞིག་གིས་བརྟག་དཔྱད་མ་བཏང་བར་འོལ་ཚོད་ཀྱིས་ལན་འདེབས་པ་དང་། འགའ་ཞིག་གིས་དཔེ་ལ་བལྟས་པའི་ལན་འདེབས་པ་སོགས་སྣ་ཚོགས་ཡོང་བས་རིག་ཐོག་ནས་གདར་ཤ་བཅད་པའི་དྲིས་ལན་ཚུལ་བཞིན་མ་བྱུང་གི་བར་དུ་ངོ་སྤྲོད་ལ་རིངས་རྒྱུ་མེད་པས་ཡང་ཡང་བསྐྱར་ཞིང་དྲི་བ་རྡོ་རུས་ཐུག་པར་ལེན་པ་གནད་དུ་ཆེའོ། །དེ་ལྟར་སེམས་འཚོལ་གྱི་རིམ་པ་འདི་ཡན་ཆད་སྔོན་འགྲོའི་རིམ་པའོ། །དངོས་གཞི་ཐོག་མར་བྱུང་གནས་འགྲོ་གསུམ་སོགས་ངོ་སྤྲོད་པའི་རིམ་པ་ལ། རྩ་བ་ལས། དེ་ནས་སེམས་ཉིད་སྟོང་གསལ་འཛིན་མེད་དེ། །ཡེ་ནས་སྐུ་གསུམ་ཡིན་པར་ངོ་སྤྲད་དེ། །ངོ་བོ་སྟོང་པ་ཆོས་སྐུ་དེ་ཡི་མདངས། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་སྐུ་དང་། །ཐུགས་རྗེ་ཅིར་ཡང་མ་འགག་སྤྲུལ་སྐུ་དེ། །དོན་ལ་རང་རིག་མ་བཅོས་རྗེན་པ་འདི། །གསལ་སྟོང་དབྱེར་མེད་སྣང་སྟོང་དབྱེར་མེད་དང་། །རིག་སྟོང་དབྱེར་མེད་གསལ་ལེ་སིང་ངེ་བ། །ཡེར་རེ་སྤྲོས་པའི་མཐའ་དང་བྲལ་བ་འདི། །ཡེ་ནས་སྐུ་གསུམ་བླ་མ་རང་ཆས་ཡིན། །ཞེས་གསུངས་པའི་དོན། ཁྲིད་གཞུང་ལས། ངེས་པར་གོ་ན་སེམས་ཀྱི་ངོ་བོ་འདི༔ དང་པོ་བྱུང་ས་མེད་དེ་ནམ་མཁའ་འདྲ༔ ས་གཞི་རང་ཡང་སྟོང་པའི་ངང་ལས་གྲུབ༔ ངོས་བཟུང་མེད་པར་ཅི་ཡང་སྐྱེ་བ་སྟེ༔ ས་གཞི་ལོ་ཏོག་སེམས་ཅན་སྐྱེ་འཆི་དང༔ ནམ་མཁའི་སྤྲིན་དང་ཆར་དང་འབྲུག་བཞིན་ནོ༔ སེམས་ཀྱི་གཟུགས་དང་ཁ་དོག་དབྱིབས་རྣམས་ནི༔ ངོས་བཟུང་མེད་དེ་སྟོང་པའི་རང་གདངས་ཡིན༔ སྣ་ཚོགས་ཅིར་ཡང་འཆར་བས་སྤྲུལ་པའི་ལམ༔ ཐ་མ་སེམས་ཀྱི་འགྲོ་ས་ག་ལ་སྲིད༔ དཔེར་ན་གླིང་བཞིའི་འཇིག་རྟེན་འཇིག་པའི་ཚེ༔ སྟོང་པ་ཆེན་པོ་ནམ་མཁའི་ངང་དུ་ཐིམ༔ ནམ་མཁའ་སྟོང་པ་དག་ལ་འཇིག་རྒྱུ་མེད༔ དེ་བཞིན་ལུས་དང་འཛིན་པའི་ཡུལ་སྣང་ཞིག༔ སྟོང་པར་འགྲོ་སྟེ་སེམས་འདི་སྟོང་པ་མེད༔ མདོར་ན་སེམས་ཀྱི་ངོ་བོ་གསལ་སྟོང་ཡིན༔ དེ་ལ་ཞེན་ཆགས་ཕྱོགས་འཛིན་བྱེད་པ་འཁྲུལ༔ རིག་པ་བཅོས་མེད་རང་ཤར་འཛིན་མེད་ལྟོས༔ ཞེས་གསུངས་པ་ལྟར་འཆད་པ་ནི། དང་པོ་སེམས་ཀྱི་བྱུང་ས་ནམ་མཁའ་དང་འདྲ་བའི་སྟོང་པ་ཡིན་པས། དཔེར་ན་སྣོད་ཀྱི་འཇིག་རྟེན་ས་གཞི་སོགས་ཀྱང་སྟོང་པའི་ངང་ལས་གྲུབ་པས་ངོས་བཟུང་མེད་པ་ལས་ཅི་ཡང་སྐྱེ་བ་སྟེ། ས་གཞི་ལོ་ཏོག་སེམས་ཅན་སྐྱེ་འཆི་ཐམས་ཅད་ནམ་མཁར་སྤྲིན་དང་དེ་ལས་ཆར་དང་འབྲུག་གྲགས་པ་བཞིན་ནོ། །སེམས་ལ་གཟུགས་དང་ཁ་དོག་དབྱིབས་རྣམས་ངོས་བཟུང་མེད་ཀྱང་སྟོང་པའི་རང་མདངས་ཚོགས་དྲུག་གི་ཡུལ་སྣང་སོ་སོར་ཅིར་ཡང་འཆར་བས་འཁྲུལ་པ་ཡིན་ནོ། །བར་དུ་སེམས་ཀྱི་གནས་ས་གཅིག་ཏུ་མ་ངེས་ཤིང་། རང་སྣང་ཤར་བའི་ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་རིག་པ་གར་གཏད་དུ་གནས་པར་བྱེད་པས་མཐའ་གཅིག་ཏུ་ངོས་གཟུང་མེད། ཐ་མ་སེམས་ཀྱི་འགྲོ་ས་ཡང་རྩིས་གདབ་མེད་དེ་དཔེར་ན་སྣོད་ཀྱི་འཇིག་རྟེན་རྟག་བརྟན་ཐེར་ཟུག་ལྟ་བུར་སྣང་བ་འདི་ཡང་མཐར་མེ་བདུན་ཆུ་གཅིག་སོགས་ཀྱིས་འཇིག་པའི་ཚེ་སྟོང་པ་ཆེན་པོ་ནམ་མཁའི་ངང་དུ་ཐིམ་ཞིང་། ནམ་མཁའ་སྟོང་པ་དག་ལ་འཇིག་རྒྱུ་མེད་པ་བཞིན། རང་གི་ལུས་དང་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་ཞིག་ཅིང་སྟོང་པར་གྱུར་ཀྱང་སེམས་འདི་སྟོང་པ་མེད་དོ། །སེམས་གཅིག་ལས་མེད་ཀྱང་རྩལ་སྣ་ཚོགས་སུ་འཆར་བས་གྲངས་སུ་རྩིས་གདབ་བྲལ་བ་ཡིན། དེ་ལྟར་ཡང་ཀ་དག་གི་ཁྲིད་གཞུང་ལས། རང་གི་བྱང་ཆུབ་སེམས་འདི་ལ༔ སེམས་ཀྱིས་ཡང་དང་ཡང་དུ་ལྟོས༔ གཟུགས་དང་ཁ་དོག་གྲུབ་པ་མེད༔ ཕྱོགས་དང་རིས་སུ་གྲུབ་པ་མེད༔ མཐའ་དང་དབུས་སུ་གྲུབ་པ་མེད༔ བྱུང་ས་གནས་ས་འགྲོ་ས་མེད༔ སྟོང་པ་ཅི་ཡང་མ་གྲུབ་པ༔ གསལ་ལ་དྭངས་པ་འདི་མཐོང་ན༔ རང་ངོ་རང་གིས་ཤེས་པ་ཡིན༔ ཞེས་གསུངས། དེ་ལྟ་བུའི་སེམས་ཀྱི་ངོ་བོ་དེ་གསལ་སྟོང་སྣང་སྟོང་རིག་སྟོང་དབྱེར་མེད་གསལ་ལེ་སིང་ངེ་ཧྲིག་གེ་ཡེར་རེ་སྤྲོས་པའི་མཐའ་དང་བྲལ་བ་དེ་ངོ་བོ་སྟོང་པ་ཆོས་སྐུ །དེའི་རང་མདངས་རང་བཞིན་གསལ་བ་ལོངས་སྐུ །ཐུགས་རྗེ་ཅིར་ཡང་མ་འགགས་པ་སྤྲུལ་སྐུ་སྟེ་སྐུ་གསུམ་རང་ཆས་སུ་གྲུབ་པ་དེ་ལ་ཞེན་ཆགས་དང་ཕྱོགས་གཅིག་ཏུ་འཛིན་པ་འཁྲུལ་པ་ཡིན་པས་རིག་པ་བཅོས་མེད་རང་ཤར་རང་གྲོལ་འཛིན་མེད་ཀྱི་ངོ་བོར་ལྟོས་ཤིག་ཅེས་ངོ་སྤྲོད་པ་དང་། དེ་བཞིན་དུ་ལུས་སེམས་ཀྱང་དང་པོར་སེམས་དང་དེ་ལས་ལུས་གྲུབ་ཅིང་སྣང་བ་ཡང་སེམས་ཀྱི་རྩལ་སྣང་ཆུ་དང་ཆུ་ལྦུར་ལྟ་བུ་ཡིན་པར་གསུངས་པས་མདོར་ན་སློབ་མའི་དྲི་བ་དང་རྒྱུད་ཚོད་བསྟུན་ནས་ངོ་སྤྲད་དོ། །འདི་ལ་སྤྲོ་ན་བཤད་གཞི་ཡངས་པས་མཐའ་གཅོད་དང་རྒྱས་བཤད་མང་དུ་འབྱུང་ཡང་འདི་ཙམ་གྱིས་དོན་གོ་བར་སེམས་སོ། །སྐབས་འདིར་གོང་གི་འཕྲོས་སུ། རྩ་བ་ལས། དེ་ལས་ལོགས་སུ་ཞི་དང་ཁྲོ་བོ་སོགས། །སངས་རྒྱས་ཡར་ལ་འཚོལ་བའི་རེ་བ་དང་། མར་ལ་ངན་སོང་འཁོར་བར་ལྷུང་དོགས་པའི། །རེ་དོགས་དང་བྲལ་བར་དོ་རྣམ་གསུམ་གཅོད། །འཁོར་འདས་ཤན་ཕྱེད་བེམ་རིག་མགོ་ལྟག་ཕྱེད། །གཟུང་འཛིན་རང་གྲོལ་འོད་གསལ་མ་བུ་འཕྲོད། །རང་རིག་ངོ་བོ་མ་བཅོས་ཐོད་ཕྲེང་རྩལ། །ཞེས་པའི་དགོངས་དོན་མཐར་ཐུག་ཁྲིད་ཡིག་གི །ཟིན་བྲིས་ཡང་ཏིག་གཅེས་སྒྲོན་གསལ་བྱེད་འདི། །རིག་འཛིན་བརྒྱུད་པའི་གསུང་རྒྱུན་མ་ཉམས་པར། །བཀའ་གཏེར་སྙན་བརྒྱུད་འཛིན་པའི་ལྡོམ་བུ་པ། །ཕྲིན་ལས་རབ་རྒྱས་གང་དེས་བྲིས་པ་ལ། །ནོངས་པ་མཆིས་ན་ཆོས་སྲུང་ཀུན་ལ་བཤགས། །དགེ་འདིས་ཀུན་བཟང་གདོད་མའི་ས་ཐོབ་ཤོག །ཅེས་དོན་བསྡུས་ཏེ་བཤད་ཅིང་། ཁྲིད་གཞུང་ལས་ངོ་སྤྲོད་དངོས་གཞི་ལ་དོན་གསུམ་གྱི། དང་པོ་ནམ་མཁའ་ལ་ཕྱག་མཛུབ་གཏད་དེ་ངོ་སྤྲད་པ་དང་། གཉིས་པ་མན་ཤེལ་ལ་ལྟ་སྟངས་གཏད་དེ་ངོ་སྤྲད་པ། གསུམ་པ་སློབ་བུའི་སྙིང་ཁར་ཕྱག་མཛུབ་གཏད་ནས་ངོ་སྤྲད་པ་སྟེ་གསུམ་དུ་གསུངས་པའི་དང་པོ་འདིར་གཏེར་ཤོག་ལ། གུ་རུའི་སྐུ་ཆོས་གོས་དང་མཉེན་ཞུ་གསོལ་བ་རྡོ་རྗེའི་སྐྱིལ་ཀྲུང་ཅན་ཕྱག་གཡས་རྡོ་རྗེ་ཐུགས་ཀར་སྡིགས་མཛུབ་ཀྱིས་འཛིན་ཅིང་གཡོན་ཕྱག་མཛུབ་དང་ལྟ་སྟངས་ནམ་མཁའ་ལ་གཏད་པ་ཞིག་བྲིས་པ་ལྟར་དཔེ་རྒྱུན་དུ་ཡང་ཡོད་ཅིང་། ཁྲིད་གཞུང་དེ་ཉིད་ལས། ཕྱི་རབས་ང་ཡི་རྗེས་ནས་འཇུག་པ་རྣམས༔ ངོ་སྤྲོད་ཀྱི་སྐབས་སུ་བླ་མས་ཕྱག་རྒྱ་འདི་ལྟ་བུར་སྟོན་ཅིག༔ སློབ་བུས་བླ་མ་པདྨ་འབྱུང་གནས་ང་ཉིད་དངོས་སུ་མོས་པས་ཆོས་ཉིད་ཀྱི་དོན་རྩེ་གཅིག་ཏུ་རྟོགས་ཤིག༔ ངའི་ཐུགས་ཀྱི་བཅུད་རྩོལ་མེད་དུ་ལོངས་པར་འགྱུར་རོ༔ ཞེས་གསུངས་པས། སྤྲོ་ན་དེ་ལྟར་བྱ་ཞིང་གཞན་དུ་དམིགས་པ་ཙམ་གྱིས་འཐུས་པར་སེམས་སོ། །ངོ་སྤྲོད་དང་པོ་ནི། བླ་མས་གཡོན་པའི་སྡིགས་མཛུབ་ནམ་མཁར་གཏད་ལ། ཁྲིད་གཞུང་ལས། རིགས་ཀྱི་བུ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཇི་ལྟར་སྣང་ཡང་དོན་ལ་ཡོད་མ་མྱོང་བ་གཅིག་ཡིན༔ ཞེས་སོགས་ཁྲིད་གཞུང་ལྟར་ངོ་སྤྲོད་བྱ་དགོས་པས་རྒྱས་བཤད་ནི་ཁྲིད་གཞུང་རིམ་པར་ཀློག་ཅིང་དོན་ལེགས་པར་འགྲོལ་དགོས་པས་འདིར་ཚིག་དོན་མདོར་བསྡུས་ཏེ་བཤད་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཇི་ལྟར་སྣང་ཡང་དོན་ལ་ཡོད་མ་མྱོང་བ། དེ་ཡང་བརྗོད་བྲལ་ཡིན་པས་ཁ་ནང་དུ་བལྟས་ཏེ་རང་གི་སེམས་ལ་བལྟས་པས་དང་པོར་བྱུང་ས་དང་རྒྱུ་མེད་པ། བར་དུ་འདིར་གནས་དངོས་པོ་དང་མཚན་མར་མ་གྲུབ་པ། ཐ་མ་འགྲོ་ས་དང་འགྲོ་རྒྱུ་འགགས་པ་མེད་པ་ཞིག་ཡིན། དེ་བས་ན་འཇིག་རྟེན་གྱི་སྡུག་བསྔལ་ལམ་དུ་སློང་བ་དང་སྐྱེ་རྒ་ན་འཆི་བཞིར་མི་འཇིགས་པའི་གདིང་དགོས་པས་དེ་ལ་བར་དོ་རྣམ་པ་གསུམ་ཆོད་དགོས་ཏེ། དེ་ལྟ་བུའི་བར་དོ་ལ་ཡང་རྣམ་པ་བཞི་དང་དྲུག་ཏུ་དབྱེ་བ་ཡོད་ཀྱང་། འདིར་གསུམ་དུ་བསྡུས་ཏེ་སྲིད་པ་བར་དོ་དང། རྨི་ལམ་གྱི་བར་དོ་དང་། སྐྱེ་འཆིའི་བར་དོ་དང་གསུམ་དུ་བྱས་པའི་དང་པོ་སྲིད་པའི་བར་དོ་ནི། ཐོག་མར་འཁྲུལ་ནས་མཐར་འཁྲུལ་པ་མ་དག་གི་བར་དུ་འཁོར་བར་སྐྱེ་འཆི་དང་སྡུག་བསྔལ་རྒྱུན་མི་ཆད་པར་སྤྱོད་ཅིང་མྱོང་བས་ན་སྲིད་པ་བར་དོ་ཞེས་བྱ་ལ། སྲིད་པའི་བར་དོ་དེར་སེམས་ཉིད་ཕྱིན་ཅི་མ་ལོག་པའི་དོན་མ་རྟོགས་ན་འདུས་བྱས་ཀྱི་དགེ་རྩ་ཇི་ཙམ་བྱས་ཀྱང་དགེ་འབྲས་དེས་སྐྱེ་བ་འགའ་ཞིག་ངན་སོང་དུ་མི་འགྲོ་ཡང་མཐར་དགེ་བའི་རྟེན་དེ་ནམ་ཟད་པ་ན་སླར་ཡང་ངན་སོང་དུ་ལྷུངས་ཏེ་སྡུག་བསྔལ་ལས་མི་ཐར་བས། འདུས་བྱས་ཀྱི་དགེ་བས་སངས་རྒྱས་པ་ལ་རྟ་རྔ་ཉག་མ་གཅིག་ཙམ་གྱི་ཉེར་མི་འགྲོ་ཞིང་འཁོར་བ་ལས་མི་འཕགས་པ་ཡིན་གསུངས། དེའི་རྒྱུ་མཚན་ནི་གཉིས་པ་རྨི་ལམ་བར་དོའི་དཔེས་བསྟན་ཏེ། གཉིད་དུ་སོང་དུས་ཀྱི་རྨི་ལམ་དུ་བདེ་སྡུག་ཅི་རྨིས་ཀྱང་ལུས་ངག་གཉིས་ལ་མ་རྨིས་ཏེ་སེམས་ཁོ་ན་ལ་རྨིས་པ་བཞིན་དུ་འཆི་བའི་དུས་སུ་ལུས་བོར་ངག་འགགས། བཟང་ངན་ཐམས་ཅད་སེམས་ལ་སྨིན་པར་འགྱུར་བས་ད་ལྟ་རང་སེམས་མ་བཅོས་རང་སར་བཞག་པས་བདེ་སྡུག་གི་རྣམ་རྟོག་ཇི་ལྟར་ཤར་ཡང་རང་བྱུང་ཆོས་སྐུར་ངོ་ཤེས་པར་འགྱུར་རོ། གསུམ་པ་སྐྱེ་འཆིའི་བར་དོ་ནི། སྐྱེ་ནས་མ་ཤིའི་བར་དེར། སྐྱེ་བ་འདི་གཏན་གྱི་སོ་ནམ་བྱ་དགོས་པས་སྙིང་རུས་བསྐྱེད་དགོས་ཤིང་། ཚེ་འདིར་བླ་མ་དམ་པ་དང་གདམས་ངག་ཟབ་མོ་འཕྲད་ཅིང་ཉམས་སུ་བླངས་ན་བར་དོ་ཆོད་ཅིང་། དེས་རྣལ་འབྱོར་པའི་ལུས་རྒྱ་ཡང་ཆོད་པར་འགྱུར། དེ་ལྟར་བར་དོ་རྣམ་གསུམ་གཅོད་པ་ལ་མན་ངག་ཚིག་གསུམ་སྟེ། དང་པོ་འཁོར་འདས་གཅིག་ཏུ་བསྲེ་བ། གཉིས་པ་བེམ་རིག་མགོ་ལྟག་དབྱེ་བ། གསུམ་པ་སངས་རྒྱས་དང་སེམས་ཅན་གྱི་འབྲེལ་ཐག་བཅད་པ་སྟེ་གསུམ་ལས། དང་པོ་འཁོར་འདས་གཅིག་ཏུ་བསྲེ་བ་ནི། རང་སེམས་རྐྱེན་གྱིས་མ་བསླད་པར་རང་སར་བཞག་པས། གནས་ལུགས་གཞི་ནས་སྟོང་པ་ཀ་ནས་དག་པ་རང་བཞིན་གྱིས་གསལ་བ་འདི་ངོ་ཤེས་པར་བྱ། དེ་ཡང་ཐོག་མ་ནས་བཅོས་པ་མ་ཡིན་རང་བཞིན་དུ་གནས་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཐུགས་གཉིས་མེད་ཀྱི་ཡེ་ཤེས། སེམས་ཅན་གྱི་རིག་པ་བྱང་ཆུབ་ཀྱི་སེམས། རང་གི་རིག་པ་མ་བཅོས་པ་སོགས་ཐ་དད་མ་ཡིན་པར་གཅིག་ཏུ་གྲུབ་པ་དབྱེར་མེད་ཐ་མི་དད་དུ་རྟོགས་པས། རང་རིག་རང་དག་རང་གསལ་རྣམ་རྟོག་གིས་མ་བསླད་པ་དེ་ལ་མ་ཡེངས་པར་ཡུན་རིང་དུ་གོམས་སུ་བཅུག་པས་ངོ་བོ་བཅོས་མེད་ཀྱི་ངང་དུ་གནས་ཤིང་གསལ་བའི་དུས་འཁོར་འདས་གཉིས་གཅིག་ཏུ་འདྲེས་པ་ཡིན་ཞིང་། དེ་ལྟར་རྟོགས་པ་གདིང་དང་ལྡན་པས་ཡར་སངས་རྒྱས་ལ་རེ་བ་མེད། ཆོས་དང་སེམས་སུ་འདྲེས་པས་བཅོས་མེད་ཀྱི་རིག་པ་རང་ལུགས་གཉུག་མའི་ངང་ལ་གནས་པས་མར་ངན་སོང་དུ་ལྷུང་བའི་དོགས་པ་མེད་པས་འཁོར་འདས་གཅིག་ཏུ་བསྲེ་བའོ། །གཉིས་པ་བེམ་རིག་མགོ་ལྟག་དབྱེ་བ་ནི། སེམས་ཀྱི་རྟེན་ལུས་ཡིན་ཡང་རིག་པ་གནས་ལུགས་སྟོང་གསལ་དུ་གནས་པའི་དུས་ཕྱིའི་སྣང་ཡུལ་དགྲ་གཉེན་ལོངས་སྤྱོད་གང་སྣང་ཡང་འཛིན་པ་མེད་པས་སྣང་བ་རང་སར་སྟོང་། བར་དུ་རང་གི་ལུས་ཀྱང་འཛིན་མེད་ཀྱིས་ལུས་ཡོད་དུ་མི་ཚོར། ནང་སེམས་ཀྱང་འཛིན་མེད་རྣམ་རྟོག་རང་སར་ཞི། གང་ལ་ཡང་འཛིན་ཞེན་མེད་པ་དེའི་དུས་ཆོས་ཉིད་ཀྱི་རིག་པ་ལ་རྒྱུན་ཆད་མེད་པས་ལུས་མིར་འདུག་ཀྱང་སེམས་སངས་རྒྱས་དང་དགོངས་པ་མཉམ། བེམ་པོ་ལ་གཅེས་འཛིན་མེད་པར་རིག་པ་རང་གསལ་དུ་གནས་པས་བེམ་རིག་མགོ་ལྟག་ཕྱེད་པའོ། །གསུམ་པ་སངས་རྒྱས་དང་སེམས་ཅན་འབྲེལ་ཐག་བཅད་པ་ནི། སེམས་སྟོང་པ་མ་བཅོས་པ་དེ་ལ་སངས་རྒྱས་དང་སེམས་ཅན་དུ་མ་གྲུབ། དེ་ལྟར་ཉམས་སུ་བླངས་པས་ཐག་ཆོད་ཡིད་ཆེས་ཀྱི་གདིང་རྙེད་ཅིང་དོན་རྟོགས་པས་འཁོར་བའི་སྡུག་བསྔལ་དང་སྐྱེ་འཆི་ལ་ཉམ་ང་མེད། འཆི་དུས་ལུས་འཕོ་ངག་འགགས་ཀྱང་རིག་པ་རང་སར་གནས། རིག་སྟོང་འདྲེས་པ་དེ་ལ་ཕྱི་རོལ་གྱི་རྐྱེན་གྱིས་མི་གནོད། འཁོར་བའི་གདོས་ཐག་ཆོད་པས་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་མ་རྙེད། རྣམ་རྟོག་གི་རོལ་བརྒྱ་རིག་པ་སྐད་ཅིག་མའི་འོག་ཏུ་ཚུད། ཆོས་ཉིད་སྟོང་གསལ་ངང་ལ་ཉོན་མོངས་པའི་དུག་རོ་ལྡངས་མི་སྲིད། ལས་ཀྱི་རྣམ་སྨིན་ཟད་པས་སྡིག་པ་ཕྱགས་མས་བཏབ། ལུས་ལ་བླངས་པ་མེད་པས་ངན་སོང་གི་སྒོ་བཅད། སྣང་སྲིད་སེམས་སུ་ཤེས་པས་དམྱལ་བ་གཏན་ནས་སྤྲུགས། མན་ངག་འདི་ལྟར་ཉམས་སུ་ལེན་པའི་གང་ཟག་ལ་འཆི་བས་མི་འཇིགས། ཚེ་གཅིག་གིས་གཏན་འདུན་གྲུབ། འཁོར་འདས་གཉིས་མེད་ཀྱི་མན་ངག་ཚིག་གསུམ་གྱིས་སྐྱེ་འཆི་ལ་ཟློ་བའི་མན་ངག་གསང་སྔགས་ཀྱི་གསེང་ལམ་ཟབ་མོ་ཡིན་པས་ཉམས་སུ་ལོངས་ཤིག་གསུངས་སོ། །གཉིས་པ་མན་ཤེལ་ལ་ལྟ་སྟངས་གཏད་དེ་ངོ་སྤྲད་པ་ནི་མན་ཤེལ་བསྟན་ལ། རང་རིག་བྱང་ཆུབ་ཀྱི་སེམས་འདི་ལ་སེམས་ཀྱིས་བལྟས་པའི་ཚེ་གཟུགས་དང་ཁ་དོག་ཕྱོགས་རིས་མཐའ་དབུས་སུ་མ་གྲུབ་པས་བྱུང་གནས་འགྲོ་གསུམ་ཐམས་ཅད་སྟོང་པ་ཅིར་ཡང་མ་གྲུབ། ཕྱོགས་ཞེན་དང་བྲལ་བར་འདུག་པ་སྟོང་པ་དེ་ཡང་ངོ་བོ་ཉིད་མེད་པ་མ་ཡིན་ཏེ་གསལ་ལ་དྭངས་པ་མན་ཤེལ་ལྟ་བུ་འདི་མཐོང་ངམ། མ་མཐོང་ན་འཇིག་རྟེན་གྱི་ཟས་ནོར་དགྲ་གཉེན་གྱི་འཛིན་པ་ཐམས་ཅད་གོས་ཧྲུལ་བོར་བ་བཞིན་སྐྱུར། ལུས་ལ་གཅེས་པར་བཟུང་ཡང་ཤིང་སྡོང་གོག་པོའི་བྱ་ཚང་དང་འདྲ་བས་གཅེས་འཛིན་སྐྱུར། ཚོང་པ་བདེ་བའི་ལམ་འཚོལ་བ་ལྟར་ལུས་ངག་ཡིད་གསུམ་མཉམ་པར་ཞོག་ལ་ཆོས་ཉིད་ཀྱི་ལམ་འཚོལ། སྒེག་མོ་མེ་ལོང་བལྟ་བ་ལྟར་སེམས་ལ་ཡང་ཡང་ལྟོས། རྐུན་མ་གྲོང་ནས་འབྱུང་བ་ནང་དུ་རྩད་ཆོད། དགྲ་ངོ་ཤེས་དུས་སྒྲོལ་ལ་ཕྱིན་ཆད་སྒོ་སྡོམས། ཤེས་པ་གློད་ལ་ཉོལ། སེམས་མ་བཅོས་པའི་ངང་ལ་བལྟ་བ་ནི་རང་ངོ་རང་གིས་ཤེས་པ་ཡིན། ཆོས་ཉིད་ཀྱི་དོན་གོ་ཞིང་མཐོང་བ་ཡིན། གནས་ལུགས་གཏན་ལ་ཕེབས། ཤེས་བྱའི་སྒྲོ་འདོགས་ཆོད་པ་ཡིན། རང་སེམས་དངོས་པོར་མ་གྲུབ་པ་རང་བྱུང་རང་གནས་རྟག་ཆད་ཀྱི་མཐའ་ལས་འདས་པས་སངས་རྒྱས་གཞན་ནས་བཙལ་མི་དགོས་ཏེ་གཟུང་འཛིན་གྱི་རྟོག་པ་སངས་ནས་མ་བཅོས་པའི་ཡེ་ཤེས་རྒྱས། ངན་འགྲོར་འགྲོ་བའི་རྒྱུ་ངན་པ་དོར་རྒྱུ་མེད་པས་རིག་པ་རང་སར་དག །ཆོས་ལ་བྱེད་མཁན་དང་བྱ་རྒྱུ་མེད་པས་ཆོས་ཉིད་རང་གསལ་དུ་གསལ། ལྟ་བ་རང་ལ་ཡོད་པས་གཞན་ནས་བཙལ་དུ་མེད་པ་དེའི་དོན་རྟོགས་ནས་ཉམས་སུ་ལེན་པའི་ཚེ། རང་ལུས་རི་བོ་དགོན་པའི་གནས། ཕྱིའི་སྣང་བ་གང་ཤར་ཐམས་ཅད་སྣང་སྟོང་རང་བྱུང་རང་ཞི་སྤྲོས་པའི་མཐའ་དང་བྲལ་བར་བཞག །དེ་ལྟར་ཤེས་པས་སྣང་བ་གྲོགས་སུ་ཤར། གཟུང་འཛིན་རང་སར་དག །ཅི་བྱུང་ལམ་དུ་ཁྱེར་བས་ཉམས་ལེན་བདེ། འགྱུ་དྲན་རང་སར་དག་ཅིང་ལམ་དུ་སློང་། དེའི་ཚེ་བསྒོམ་བྱ་སྒོམ་བྱེད་ཐམས་ཅད་གྲོགས་སུ་ཤར་བས་ཉམས་ལ་གསལ་འགྲིབ་མེད། ཆོས་ཉིད་དང་ཡེ་ཤེས་རྒྱུན་ཆད་མེད། སྤྱོད་པ་ལ་ཡངས་དོག་མེད། སྡུག་བསྔལ་དང་གཟུང་འཛིན་མེད། རྒྱུན་ཆད་དང་ཕྱོགས་རིས་མེད། མི་འགྱུར་བའི་བརྟན་པ་ཐོབ་པས་དེ་ལྟར་ཉམས་སུ་ལོངས། མན་ངག་ཟབ་མོ་འདི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བརྟོལ་པ་ཡིན་པས། མཐོང་བལྟས་རེག་ཆོག་ཡིན་པའི་ཕྱིར་ན་སོ་རྒན་གཞོན་དབང་པོ་རྣོ་རྟུལ་ཤེས་རབ་ཆེ་ཆུང་སྐྱེ་བ་མཐོ་དམན་མེད་ཅིའི་ཕྱིར་ན་ཐམས་ཅད་སེམས་ལས་བྱུང་བའི་ཕྱིར་སེམས་མེད་པའི་སེམས་ཅན་མི་སྲིད་པས། བྱ་བ་ཐམས་ཅད་བྱིས་པའི་རྩེད་མོའམ་སྲིན་བུའི་ཁ་ཆུས་རང་བཅིངས་པ་དང་འདྲ་བ་རང་སྡུག་རང་གིས་ཉོས་པ་ཡིན་པས། ཐམས་ཅད་རྒྱངས་བསྐྱུར་འཛིན་ཞེན་མེད་པར་བཞག་པས་རིག་པ་གསལ་སྟོང་དུ་ཡེར་རེ་འབྱུང་བས། དེ་ལ་གོམས་པས་བེམ་རིག་བྲལ་དུས་ཡེ་ཤེས་ཆོས་ཀྱི་སྐུ་དང་འདུ་འབྲལ་མེད་པས་ཤིན་ཏུ་ཟབ། དེ་ལ་བརྟན་པ་ཐོབ་ཀྱི་བར་དུ་དགོས་པའི་མན་ངག་བརྒྱད་ཡོད་པས། འཆི་བ་བསམ་ཞིང་མི་རྟག་པ་དྲན་པར་བྱ་ཞིང་ཚེ་ལ་སྡོད་ལོངས་མེད་པས་བརྩོན་འགྲུས་སྐྱེད། བརྩོན་འགྲུས་གྲོགས་ལས་འབྱུང་བས་གྲུབ་ཐོབ་གོང་མའི་རྣམ་ཐར་སོམས། ལོང་གཏམ་འཆལ་གཏམ་སྤོངས་ལ་ཅིག་པུར་སྡོད། ཉེ་འབྲེལ་དང་བུ་ཚས་འཆིང་བས་འབྲེལ་ཐག་ཆོད། ཟས་ནོར་སྡུག་བསྔལ་ཡིན་པས་གང་བྱུང་ཟས་སུ་ཟོ། ལས་ངན་གྲོགས་ཀྱིས་སློབ་པས་སྡིག་སྤྱོད་ཀྱི་གྲོགས་མ་བསྟེན། ཚེ་འདི་དཔེ་ཙམ་ཡིན་པས་དོན་ལ་ཆེར་གྱིས་སྒོམས། མ་ཡེངས་ལམ་སྣ་ཡིན་པས་དྲན་པའི་རྩིས་ཟུངས། ཞེས་གསུངས་པ་ལྟར་ངོ་སྤྲད་དོ། །གསུམ་པ་སློབ་བུའི་སྙིང་གར་སྡིགས་མཛུབ་གཏད་ནས་ངོ་སྤྲད་པ་ནི། ཁྲིད་གཞུང་ལས། རིགས་ཀྱི་བུ་ལུས་ཙོག་པུར་འཇོག་ལ་དྲང་པོར་སྲོངས༔ སེམས་ཁོང་གློད་ལ་དར་གཅིག་ཞོག༔ ཅེས་གསུངས་པ་ལྟར་བརྗོད་ལ་ཚིག་དོན་ངོ་སྤྲད་པ་ནི། སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་ལ་ཁྱད་པར་ཅི་ཡོད་སྙམ་ན། རང་སེམས་སྐད་ཅིག་མ་འདིའི་དོན་རྟོགས་དང་མ་རྟོགས་ཀྱི་ཁྱད་ཡིན་པས། མ་རྟོགས་པས་མ་རིག་འཁྲུལ་པ་བྱུང་བས་དུག་ལྔ་སྣ་ཚོགས་སུ་ཤར་ནས་འཁོར་བར་འཁྱམས་པ་ཡིན། སངས་རྒྱས་ཀྱི་རྒྱུ་རང་ལ་ཡོད་པ་དེ་ངོ་མ་ཤེས། དེ་ལྟར་སངས་རྒྱས་ཀྱི་རྒྱུ་སེམས་ཅན་ཐམས་ཅད་ལ་ཡོད་ཅིང་སྒོས་དལ་འབྱོར་གྱི་མི་ལ་ཆེ་ཆུང་མཐོ་དམན་མེད་པར་ཡོད། དེ་རྟོགས་བྱེད་ཀྱི་ཐབས་སུ་སངས་རྒྱས་རྣམས་ཀྱིས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་བསྡུ་ན་ཚིག་གསུམ་དུ་འདུས། དེ་ཡང་ཇི་ལྟར་ན། ཕྱི་གཟུང་ཡུལ་དག་པས་སྣང་བ་རང་སར་གྲོལ༔ ནང་འཛིན་སེམས་དག་པས་རིག་པ་རང་སར་གྲོལ༔ བར་དུ་འོད་གསལ་མ་བུ་འཕྲོད་པས་རང་ངོ་རང་གིས་ཤེས་པའོ༔ དེའི་དོན་ཅུང་ཞིག་བཀྲོལ་ན། ཕྱི་གཟུང་ཡུལ་དག་པ་ནི། རང་སེམས་རྣམ་རྟོག་གིས་མ་བསླད་ན་རང་གསལ་དུ་བཞག་པས་ཕྱི་རོལ་བདེ་སྡུག་གི་ཡུལ་སྣང་ལ་འཛིན་པ་མ་ཞུགས་པས་སྣང་བ་ཇི་ལྟར་ཤར་ཡང་བདེན་པ་དང་དངོས་པོར་མ་གྲུབ་ཅིང་། བདག་འཛིན་གྱི་བློ་དག་པས་ཕྱི་གཟུང་ཡུལ་དག་པ་བྱ་བ་ཡིན། གཟུང་ཡུལ་དག་པ་ཞེས་མེད་པར་འགྲོ་བ་མ་ཡིན་ཏེ་ཞེན་འཛིན་མེད་པས་མེ་ལོང་གི་གཟུགས་བརྙན་བདེན་པར་མ་གྲུབ་པ་ལྟར་སྣང་ཡུལ་འདི་རྨི་ལམ་སྒྱུ་མ་བྱིས་པའི་རྩེད་མོའམ། བར་སྣང་གི་འཇའ་ཚོན་ལྟ་བུའོ། །ནང་འཛིན་སེམས་དག་པ་ནི་སེམས་ལ་རྣམ་རྟོག་དུག་ལྔ་གང་སྐྱེས་ཀྱང་། གང་ཤར་བློས་མ་བཟུང་བར་རྒྱངས་བསྐྱུར་ཆམ་བཞག །དུག་གི་མེ་ཏོག་བཀྲག་ཆེ་ཡང་ནོར་དུ་མི་འཛིན་པ་ལྟར་རྣམ་རྟོག་གི་རྗེས་སུ་མི་འབྲེང་བར་ངོ་བོ་ལ་བལྟ་ཞིང་ལྷོད་ཀྱིས་གློད་པས་རང་གྲོལ་དུ་འགྲོ། འགྱུ་བྱེད་ཀྱི་རྐྱེན་གྱིས་མི་གོས། འཛིན་སེམས་དག་པ་ཞེས་བེམ་པོ་ས་རྡོ་ལྟར་འགྲོ་བ་མ་ཡིན་ཏེ་རིག་པ་ལ་རྟོག་པའི་དྲི་མ་མི་འཇོག་པ་སྟེ་རིན་པོ་ཆེ་གསེར་གླིང་དུ་ས་རྡོ་གཞན་མེད་པ་ལྟར་དྲན་རིག་རང་གྲོལ་དུ་ཤེས་པས་རྣམ་རྟོག་གི་མིང་ཡང་མེད་པའོ། །བར་དུ་འོད་གསལ་མ་བུ་འཕྲོད་པ་ནི། དེ་ལྟར་ཉམས་སུ་བླངས་པས། རང་གི་ཤེས་རིག་དྲི་མེད་གསལ་ལེ་སིང་ངེ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་བདེ་གསལ་མི་རྟོག་པ་ཞེན་འཛིན་གྱིས་མ་བསླད་པའི་ཉམས་ཤིག་འཆར་བ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པས་རང་ངོ་རང་ཤེས་དེ་དྲན་པས་རྒྱུན་ཆགས་སུ་བཟུང་བས། གཟུང་འཛིན་གྱི་རྣམ་རྟོག་རང་སར་གྲོལ། གཞི་མ་བཅོས་པའི་ཆོས་ཉིད་རྟོགས་པའི་གདིང་ཐེ་ཚོམ་སྐྱོན་བྲལ་དུ་འཆར་བ་དེ་འོད་གསལ་མ་བུ་འཕྲད་པ་ཡིན་པས། རང་གི་མ་དང་འཕྲད་ན་མར་སྒོམ་མི་དགོས་པ་བཞིན་དུ་རང་རིག་རང་བྱུང་ཆོས་ཉིད་ཡིན་པ་ལ་ཡིན་པར་ངོ་ཤེས་པས་འཁོར་བ་ཐམས་ཅད་ཆོས་ཉིད་ཡིན་སྙམ་པ་དང་། ཡང་དག་པའི་དོན་ཡིན་མིན་གྱི་རྟོག་པ་མི་འཆར་བས་ཆོས་ཐམས་ཅད་ལ་རང་བཞིན་མེད་པ་ནི་མ་དང། རང་བཞིན་མེད་པར་ཤེས་པ་དེ་བུ་ཡིན་པས་ན་རིག་པ་ཆོས་དབྱིངས་སུ་ངོས་ཟིན་པས་རང་ངོ་རང་གིས་ཤེས་པ་བྱ་བ་ཡིན་པས་དེའི་ཚེ་ལུས་མི་རུ་སྣང་ཡང་སེམས་རྡོ་རྗེ་སེམས་དཔའ་རང་བྱུང་གི་ཡེ་ཤེས་ཆེན་པོར་རྟོགས་པ་ཡིན་ནོ། །གསུངས་པ་ལྟར་ངོ་སྤྲད་དོ། །དེ་ཡང་གུ་རུ་པད་མས། ཕྱི་ལྟར་གཟུང་བའི་ཡུལ་སྣང་དག་པ་དང༔ ནང་ལྟར་འཛིན་པའི་སེམས་ཉིད་གྲོལ་བ་དང༔ བར་དུ་འོད་གསལ་རང་ངོ་ཤེས་པ་རུ༔ ཞེས་གསུངས་པ་ལྟར་རོ། །དེ་ལྟར་ངོ་སྤྲོད་གསུམ་པོ་འདི་དངོས་གཞིའི་ཉམས་ལེན་གལ་ཆེ་བར་འདུག་པས་ཡིག་ཚོགས་ལ་མ་བལྟས་པར་ཁྲིད་གཞུང་གི་དོན་བསྡུས་ཏེ་བྲིས་སོ། །འདི་ཡན་ཆད་ཉམས་ཁྲིད་དུ་བསྐྱང་ཞིང་སེམས་ངོ་འཕྲོད་ངེས་པ་བྱ་དགོས་ཤིང་། རྒྱུན་གྱི་ཉམས་ལེན་ནམ་འགའ་ཞིག་དམིགས་རིམ་རྣམས་བསྟར་ཆགས་སུ་བསྒོམ་པ་ལས། དྲན་ཤེས་ཀྱི་རྩིས་ཟིན་པའི་ཉམས་ལེན་གནད་དུ་བསྣུན་པ་མེད་པར་ཐོབ་ཆོས་ཙམ་བྱེད་པ་ནི་རང་གིས་རང་བསླུས་པ་ཡིན་པས་ཀ་དག་ཁྲེགས་ཆོད་ཀྱི་གནས་ལུགས་གཙོ་བོར་བྱ་དགོས་ཤིང་། དེ་ཉིད་ལམ་དུ་འཁྱེར་ཐབས་སུ། སྔོན་འགྲོ་གཟེར་ལྔ་དང་བདག་བསྐྱེད་ཀྱི་ངང་ནས་སུམ་བརྒྱ་ཉེར་གཅིག་གི་བཟླས་པ་ཙམ་བྱས་ན་སྐྱོན་དུ་མི་འགྱུར་ཞིང་གྲོགས་སུ་འགྱུར་ལ། གཞན་དུ་རྡོ་རྗེ་དཀར་པོའི་སེམས་འཛིན་སོགས་ལས་དང་པོ་པ་ཞི་གནས་ཀྱི་ཐབས་སུ་ཁྲིད་ཀྱི་དུས་མ་གཏོགས་མི་དགོས། ཐིག་ལེ་དཀར་དམར་སོགས་སྣང་བཞིའི་སེམས་འཛིན་ནི་སྐབས་འགར་བསྒོམས་ཀྱང་བོགས་ཆེ། གཙོ་བོར་གནས་ལུགས་ཀྱི་དོན་བལྟ་བ་གལ་ཆེ་ཞིང་། དེ་ལ་ཡང་རྫོགས་ཆེན་ཟང་ཐལ་གྱི་ཆ་ལག་བར་དོ་ལྔའི་ངོ་སྤྲོད་ལས། ཉིན་མོ་བྱ་བ་བསྒོམ་དུ་འགྲོ་བ་ལ་སྣང་བ་རྒྱ་ཡན་གྱི་མན་ངག་གཅེས༔ མཚན་མོ་ཉལ་བས་གཉིད་སྒོམ་དུ་འགྲོ་བ་ལ་སྲོད་ལ་དབང་པོ་གནད་སྡུད་ཀྱི་མན་ངག་གཅེས༔ ནམ་ཕྱེད་ཤེས་བྱ་བུམ་འཇུག་གི་མན་ངག་གཅེས། ཐོ་རངས་ཡེ་ཤེས་རང་གསལ་གྱི་མན་ངག་གཅེས༔ གཅེས་པ་རྣམ་པ་བཞིའི་མན་ངག་ཆོངས་མཛོད༔ ཅེས་གསུངས་པའི་དོན་བསྡུས་ཏེ་བཤད་ན། སེམས་ལ་རྒྱུ་རྐྱེན་གྱིས་མ་བསྐྱེད། གཞན་གྱིས་མ་བྱས་གློ་བུར་དུ་བྱུང་བ་མ་ཡིན་སེམས་འདི་ཉིད་འདི་འདྲ་ཞེས་བསྟན་དུ་མེད། ངོ་བོ་སྟོང་པ་འགྱུར་མེད་ནམ་མཁའ་དང་འདྲ་བས། རང་སྣང་རིས་མེད་ཀྱི་སྣང་བ་གཏན་ལ་དབབ། ཕྱི་རོལ་གྱི་ཡུལ་སྣ་ཚོགས་སུ་འདུག་ཀྱང་རང་སྣང་ཡིན། སྣང་བ་ལ་འཛིན་པ་མེད་པར་བལྟ། བར་དོ་བློའི་སྣང་བ་རྣམ་རྟོག་ཕྲ་རགས་ཅི་སྐྱེས་ཅི་ཤར་ཐམས་ཅད་གཞི་རྩ་དང་བྲལ་བས་འཛིན་པ་མི་བྱ། ཐ་མར་གཡོ་འགུལ་གྱི་ཉམས་སྣང་བདེ་གསལ་མི་རྟོག་པ་གང་བྱུང་ཡང་ཆགས་འཛིན་མེད་པ་ཆུ་ནང་གི་ཟླ་བ་འདྲ་བ། སྣང་སྟོང་གཉིས་པོ་ལ་སྔ་ཕྱི་མེད་པས་སྣང་བ་རང་སྣང་སྟོང་པ་རང་སྟོང་སེམས་ཉིད་སྟོང་པ་གཉིས་མེད་བདེ་ཆེན་གསལ་ལ་མ་འདྲེས་པ་འཇའ་ཚོན་ལྟ་བུར་རྟོགས་ཙ་ན། སྣང་བ་གསལ་ལ་མ་འགག་རིག་པ་སྟོང་ལ་འཛིན་མེད། སྣང་བ་མ་སྤངས་རང་གྲོལ། རྣམ་པར་མི་རྟོག་པ་མཚན་མ་རང་གྲོལ་ཆོས་ཉིད་ཀྱི་དོན་ཁོང་དུ་ཆུད་པས། ཡེ་ཤེས་རྒྱུན་ཆད་མེད་པའི་མན་ངག་འདིའི་རྩིས་ཟིན་ན། ཉིན་མོ་བྱ་བ་སྒོམ་དུ་འགྲོ་བ་སྣང་བ་རྒྱ་ཡན་གྱི་མན་ངག་ཡིན། སྲོད་ལ་གཉིད་དུ་འགྲོ་བའི་ཚེ། དབང་པོ་ལྔ་ཆེད་དུ་མི་དགག་ཆེད་དུ་མི་བསྡུ་བར་སྒོ་ལྔ་གསལ་ལ་འཛིན་མེད་ཡེ་ཤེས་རང་ཤར་དུ་བཞག །གཉིད་ཟ་ཟིའི་དུས་ཀུན་གཞི་སྟོང་པ་རྩ་བྲལ་གྱི་ནང་དུ་ཤེས་པ་གསལ་ལ་འཛིན་མེད་དུ་བཞག་པའི་ངང་ལ་གཉིད་དུ་འཐུམས་སོང་བས་བག་ཆགས་ངན་པའི་རྨི་ལམ་མི་འབྱུང་བར་གཉིད་དུས་རྨི་ལམ་གྱི་ནང་དུ་ཤེས་པ་གསལ་ལེ་སིང་ངེ་འཛིན་མེད་དུ་འཆར་བ་རང་བྱུང་གི་དོན་ལ་བཞག་པ་ནི། སྲོད་ལ་དབང་པོ་གནད་སྡུད་ཀྱི་མན་ངག་གོ །ནམ་ཕྱེད་དུས་བུམ་ནང་གི་མར་མེ་རང་གསལ་ཕྱིར་མི་འཕྲོ་བ་ལྟར་རིག་པ་ནང་དུ་གསལ་ལ་འཛིན་མེད་ངོ་བོ་དྭངས་གསལ་མི་གཡོ་བར་བཞག་པ་ནི། ནམ་ཕྱེད་ཤེས་བྱ་བུམ་འཇུག་གི་མན་ངག་ཡིན། ཐོ་རངས་གཉིད་སད་པའི་དུས་སུ་གོང་གི་གསལ་ལ་འཛིན་མེད་དེ་གསལ་བཏབ་ལ་སྒོ་ལྔ་གསལ་ལ་མ་འགག་འཛིན་ཞེན་མེད་པས། མེ་ལོང་གཡའ་དག་ལ་གཟུགས་བརྙན་གསལ་བ་ལྟར། ཆོས་ཉིད་ཀྱི་དོན་ཡེ་གསལ་དེ་ཡང་གསལ་དུ་གསལ་སྟོང་གཉིས་མེད་དུ་བསྒོམ་པ་ནི། ཐོ་རངས་ཡེ་ཤེས་རང་གསལ་གྱི་མན་ངག་ཡིན་པར་གསུངས་པ་ཁྲེགས་ཆོད་ཉམས་སུ་ལེན་པ་ལ་གལ་ཆེ་བར་སྣང་བས་དེ་ལྟར་ཉམས་སུ་བླང་ངོ་། །དེ་ཡང་མཉམ་པར་བཞག་པའི་དུས་རྣམ་རྟོག་གི་འཕྲོ་འདུ་བཀག་པས་མི་ཁེགས་ཤིང་། རྗེས་སུ་ཡང་མི་འབྲེང་བར་རང་བབས་སུ་བཞག་པའི་དྲན་པ་མ་ཡེངས་པའི་ངང་ནས་འགྱུ་བ་ཕྲ་རགས་སྦོམ་གསུམ་ཅི་ཤར་ཡང་ངོས་བཟུང་ནས་ངོ་བོ་ལ་བལྟ་བ་ཡིན་པས། གུ་རུ་པདྨས། སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ ཞེས་དང་། ཐང་ཡིག་ཏུ་རང་འབྱུང་རྒྱལ་མོར་གདམས་པ་ལས། ལུས་སེམས་མ་བསྒྲིམས་ལྷོད་དེ་ཤིག་གེ་ཞོག༔ མ་གཞི་སྟོང་པ་ཉིད་ཀྱི་ཞི་གནས་སུ༔ རྣམ་རྟོག་མཐར་འདེད་སྟོང་སྐོར་རེམས་ལ་གྱིས༔ ཉམས་ལ་འདི་འབྱུང་བྱ་བ་མེད་དེ་འབྱུང༔ སྒོམ་ལ་མ་ཞེན་ཡང་ནས་ཡང་དུ་ཤིགས༔ བཟང་རྟོག་ངན་རྟོག་གང་ཤར་ཅེར་ཅེར་ལྟོས༔ ཞེས་དང་། ཀ་དག་གི་ཁྲིད་ཡིག་སྙིང་པོ་བཅུད་བསྡུས་ལམ་གྱི་གནད་ཁྲིད་ལས། རིག་པ་བྱང་ཆུབ་སེམས་འདི་ལ༔ རྣམ་རྟོག་འཁྲུལ་པས་མ་བསླད་པར༔ རང་གསལ་སོ་མར་བཞག་པ་ཡིས༔ ཡུལ་ལ་འཛིན་པ་མ་ཞུགས་ཏེ༔ གང་ལྟར་ཤར་ཡང་འཛིན་པ་མེད༔ བདག་ཏུ་འཛིན་པའི་བློ་མ་ཞུགས༔ གང་ཤར་འཛིན་པ་མེད་པ་དེ༔ གཟུང་བའི་ཡུལ་སྣང་དག་པ་ཡིན༔ སེམས་ལ་དུག་ལྔ་གང་སྐྱེས་ཀྱང༔ གང་དྲན་བློ་ཡིས་མ་བཟུང་བས༔ འགྱུ་བ་རང་སར་གྲོལ་བ་ཡིན༔ དེ་ལྟར་ཉམས་སུ་བླངས་པ་ཡིས༔ རང་རིག་དྲི་མ་མེད་པ་ལ༔ གསལ་ལེ་ཧྲིག་གེ་རང་བྱུང་སྟེ༔ རྒྱུད་ལ་ཉམས་སུ་ལོངས་པའི་ཚེ༔ ཞེན་འཛིན་བློ་ཡིས་མ་བསླད་པའི༔ བདེ་གསལ་མི་རྟོག་ཉམས་ཤིག་འཆར༔ གཞན་ནས་འཆར་བ་མ་ཡིན་ཏེ༔ རང་ངོ་རང་གིས་ཤེས་པ་ཡིན༔ སངས་རྒྱས་དགོངས་པ་མཐར་ཐུག་ཡིན༔ ཞེས་གསུངས་པ་དོན་འདུས་ཤིང་གོ་སླ་བར་འདུག་པས་བྲིས་པ་ཡིན༔ གཞན་དུ་སྐབས་འདིར་མདོ་རྒྱུད་སྤྱི་དང་རང་ལུགས་ཀྱི་ལུང་མང་དུ་མཆིས་ཀྱང་ཡི་གེར་འཇིགས་ཏེ་མ་བཀོད་ཅིང་འདི་ཙམ་གྱིས་དོན་གོ་བར་སེམས་སོ། །དེང་སང་ཁྲིད་ཞུས་རློམ་ཁ་ཅིག་དོན་གྱི་སྙིང་པོ་དོར་ཞིང་དམིགས་རིམ་རྣམས་ཐར་ཆགས་སུ་བསྒོམ་པ་གཙོ་བོར་བྱས་པས་རྒྱུད་ཐོག་ཏུ་ཉམས་ལེན་མི་ཁེལ་བར་ཆོས་དང་གང་ཟག་སོ་སོར་ལུས་པ་ལྟ་བུ་དང་། གནས་ལུགས་ཀྱི་རོ་མ་མྱང་བས་སེམས་ཐ་མལ་དུ་ལུས་པའི་འགྱུ་བ་ཕྲ་རགས་རྩད་མ་ཆོད་པར་འོག་འགྱུ་རྒྱ་འབྱམས་ལ་གནས་པར་འཁྲུལ་པ་དང་། རྣམ་རྟོག་སྤང་བྱར་འཁྲུལ་ཏེ་ནན་གྱིས་འགེགས་པ་སོགས་ཤོར་གོལ་གྱི་དབང་དུ་འགྲོ་བ་མཐོང་བས། གཙོ་བོར་སེམས་ཀྱི་བཞག་ཐབས་ཁོ་ན་གལ་ཆེ་བའི་ཕྱིར། ཐོག་མར་བླ་མས་ངོ་སྤྲོད་པའི་དོན་མ་འཁྲུལ་བར་ཉམས་སུ་བླང་ཞིང་མཉམ་རྗེས་དབྱེར་མེད་དུ་མ་གྱུར་བར་ཉམས་མྱོང་དང་བསྟུན་པའི་གེགས་སེལ་བོགས་འདོན་བླ་མའི་གསུང་དང་། སྐབས་འདིར་བྱང་གཏེར་རྫོགས་ཆེན་རང་གི་གེགས་སེལ་ནོར་བུའི་བང་མཛོད་ཅེས་པ་སྣང་བས་རྒྱུད་ཚོད་དང་བསྟུན་པའི་ཉམས་སུ་ལེན་པར་མཛོད་ཅིག །དེ་ལྟར་ཡང་ཏིག་གཅེས་པའི་སྒྲོན་མ་ཡི། །ཟིན་བྲིས་གཞུང་དོན་རབ་གསལ་ཞེས་བྱ་བ། འཁོར་ལོའི་མགོན་པོ་གཏེར་ཆེན་ཆོས་ཀྱི་རྒྱལ། །འགྱུར་མེད་རྡོ་རྗེས་བཀའ་ཡིས་བསྐུལ་བའི་ངོར། །དགེ་སློང་རྒན་པོ་པདྨ་ཕྲིན་ལས་ཀྱིས། །གཞུང་དོན་གཙོར་བྱས་བླ་མའི་མན་ངག་གིས། །ལེགས་བརྒྱན་རང་བཟོའི་བཅོས་བསླད་མ་བགྱིས་པར། །བྲིས་འདི་མཁྱེན་ལྡན་རྣམས་ཀྱིས་དཔྱད་པར་འཚལ། །དགེ་འདིས་ཚེ་རབས་ཀུན་ཏུ་ལམ་བཟང་པོ། །སྔ་འགྱུར་སྨིན་གྲོལ་ཆོས་ཀྱི་དགའ་སྟོན་གྱིས། ཁྲེགས་ཆོད་ཐོད་རྒལ་ཉམས་མྱོང་མཐར་ཕྱིན་ནས། །ཀུན་བཟང་གདོད་མའི་མགོན་པོ་མཆོག་ཐོབ་ཤོག །དེ་ཡང་ཁྲིད་ཡིག་འགའ་ཞིག་ཏུ་གཏེར་གཞུང་གི་དགོངས་དོན་མ་ལོན་པའི་ཕྱི་དཀྱིལ་གྱི་སྲུང་འཁོར་རྟེན་བརྟེན་པའི་དམིགས་ཁྲིད་རྒྱས་པར་བཤད་ཅིང་། གཞུང་དོན་རྣམས་རང་སོར་བཞག་པ་སོགས་འདྲ་མིན་སྣ་ཚོགས་སུ་བྲིས་པར་བརྟེན་ཁྱབ་བདག་བླ་མ་རྩོད་བྲལ་གྱི་གཏེར་སྟོན་རིག་འཛིན་གཏེར་བདག་གླིང་པའི་བཀས་རྩོམས་ཤིག་པར་ནན་ཏུར་ཆེན་པོས་བསྩལ་པ་ལྡོག་པར་མ་ནུས་ཤིང་། རང་ལ་ཉམས་མྱོང་དང་སྐྱེས་སྦྱངས་ཀྱི་བློ་གྲོས་ཆ་ཕྲ་བ་དང་ཁྱད་པར་ན་ཚོད་ཀྱིས་གཏུགས་ཤིང་མིག་ཀྱང་མི་གསལ་བ་བཅས་དཀའ་ཚེགས་ཆེ་བར་སྣང་ཡང་། བླ་མའི་བཀའ་སྒྲུབ་པའི་སླད་དང་། དོན་གཉེར་ཅན་འགའ་ཞིག་ལ་ཡང་ཕན་པར་བསམས་ཏེ་གཙོ་བོར་གཏེར་གཞུང་གི་ཁྲིད་ཡིག་ཤོག་སེར་གྱི་བུ་དཔེ་དངོས་ལ་གཏུགས་ཤིང་། ཟུར་ཆེན་རྡོ་རྗེ་འཆང་གི་གསུང་ཟིན་བྲིས་སུ་ཀ་དག་རང་བྱུང་རང་ཤར་གྱི་སྔོན་འགྲོར་ཞལ་འཕངས་སུ་གནང་བས། དེའི་རྒྱུ་མཚན་ཐུགས་སྒྲུབ་ཀྱི་ཆོས་སྐོར་གཞན་རྣམས་གཙོ་བོར་ལྷོ་གསེར་མཛོད་དང་། དབུས་སྙིང་མཛོད་སོགས་སུ་ཁ་འཐོར་ཡང་། འདི་ནི་ཤར་ཕྱོགས་དུང་མཛོད་དུ་ཀ་དག་གི་ཆོས་སྐོར་དང་ལྷན་ཅིག་ཟབ་གཏེར་དུ་བཞུགས་པ་སོགས་རིགས་མཐུན་པས་ཁ་འགེངས་རྣམས་དེ་ལས་བགྱིས་ཤིང་། གཞན་དུ་རང་བཟོ་དང་བསྲེ་བསླད་མ་འདྲེས་པར་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྨྲ་བའི་དགེ་སློང་བྱ་བྲལ་བ་པདྨ་ཕྲིན་ལས་ཀྱིས། རང་ལོ་དོན་གཉིས་སུ་སླེབས་པ་ས་ག་ཟླ་བའི་ཤེར་ཕྱོགས་ཀྱི་དམར་ཆའི་གང་བ་སྤེན་པ་སྣར་མའི་འགྲུབ་སྦྱོར་གྱི་ཉིན་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་ཉེ་གནས་དགེ་སློང་པདྨ་ཕན་བདེས་བགྱིས་པའི་དགེ་དེས་འགྲོ་ཀུན་གདོད་མའི་མགོན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །ཀ་ལྱཎ་ཝརྦྷནྟུ། མངྒ་ལཾ།། །།

</div></onlyinclude>
</div></onlyinclude>
= Tsagli =
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 02:36, 29 December 2017

ཐུགས་སྒྲུབ་ཡང་ཏིག་གཅེས་སྒྲོན་ཁྲིད་ཀྱི་ཟིན་བྲིས་གཞུང་དོན་རབ་གསལ་

thugs sgrub yang tig gces sgron khrid kyi zin bris gzhung don rab gsal

by  པདྨ་ཕྲིན་ལས་ (Pema Trinle)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle  ཐུགས་སྒྲུབ་རྡོ་རྗེ་དྲག་པོ་རྩལ་ (Thugs sgrub rdo rje drag po rtsal)
parent cycle  བྱང་གཏེར་ (Byang gter)
Volume 12 (ན) / Pages 211-290 / Folios 1a1 to 40b4

[edit]

༄༅། །ཐུགས་སྒྲུབ་ཡང་ཏིག་གཅེས་སྒྲོན་ཁྲིད་ཀྱི་ཟིན་བྲིས་གཞུང་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། ། གུ་རུ་པདྨ་སིདྡྷི་ཧཱུྃ། རྒྱལ་བ་ཀུན་དངོས་ཨོ་རྒྱན་རྡོ་རྗེ་འཆང་། །བདེ་གཤེགས་ཀུན་འདུས་དྲག་པོ་རྩལ་གྱི་སྐུར། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཡོངས་རྫོགས་པ། །རིགས་བདག་བླ་མ་དབྱེར་མེད་དེར་ཕྱག་འཚལ། །ཐུགས་སྒྲུབ་ཡང་ཏིག་གཅེས་སྒྲོན་གྱི། །ཟབ་ཁྲིད་ཉམས་སུ་ལེན་པའི་ཚུལ། །བརྒྱུད་ལྡན་བླ་མའི་གསུང་ཇི་བཞིན། །ཟིན་བྲིས་གཞུང་དོན་རབ་གསལ་བ། ཁྱབ་བདག་རིགས་ཀྱི་བདག་པོ་མཆོག །ཟུར་ཆེན་རྡོ་རྗེ་འཆང་ཆེན་པོའི། །གསུང་ལས་ཇི་ལྟར་ཐོས་པ་བཞིན། །བསྲེ་བསླད་མེད་པར་འདིར་བཤད་བྱ། །དེ་ལ་འདིར་ཡང་ཏིག་གཅེས་པའི་སྒྲོན་མེ་ཞེས་བྱ་བ་དྲག་པོ་ཐུགས་ཀྱི་སྒྲུབ་པའི་ཐེམས་ཅན་རྩ་བའི་ཆོས་ཚན་ཉེར་ལྔ་ལས་ཉེར་གཉིས་པ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་ལ། །ལས་ཅན་དག་པའི་འཁོར་རྣམ་པ་ལྔས་གསོལ་བ་བཏབ་པ་ལ་བརྟེན་ནས་གསང་བ་རིན་ཆེན་འདུས་པ་སྐུའི་ཚབ་དང་། ཡང་ཏིག་དཔའ་བོ་འབྲུ་གཅིག་གསུང་གི་ཚབ། པདྨའི་ཡང་ཏིག་གཅེས་སྒྲོན་ཐུགས་ཀྱི་ཚབ། མཁའ་འགྲོ་གསང་བའི་སྒྲུབ་ཐབས་ཡོན་ཏན་གྱི་ཚབ། གདུལ་བྱ་ལས་སྦྱོར་གྱི་གནད་ཏིག་ཐེམས་དང་བཅས་པ་ཕྲིན་ལས་ཀྱི་ཚབ་ཏུ་བཞག་པ་ལས། འདིར་ཐུགས་ཀྱི་ཚབ་ཏུ་བཞག་པ་ཡང་ཏིག་གཅེས་པའི་སྒྲོན་མེ་འདི་གང་བཤད་པར་བྱ་བའི་ཆོས་ཡིན་ནོ། །དེ་ཡང་གང་ལས་བྱུང་བའི་བརྒྱུད་པ་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་བཤད་པ་སྟེ་སྤྱི་དོན་གཉིས་ལས། དང་པོ་གང་ལས་བྱུང་བའི་བརྒྱུད་པ་ནི། སྤྱིར་བྱང་གཏེར་ལ་སྲས་བརྒྱུད་སློབ་བརྒྱུད་ཡུམ་བརྒྱུད་གསུམ་ལས། འདི་སྲས་སློབ་གཉིས་ཀ་ཐུན་མོང་ཡིན། དེ་ཡང་སྤྱིར་སྔ་འགྱུར་བཀའ་གཏེར་གྱི་རིང་ལུགས་ལ། རྒྱལ་བ་རིག་འཛིན་གང་ཟག་གསུམ། །དགོངས་པ་རིག་པ་རྣ་བར་བརྒྱུད། །གང་ལ་ཐུག་གི་བར་དུ་འོ། །ཞེས་གསུངས་པ་ལྟར་བཤད་ཚུལ་རྒྱ་ཆེ་ཡང་མདོར་བསྡུས་ཏེ་འཆད་པ་ལ། འོག་མིན་ཆོས་ཀྱི་དབྱིངས་སུ་ཆོས་སྐུ་ཀུན་བཟང་གདོད་མའི་མགོན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་སྣང་བ་རང་སྣང་ཚོམ་བུའི་དཀྱིལ་འཁོར་ཉིད་ལས་གཞན་དུ་མ་གྱུར་པ་ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་དགོངས་པ་རང་ཤར་བས་དགོངས་བརྒྱུད། ལྕང་ལོ་ཅན་དུ་སྤྲུལ་སྐུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་སྨུག་ནག་དབང་གི་མཁའ་འགྲོ་ལ་དགོངས་པས་བྱིན་གྱིས་བརླབས་ཏེ། རི་མ་ལ་ཡའི་རྩེར་རིགས་ཅན་དྲ་མ་ལྔ་ལ་བཤད་པ་སོགས་རིག་འཛིན་རིག་བརྒྱུད་དམ་བརྡའ་བརྒྱུད། དེ་མན་ཆད་ལ་སྙན་བརྒྱུད་དང་། གཏེར་མའི་ཕྱོགས་ལ་དེའི་སྟེང་དུ་བཀའ་བབས་ལུང་བསྟན་སྨོན་ལམ་དབང་བསྐུར་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་སོགས་ཀྱི་འཆད་ཚུལ་མང་བས། འདིར་ཐར་ཆགས་སུ་བཀོད་ན། སྨུག་ནག་ཌཱ་ཀིས་ཚངས་པ་གདོང་གསུམ་ལ། དེ་ཡང་གཟུགས་ཁམས་ཀྱི་ཚངས་པ་གདོང་བཞི་པ་དང་མི་འདྲ་བས་འདོད་ཁམས་ཀྱི་རི་རྒྱལ་ལྷུན་པོའི་རྩེ་མོར་འཁོད་པ་ཚངས་པ་གདོང་གསུམ་པ་དང་། ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ་འཇོག་པོ་རྣམས་དང་། ཟ་ཧོར་གྱི་རྒྱལ་པོ་ཛཿ མཁས་པ་ཤཱཀྱ་པྲ་བྷ་ཝ། ཨོ་རྒྱན་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས། པཎ་ཆེན་བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ། མཁར་ཆེན་བཟའ་མཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་དང་། འདི་རྣམས་ཀྱི་ལོ་རྒྱུས་རྣམ་ཐར་སྔ་འགྱུར་བཀའ་གཏེར་ལ་གྲགས་ཆེ་བ་ལྟར་ཡིན་པས་འདིར་མ་བཀོད་ལ། གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་དངོས་གྲུབ་རྒྱལ་མཚན་ཞབས་ནི་རི་ཁྲོད་པ་བཟང་པོ་གྲགས་པའི་ཁ་བྱང་དང་རི་བོ་བཀྲ་བཟང་ནས་གཏེར་གྱི་ལྡེ་མིག་ལ་བརྟེན་ནས། བྱང་ཟང་ཟང་ལྷ་བྲག་གི་སྐེད་བྲག་རི་དུག་སྦྲུལ་སྤུངས་འདྲ་ནས་མཛོད་ལྔའི་གཏེར་ཆེན་གདན་དྲངས་པའི་གཏེར་མཛོད་རེ་རེ་ལ་ཡང་ཆོས་ཚན་བརྒྱ་ཕྲག་རེ་བཞུགས་པས་ན་ལྔ་བརྒྱ་ཕྲག་གཅིག་ཏུ་གྲགས་ཤིང་། དྲག་པོ་ཐུགས་ཀྱི་སྐོར་འདི་ལྷོ་ཕྱོགས་གསེར་མཛོད་སེར་པོ་ནས་ཕལ་ཆེར་སྤྱན་དྲངས་པ་ཡིན་ནོ། །དེ་ལྟར་གཏེར་སྟོན་ཆེན་པོ་དང་སྐུ་སྲས་རྣམ་རྒྱལ་མགོན་པོ་སྟེ། ཡབ་སྲས་གཉིས་ཀས་རྗེས་སུ་བཟུང་བའི་ལུང་ཟིན་གྱི་སློབ་མ་རིག་འཛིན་སངས་རྒྱས་བྱམས་བཟང་ལ་གནང་། དེས་སེ་སྟོན་ཉི་མ་བཟང་པོ་ལ་གནང་ཞིང་འདི་ཉིད་ནི་གཏེར་སྟོན་གྱི་དངོས་སློབ་ཡིན་ཞིང་། དེ་ཡང་སེ་སྟོན་གོང་མ་དག་གིས་གླང་ལ་ཁལ་བཀལ་ཞིང་སྒྲུབ་གནས་བཙལ་བ་ས་སྟེང་གླང་ཉལ་བ་ལ་དབྱུག་པ་བརྒྱས་བསྣུན་ཀྱང་མ་ལངས་པར་མལ་དེར་ཉལ་བས་དེ་གར་གནས་གཞི་བཏིང་བ་ལ། དཔལ་ལྡན་བརྒྱ་མཁར་གསང་སྔགས་གླིང་དུ་གྲགས་པའི་གནས་དེར། སེ་སྟོན་ཉི་མ་བཟང་པོས་ཐོ་རེངས་ཀྱི་སྐབས་ཤིག་ཐུགས་སྒྲུབ་ཀྱི་ཕྲིན་ལས་མཛད་པས་ཏིང་འཛིན་རྩེ་གཅིག་ཏུ་སོང་བའི་མཐར་ཅུང་ཟད་མནལ་བར་དག་སྣང་དུ་མ་དང་། ཁྱད་པར་སྔགས་སྲུང་ཨེ་ཀ་ཛཱ་ཊཱིས་སྐུ་ལུས་བོར་མ་ཐག་ཨོ་རྒྱན་ཆེན་པོའི་ཞབས་དྲུང་དུ་བྱོན་ཏེ་ལུང་བསྟན་ཐོབ་ནས་སྟེང་ཕྱོགས་འཁོར་བ་ཟིལ་གནོན་གྱི་ཞིང་དུ་བགྲོད་ཅིང་སེམས་ཅན་འབུམ་ཕྲག་བདུན་གྲོལ་བར་ལུང་བསྟན་པ་ཡིན་ནོ། །དེས་སེ་སྟོན་མགོན་པོ་བཟང་པོ་ལ་གནང་། འདི་ཡང་སྒྲུབ་པ་མཐར་ཕྱིན་དུ་སྐུ་ཚེ་དྲིལ་བས་སྤངས་རྟོགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་གོ །བརྒྱུད་འདེབས་ཀྱི་དཔེ་རྒྱུན་འགར་སེ་སྟོན་མགོན་པོ་སྔོན་དང་ཉི་བཟང་རྗེས་སུ་བྲིས་པ་ནོར་བར་ཤེས་དགོས་སོ། །དེས་སེ་སྟོན་རིན་ཆེན་རྒྱལ་མཚན་ལ་གནང་བས་འདི་ཉིད་ནི་མཁས་གྲུབ་ཆེན་པོར་བཞུགས་ཤིང་དམ་པ་དུ་མའི་ཞབས་པད་བརྟེན་པས་ལུང་རྟོགས་ཀྱི་ཡོན་ཏན་དུ་མས་ཕྱུག་པའི་འཆད་རྩོམ་མང་དུ་མཛད་པས་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་སྲོལ་འཛིན་ཆེན་པོར་གྱུར་པའོ། །དེས་སྤྱན་ཚབ་མགོན་པོ་ཟླ་བ་ལ་གནང་བས་འདི་ཉིད་ནི་མངོན་རྫོགས་མ་མོ་ལ་གྲུབ་པ་བརྙེས་ཤིང་ས་དམ་གྱི་རི་ཁྲོད་དུ་སྒྲུབ་པ་སྙིང་པོར་མཛད་པ་ཞིག་གོ །དེས་མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་རྒྱལ་མཚན་ལ་གནང་བས། དམ་པ་འདི་ནི་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་མཁས་གྲུབ་ཆེན་པོ་གཤིན་རྗེ་ཚེ་བདག་དང་། པདྨ་ཡང་གསང་ལས་གྲུབ་པ་བརྙེས་པ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་ལ། སྐབས་ཤིག་འཇིག་རྟེན་དུ་མི་དགེ་བའི་ལྟས་སྐར་མ་ཕོད་ཅན་ཤར་བ་ལ་གཤིན་རྗེའི་གཏོར་ཟོར་འཕངས་པས་མི་སྣང་བར་གྱུར་པ་སོགས་ནུས་མཐུ་མངའ་བ་དང་། ཞིང་ཁམས་འཕོས་པའི་ཚེ་ངོ་མཚར་གྱི་རྟགས་དུ་མ་དང་། སྐུ་གདུང་ཞུགས་ལ་ཕུལ་བའི་ཚེ་དུད་རིས་ལས་རྟ་མགྲིན་ཡང་གསང་གི་སྐུ་ཤར་བ་སོགས་ངོ་མཚར་གྱི་རྣམ་ཐར་མཐའ་ཡས་པའོ། །དེས་ཐུགས་སྲས་བློ་གྲོས་རྒྱལ་མཚན་ལ་གནང་ཞིང་། འདི་ཡང་མཉམ་མེད་ནུབ་དགོན་པའི་ཐུགས་སྲས་དང་། འདི་སྐབས་སུ་སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་རྒྱལ་མཚན་གྱི་མཚན་མཐའ་ཅན་བརྒྱད་བྱུང་བའི་ནང་ཚན་དུ་གྱུར་པ། ཚུལ་ཁྲིམས་རྣམ་པར་དག་ཅིང་ཚེ་བདག་གི་ལྗགས་བསྙེན་མཛད་དུས་ཡ་མཱནྟ་ཀས་ཞལ་གཟིགས་ཤིང་། མགོན་པོ་ལེགས་ལྡན་བྲན་དུ་འཁོལ་བ་བྱང་བདག་པོ་དཔོན་གཡོག་ལ་ཚེ་དབང་མཛད་དུས་ཚེ་རིལ་ཟད་པ་ལ་ལྗགས་ཕུ་བཏབ་ཅིང་ཕྱག་གིས་རེག་པས་མངོན་སུམ་དུ་འཕེལ་བའི་གྲུབ་མཚན་བྱུང་ཞིང་མཉམ་མེད་རྗེའི་གདན་སར་བཞུགས་པ་ཞིག་གོ །དེས་མཁན་ཆེན་བྱམས་པ་བཟང་པོ་ལ་གནང་ཞིང་། འདི་ཉིད་ནི་བྱ་རྒོད་གཤོངས་ཀྱི་དགེ་བཤེས་རྫོགས་ཆེན་ཟང་ཐལ་དང་ལམ་འབྲས་ཀྱི་རྣལ་འབྱོར་མཐར་ཕྱིན་པ་ངམ་རིང་དགའ་ལྡན་བྱམས་པ་གླིང་གི་མཁན་པོར་བཞུགས་པ་ཡིན་ནོ། །དེས་ཀུན་བཟང་ཆོས་ཀྱི་ཉི་མ་ལ་གནང་ཞིང་། འདི་ནི་གྲུབ་བརྙེས་སྦས་པའི་རྣལ་འབྱོར་པ་ཞིག་ཡིན་པ་ཧ་ཅང་གྲགས་མི་ཆེ་བས་རྣམ་ཐར་ཞིབ་པ་མ་འཚལ་ལོ། །དེས་རིག་འཛིན་འབྲུག་སྒྲ་བཟང་པོ་ལ་གནང་། འདི་ནི་སྲིད་གསུམ་རྣམ་རྒྱལ་གྱི་དགེ་བཤེས། ཀུན་མཁྱེན་ཆེན་པོའི་བསྟན་བཅོས་གསང་འགྲེལ་ཕྱོགས་བཅུ་མུན་སེལ་ཐུགས་ལ་ཆུད་ཅིང་། དམ་པ་སངས་རྒྱས་ཀྱི་རྣམ་འཕྲུལ་དུ་གཏེར་ལུང་གིས་ཟིན་པ། རྫོགས་ཆེན་ཟང་ཐལ་གཙོ་བོར་གྱུར་པའི་བཀའ་གཏེར་གྱི་ཟབ་ཆོས་མང་དུ་བཞུགས་པ་རྫོགས་ཆེན་གྱི་འཆད་ཉན་གཙོ་བོར་མཛད་པས་རོང་པ་རྫོགས་ཆེན་པར་གྲགས་ཤིང་ལྷ་བཙུན་ནམ་མཁའ་འཇིགས་མེད་སོགས་བསྟན་འཛིན་གྱི་སློབ་བུ་མང་དུ་བསྐྲུན་པ་ཞིག་གོ །དེས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལ་གནང་ཞིང་དམ་པ་འདི་ཉིད་ནི་གཉོས་རིགས་སུ་སྐུ་བལྟམས་ཤིང་མཁས་གྲུབ་མདོ་སྔགས་བསྟན་འཛིན་སོགས་སྐྱེས་ཆེན་དུ་མར་གསར་རྙིང་བཀའ་གཏེར་གྱི་དམ་ཆོས་མང་དུ་གསན་ཞིང་། ཕྱིས་སྔ་འགྱུར་གྱི་བསྟན་འཛིན་ཁྲོད་ན་གསན་རྒྱ་ཆེ་བར་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ལྔ་པས་ཀྱང་བསྔགས་པར་མཛད་ཅིང་། གཏེར་ལུང་ལས། སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པར་ལུང་གིས་ཟིན་ཅིང་། མཁས་པ་ལ་གྲུབ་པའི་ཡོན་ཏན་གྱིས་བརྒྱན་པ། དག་པའི་སྣང་བར་མཁའ་འགྲོ་མ་བདེ་ཆེན་རྒྱལ་མོས་མཚམས་སྦྱར་ཏེ་གུ་རུ་པདྨས་ཞལ་བསྟན་ཅིང་དབང་བསྐུར་བྱིན་གྱིས་བརླབས་པ། རིགས་སྲས་རྩོད་བྲལ་གྱི་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཡབ་རྗེར་གྱུར་པ་དེ་ཉིད་དོ། །དེས་ཁོ་བོའི་བླ་མ་ཟུར་ཆེན་རྡོ་རྗེ་འཆང་ཆེན་པོ་ཆོས་དབྱིངས་རང་གྲོལ་ལ་གནང་བ་སྟེ། རིག་འཛིན་མཁས་གྲུབ་ཆེན་པོ་འདི་ཉིད་ནི་གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པར་རིག་འཛིན་ཡོལ་མོ་བ་ཆེན་པོའི་ཟབ་གཏེར་དང་། ལྷ་བཙུན་རྗེའི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་ཆོས་བདག །རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་སྐོར་སོགས་ལས་གསལ་བར་ལུང་བསྟན་ཅིང་། ཟུར་རིགས་སུ་བལྟམས་ཏེ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། རིག་འཛིན་ངག་གི་དབང་པོ། རིག་འཛིན་ཡོལ་མོ་བ་ཆེན་པོ། ངག་དབང་ཡེ་ཤེས་གྲུབ་པ། ཡབ་རྗེ་འཁོར་ལོའི་དབང་ཕྱུག །གཞོན་ནུ་དོན་གྲུབ། རྒྱལ་བ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ། རྗེ་བཀའ་འགྱུར་བ་ཆེན་པོ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། དར་ལྡིངས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་སོགས་གསང་རྙིང་གི་སྐྱེས་ཆེན་དུ་མ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་མཐའ་ཡས་པ་གསན་ཅིང་། ཟབ་ཆོས་ཀྱི་བདུད་རྩི་ཕར་ཡང་སྩོལ་བ། ཐོས་དོན་ཉམས་སུ་བཞེས་པའི་སྒྲུབ་པ་མཐར་ཕྱིན་པ། མདོ་སྔགས་རིག་གནས་སོགས་ཤེས་བྱའི་གནས་མཐའ་དག་གཟིགས་པའི་ཀུན་མཁྱེན། སེམས་ཅན་ལ་བརྩེ་བའི་སྙིང་རྗེ་ཆེན་པོས་གཟིགས་ཤིང་ཕན་པ་ཁོ་ན་ལྷུར་མཛད་པའི་སེམས་དཔའ་ཆེན་པོ་མཐུ་སྟོབས་ནུས་པའི་དབང་ཕྱུག་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར་པ་སྔ་འགྱུར་གྱི་བསྟན་པའི་སྲོག་མཐུད་པའི་བཀའ་དྲིན་བླ་ན་མེད་པ་སྩོལ་བ་ཞིག་ཡིན་ལ། ཁྱད་པར་ཛྙཱ་ན་ཀུ་མཱ་རའི་སྔོན་གནས་རྗེས་དྲན་གྱི་ཚུལ་ནི། ཡར་ཀླུང་བཀྲ་ཤིས་རྩེར་ཚར་ལུགས་ཀྱི་ཟབ་ཆོས་རྣམས་གསན་པར་ཕེབས་ཞོར་བསམ་ཡས་བུ་ཚལ་མཇལ་བར་ཕེབས་པས་སྔོན་གྱི་བག་ཆགས་མང་དུ་སད་ཅིང་། ཁྱད་པར་དུ་ཌཱ་དྲིལ་གྱི་སྒྲ་ཞིག་གསན་པའི་མོད་ལ་མདུན་གྱི་ནམ་མཁར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། གཡས་སུ་པཎ་ཆེན་བི་མ་ལ། གཡོན་དུ་མཁའ་འགྲོ་མཚོ་རྒྱལ་རྣམས་མངོན་སུམ་དུ་གཟིགས་པར་གུ་རུ་ཞི་བའི་ཡན་ལག་བཅུ་པ་མཛད་ཅིང་ཛཿཧཱུྃ་བཾ་ཧོཿས་དབང་བཞི་བླངས་པས། གུ་རུའི་ཞལ་ནས། ཛྙཱ་ན་ཀུ་མཱ་མ་ཡེངས་གསན་མཛོད་ཅིག །ཆོས་དབྱིངས་རྣམ་དག་ཡེ་གྲོལ་གདོད་མའི་ཀློང་། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་ལྡན། །མི་འགྱུར་གཏིང་ཟབ་བརྗོད་བྲལ་ལྷང་ངེ་བ། །དྲི་བྲལ་ཡན་པ་ལྷུན་གྲུབ་ཆོས་ཀྱི་སྐུ །ཞེས་གསུང་ཞིང་ངོ་སྤྲད། བི་མ་ལས། འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་ཀྱི་དཀྱིལ། །གདོད་ནས་དག་པ་སྐུ་གསུམ་ལྷུན་གྱིས་གྲུབ། །དེ་ཉིད་མ་བཅོས་ཅོག་གཞག་སོ་མའི་ངང་། །ཡེ་གྲོལ་དག་པ་དེ་ཉིད་ཉམས་སུ་ལོངས། །ཞེས་དང་། མཚོ་རྒྱལ་གྱིས། ཡང་དག་དོན་ལ་སྐྱེ་འཆི་གཉིས་མེད་ཀྱང་། །གནས་སྐབས་ཤ་ཁྲག་ལུས་འདི་ངེས་པར་འགྱུར། །ཚེ་འདིའི་སྣང་བ་རྨི་ལམ་སྒྱུ་མ་འདྲ། །རང་ངོ་ཤེས་ན་སྐད་ཅིག་བརྟན་པ་ཐོབ། །ཅེས་གསུངས་པ་དང་། དེ་ཞོར་དུ་འཇམ་མགོན་བཀའ་འགྱུར་བ་ཆེན་པོ་དང་། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་གཉིས། སྙིགས་དུས་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པའི་སྒྲོན་མེར་ལུང་བསྟན་མ་ཐག །དཔལ་མགོན་ཞལ་བྲམ་གཟུགས་ཅན་དངོས་སུ་བྱོན་ཏེ། རྗེ་བཀའ་འགྱུར་བ་ཆེན་པོ་ཆོས་རྒྱལ་ཁྲི་སྲོང་གི་དུས་ཁ་ཆེའི་པཎ་ཆེན་དྷརྨ་པཱ་ལ་དང་། རྒྱལ་སྲས་དངུལ་ཆུ་ཆོས་རྫོང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་ཀྱི་སྐྱེ་རྒྱུད་དུ་ལུང་བསྟན་མཛད་པ་སོགས་ངོ་མཚར་གྱི་གནས་དུ་མ་དང་། གཞན་ཡང་དག་པའི་གཟིགས་སྣང་མཐའ་ཡས་ཤིང་། རྒྱལ་དབང་མཆོག་གི་ཏི་ཤྲི་གྱུར། བསྟན་འཛིན་གྱི་སྐྱེས་བུ་མང་པོ་སྨིན་གྲོལ་ལམ་ལ་བཀོད་པ་སོགས་མཛད་ཕྲིན་རྒྱ་ཆེ་ཞིང་། མཐར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚེ། བསམ་ཡས་མཆིམས་ཕུའི་དུར་ཁྲོད་དུ་ཁོ་བོས་སྐུ་གདུང་ཞུགས་ལ་ཕུལ་བའི་ཚེ། ནམ་མཁའ་འཇའ་སྤྲིན་གྱིས་ཁྱབ་ཅིང་མེ་ཏོག་གི་ཆར་དང་ཁྱད་པར་པུར་དུད་ཀྱི་སྣེ་ལས་འོད་དཀར་པོ་སྡེར་མ་ཙམ་ཞིག་ཨོ་རྒྱན་གསང་ཕུག་ཏུ་འཇའ་དཀར་ཟུག་པའི་རྩེར་སོང་བ་དང་། གུ་རུའི་སྤྲུལ་པ་བྱ་རྒོད་ཐང་དཀར་ཞིག་ནམ་མཁའ་ལ་ལྡིང་བ་སོགས་ཀུན་གྱིས་མཐོང་བའི་ངོ་མཚར་བསམ་ལས་འདས་པ་བྱུང་བ་ལགས་སོ། །དམ་པ་དེས་བདག་རྗེས་སུ་བཟུང་བ་ཡིན་ཏེ། དེ་ཡང་རང་ལོ་དྲུག་པ་ནས་བཅུ་དྲུག་གི་བར་དུ་ཡང་ཡང་ཞབས་ཀྱི་པདྨོར་བཏུད་པས་སྨིན་གྲོལ་གྱི་ཟབ་ཆོས་མང་དུ་ནོས་ཤིང་། ཁྱད་པར་རང་ལོ་བཅུ་དྲུག་གི་ཐོག་གུང་ཐང་གི་གཙུག་ལག་ཁང་གི་ཡང་རྩེར་གསང་འགྲེལ་སྤར་བཀབ། རོང་འགྲེལ་གཡུང་ཊཱིཀ་ཕྱོགས་བཅུ་མུན་སེལ་སོགས་འགྲེལ་པ་བཞིའི་ལུང་དང་རཏྣའི་འདུས་པ་སྐོར་བཞི་སོགས་ཟབ་ཆོས་མང་དུ་གནང་ཞིང་ཁྱད་པར་རྫོགས་ཆེན་དགོངས་པ་ཟང་ཐལ་ཀ་དག་ལྷུན་གྲུབ་ཀྱི་ཉམས་ཁྲིད་ཀྱི་གཞུང་བཙུགས་པའི་ཟུར་རྒྱན་དུ་ཡང་ཏིག་གཅེས་སྒྲོན་དང་། བླ་མ་སྐུ་གསུམ་མ། རིག་འཛིན་སྲོག་སྒྲུབ་ཀྱི་ཁྲིད་སོགས་སྨིན་པར་བསྩལ་ཞིང་ཞབས་པད་ཡུན་རིང་དུ་བསྟེན། མཐར་གསང་བ་རྨད་བྱུང་མའི་དབང་ཁྲིད་དང་། མ་གཅིག་གི་གཅོད་ཁྲིད་ཀྱི་མཎྜལ་ཙམ་དུ་སླེབས་པ་ལ་ངེད་ཀྱང་ཅུང་ཟད་བྲོ་འཚལ་བས་དེར་ཆོས་མཚམས་གནང་བས་ངེད་ལ་སུན་བཟློག་བརྟན་བཞུགས་སོགས་རྒྱས་པར་བསྩལ་ཞིང་དེའི་ཕྱི་ལོར་ཞིང་ཁམས་སུ་འཕོས་པ་སོགས་རྣམ་ཐར་དུ་གསལ་བ་ལྟར་རོ། །རིག་འཛིན་བརྒྱུད་པ་སྤེལ་ལེགས་ནོར་བུའི་ཕྲེང་། །སེལ་མེད་དགོས་འདོད་རེ་སྐོང་ཡིད་བཞིན་གྱི། །སྨིན་གྲོལ་འདོད་དགུར་སྩོལ་མཛད་རྩ་བརྒྱུད་ཀྱི། །ཡོངས་འཛིན་དམ་པ་རྣམས་ལ་ཕྱག་བགྱི་འོ། །ཞེས་སོ། །སྤྱི་དོན་གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་དངོས་བཤད་པ་ལ་སྨིན་གྲོལ་གཉིས་ལས་དང་པོ་ནི། དབང་མ་ཐོབ་པར་རྒྱུད་དང་གདམས་ངག་གི་ཟབ་ཁྲིད་འཆད་པར་མི་རུང་ཡང་དེང་སང་རས་ཆོད་བྱེད་པ་མང་དུ་སྣང་བས། དེས་ན་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ཐེམས་མེད་ཀྱི་དབང་ཆོག་ཆེན་མོ་སྒྲུབ་པ་སྡེ་དགུ་དང་སྦྱར་བ་དང་། ཐེམས་ཅན་དྲུག་པ་དབང་བསྐུར་འབྲིང་པོ་སྒྲུབ་པ་སྡེ་དྲུག་དང་འབྲེལ་བ་དང་། བསྡུས་པ་བྱིན་རླབས་ཐུགས་རྗེའི་དབང་ལྔ། ཞི་དྲག་ཐུན་མོང་གི་གཏོར་དབང་ཟངས་མཛོད་མ་སོགས་ལེགས་པར་ཐོབ་པའམ། ཁྱད་པར་དབང་བསྐུར་ཆེ་འབྲིང་གཉིས་གང་རིགས་ཀྱིས་སྨིན་པར་བྱས་པ་ཞིག་ལ་ཟབ་ཁྲིད་སྟོན་པར་བྱེད་དགོས་པ་ཡིན་ནོ། །གཉིས་པ་གྲོལ་བྱེད་ཀྱི་གདམས་ངག་ཇི་ལྟར་སྟོན་ཚུལ་ནི། གཙོ་བོར་གཏེར་གཞུང་གི་ཟིན་སོ་གཙོ་ཆེ་ཞིང་། ཁྱད་པར་ནུབ་དགོན་ནས་བརྒྱུད་པའི་ཁྲིད་རིམ་ཟུར་ཆེན་རྡོ་རྗེ་འཆང་གིས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལས་གསན་སྐབས་སུ་མཛད་པ་དམིགས་རིམ་གསལ་བྱེད་ཟིན་བྲིས་ཉིད་རྩ་བར་བཟུང་སྟེ་འཆད་པར་བྱེད་པ་ལ། རྩ་བ་ལས། ཐོག་མར་སྔོན་འགྲོ་གཟེར་ལྔ་དམིགས་རིམ་བཅས༔ ཞེས་གསུངས་པའི་དང་པོ་ཐུན་མོང་གི་སྔོན་འགྲོ་གཟེར་ལྔ་ནི། བྱང་གཏེར་སྤྱི་དང་ཁྱད་པར་རྫོགས་ཆེན་ཀ་དག་ལྷུན་གྲུབ། ཐུགས་སྒྲུབ་རྣམ་གསུམ་བཅས་པའི་སྔོན་འགྲོར་མཛད་པས། གཟེར་ལྔའི་གཏེར་གཞུང་ལས། ན་མོ༔ ཀུན་བཟང་ཐུགས་ལ་ཕྱག་འཚལ་ལོ༔ ཞེས་མཆོད་པར་བརྗོད་ནས། དང་པོ་དད་ལྡན་སྐྱེས་བུ་རྣམས༔ ཞེས་པ་ནས། རིན་ཆེན་གནད་ཀྱི་གཟེར་ལྔ་བརྩམ༔ ཞེས་པའི་བར་གྱིས་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་བསྟན། དེས་ཇི་ལྟར་ཉམས་སུ་བླང་བ་ནི། སྐྱབས་སེམས། ཚོགས་གསག །སྒྲིབ་སྦྱོང་། མི་རྟག་སྐུལ་འདེབས། བླ་མའི་རྣལ་འབྱོར་ཏེ་ལྔ་པོ་རང་རྒྱུད་ལ་གཟེར་བཏབ་པ་བཞིན་དགོས་པས་ན་གཟེར་ལྔ་ཞེས་སོ། །དེ་ལ་དང་པོ་སྐྱབས་སེམས་ནི། བདག་དང་ཁམས་གསུམ་སེམས་ཅན་རྣམས༔ ཞེས་པ་ནས། ཐར་བར་བྱ་ཕྱིར་སེམས་བསྐྱེད་དོ༔ ཞེས་པའི་བར་གྱིས་ལུས་མདོར་བསྟན་ནས། གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ཇི་ལྟར་བསྒོམ་པ་ནི། བདག་གི་སྤྱི་བོར་ནམ་མཁའི་ཁམས༔ ཞེས་པ་ནས། བཀའ་ཉན་ལས་བྱེད་ཕོ་ཉར་བསམ༔ ཞེས་པའི་བར་གྱིས་བསྟན་པས། དེ་ལྟར་བསྒོམ་པའི་ཚུལ་ནི། རང་གི་སྤྱི་བོར་པད་སྡོང་འདབ་མ་བཞི་པ་ཡངས་ཤིང་རྒྱ་ཆེ་བ་ལྟེ་བའི་ཟེའུ་འབྲུར་ཉི་ཟླའི་གདན་ལ་རྩ་བའི་བླ་མ་དེ་ཉིད་བརྒྱུད་པ་དྲུག་འདུས་ཀྱི་ངོ་བོ་རྡོ་རྗེ་དྲག་པོ་རྩལ་ཡུམ་ཕག་མོ་དང་མཉམ་པར་སྦྱོར་བ་བདག་ལ་དགྱེས་ཞལ་མཛུམ་མདངས་དང་ལྡན་པ། དེའི་མདུན་ཤར་གྱི་འདབ་མ་དང་ཤར་ཕྱོགས་ཀྱི་སྟེང་འོག་ཐམས་ཅད་ཁྱབ་པར་བདག་ཅག་གི་སྟོན་པ་ཐུབ་ཆེན་ཤཱཀྱ་སེང་གེ་གཙོ་བོར་གྱུར་པའི་ཐེག་དགུའི་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལྷ་ཚོགས་མ་ཚང་བ་མེད་པའི་སངས་རྒྱས་དཀོན་མཆོག་དང་། གཡས་ཕྱོགས་ལྷོའི་འདབ་མ་དང་ནམ་མཁའ་སྟེང་འོག་ཐམས་ཅད་དུ་བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་གླེགས་བམ་གྱི་རྣམ་པ་ལུང་རྟོགས་ཀྱི་དམ་ཆོས་མ་ལུས་པ་འདུས་པའི་བདག་ཉིད་ཅན། དེའི་བར་མཚམས་ཐམས་ཅད་བཻཌཱུརྱའི་གཞི་ལ་གསེར་ཞུན་མས་བྲིས་པ་དང་། གསེར་གྱི་གཞི་ལ་བཻཌཱུརྻའི་ཁུ་བས་བྲིས་པའི་བཏགས་གྲོལ་རྒྱུད་དྲུག་སོགས་ཀྱིས་གོ་མཚམས་མེད་པར་གཏམས་པ་སྟེ་ཆོས་དཀོན་མཆོག་དང་། རྒྱབ་ཕྱོགས་ཀྱི་འདབ་མ་དང་སྟེང་འོག་ཐམས་ཅད་རྒྱལ་བ་རིགས་གསུམ་མགོན་པོ་དང་། རྒྱལ་ཚབ་བྱམས་པ་མགོན་པོ་སོགས་བྱང་ཆུབ་སེམས་དཔའི་དགེ་འདུན་དང། ཉན་རང་སོགས་འགྲོ་དོན་མཛད་པའི་དགེ་འདུན་དཀོན་མཆོག་དང་། གཡོན་ཕྱོགས་ཀྱི་འདབ་མ་དང་སྟེང་འོག་ཐམས་ཅད་སྔགས་ཀྱི་སྲུང་མ་རྡོ་རྗེ་ཁྲོ་མོ་རག་གདོང་མ་གཙོ་བོར་གྱུར་པའི་མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་སྟེ་འདི་དག་ཀྱང་དགེ་འདུན་དཀོན་མཆོག་ཏུ་བསྡུའོ། །གང་གིས་སྐྱབས་སུ་འགྲོ་མཁན་ནི། རང་ཉིད་གཙོ་བོར་གྱུར་པའི་གཡས་གཡོན་དུ་ཕ་མ། འོག་ཏུ་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་དགྲ་གཉེན་བར་མའི་ཚོགས་ཐམས་ཅད་མངོན་སུམ་ལྟ་བུར་འཁོད་པ་ལ། བརྩེ་བ་སྙིང་རྗེ་ཆེན་པོས་ལེགས་པར་བརྟགས་ཏེ་རྒྱུ་མི་དགེ་བ་དང་དཀར་ནག་སྣ་ཚོགས་ཀྱིས་འབྲས་བུ་དངོས་སུ་མྱོང་བ་འདི་རྣམས་ལ་སྙིང་རྗེ་དང་ལས་བསགས་པ་ལ་འགྱོད་སེམས་དྲག་པོས་སྐྱབས་སུ་འགྲོ་བར་བྱ་དགོས་ལ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ནི། རང་གིས་བྱང་དྲངས་ཏེ་མགྲིན་གཅིག་ཏུ་འུར་དིང་གིས་སྐྱབས་སུ་འགྲོ་བར་དམིགས་ཏེ། ཀྱེ་མ༔ ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཀུན༔ ཞེས་པ་ནས། བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་གཟིགས༔ ཞེས་པའི་བར་གྱིས་སྤྱིར་སྨོས་ཏེ། བྱེ་བྲག་ཏུ། ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནས༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི༔ ཞེས་བརྗོད་པའི་ཚེ་བླ་མ་རྡོ་རྗེ་དྲག་པོ་རྩལ་དེ་ཉིད་ལ་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད་པའི་མོས་གུས་གདུང་ཤུགས་དྲག་པོ་མ་ཡེངས་པར་བྱ། དེ་བཞིན་དུ་གང་ལ་གང་འདུལ་སོགས་ཚིག་རྐང་གཉིས་ཀྱི་དུས་ཤར་གྱི་ཡི་དམ་དང་། སངས་རྒྱས་གསུང་ལས་སོགས་ཀྱི་དུས་ལྷོའི་ཆོས་དང་། ཐུགས་རྗེ་ཆེན་པོས་ཞེས་སོགས་ཀྱི་སྐབས་ནུབ་ཀྱི་དགེ་འདུན་དང་། གདུལ་བྱའི་དོན་དུ་ཞེས་སོགས་ལ་བྱང་གི་ཆོས་སྲུང་རྣམས་ལ་སེམས་གཏད་དེ་སྐྱབས་འགྲོ་ལན་མང་དུ་བྱའོ། །སྐྱབས་ཡུལ་དེ་རྣམས་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རྣམ་བཤད་སོགས་མང་དུ་ཡོད་ཀྱང་ཡི་གེས་འཇིགས་ཏེ་བྲིར་མ་ལང་ཞིང་དེ་དག་ཀྱང་ཆོས་སྐུར་བལྟས་ཏེ་སྐྱབས་སུ་སོང་ན་ངེས་དོན་གྱི་ཡོན་ཏན་རྒྱུད་ལ་སྐྱེ། ལོངས་སྐུར་བལྟས་ན་སྐུ་དང་ཞིང་ཁམས་རྒྱས་པའི་ཡོན་ཏན། སྤྲུལ་སྐུར་བལྟས་ན་སྤྲུལ་པས་འགྲོ་བ་འདྲེན་ནུས་པའི་ཡོན་ཏན་སྐྱེ་བར་གསུངས། དེ་དང་རྗེས་སུ་འབྲེལ་བར་སེམས་བསྐྱེད་པ་ནི། སྤྱིར་སྨོན་འཇུག་དོན་དམ་སོགས་ཀྱི་བཤད་གཞི་རྣམས་བཏང་སྙོམས་སུ་བྱས་ཏེ། གོང་གི་སྐྱབས་ཡུལ་དེ་རྣམས་སེམས་བསྐྱེད་བླང་བའི་ཡུལ་དཔང་པོ་ལྟ་བུར་བསྒོམས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་སྙམ་པའི་སྨོན་པ་སེམས་བསྐྱེད་དང་། དེའི་ཕྱིར་དུ་ལམ་གྱི་འཇུག་སྒོ་མང་ཡང་། ཟབ་གསང་འོད་གསལ་རྡོ་རྗེ་སྙིང་པོའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་འདིར་འཇུག་ཅིང་ཉམས་སུ་བླང་སྙམ་པ་འཇུག་པ་དང་། དེའི་ཕྱིར་བདག་གིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཀྱི་མཐུ་ལས། མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་བྱང་ཆུབ་ཐོབ་པ་དང་། དོན་དམ་པར་རང་བྱུང་རིག་པ་རང་ཤར་གྱི་ཆོས་སྐུ་ཡང་དག་སྙིང་པོ་རྟོགས་པར་ཤོག་ཅིག་པའི་དོན་དམ་སེམས་བསྐྱེད་སོགས་གསལ་བཏབ་སྟེ། བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིས༔ ཞེས་པ་ནས། འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ ཅེས་པའི་བར་ལན་མང་དུ་བརྗོད་ཅིང་སྐྱབས་སེམས་སྙིང་ཐག་པ་ནས་བྱའོ། །གཞུང་ལས། དབང་པོ་རབ་འབྲིང་ཐ་མ་ཡིས༔ ཞག་གསུམ་ལྔ་འམ་བདུན་གྱི་བར༔ རིམ་པར་སྐྱབས་འགྲོ་སེམས་བསྐྱེད་བྱ༔ ཞེས་གསུངས་པས་ཉམས་ཁྲིད་ཀྱི་དུས་དེ་ལྟར་བྱའོ། །སྐྱབས་སེམས་འདི་རྣམས་ཉམས་སུ་ལེན་སྐབས་རྒྱུ་དང་འབྲས་བུའི་སྐྱབས་འགྲོ །སྨོན་འཇུག་དོན་དམ། བདག་གཞན་མཉམ་བརྗེའི་བྱང་སེམས་བསྒོམ་ཚུལ། ཕར་ཕྱིན་དྲུག་གི་ལམ་སོགས་ལ་སྒྲོ་འདོགས་ཆོད་པར་བྱ་བ་ནི་ཤིན་ཏུ་གཅེས་སོ། །དེ་ལྟར་སྐྱབས་སེམས་གྲུབ་ནས་སྐྱབས་ཡུལ་དེ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་ཏེ་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕོག་པས། ལུས་ཟག་མེད་བདེ་ཆེན་གྱི་སྐུ་དང་སེམས་རྟོག་མེད་ཆོས་ཀྱི་སྐུར་སངས་རྒྱས་ཏེ་བྱ་མ་བུ་འཕུར་བ་བཞིན་དུ་དག་པ་མཁའ་སྤྱོད་ཀྱི་གནས་སུ་འུར་དིང་གིས་འཕུར་བར་བསམ། སྐྱབས་ཡུལ་དེ་རྣམས་ཀྱང་འོད་ཕུང་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ནས་རང་ལ་ཐིམ་པས་དེ་རྣམས་ཀྱི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་བསམས་ལ་མཉམ་པར་བཞག་གོ །གཉིས་པ་ཚོགས་བསགས་པ་ནི། ཁྲིད་གཞུང་ལས། ཅི་ཡོད་ལོངས་སྤྱོད་ཆགས་མེད་དགེ་བར་ཐོངས༔ ཞེས་དང་། གཟེར་ལྔའི་གཞུང་ལས། གཉིས་པ་བདག་འཛིན་འགྲོལ་བ་ནི༔ བསོད་ནམས་ཚོགས་གཉིས་གསག་པའི་ཕྱིར༔ ཟས་དང་ལོངས་སྤྱོད་ཅི་འབྱོར་བ༔ ཕངས་དང་སྙིང་བརྩེ་ཐམས་ཅད་ཀྱང༔ བདེ་གཤེགས་མཆོད་ཅིང་སྦྱིན་པར་གཏང༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཎྜལ་འབུལ༔ ཞེས་གསུངས་པའི་དོན། རྒྱུའི་ཐེག་པ་ལྟར་གྲངས་མེད་གསུམ་དུ་ཚོགས་གསག་པའི་ངལ་བ་བརྟེན་མི་དགོས་པར། འབྲས་བུའི་ཐེག་པ་འདིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་ཚུལ་དངོས་ཞེན་སྤང་ཕྱིར་རང་འབྱོར་ཅི་ཡོད་ཆགས་མེད་དུ་མཆོད་སྦྱིན་བྱ་བ་དང་། ཁྱད་པར་ཕྱི་ནང་གསང་བའི་མཎྜལ་གྱི་སྒོ་ནས་ཚོགས་གཉིས་རྫོགས་པའི་ཟབ་ལམ་དམ་པ་ཉམས་སུ་བླང་བ་ནི། སྐྱབས་ཡུལ་དང་འདྲ་བའི་ཚོགས་ཞིང་དེ་དག་རང་གི་མདུན་དུ་དམིགས་ལ། དང་པོ་ཕྱིའི་མཎྜལ་འབུལ་བ་ནི། ན་མོ༔ དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ༔ ཞེས་པ་ནས། ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ ཅེས་པའི་བར་ངག་ཏུ་བརྗོད་ཅིང་། ཇི་ལྟར་དམིགས་ཚུལ་ནི། སྤྱིར་དུས་འཁོར་མངོན་པ་སོགས་ཀྱི་འདོད་ཚུལ་གྱི་སྣོད་བཅུད་ཀྱི་འཇིག་རྟེན་ལུགས་མི་འདྲ་ཡང་འདིར་མངོན་པ་ལྟར་བསྒོམ་བདེ་ཞིང་གསར་རྙིང་ཐམས་ཅད་དེ་ལྟར་མཛད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་གླིང་འཁོར་ཡུག་ཉི་ཟླ་ལྕགས་རི་དང་བཅས་པའི་གནས་ཚུལ་གྱི་དོན་སྤྱི་ངེས་པར་བྱས་ལ། སྙིང་ཐིག་རྣམས་སུ་ལྔ་ཚན་ལྔའི་མཎྜལ་འབུལ་ཚུལ་རྒྱས་པར་གསུངས་ཤིང་། འདིར་རང་གི་མདུན་དུ་གསེར་དངུལ་འཁར་བ་ལ་སོགས་ཀྱི་མཎྜལ་ནས་འབྲས་སོགས་ཀྱི་འབྲུ་རྣམས་སྟ་གོན་བྱ། དེ་ལྟ་བུའི་མཎྜལ་ཚོམ་བུ་ཡང་རྒྱས་པ་སོ་བདུན་མ་དང་། བསྡུས་པ་བདུན་མ་སོགས་ཀྱི་བཤད་ཚུལ་དང་། གུ་རུ་པདྨས་གསང་སྔགས་ལམ་རིམ་དུ། སྒྲུབ་དང་མཆོད་པའི་མཎྜལ་གཉིས་སུ་འབུལ༔ ཞེས་གསུངས་པའི་རང་འགྲེལ་དུ། སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་མཆོད་ཡུལ་དང་། ཚོམ་བུ་བདུན་མ་མཆོད་པའི་མཎྜལ་དུ་བཤད་ཅིང་། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར་གྱི་སྔོན་འགྲོའི་སྐབས་དང་། འདིར་ཡང་མཆོད་པའི་མཎྜལ་ཚོམ་བུ་བཅོ་ལྔ་མར་བཤད་པ་སྟེ། རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཉི་ཟླ་སྟེ་བཅོ་ལྔར་བཤད་པའི་ཕྱིར་རོ། །དེ་ལྟ་བུའི་ཚོམ་བུ་བཀོད་པ་དམིགས་རྟེན་ཙམ་དང་། བསྒོམ་བྱར་སྣོད་བཅུད་ཀྱི་འཇིག་རྟེན་སྟོང་གསུམ་གྱི་སྟོང་ཆེན་པོ་གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་ཉི་ཟླ་འཁོར་ཡུག་དང་བཅས་པར་སྤྲུལ་ཏེ་འབུལ་དགོས་ལ། དེ་ལྟ་བུའི་མཎྜལ་དེ་ཉིད་རང་དབང་དུ་འབུལ་བའི་ནུས་པ་མ་མཆིས་ཀྱང་། བདག་དོན་དུ་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་མཐུས་བཞེས་པར་འགྱུར་བ་ཡིན་ཏེ། སྤྱོད་འཇུག་ལས། བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་གསུངས་པའི་ཕྱིར། ཁྲིད་ཀྱི་དུས་སྐབས་འདིར་དངོས་འབྱོར་ཀྱི་མཆོད་པ་ཡང་ཅི་ནུས་སུ་འབུལ་ལོ། །གཉིས་པ་ནང་གི་མཎྜལ་ནི། རང་དབང་དུ་བྱས་པ་རྣམས་བློས་བླངས་ཏེ་འབུལ་བ་ཡིན་པས་གཞུང་ལས། ན་མོ༔ འཇིག་རྟེན་ལས་ཀྱིས་འདུས་པའི་བར་དོ་རུ༔ བདག་བློས་ཤིན་ཏུ་གཅེས་པར་བཟུང་བ་ཡི༔ ཞེས་པ་ནས། དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ ཞེས་པའི་བར་ངག་ཏུ་བརྗོད་ཅིང་། བསྒོམ་དོན་ནི་སྐྱེ་འཆི་བར་དོ་འདིར་བདག་གིས་བློས་བཟུང་བའི་ཡུལ་འཁོར་འདོད་པའི་ལོངས་སྤྱོད། ཕ་མ་བུ་ཚ་མཛའ་གྲོགས་ཟས་ནོར་གོས་རྒྱན་དང་བཅས་པ་གཅེས་འཛིན་གྱི་བློས་བཟུང་བ་འདི་རྣམས་བློས་ལིངས་ཀྱིས་བསྒྱུར་ཏེ་འབུལ་བར་དམིགས་སོ། །གསུམ་པ་གསང་བའི་མཎྜལ་ནི། ཕྱི་ལྟར་སྣོད་བཅུད། ནང་ལྟར་གྱི་ཡུལ་འཁོར་ལོངས་སྤྱོད་དང་བཅས་པ་འདི་རྣམས་བདག་ལུས་འབྱུང་འདུས་ཀྱི་ཉེར་མཁོར་གྱུར་པས་ན་སྒྱུ་ལུས་ཀྱི་ཕུང་པོ་གཅེས་པར་འཛིན་པ་འདི་ཡང་ཆགས་ཞེན་མེད་པར་འབུལ་བ་ཡིན་པས། ཧཱུྃ༔ རང་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ༔ ཞེས་པ་ནས། རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ༔ ཞེས་པའི་བར་བརྗོད་ཅིང་འབུལ་ཚུལ་ནི། བླ་མའི་གསུང་རྒྱུན་དུ། རིལ་པོར་འབུལ་བ་དང་། སིལ་བུར་འབུལ་བ་གཉིས་ལས། རིལ་པོར་འབུལ་ན། རང་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་གི་དབུས་སུ་ཙིཏྟ་རིན་པོ་ཆེ་འབར་བ་དང་དབང་པོ་སྒོ་ལྔས་བརྒྱན་པ་ལ། རྣམ་ཤེས་ཚོགས་བརྒྱད་འཁོར་གྱི་ཚུལ་དུ་བསྐོར་བ། ཤ་ཁྲག་རུས་པ་ནང་ཁྲོལ་དང་བཅས་པ་འདོད་ཡོན་སྣ་ཚོགས་དང་། མིག་གཉིས་ཉི་ཟླའི་རྣམ་པར་འབུལ་ཞིང་། སིལ་བུར་འབུལ་བ་ལུས་ཀྱི་པགས་པ་བཤུས་ཏེ་གསེར་གྱི་ས་གཞིའི་དོད་དང་། ཁྲག་གིས་ཆག་ཆག་བཏབ་པ་དྲི་བཟང་གི་ཆུ་དང་། ཁོག་སྨད་འབྱུང་བཞི། ཁོག་སྟོད་རི་རབ་ཀྱི་ཚུལ་ལ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་ཟླ་ཡན་ལག་ཉིང་ལག་སོགས་ཕྱོགས་མཚམས་སུ་གླིང་བཞི་གླིང་ཕྲན་གྱི་ཚུལ་དུ་བཀོད་ཅིང་། ཤ་ཁྲག་ནང་ཁྲོལ་སོགས་འདོད་ཡོན་ལྔའི་རང་བཞིན་དུ་ཁྱབ་པར་བཀྲམ་སྟེ་འབུལ་བར་དམིགས་པ་ཡིན་གསུངས། དེ་ལྟ་བུའི་མཎྜལ་ཕྱི་ནང་གསང་བ་གསུམ་གྱི་ཚུལ་དུ་ཕུལ་བས། ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས། གསང་བ་སེམས་ཀྱི་འཕྲོ་འདུ་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྫོགས་པའི་རྒྱུར་འགྱུར་བས་མཆོད་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་ཕྱི་ལྟར་ཕྱི་ནང་གསང་བའི་མཎྜལ་རྣམས་ཉམས་ཁྲིད་ཀྱི་དུས་སུ་སྐྱབས་སེམས་ལྟར་ཞག་གྲངས་སུ་བཅད་དེ་འབུལ་ཞིང་རྒྱུན་ལྡན་ཇི་ལྟར་རིགས་པ་ཕུལ་ནས་མཆོད་ཡུལ་རྣམས་རང་ལ་བསྡུའོ། །གསུམ་པ་སྒྲིབ་སྦྱོང་ནི། གཟེར་ལྔའི་གཞུང་ལས། གསུམ་པ་སྒྲིབ་སྦྱོང་བཤགས་པའི་གཟེར༔ ལས་ཀྱི་སྒྲིབ་པ་མ་དག་བར༔ ཡང་དག་སྙིང་པོ་མི་རྟོགས་པས༔ ཞེས་གསུངས་པས། དེ་ཉིད་ཇི་ལྟར་ཉམས་སུ་བླང་བ་ནི། ཧཱུྃ༔ རང་གི་སྒྱུ་ལུས་བེམས་པོ་ཡི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང༔ ཨཱཿལས་རྡོ་རྗེ་སེམས་དཔའ་ཉིད༔ ཅེས་པ་ནས། ཕྱི་ནང་ལུས་བཀྲུས་དག་པར་བསམ༔ ཞེས་པའི་བར་ལྟར་ཡིན་ལ། དེ་ལ་ཡང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་བ་ནི་གོང་གི་དཀྱུས་ལྟར་ལ། ཐུན་མོང་མ་ཡིན་པ་ནི། དུག་ལྔ་སྤྱི་འཇོམས་སུ། རང་གི་སྤྱི་བོར་ཐུན་མོང་བ་ལྟར་གྱི་རྡོར་སེམས་གསལ་བ་དེའི་ཀླད་པ་དུང་ཁང་དུ་གཏི་མུག་འཇོམས་པའི་རྡོར་སེམས་དཀར་པོ། མགྲིན་པར་འདོད་ཆགས་འཇོམས་པའི་རྡོར་སེམས་དམར་པོ། ཐུགས་ཀར་ཞེ་སྡང་འཇོམས་པའི་རྡོར་སེམས་མཐིང་ནག །ལྟེ་བར་སེར་སྣ་དང་ང་རྒྱལ་འཇོམས་པའི་རྡོར་སེམས་སེར་པོ། གསང་གནས་སུ་ཕྲག་དོག་འཇོམས་པའི་རྡོར་སེམས་ལྗང་གུ །དེ་རྣམས་ཀྱང་པད་ཟླའི་གདན་ལ་སེམས་སྐྱིལ་གྱིས་བཞུགས་པའི་སོ་སོའི་ཐུགས་ཀར་ཟླ་གདན་ལ་ཧཱུྃ་ཡིག་དཀར་དམར་མཐིང་སེར་ལྗང་བ་ལ་ཡིག་བརྒྱ་ས་བོན་གྱི་མདོག་ལྟར་བསྐོར་བ་གསལ་བཏབ་ཅིང་། ཡིག་བརྒྱ་བཟླ་བཞིན་པས་དུང་ཁང་གི་རྡོར་སེམས་དེའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བདུད་རྩིའི་རྒྱུན་བབས་པས་སྐུ་ལུས་ཤེལ་བུམ་འོ་མས་གང་བ་ལྟར་གྱུར་པ་ཕྱིར་ལུད་དེ། གཞིའི་རྡོར་སེམས་དེའི་སྐུ་ལུས་ཀྱང་མེར་གྱིས་་གང་བ་ཞབས་གཡས་པའི་མཐེ་བོང་ནས་འཛགས་པས་རང་ལུས་ཀྱི་ཕྱི་ནང་ཐམས་ཅད་སྦྱོང་བྱེད་འོད་ཟེར་བདུད་རྩི་དཀར་པོའི་རྒྱུན་དེས་བཀྲུས་པས་སྦྱང་གཞི་གཏི་མུག་གི་ལས་ཀྱིས་དུད་འགྲོར་སྐྱེ་བའི་ལས་སྒྲིབ་སྦྱངས།སྦྱངས་འབྲས་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། སྦྱོང་བྱེད་ཀྱི་འོད་ཟེར་དེ་ཕྱོགས་བཅུར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྦྱང་གཞི་སྦྱངས་འབྲས་སོགས་གོང་ལྟར་གྱུར་པར་བསམ། དེ་བཞིན་དུ་མགྲིན་པའི་རྡོར་སེམས་དམར་པོའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བདུད་རྩི་དམར་པོའི་རྒྱུན་བབས་པས་བྱི་རུའི་བུམ་པ་མཚལ་བཏུལ་མའི་ཁུ་བས་ཁེངས་པ་ལྟར་གྱུར་པ། གཞིའི་རྡོར་སེམས་ཀྱི་སྐུ་ལུས་ཤེལ་བུམ་མཚལ་གྱི་ཁུ་བ་ལྟ་བུས་གང་བ་ཞབས་མཐེབ་ནས་འཛགས་ཏེ་སྦྱོང་བྱེད་འོད་ཟེར་བདུད་རྩི་དེས་རང་རྒྱུད་ཀྱི་སྦྱང་གཞི་འདོད་ཆགས་ཀྱི་དབང་གིས་མིར་སྐྱེ་བའི་ལས་སྦྱངས། སྦྱངས་འབྲས་སོར་རྟོག་ཡེ་ཤེས་དང་སེམས་ཅན་གྱི་ལས་སྦྱོང་བྱེད་སྦྱང་གཞི་སྦྱངས་འབྲས་གོང་ལྟར་བསམ། ཐུགས་ཀའི་རྡོར་སེམས་མཐིང་གའི་ས་བོན་སྔགས་ཕྲེང་ལས་སྦྱོང་བྱེད་འོད་ཟེར་བདུད་རྩི་མཐིང་གའི་རྒྱུན་བྱུང་བས་བཻཌཱུརྻའི་བུམ་པ་མཐིང་ཞུན་གྱི་ཁུ་བས་གང་བ་ལྟར་གྱུར་པ་སོགས་གོང་ལྟར། སྦྱང་གཞི་ཞེ་སྡང་གིས་དམྱལ་བར་སྐྱེ་བའི་ལས་སྦྱོང་ཞིང་སྦྱངས་འབྲས་མེ་ལོང་ཡེ་ཤེས་དང་། ལྟེ་བའི་རྡོར་སེམས་ཀྱི་ས་བོན་དང་སྔགས་ཕྲེང་ལས་སྦྱོང་བྱེད་འོད་ཟེར་བདུད་རྩི་སེར་པོའི་རྒྱུན་བབས་པས་གསེར་བུམ་གསེར་བཏུལ་མའི་ཁུ་བས་གང་བ་ལྟར་གྱུར་པ་དང་། སྦྱང་གཞི་སེར་སྣ་དང་ང་རྒྱལ་གྱིས་ལྷ་དང་ཡི་དྭགས་སུ་སྐྱེ་བའི་ལས་སྦྱངས། སྦྱངས་འབྲས་མཉམ་ཉིད་ཡེ་ཤེས་དང་། གསང་གནས་ཀྱི་རྡོར་སེམས་ལྗང་གུའི་ས་བོན་སྔགས་ཕྲེང་ལས་སྦྱོང་བྱེད་འོད་ཟེར་བདུད་རྩི་ལྗང་གུའི་རྒྱུན་བྱུང་བས་མར་གད་ཀྱི་བུམ་པ་མར་གད་ཀྱི་ཁུ་བས་ཁེངས་པ་ལྟར་གང་བ་དང་། སྦྱང་གཞི་ཕྲག་དོག་གིས་ལྷ་མིན་དུ་སྐྱེ་བའི་ལས་སྦྱངས། སྦྱངས་འབྲས་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར་པ་སོགས་གོང་གི་རིགས་འགྲེས་སྦྱར་ཏེ་ཡིག་བརྒྱ་བཟླ། གཟེར་ལྔའི་གཞུང་ལས། ཐུན་བཞི་ཐུན་དྲུག་གང་བདེའི་བར༔ ཡང་སྙིང་གཟུངས་དང་བཅས་པ་བཟླ༔ ཞེས་གསུངས་པས་ཡང་སྙིང། ཨོཾ་བཛྲ་སཏྭ་ཧཱུྃ་ཨཱ༔ ཞེས་དང་། གཟུངས་རིང་ནི། ཧེ་རུ་ཀའི་ཡིག་བརྒྱ་སོགས་མིན་པའི་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཁོ་ན་བཟླའོ། །གཟེར་ལྔའི་གཞུང་ལས། དབང་པོ་རབ་འབྲིང་ཐ་མ་ཡིས༔ ཞག་གསུམ་བདུན་ནམ་ཉེར་གཅིག་བར༔ རིམ་པར་སྒྲིབ་སྦྱོང་ལས་ལ་འབད༔ ཅེས་གསུངས་པས། ཁྲིད་ཀྱི་དུས་ཞག་གྲངས་དེ་བཞིན་དང་། རྒྱུན་དུ་བརྒྱའམ་ཉེར་གཅིག་ལ་ཉུང་མཐའ་བྱ་དགོས་ཏེ། བརྒྱ་རྩ་བཟླས་ན་དུས་གསུམ་གྱི་རྒྱལ་སྲས་སུ་འགྱུར་བར་དོང་སྤྲུགས་ལས་གསུངས་ཤིང་། ཉེར་གཅིག་བཟླས་ན་ལྟུང་བ་མི་འཕེལ་བར་བཤད་པའི་ཕྱིར་རོ། ས་ལུགས་ལ། ཕྱི་དང་ནང་གི་ཆུས་ཁྲུས་བྱ། །རྣལ་འབྱོར་མ་ཡིས་དབང་ཡང་བསྐུར། །ཞེས་པའི་རྒྱུད་ལུང་དང་སྦྱར་བའི་རྡོར་སེམས་ཀྱི་ཆུ་རྒྱུན་དེས་ལུས་ནང་གང་བའི་ནང་ཁྲུས་དབང་བཞི་དང་སྦྱོར་བ་འདུག་ཀྱང་འདིར་གཞུང་དང་ཟིན་བྲིས་སོགས་ལ་བཤད་ཚོད་མེད་དོ། །ཐུན་བསྡུ་བ་ན། དུང་ཁང་གི་རྡོར་སེམས་འོད་དུ་ཞུ་ནས་མགྲིན་པའི་རྡོར་སེམས་ལ་ཐིམ། དེ་ཐུགས་ཀའི་རྡོར་སེམས་ལ། གསང་གནས་ཀྱི་རྡོར་སེམས་ལྟེ་བ་དང་། དེ་ཐུགས་ཀར། ཕྱིའི་རྡོར་སེམས་ཀྱང་ཐུགས་ཀའི་རྡོར་སེམས་དང་། དེ་ཉིད་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་ནས་བླ་མ་རྡོ་རྗེ་སེམས་དཔའ་དང་རང་སེམས་དབྱེར་མེད་དུ་གྱུར་པར་བསམས་ལ་མཉམ་པར་བཞག་གོ །འདི་ནི་ཐུན་མོང་མ་ཡིན་པའི་ཟབ་གནད་གསུང་རྒྱུན་མ་ཡིན་པས་རྒྱུན་པར་བསྒོམ་ན་ལེགས། ཡང་ན་རང་རྒྱུད་ལ་ཉོན་མོངས་གང་ཆེ་བརྟགས་ལ། གཏི་མུག་ཤས་ཆེ་བ་ལ་དཀར་པོ། འདོད་ཆགས་ལ་དམར་པོ། ཞེ་སྡང་ལ་མཐིང་ག །སེར་སྣ་དང་ང་རྒྱལ་ལ་སེར་པོ། ཕྲག་དོག་ལ་ལྗང་གུ་སྟེ་གང་འདུལ་གྱི་སྐུ་སོ་སོར་སྒོམ་བཟླས་བྱེད་པར་ཡང་གསུངས་སོ། །དེ་ཡང་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་སྡོམ་བྱེད་དགོས་པས་སྟོབས་བཞི་ངོས་འཛིན་པ་གཅེས་སོ། །བཞི་པ་མི་རྟག་བསྐུལ་འདེབས་ཀྱི་གཟེར་ནི། ཁྲིད་གཞུང་རྩ་བ་ལས། དང་པོར་མི་རྟག་དྲན་པས་འཁོར་བ་ཡི༔ ཡུལ་འཁོར་ལོངས་སྤྱོད་བརྩེ་གདུང་ཉེ་འབྲེལ་རྣམས༔ གྲོས་བཏབ་ནན་གྱིས་འཁྲི་བ་རྦད་ཀྱིས་བཅད༔ ཅེས་གསུངས་པའི་དོན། གཟེར་ལྔའི་གཞུང་ལས། བཞི་པ་མི་རྟག་བསྐུལ་འདེབས་གཟེར༔ རང་གི་ཡུལ་འཁོར་ཁང་ཁྱིམ་དང༔ ཞེས་པ་ནས། ཐུན་དུ་བཅད་ལ་མི་རྟག་བསྒོམ༔ མི་རྟག་མཐོང་ནས་ཆོས་ལ་འཇུག༔ ཅེས་པའི་བར་གྱིས་བསྟན་པ་ལྟར་ངག་ཏུ་བརྗོད་ལ་བསྒོམ་པའི་ཚུལ་ནི་གསར་རྙིང་སྤྱི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྣམས་ཐོག་མར་བསྒོམས་པ་ཐུན་མོང་གི་སྔོན་འགྲོ་དང་། སྐྱབས་སེམས་སོགས་ཐུན་མོང་མ་ཡིན་པའི་སྔོན་འགྲོར་བྱེད་ཀྱང་། འདིར་གཟེར་ལྔའི་ཁོངས་སུ་བསྡུས་ཏེ་གསུངས་པས། སྐབས་འདིར་བསྒོམ་བྱ་ནི། རང་གི་ཡུལ་འཁོར་ཁང་ཁྱིམ་དང༔ ས་རྡོ་རི་བྲག་འཇིག་རྟེན་ཁམས༔ བརྩིགས་དང་གནས་དང་འཇིག་པ་དང༔ དུས་ཀྱི་འཕོ་འགྱུར་ལེགས་པར་བསམ༔ ཞེས་སོགས་ཀྱིས་དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པར་བསམ་པ་དང། བར་དུ་རང་གི་དགྲ་དང་གཉེན༔ སྲོག་ཆགས་ཀུན་དང་རང་གི་ལུས༔ སྐྱེ་དང་གསོན་དང་འཆི་བ་བསམ༔ ཞེས་སོགས་ཀྱིས་གཉིས་པ་རང་གཞན་སྐྱེ་འཆིའི་སྡུག་བསྔལ། བཅུད་ཀྱི་སེམས་ཅན་མི་རྟག་པར་བསམ་པ་དང་། ཐ་མ་འཁོར་བ་རིགས་དྲུག་གི༔ སྡུག་བསྔལ་རིམ་གྱིས་བརྟག་ཅིང་བསམ༔ ཞེས་སོགས་ཀྱིས་གསུམ་པ་རིགས་དྲུག་གི་སྡུག་བསྔལ་བསམ་པ་སོགས་དོན་གསུམ་གྱིས་བསྟན་པ་དང་རྒྱས་པར་འཆད་ཅིང་བསྒོམ་དུ་གཞུག་དགོས། འདིའི་ཁོངས་ནས་དལ་འབྱོར་རྙེད་དཀའ། མི་རྟག་པ། ལས་འབྲས། འཁོར་བའི་སྡུག་བསྔལ་སོགས་གསུང་རབ་སྤྱི་ལྟར་རྒྱས་པར་བཤད། དེ་ཡིས་ངེས་འབྱུང་དང་སྐྱོ་ཤས་དྲག་པོ་བཅོས་མིན་དུ་སྐྱེ་ཞིང་ལས་འབྲས་ལ་ཡིད་ཆེས་བརྟན་པོ་རྙེད་པར་བྱ་དགོས་སོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། གཟེར་ལྔའི་གཞུང་ལས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་རྗེས་འགྲོ་བའི་དོན་མཛད་ཀྱང༔ བདག་ནི་འཁོར་བའི་གནས་སུ་འཁྱམས༔ ད་ལྟ་ངེས་པའི་དོན་སྟོན་པའི༔ བླ་མ་དེ་ནི་སངས་རྒྱས་ཀྱི༔ སྤྲུལ་པ་ཡིན་ཏེ་བཀའ་དྲིན་ཆེ༔ ཞེས་པ་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོར་ཡིད་བཞིན་གྱི་ནོར་བུ་རྩོལ་མེད་དུ་འབྱུང་བ་ལྟར། དད་ལྡན་གྱི་མི་ལ་བླ་མ་རྩོལ་མེད་དུ་འབྱུང་བ་དང་། འཁོར་ལོས་སྒྱུར་རྒྱལ་གཤེགས་པའི་ཚེ་ནོར་བུ་ཡང་རྒྱ་མཚོར་ལྡོག་པ་ལྟར་ལོག་ལྟ་ཅན་ལ་བླ་མ་དེ་ཉིད་དག་ཞིང་དུ་གཤེགས་པའི་ངེས་དོན་དང་བཅས་ཏེ། བླ་མའི་རྣལ་འབྱོར་བསྒོམ་པར་བྱ༔ ཞེས་པའི་བར་ངག་ཏུ་བརྗོད་ཅིང་ཚིག་རྗེས་དོན་དྲན་བྱ། བླ་མའི་རྣལ་འབྱོར་བསྒོམ་ཚུལ་ནི། ཐུགས་སྒྲུབ་རང་གི་ཆོས་སྡེར་ལོགས་སུ་འབྱུང་བའི། གསང་མཚན་ཐུགས་སྒྲུབ་བླ་མ་ཡི༔ རྣལ་འབྱོར་པདྨ་བདག་གིས་བཤད༔ ཧཱུྃ༔ རང་ལུས་དེར་འཛིན་མེད་པ་ཡི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང༔ དར་ཆེན་བལྟབས་ཁྲི་བརྩེགས་པའི་གདན༔ དེ་སྟེང་གུ་རུ་དྲག་པོ་རྩལ༔ ཞེས་པ་ནས། ཐུགས་ནི་དྲག་པོའི་ངར་དང་ལྡན༔ ཞེས་པའི་བར་ལྟར་རོ། །དེ་ཡང་སྤྱིར་བླ་མ་ཁྲོམ་ཚོགས་སུ་བསྒོམ་པ་དང་། ཐོ་བརྩེགས་སུ་བསྒོམ་པ་དང་། ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་གསུམ་ལས། འདིར་ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་དགོས་ཏེ། གོང་གི་འཕྲོས་ལས། དུས་གསུམ་སངས་རྒྱས་ཡི་དམ་ལྷ༔ རྣམ་དག་བརྒྱུད་པའི་བླ་མ་རྣམས༔ བཀྲག་མདངས་འོད་དུ་མེ་རེ་རེ༔ མ་ཧཱ་གུ་རུའི་སྐུ་ལ་འདུས༔ ཀུན་འདུས་བླ་མའི་ངོ་བོ་ལ༔ རྩེ་གཅིག་དད་པས་ཕྱག་འཚལ་ལོ༔ གཉིས་མེད་རོལ་པའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཅེས་གསུངས་པའི་ཕྱིར། རང་གི་སྤྱི་བོར་རྩ་བའི་བླ་མ་དེ་ཉིད་རྡོ་རྗེ་དྲག་པོ་རྩལ་གྱི་སྐུའི་རྣམ་པར་གསལ་བཏབ་པ་དེ་ལ། དུས་གསུམ་གྱི་སངས་རྒྱས་ཡི་དམ་ཞི་ཁྲོ་བརྒྱུད་པའི་བླ་མ་ཐམས་ཅད་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་ཏེ་བསྟིམས་པས་བཀྲག་དང་གཟི་མདངས་དང་ལྡན་པར་གྱུར་ནས་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་དེ་ཉིད་ལ་དད་པས་ཕྱག་འཚལ་ཞིང་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་གཉིས་མེད་རོལ་པ་ཆེན་པོར་ཕུལ་བས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྩོལ་བར་མོས་དགོས་ཤིང་། གཞུང་ལས་ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པར་གསལ་བར་གསུང་བཞིན་དུ་བླ་མ་ཐོ་བརྩེགས་སུ་བསྒོམ་པ་གཞུང་དོན་དང་འགལ་བར་སེམས་སོ། །གསོལ་བ་འདེབས་པ་ནི། ཨོཾ་ཨཱཿཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་བ་འདེབས༔ ཞེས་པ་ནས། འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཞེས་པའི་བར་དཀྱུས་ལྟར་ལ། བརྒྱུད་ཚུལ་གཏེར་སྟོན་ཆེན་པོ་ནས། རིག་འཛིན་སངས་རྒྱས་བྱམས་བཟང་སོགས་བརྒྱུད་འདེབས་བྱེ་བྲག་པ་ལྟར་གསོལ་འདེབས་རྩེ་གཅིག་ཏུ་བྱའོ། །མཐར་དབང་བཞི་ལེན་པ་སོགས་ཀྱི་སྤྲོས་པ་མི་དགོས་ཏེ། གོང་གི་འཕྲོས་ལས། བླ་མ་འོད་དུ་མེར་གྱིས་ཞུ༔ བདག་གི་སྤྱི་བོར་ཐིམ་པ་ལས༔ ཐ་མལ་ལུས་འདི་འོད་དུ་ཞུ༔ བདག་གི་ལུས་ངག་ཡིད་གསུམ་པོ༔ མ་ཧཱ་གུ་རུའི་ངོ་བོར་གྱུར༔ རང་རིག་བླ་མའི་ངང་དེར་ནི༔ དར་གཅིག་མ་ཡེངས་གློད་ལ་བཞག༔ དེ་ནས་བླ་མའི་རྣམ་པར་ལྡང༔ ཐམས་ཅད་སྐུ་གསུམ་བླ་མར་བལྟ༔ ཞེས་གསུངས་པའི་ཕྱིར། བླ་མ་རྡོ་རྗེ་དྲག་པོ་རྩལ་དེ་ཉིད་བདག་ལ་དགྱེས་པ་ཆེན་པོས་འོད་དུ་མེར་གྱིས་ཞུ་ནས་རང་གི་སྤྱི་བོར་ཐིམ་པ་ལ་བརྟེན་ནས། རང་ལུས་ཐ་མལ་པར་སྣང་བ་འདི་ཡང་འོད་ཕུང་བདེ་བ་ཆེན་པོའི་རྣམ་པར་ཞུ་སྟེ་བདག་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་རང་རིག་བླ་མ་དྲག་པོ་རྩལ་གྱི་ངོ་བོར་བསམས་ལ། མ་བཅོས་པའི་ངང་དུ་ལྷོད་ཀྱིས་གློད་ལ་མཉམ་པར་བཞག །རྗེས་ཐོབ་ཏུ་སྣང་གྲགས་རིག་གསུམ་ཐམས་ཅད་སྐུ་གསུམ་བླ་མའི་རང་བཞིན་དུ་བལྟ་ཞིང་གསལ་གདབ་བོ། །དེ་ལྟར་ཐུན་མོང་གི་སྔོན་འགྲོ་གཟེར་ལྔས་རྒྱུད་སྦྱོང་བ་གལ་ཆེ་བ་ཡིན་ཏེ། ཀ་དག་གི་ཁྲིད་གཞུང་ལས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་མ་སོང་ན༔ ནང་པ་སངས་རྒྱས་ཀྱི་ཆོས་སུ་མི་འགྲོ་བས་ཅི་བྱེད་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱིས་ཟིན་པར་བྱ༔ བདག་འཛིན་མ་གྲོལ་ན་རིག་པའི་མདངས་མི་འཆར་བས་ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྒྲིབ་པ་མ་སྦྱངས་ན་བྱང་ཆུབ་མི་ཐོབ་པས་སྡིག་སྦྱོང་གི་ཆོས་ལ་ནན་ཏན་བསྐྱེད༔ རིགས་དྲུག་གི་སྡུག་བསྔལ་མ་བསམས་ན་དགེ་བའི་ལས་ལ་མི་ཚུད་པས་འཁོར་བའི་སྡུག་བསྔལ་ལ་རྩིས་འདེབས་ཡང་ཡང་བྱ༔ བླ་མ་སངས་རྒྱས་དངོས་སུ་མ་མཐོང་ན་བྱིན་རླབས་ཀྱིས་རང་རྒྱུད་གྲོལ་བ་དཀའ་བས་ཡོན་ཏན་བསམས་ལ་བླ་མའི་རྣལ་འབྱོར་བསྒོམ༔ ཞེས་གསུངས་པའི་ཕྱིར་རོ། གཉིས་པ་ཐུན་མོང་མ་ཡིན་པའི་སེམས་འཛིན་ལ་གསུམ་སྟེ། ལུས་ལྷ་ལ་སེམས་འཛིན་པ། ངག་སྔགས་ལ་སེམས་འཛིན་པ། སེམས་ཉིད་ཕྱག་མཚན་ལ་སེམས་འཛིན་པ་དང་གསུམ་ལས། དང་པོ་ནི་ཟིན་བྲིས་རྩ་བ་ལས། བླ་མ་རང་ཐིམ་ལུས་འདི་ལྷ་རུ་གྱུར། །སྣང་སྟོང་འཛིན་མེད་ལྷ་ལ་སེམས་འཛིན་པ། །རགས་དང་ཕྲ་བ་ཆ་ཤས་ཀུན་ལ་འཛིན། །ཞེས་གསུངས་པའི་དོན་ལུས་ལྷའི་དཀྱིལ་འཁོར་བསྒོམ་ཚུལ་ནི། གཞུང་ལས། མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ ང་ཡི་སྐུ་ཚབ་ཡིན་པས་གསལ་བར་སྒོམས༔ ཞེས་གསུངས་པ་ལྟར། སྐབས་འདིར་ཐུགས་སྒྲུབ་རང་གི་གཏེར་གཞུང་བདག་བསྐྱེད་ཟུར་དུ་གསལ་བ་འདིར་བླངས་ཏེ། བདག་ཉིད་ཀྱིས་ཧཱུྃ་ཧཱུྃ་ཞེས་བརྗོད་པས་སྐད་ཅིག་དྲན་རྫོགས་སུ་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་བ༔ སྐུ་འཇིགས་པའི་ཆ་ལུགས་སུ་བསྟན་པ༔ གསུང་རྔམ་པའི་ང་རོ་སྒྲོག་པ༔ ཐུགས་དྲག་པོའི་ངར་དང་ལྡན་པ༔ འགྱིངས་བག་དང་རོལ་པའི་སྟབས་སུ་བཞུགས་པ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་འཕྱར་བ༔ གཡོན་པས་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན་པ༔ རུས་པའི་རྒྱན་དྲུག་དང་རིན་པོ་ཆེའི་དབུ་རྒྱན་དང་སྦྲུལ་གྱི་གདུ་བུས་བརྒྱན་པ༔ ཁྲོ་གཏུམ་འཇིགས་པའི་གར་དགུ་དང་ལྡན་པ༔ སྤྱན་གསུམ་ཉི་ཟླ་འཁྱིལ་བ་ལྟར་གཟིགས་པ༔ ཚེམས་གངས་རི་གཏམས་པ་ལྟར་བཞད་པ༔ ཨག་ཚོམ་དུས་མཐའི་མེ་ལྟར་འབར་བ༔ ཞལ་ནས་ཧཱུྃ་གི་སྒྲ་འབྲུག་ལྟར་སྒྲོག་པ༔ ཟ་འོག་གི་བེར་སྨུག་པོ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ དབུ་སྐྲའི་ཐོར་ཅོག་རུས་པས་བརྒྱན་པ༔ ཞབས་གཉིས་སྟངས་སྟབས་སུ་བགྲད་དེ༔ ཉི་ཟླ་པདྨའི་གདན་སྟེང་དུ༔ རཀྴ་སྲིན་པོ་ཕོ་མོ་བརྫིས་པའི་གདན་ལ་བཞུགས་པ༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན་འགྱིང་བག་དུ་བརྗིད་པ༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་གྱུར༔ ཅེས་ངག་ཏུ་བརྗོད་ཅིང་བསྐྱེད་རིམ་གསལ་བཏབ། དེ་ཡང་སྣང་བཞིན་དུ་སྟོང་པ། སྟོང་བཞིན་དུ་གསལ་བར་འཆར་ཞིང་། འཛིན་ཞེན་མེད་པའི་ངང་ལ་ཅི་གནས་སུ་བཞག །རྣམ་རྟོག་འཕྲོ་ན་རགས་པ་དང་ཕྲ་བ་ཆ་ཤས་ལ་སེམས་འཛིན་པའི་ཐོག་མར། ང་ནི་ཐ་མལ་པ་ནམ་ཡང་མ་ཡིན་ཏེ། རང་རིག་ལྷ་སྐུར་ཤར་བ་རྡོ་རྗེ་དྲག་པོ་རྩལ་དངོས་ཡིན་སྙམ་པའི་ང་རྒྱལ་བཟུང་སྟེ་སེམས་འཛིན། རགས་པ་ནི། སྐུ་མདོག་མཐིང་ནག་ཏུ་འབར་བ་འཇིགས་ཚུལ་ཅན། གསུང་དྲག་པོའི་རྔམ་སྒྲ་ཅན། ཐུགས་གདུལ་བྱ་གདུག་པ་ཅན་འདུལ་བའི་ཕྱིར་དུ་དྲག་པོའི་ངར་དང་བཅས་པ། སྐུ་འགྱིང་བག་དང་རོལ་པའི་སྟབས་སུ་བཞུགས་པ་ལ་སེམས་འཛིན། ཕྲ་བ་ལ་གཉིས་ཏེ། དང་པོ་རྒྱན་ཅན་ལ་སེམས་འཛིན་པ་ནི། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འཕྱར་སྟབས་སུ་འཛིན་པ། གཡོན་པས་གསེར་གྱི་དྲིལ་བུའི་ཁ་དཀུར་བརྟེན་པ། རུས་པའི་རྒྱན་དྲུག་ནི། སྤྱི་བོར་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པ་ལས་རུས་པའི་དྲྭ་མིག་སོ་གཉིས་ཕྱང་འཕྲུལ་དང་བཅས་པ། ༡༽ མགྲིན་པར་རུས་པའི་དྲྭ་མིག་བཅུ་དྲུག་གི་མགུལ་རྒྱན། ༢༽ རྒྱབ་མདུན་དུ་སེ་རལ་ཁ་རུས་ཕྲེང་ཉིས་གཤིབས་བརྒྱད་དང་བཅས་པ། ༣༽ སྐུ་སྨད་སྟག་ཤམ་གྱི་སྟེང་དུ་རུས་པའི་དྲྭ་མིག་རེ་བཞིའི་འོག་ལྤགས། ༤༽ ཕྱག་ཞབས་ཀྱི་མཁྲིག་མར་རུས་པའི་ཕྱག་གདུབ་དང་། ༥༽ ཞབས་གདུབ། ༦༽ སྟེ་རུས་རྒྱན་དྲུག །སྐྲ་མཚམས་སུ་ཐོད་པ་སྐམ་པོ་ལྔ་ལ་རིན་པོ་ཆེའི་ཟེ་པྲོག་ཅན་རྒྱལ་བ་རིགས་ལྔས་མཚན་པ། སྦྲུལ་རིགས་ལྔས་དབུ་སྐྲ་སྙན་མགུལ་ཕྱག་ཞབས་དོ་ཤལ་རྣམས་སྤྲས་པ། སྙན་རྒྱན་རིན་པོ་ཆེ་དང་རུས་པའི་རྣ་རྒྱན་གར་དགུའི་ཉམས་ལྡན། སྤྱན་གསུམ་ཉི་ཟླ་ལྟར་འཁྱིལ་ཞིང་གཟིགས་པ། ཚེམས་ཕྲེང་དང་མཆེ་བ་གངས་རི་ལྟར་གཏམས་པར་བཤད་ཅིང་ཧཱུྃ་གི་སྒྲ་འབྲུག་ལྟར་སྒྲོག་པ། ཨག་ཚོམ་དང་སྨིན་མ་སྨ་ར་མེ་ལྟར་འབར་བ། ཟ་འོག་སྨུག་པོའི་བེར་ཕོད་ལྡིང་ཐབས་སུ་གྱོན་པའི་སྟེང་དུ་ཞིང་གླང་གི་པགས་པ་གསོལ་བ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་དང་སྣ་རྩེར་རཀྟའི་ཐིག་ལེ། ལྐོག་མར་ཞག་གི་ཟོ་རིས། ཐོད་པ་སྐམ་རློན་རྙིང་གསུམ་མམ་ཡང་ན་ཐོད་རློན་གྱི་དོ་ཤལ་ཅན། དེ་ཡང་ཐོད་པ་སྐམ་པོའི་དབུ་རྒྱན་དང་། ཐོད་རློན་གྱི་དོ་ཤལ་ལ་གདགས་པའི་རྒྱན་གཉིས། ཞིང་གླང་སྟག་ལྤགས་གསུམ་ལ་བགོ་བའི་གོས་གསུམ། ཐལ་ཞག་རཀྟ་གསུམ་ལ་བྱུག་པའི་རྩི་གསུམ་སྟེ་དུར་ཁྲོད་ཀྱི་ཆས་བརྒྱད་དུ་གྲགས་སོ། །དེང་སང་བྲིས་འབུར་ཕལ་ཆེར་ལ་ཁྲོ་བོ་དཀྱུས་མ་ལྟར་དབུ་སྐྲ་གཟིངས་པ་ཁོ་ན་ཤས་ཆེ་ཡང་། འདིར་དབུ་སྐྲའི་ཐོར་ཅོག་རུས་པས་བརྒྱན་པ། ཅེས་དང་། རྟགས་བསྟོད་ལས། དབུ་སྐྲའི་ཐོར་ཚུགས་ནམ་མཁའི་སྤྲིན་ལྟར་གཏིབས༔ ཞེས་གསུངས་པས། དབུ་སྐྲ་ཐོར་ཚུགས་ཁོ་ནའི་རྩེར་རྡོ་རྗེ་ཕྱེད་པའི་ཏོག་དང་། དབུ་སྐྲའི་ལྷག་མ་ཅུང་ཟད་རྒྱབ་ཏུ་གྲོལ་བ་ཡིན་ནོ། །གཞན་ཡང་རྟགས་བསྟོད་ལས། རིན་ཆེན་འབར་བས་དབུ་དང་ཕྱག་ཞབས་སྤྲས༔ ཞེས་འབྱུང་བས། ཕྱག་ཞབས་ཀྱི་མཁྲིག་མ་དང་ཕྱག་གི་ཉྭ་གཉིས་སུ་རིན་པོ་ཆེའི་གདུ་བུ་ཅན། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གིས་སྲིན་པོ་ཕོ་ཁ་སྦུབས་དང་མོ་གན་རྐྱལ་གྱི་སྟེང་དུ་བགྲད་པ། དེའི་འོག་ཏུ་ཉི་ཟླ་པདྨའི་གདན་ཅན་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། འགྱིང་བག་ཏུ་བརྗིད་ཅིང་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུ་ཅན་དུ་སེམས་འཛིན་ནོ། །གཉིས་པ་ཕྲ་བ་རྒྱན་མེད་ལ་སེམས་འཛིན་པ་ནི། སྐུ་མདོག་མཐིང་ནག་བཻཌཱུརྻ་སྔོན་པོ་ཉི་མའི་འོད་ཟེར་གྱིས་ཆེར་འབར་བ་ལྟ་བུ་དང་། སྤྱན་གསུམ་དམར་ཟླུམ་འཁྱིལ་བ་སྨིན་མ་རྫི་མ་དང་བཅས་ཏེ་འབར་བ། ཤངས་ཁྲོ་གཉེར་དང་ལྡན་པ། ཞལ་གདངས་པ་ཧེ་ཞེས་བཞད་པ་ལྟ་བུ། སྐུ་ལུས་སྦོམ་ཞིང་གསུས་ཁྱིམ་ཆེ་བ། ཉྭ་སུལ་རྣམས་རགས་པ། ཕྱག་ཞབས་ཀྱི་མཐིལ་བཞི་ཁྲག་གིས་བྱུགས་པ་ལྟར་དམར་བ། སེན་མོ་རྣམས་ཟངས་མདོག་ཅན་བྱ་སྡེར་ལྟར་རྣོ་བ་སྟེ་རྒྱན་མེད་ལ་སེམས་འཛིན་ནོ། །ཆ་ཤས་ལ་སེམས་འཛིན་པ་ནི། དེ་དག་ཀྱང་རེ་རེ་བཞིན་དུ་གསལ་སྣང་བརྟན་པོར་མ་གྱུར་གྱི་བར་དུ་སེམས་འཛིན་ལ། དེ་ཡང་བྱིང་རྨུགས་དང་འཕྲོ་རྒོད་ཀྱི་དབང་དུ་མ་ཤོར་བར་རྣམ་པ་གསལ་བ་དང་སོ་སོའི་རྣམ་དག་དྲན་པ་དང་། ང་རྒྱལ་བརྟན་པོ་རེག་མཐོང་གི་མཚན་མ་རྙེད་ཀྱི་བར་དུ་སེམས་འཛིན་ནོ། །བསྐྱེད་རིམ་གྱི་སེམས་འཛིན་འདི་གསལ་སྣང་ཐོན་པ་ཞིག་ངེས་པར་གལ་ཆེ་བས། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་རྣམ་པ་གསལ་བར་འཆར་བ་ཞིག་མ་བྱུང་ན། གདོས་བཅས་ཀྱི་བེམས་པོ་བྲིས་འབུར་གྱི་སྐུ་ལྟ་བུའི་བསྐྱེད་རིམ་ཉག་ཉོག་དང་དེར་འཛིན་གྱིས་ཨ་འཐས་དྲག་པོར་ཞེན་ན་རུ་ཏྲར་གོལ་བ་སོགས་བཤད་པས་ལམ་འདིར་གཅིག་ཏུ་བརྩོན་པས་འབད་དགོས་ཤིང་། རྣམ་དག་དྲན་པ་ནི། ཐེམས་མེད་ཀྱི་རྒྱུད་ཡང་གསང་འདུས་པ་ལས་རྒྱ་ཆེར་བཤད་པ་ལྟར་ངེས་པར་གཅེས་སོ། །དེ་ལྟར་བསྐྱེད་རིམ་ལ་གོམས་པའི་ང་རྒྱལ་བརྟན་པར་བྱ་དགོས་པས། ཁྲིད་ཀྱི་དུས་སུ་ཤར་སྒོམ་མ་ཡིན་པའི་རིམ་པ་དང་གཅིག་ཅར་དུ་རེས་འཇོག་གིས་ཉམས་ལེན་ཐུན་དུ་བཅད་ལ་བསྒོམ་ཞིང་། ཐུན་མཚམས་སུ་བློ་བྲལ་གྱི་ངང་དུ་འཇོག་པ་རྒྱུན་བསྲིང་ངོ་། །དེ་ལྟར་ལུས་ལྷ་ལ་སེམས་འཛིན་པ་སོང་ནས། གཉིས་པ་ངག་སྔགས་ལ་སེམས་འཛིན་པ་ངག་སྔགས་ཀྱི་དཀྱིལ་འཁོར་ནི། རྩ་བ་ལས། དེ་ནས་ངག་ཉིད་སྔགས་ལ་སེམས་འཛིན་པ། ཡི་གེ་ཧཱུྃ་སྔོན་སྣོད་བཅུད་ཁྱབ་པ་ནི། ཁ་དོག་སྒྲ་དབྱིབས་ཀུན་ལ་ཅི་གནས་བྱ། །ཞེས་གསུངས་པའི་དོན། རང་གི་མདུན་དུ་ཧཱུྃ་སྔོན་པོ་རང་ལུས་ཙམ་ཞིག་གསལ་བར་དམིགས་ནས་དེ་ལ་སེམས་འཛིན། འཕྲོ་ན་ཧཱུྃ་དེ་ལས་ཧཱུྃ་གྲངས་མེད་པ་འཕྲོས་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཧཱུྃ་གིས་ཁྱབ་པར་དམིགས། ཡང་ཚུར་བསྡུས་ཏེ་སྤྲོ་གཞིའི་ཧཱུྃ་སྔོན་དེ་ལ་སེམས་གཟུང་། དེ་ལྟ་བུའི་ཧཱུྃ་དེ་ཁ་དོག་སྔོན་པོར་སྣང་བ་དང་། དབྱིབས་ཡི་གེ་དབུ་ཅན་གྱི་རྣམ་པ་ཧཱུྃ་གི་རང་སྒྲ་སྒྲོག་པ་རྣམས་ལ་སེམས་འཛིན་ནོ། །དེ་ཡང་ཁྲིད་གཞུང་ལས། ཡང་ཏིག་དཔའ་བོ་འབྲུ་གཅིག་སྔགས་ཀྱི་འབྲུ༔ གསུང་གི་ཚབ་ཡིན་རྒྱུན་ཆད་མེད་པར་ཟློས༔ ཞེས་གསུངས་པའི་དགོངས་དོན་དང་། ཐུགས་སྒྲུབ་ལ་ཡི་དམ་དུ་བཟུང་བའི་རྒྱུན་གྱི་བཟླས་བརྗོད་ཆགས་མེད་དུ་བྱེད་ཀྱིན་ཡོད་ན། ཆོས་ཚན་ཉེར་ལྔ་ལས་གསུམ་པ་གསང་བ་རིན་ཆེན་འདུས་པ་དང་དེའི་གསལ་བྱེད་ཆོས་རྒྱལ་དབང་པོའི་སྡེས་མཛད་པ་དང་། ངེད་ཀྱིས་བྲིས་པའི་བསྙེན་པའི་ཡང་ཡིག་ཟབ་དོན་ནོར་བུ་ལྟར། ཧཱུྃ་ཞི་བ་ཤུབ་བུ་བརྒྱའི་བར་བདུན་ཕྲག་དང་པོའི་དམིགས་པ་དང་། དྲག་པོ་ཉིས་བརྩེགས་བརྒྱའི་བར་བདུན་གཉིས་པའི་དམིགས་པ། དབང་ལྔ་བརྩེགས་བརྒྱའི་བར་བདུན་གསུམ་པའི་དམིགས་པ་སྟེ་སུམ་བརྒྱ་དང་། རྒྱས་པ་བདུན་བརྩེགས་ཉེར་གཅིག་བར་བདུན་ཕྲག་བཞི་པའི་དམིགས་པ་རྣམས་སྦྱར་བའི་སུམ་བརྒྱ་ཉེར་གཅིག་གི་བཟླས་པ་བྱ། ཁྲིད་གཞུང་གི་དགོངས་དོན་རྒྱུན་ཆད་མེད་པར་བཟླ་བ་ནི། རླུང་འབྱིན་འཇུག་ཐམས་ཅད་ཧཱུྃ་གི་སྒྲར་ཤེས་པར་བྱས་ཏེ་སེམས་བཟུང་ན་གཞུང་དང་མཐུན། སྐབས་འདིར་ཟིན་བྲིས་ཁ་ཅིག་ཏུ་སྲུང་འཁོར་གཞལ་ཡས་ཁང་སོགས་ཕྱི་དཀྱིལ་དང་། ལུས་དཀྱིལ་སྒོམ་ཚུལ་སོགས་བྲིས་འདུག་ཀྱང་། སྤྱིར་དབང་བསྐུར་སོགས་ཀྱི་སྐབས་བདག་བསྐྱེད་ཐེམས་ཅན་བདུན་པ་ཕྲིན་ལས་འབྲིང་པོ་ལྟར་ལུས་དཀྱིལ་བསྒོམས་རྗེས། མདུན་བསྐྱེད་ཀྱི་ཚུལ་དུ་ཐེམས་མེད་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ་ཆེན་པོ་ཟུར་ནས་འབྱུང་བ་ལྟར་སྦྱར་ནས། སྤྱན་འདྲེན་མཆོད་བསྟོད་སོགས་ལྷན་ཅིག་ཏུ་བྱེད་པ་ཕྱག་བཞེས་སུ་ཡོད་ཅིང་གཞན་དུ་ན་བསྙེན་པའི་སྐབས་ཀྱང་། དཀྱིལ་འཁོར་གསུམ་གྱི་སྒྲུབ་པ་བྱ། །ཞེས་གོང་དུ་སྨོས་པ་ལྟར་ལུས་ལྷའི་དཀྱིལ་འཁོར། ངག་སྔགས་ཀྱི་དཀྱིལ་འཁོར། སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ལས་གཞན་པའི་ཕྱི་དཀྱིལ་ལ་བརྟེན་མི་དགོས་ཤིང་། སྲུང་འཁོར་བྱེ་བྲག་པ་ཟབ་ཁྱད་ཅན་ཡང་ལོགས་སུ་ཡོད་པས་འདིར་བསྲེ་བསླད་ཀྱི་རྒྱས་འགེབས་མང་པོ་ངལ་བའི་རྒྱུར་ཟད་པས་མི་བྱའོ། །གསུམ་པ་ཐུགས་ཕྱག་མཚན་ལ་སེམས་འཛིན་པ་ནི། རྩ་བ་ལས། སེམས་ཉིད་ཕྱག་མཚན་གནམ་ལྕགས་རྡོ་རྗེ་ལ། །འཛིན་ཚུལ་སྙིང་དབུས་གནམ་ལྕགས་རྩེ་དགུར་གྱུར། །དེ་ལ་སྤྲོ་བསྡུ་གོང་བཞིན་འཛིན་པར་བྱ། །ཞེས་གསུངས་པ་སྒོམ་ཚུལ་ནི། རང་ལྷར་གསལ་བའི་སྙིང་དབུས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཞིག་ལ་སེམས་བཟུང་། འཕྲོ་ན་དེ་ལས་རྡོ་རྗེ་རྩེ་དགུ་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་ཕྱི་སྣོད་ནང་བཅུད་ཐམས་ཅད་མེར་གྱིས་གང་བར་མོས། ཡང་ཚུར་བསྡུས་ཏེ་སྙིང་དབུས་ཀྱི་སྤྲོ་གཞིའི་རྡོ་རྗེ་ལ་ཐིམ་པར་བསམས་ལ་མཉམ་པར་འཇོག་པ་འདི་ནི་རྩ་བར་རྡོ་རྗེ་སྙིང་དབུས་སུ་བསྒོམས་པ་དེ་ལས་སྤྲོ་བསྡུ་བྱེད་པར་གསུངས་པ་དེ་བཞིན་དང་། ཧཱུྃ་གི་སེམས་འཛིན་སྐབས་མདུན་དུ་ཧཱུྃ་ཡིག་ལས་སྤྲོ་བསྡུ་བྱེད་པ་ལས། སྙིང་དབུས་ནས་སྤྲོ་བའི་གསལ་ཁ་མེད་པས་འདི་བཞིན་མ་འདྲེས་པར་བྱའོ། ཁྲིད་གཞུང་ལས། གང་ཟག་དབང་པོ་རབ་འབྲིང་ཐ་མ་ཡིས༔ བདུན་དང་བདུན་གཉིས་བདུན་གསུམ་ཉེར་གཅིག་གིས༔ ཡོན་ཏན་རྟགས་ཀྱི་དངོས་གྲུབ་ངེས་པར་འབྱུང༔ ལོངས་སྤྱོད་མཐའ་རྒྱས་ཚོགས་ཀྱི་འཁོར་ལོ་སྐོར༔ ཅེས་གསུངས་པས། ཉམས་ཁྲིད་ཀྱིས་དུས་སྐུ་གསུང་ཐུགས་ཀྱི་སེམས་འཛིན་ཞག་གྲངས་དེ་ལྟ་བུས་རྟགས་ཐོན་གྱི་བར་དུ་འབད་ཅིང་སྐབས་འདིར་སྤྲོ་ན་འཕྲིན་གཞུང་གྱེར་ཞིང་ཚོགས་འཁོར་སོགས་བགྱིས་ན་ཁྲིད་གཞུང་དང་མཐུན་ཅིང་མ་བྱུང་ཡང་འགལ་བ་མེད་དོ། །རྩ་བ་ལས། དེ་ནས་ཀ་དག་སྔོན་འགྲོ་རྡོ་རྗེ་དང་། །ཧཱུྃ་སྔོན་ཐིག་ལེ་དཀར་དམར་དམིགས་རིམ་བསྐྱང། །ཞེས་པའི་སེམས་འཛིན་ལ་དོན་གསུམ་གྱི་དང་པོ་རྡོ་རྗེ་དཀར་པོ་ལ་སེམས་འཛིན་པ་ནི། རྫོགས་ཆེན་ཀ་དག་གི་ཁྲིད་ཡིག་གཏེར་གཞུང་མ་རིག་མུན་སེལ་སྒྲོན་མེའམ་སྙིང་པོ་བཅུད་བསྡུས་ལམ་གྱི་གནད་ཁྲིད་ལས། ཚེ་འདིར་སངས་རྒྱས་བསྒྲུབ་འདོད་ན༔ ཕྱི་ལྟར་ཡུལ་གྱི་སྣང་བ་ལ༔ ནང་ལྟར་རིག་པའི་བརྡའ་ངོ་སྤྲད༔ ལས་ཅན་སྐལ་བར་ལྡན་པ་ཡིས༔ མདུན་དུ་ཁྲུ་བདུན་བཅལ་བའི་སར༔ རྡོ་རྗེ་དཀར་པོ་རྩེ་ལྔ་པ༔ གཡས་སུ་འཁྱིལ་བ་རང་གཟུགས་ཙམ༔ གསལ་བར་བསྒོམས་ལ་དྲག་པོར་སྐོར༔ ཅེས་གསུངས་པས། རང་གི་མདུན་ནས་ཁྲུ་བདུན་ཙམ་གྱི་སར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རང་གཟུགས་ཙམ་ཞིག་གསལ་བཏབ་ལ་རྡོ་རྗེ་དེ་གཡས་སུ་ཀྱི་ལི་ལི་འཁོར་བ་ལ་སེམས་བཟུང་། དེ་ལ་དམིགས་པ་གསལ་ཐེབས་པའི་རྟགས་ནི། གོང་གི་འཕྲོས་ལས། དམིགས་པ་གསལ་ཐེབས་རྟགས་འདི་འབྱུང༔ མགོ་འཁོར་རྣ་བ་འུར་བ་དང༔ རླུང་རིག་གར་གཏད་རྡོ་རྗེར་འཁྱིལ༔ ཞེས་གསུངས་པས་དེ་ལྟར་བྱུང་ན་ལོག་གནོན་དུ་རྡོ་རྗེ་དེ་གཡོན་དུ་འཁོར་བ་ལ་སེམས་གཏད། མཐར་རླུང་སེམས་རྡོ་རྗེ་དབྱེར་མེད་དུ་མཉམ་པར་འཇོག་ཅིང་། དེ་ལྟ་བུ་བདུན་གསུམ་ཉེར་གཅིག་གང་རིགས་སུ་བསྒོམས་པའི་མཐར། དེ་ནས་ཞག་གཅིག་དལ་བར་བྱ༔ ཞེས་གསུངས་པས། དམིགས་པ་དེས་སུན་པ་ལྟར་སྣང་ན། ཞག་གཅིག་གི་རིང་དམིགས་པའི་སྤྲོ་བསྡུ་བོར་ནས་གནས་ལུགས་ཀྱི་ངང་ནས་ངལ་གསོའོ། །གཉིས་པ་ཧཱུྃ་སྔོན་པོ་ལ་སེམས་འཛིན་པ་ནི། ཀ་དག་གི་ཁྲིད་གཞུང་ལས། མདུན་དུ་ཁྲུ་བདུན་བཅལ་བའི་སར༔ ཧཱུྃ་ཆེན་སྔོན་པོ་རང་གཟུགས་ཙམ༔ ཞེས་གསུངས་པས་སྔར་རྡོ་རྗེ་དཀར་པོ་བསྒོམས་པ་ལྟར་མདུན་ནས་ཁྲུ་བདུན་གྱི་སར་དབུ་ཅན་གྱི་ཧཱུྃ་སྔོན་པོ་རང་གཟུགས་ཙམ་ཞིག་གསལ་བཏབ་ལ་སེམས་བཟུང་། ལ་ལར་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་ཡིག་བསྒོམ་ཚུལ་འདུག་ཀྱང་། གོང་གི་རྡོ་རྗེ་དང་འཁྲུལ་པ་ཡིན་པས་ཧཱུྃ་ཁོ་ན་བསྒོམ་པས་འཐུས་ཤིང་། སྡོད་ན་ཧཱུྃ་ཡིག་མཉམ་པར་བཞག༔ ཅེས་འབྱུང་བས་ཧཱུྃ་ཡིག་སྔོན་པོ་དེ་ལ་རིག་པ་གཏད་དེ་ཅི་གནས་སུ་བཞག །འཕྲོ་ན་ས་རྡོ་རི་བྲག་དང༔ རི་རབ་གླིང་བཞི་གླིང་ཕྲན་དང༔ དགྲ་གཉེན་ཁང་ཁྱིམ་རང་གི་ལུས༔ ཡིད་འོང་གྲོགས་དང་མཛེས་པའི་ནོར༔ གང་ལ་འཕྲོ་བའི་སྣང་ཡུལ་ལ༔ ཆུ་སྲིན་དུང་གིས་ཕུག་པ་ལྟར༔ ཕར་ཐལ་ཚུལ་ཐལ་དག་ཏུ་ཕུག༔ བདག་མེད་བྲལ་ནོར་ལྟ་བུར་བསམ༔ ཞེས་གསུངས་པས་ཤེས་པ་གང་ལ་འཕྲོ་བའི་སྣང་ཡུལ་ས་རྡོ་རི་བྲག་རི་རབ་གླིང་བཞི་གླིང་ཕྲན་སོགས་དང་། ཚོགས་དྲུག་གི་སྣང་བ་དགྲ་གཉེན་ཁང་ཁྱིམ་ཡིད་དུ་འོང་བའི་གྲོགས་དང་ནོར་རྫས་སོགས་གང་ཤར་བ་ལ། ཧཱུྃ་དེ་ལས་ཧཱུྃ་ཡིག་གྲངས་མེད་པ་སྤྲོས་ཏེ། རྒྱ་མཚོར་བགྲོད་པའི་ཚོང་པ་ལ་ཆུ་སྲིན་རི་བོ་ཙམ་རྒྱང་རིང་པོ་ནས་མཐོང་བ་རི་དང་ཆུ་སྲིན་གང་ཡིན་བརྟག་ཕྱིར་ཕུག་རོན་དང་། དེ་གསོད་པའི་ཕྱིར་སྲོག་ཆགས་དུང་དཀར་གསོན་མ་བཏང་བས་ཆུ་སྲིན་གྱི་ལུས་ཕུག་པས་འཇིགས་པ་དང་བྲལ་བ་དཔེར་བྱས་ཏེ། ཧཱུྃ་ཡིག་དེས་སྣང་ཡུལ་དེ་དག་ཕར་ཐལ་ཚུར་ཐལ་དུ་ཁྲོལ་མ་ལྟར་ཕུག་པས་འཛིན་མེད་དུ་གཏོང་ཞིང་། མཐར་རང་ལུས་གདོས་བཅས་སུ་སྣང་བ་འདི་ཡང་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཤ་འབུས་གཡེངས་པ་ལྟར་ཕུག་སྟེ་འཛིན་མེད་དུ་འཇོག་པ་སོགས་བྱ། དེ་ལྟར་དམིགས་པ་གསལ་ཐེབས་པའི་རྟགས་ནི། དམིགས་པ་གསལ་ཐེབས་རྟགས་འདི་འབྱུང༔ ཡེངས་མེད་རིག་པ་ལམ་དུ་ཚུད༔ རྟོག་པ་ཅི་ཤར་ཧཱུྃ་དུ་འཆར༔ དམིགས་པ་གང་ལའང་གཏད་དུ་འདོད༔ ཅེས་གསུངས་པས་འཕྲོ་གནས་གང་བྱུང་ལ་གོང་བཞིན་གཅུན་པས། མ་ཡེངས་པའི་དྲན་པ་སོ་ཚུགས་ཤིང་། འཕྲོ་རྒོད་ཐམས་ཅད་ཧཱུྃ་ཡིག་ཏུ་འཆར་བ་དང་དམིགས་པ་གར་གཏད་བདེ་བ་འབྱུང་ངོ་༔ དམིགས་རྐང་འདི་ཡང་ཞག་གྲངས་གོང་མ་བཞིན་ཐུན་དུ་བཅད་དེ་བསྒོམ་པ་དང་། དེ་ནས་ཞག་གཅིག་དལ་བར་བྱ། ཞེས་པ་ཡང་གོང་ལྟར་རོ། །གསུམ་པ་ཐིག་ལེ་དཀར་དམར་ལ་སེམས་འཛིན་པ་ནི། རྩ་བ་ལས། ལུས་གནད་རླུང་གནད་རྩ་གནད་ཐིག་ལེའི་གནད། བཞི་ལ་བརྟེན་ནས་སེམས་ཀྱི་གནས་ཆ་བཙལ། ཞེས་གསུངས་པས། གོང་གི །ཐིག་ལེ་དཀར་དམར་དམིགས་རིམ་བསྐྱང་། །ཞེས་པ་ལ་སྦྱོར་རྒྱུ་ཡིན་པས། ཐིག་ལེ་དཀར་དམར་གྱི་སེམས་འཛིན་དང་། གནད་བཞི་ཐ་དད་དུ་ཡོད་པ་ནི་མ་ཡིན་ཏེ་གཏེར་གཞུང་ལས། པདྨ་འབྱུང་གནས་ཐུགས་ཀྱི་བཅུད་ལེན་པ༔ ལུས་ཀྱི་གནད་ནི་མཉམ་གཞག་དྲང་པོར་བསྲང༔ རྩ་ཡི་གནད་ནི་མིག་གཉིས་ཐད་ཀར་བལྟ༔ རླུང་གི་གནད་ནི་སྟེང་རླུང་འོག་རླུང་གཅུན༔ ཤེས་པའི་གནད་ནི་མ་བཅོས་ལྷུག་པར་བཞག༔ ཅེས་དང་། ཀ་དག་གི་ཁྲིད་གཞུང་ལས། ལུས་གནད་རྐང་པ་སྐྱིལ་ཀྲུང་ལ༔ ལག་པ་མཉམ་གཞག་སྒལ་ཚིགས་བསྲང༔ རྩ་གནད་མིག་གཉིས་དྲང་པོར་བལྟ༔ རླུང་གནད་སྟེང་རླུང་འོག་རླུང་བསྡམ༔ ཐིག་ལེའི་གནད་ལ་ལྟེ་བའི་དབུས༔ ཨེ་ལས་ཐིག་ལེ་དམར་པོ་བསམ༔ སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ༔ བཾ་ལས་ཐིག་ལེ་དཀར་པོ་བསམ༔ ཤེས་པའི་གནད་ནི་སུམ་མདོ་རུ༔ ཨེ་ལས་མེ་འབར་བཾ་ཞུ་ནས༔ སྙིང་གར་ཐིག་ལེ་དཀར་དམར་འདྲེས༔ དེ་ལ་ཤེས་པ་གཏད་དེ་བཟུང༔ ཡང་དག་དོན་གྱི་གནད་བསྟན་པ༔ ཐིག་ལེ་དཀར་དམར་རིམ་གྱིས་བསྡུ༔ ཅི་ཡང་ཡིད་ལ་མི་བྱ་འོ༔ ཞེས་གསུངས་པའི་ཕྱིར་དམིགས་པ་དེ་གཉིས་གོང་འོག་སྦྱར་ཏེ་ཉམས་སུ་ལེན་པའི་ཚུལ་ནི། ལུས་གནད་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་སོགས་རྣམ་སྣང་ཆོས་བདུན་སྤྱི་ལྟར་ལ། ལག་པ་མཉམ་གཞག་གམ། བླ་མའི་གསུང་རྒྱུན་ལག་གཉིས་ཀྱི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་ཏེ་རྡོ་རྗེ་བསྡམས་པ་བརླ་གཉིས་ཀྱི་སྟེང་དུ་བཞག་སྟེ། རླུང་རོ་དགུ་ཕྲུགས་སམ། ལན་གསུམ་བསལ། ལུས་ཀྱི་ནང་དྲང་ཐད་དུ་རྩ་དབུ་མ་མཚན་ཉིད་བཞི་ལྡན་ཡར་རྩེ་ཚངས་བུག་དང་། མར་སྣེ་ལྟེ་འོག་སོར་བཞིར་ཟུག་པ་ལས་རོ་རྐྱང་གཉིས་བསྒོམ་མི་དགོས། རྩ་གནད་མིག་གཉིས་རང་བབས་སུ་བལྟ། རླུང་གནད་འོག་རླུང་བསྐུམ་ཞིང་སྟེང་རླུང་སྣ་བུག་ནས་རྔུབས་ཏེ་ལྟེ་འོག་ཏུ་ཆིར་གྱིས་མནན། ཐིག་ལེའི་གནད་ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་ཤེས་རབ་ཀྱི་རང་བཞིན་ཨེ་ཡིག་ལས་བྱུང་བའི་ཐིག་ལེ་དམར་པོ་དབུ་མ་སྦོམ་ཕྲ་སྦ་ལྕག་ཙམ་ལ་ཐིག་ལེ་རྒྱ་སྲན་ཙམ། མདའ་སྨྱུག་ཙམ་ལ་སྲན་མ་ཙམ་ཞིག་གསལ་བཏབ། སྤྱི་གཙུག་གི་དབུ་མའི་ནང་དུ་ཐབས་ཀྱི་རང་བཞིན་བམ་ཡིག་ལས་བྱུང་བའི་ཐིག་ལེ་དཀར་པོ་ཆེ་ཆུང་གོང་དང་འདྲ་བ་གསལ་བཏབ། ཤེས་པའི་གནད་ནི་སུམ་མདོར་ཨ་ཐུང་ཤད་ཀྱི་རྣམ་པ་མེའི་རང་བཞིན་ཅན་འདི་ལྟ་བུ་ཞིག་གསལ་བཏབ། འོག་རླུང་བསྐུམ་པའི་རྐྱེན་གྱིས་ཨ་ཤད་ལ་བུས་ཏེ་མེ་འབར་བ། ཐིག་ལེ་དམར་པོ་དང་འདྲེས་ཏེ་གྱེན་དུ་འབར་བས་སྙིང་ཐད་ཀྱི་དབུ་མར་སླེབས། དེ་ལས་ཀྱང་མེ་ལྕེ་གྱེན་དུ་འབར་བས་སྤྱི་བོའི་ཐིག་ལེ་དཀར་པོ་དངུལ་ཆུ་ལྟར་ཞུ་སྟེ་སྙིང་གའི་ཐིག་ལེ་དམར་པོ་དང་འདྲེས་པ་ལ་སེམས་བཟུང་སྟེ་ཅི་གནས་སུ་བཞག་སྟེ་རླུང་བཟུང་། མི་ཐུབ་པ་དང་སངས་ཀྱིས་བཏང་བ་སོགས་དང་། ཡང་གོང་བཞིན་གསལ་བཏབ་སྟེ་རླུང་འཛིན་པ་སོགས་ཐུན་རེར་ཅི་ནུས་བྱ། ཐུན་བསྡུ་ན་ཐིག་ལེ་དཀར་དམར་གཉིས་ཀྱང་མི་དམིགས་པར་བསམས་ལ་ཅི་ཡང་ཡིད་ལ་མི་བྱ་བར་གང་ཤར་རང་གྲོལ་དུ་མཉམ་པར་འཇོག་དགོས་ཏེ། རྩ་བ་ལས། བར་བར་ངོ་བོ་བལྟས་ཏེ་ཤར་གྲོལ་བཏང་། །ཞེས་གསུངས་པའི་ཕྱིར། དེ་ལྟར་གསལ་ཐེབས་པའི་རྟགས་ནི། དམིགས་པ་གསལ་ཐེབས་རྟགས་འདི་འབྱུང༔ ལུས་ཀྱི་སྣང་བ་དྲན་ཚོར་མེད༔ དབུགས་ནི་ཕྱི་ནང་འགྱུ་མི་ཚོར༔ སྣང་བ་ཐོགས་མེད་འགྲོ་བར་ཤེས༔ ཞེས་གསུངས། ཕན་ཡོན་ནི། དེ་ལྟར་དམིགས་པ་གསུམ་བསྒོམས་པས༔ ལུས་ངག་ཡིད་གསུམ་ལམ་དུ་ཚུད༔ ཅེས་གསུངས་པས། རྡོ་རྗེ་དཀར་པོས་ལུས། ཧཱུྃ་སྔོན་པོས་ངག །ཐིག་ལེ་དཀར་དམར་གྱིས་སེམས་གསུམ་ལམ་དུ་ཚུད་པར་འགྱུར། དམིགས་པ་དེ་གསུམ་བསྒོམ་པའི་ཚད་ནི། གང་ཟག་དབང་པོ་རིམ་པ་གསུམ༔ དམིགས་པ་རེ་རེ་བསྒོམ་པའི་ཚད༔ བདུན་དང་བཅུ་བཞི་ཉེར་གཅིག་གིས༔ རང་རང་རྟགས་རེ་འབྱུང་བར་ངེས༔ ཞེས་གསུངས་པས། སྔོན་འགྲོ་གཟེར་ལྔ་ནས་འདིའི་བར་གྱི་དམིགས་རིམ་རྣམས། དབང་པོ་རབ་ཀྱིས་བདུན། འབྲིང་གིས་བཅུ་བཞི། ཐ་མས་ཉེར་གཅིག་རེ་བསྒོམས་ན་རྟགས་དེ་རྣམས་འབྱུང་ངེས་པས་ཞག་རེ་ཙམ་ཡང་བསྒོམ་མི་ནུས་པར་ཉམས་རྟགས་འབྱུང་དཀའ་བས་ཉམས་ཁྲིད་དུ་བྱེད་ན་གཞུང་བཞིན་བྱ་བ་གཅེས་སོ། །དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་སོང་རྗེས། དངོས་གཞིའི་ཁྲིད་ཀྱི་རིམ་པ་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ནི། རྩ་བ་ལས། དེ་རྗེས་ཁྲིད་གཞུང་དངོས་གཞི་ལ་ཞུགས་ཏེ། །མཉམ་གཞག་གསལ་སྟོང་འཛིན་མེད་ངོ་བོ་སྐྱོང་། །ཞེས་གསུངས་པའི་དོན་སྤྱིར་ཞི་གནས་སྔོན་དུ་བཏང་བའི་མཐར་སེམས་འཚོལ་ཀྱི་གདར་ཤ་བཅད་དེ་སྒོམ་ཐོག་ནས་ལྟ་བ་འཚོལ་བ་དང་། ཐོག་མར་སེམས་འཚོལ་དང་དེ་ནས་ཞི་གནས་སུ་ཕབ་སྟེ། ལྟ་ཐོག་ནས་སྒོམ་པ་འཚོལ་བ་སྟེ་ལུགས་གཉིས་ལས། འདིར་སྔ་མ་ལྟར་ཡིན་པས། དང་པོ་སྒོམ་ཐོག་ནས་ལྟ་བ་འཚོལ་བ་ནི། གོང་གི་སེམས་འཛིན་དེ་རྣམས་ལ་རིམ་པར་སློབ་པ་དང་། བླ་མའི་ཕྱག་བཞེས་སུ་སྐབས་འདིར་རྟེན་ཅན་རྡེའུ་ཤིང་བུ་སོགས་ལ་བརྟེན་ནས་སེམས་འཛིན་པ་དང་། རྟེན་མེད་མ་བཅོས་པར་འཇོག་པ་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཞི་གནས་སྒོམ་གྱི་གཞི་ཡིན་པས་མཉམ་པར་འཇོག་དགོས་ཤིང། དེ་ཡང་རྣམ་རྟོག་བཀག་སྒོམ་ལྟ་བུ་མ་ཡིན་པར་གཞི་རྩ་གཅོད་པའི་ཕྱིར་ཡིན་ཏེ། ཀ་དག་གི་ཁྲིད་གཞུང་ལས། དེ་ནས་དབེན་པའི་གནས་ཆེན་དུ༔ ལུས་ངག་ཡིད་གསུམ་བརྟན་པར་བྱ༔ དུས་དེ་ཡན་ཆད་དུག་ལྔའི་ལས༔ ཅི་བྱས་ཅི་དྲན་བག་ཆགས་ཡིན༔ མེ་ཏོག་སད་ཀྱིས་ཁྱེར་བ་འདྲ༔ རྗེས་འབྲེང་མི་བྱ་འབྲེལ་ཐག་བཅད༔ དུས་དེ་མན་ཆད་དུག་ལྔའི་ལས༔ ཅི་བྱས་ཅི་བསམ་ཉོན་མོངས་ཡིན༔ སྣ་ཐག་དགྲ་ལ་ཤོར་བ་འདྲ༔ བསམ་མནོ་མི་བཏང་ཅི་དགར་བཞག༔ ད་ལྟར་ཤེས་པ་དྭངས་མ་ཕྱེད༔ ཐོམ་མེ་མུན་ནེ་གཏི་མུག་ཡིན༔ ཐེ་ཚོམ་རེ་དོགས་རྣམ་རྟོག་ཡིན༔ རྟོག་པའི་སྤུན་ལངས་ལྟ་བའི་དགྲ༔ མ་བཅོས་མི་བཅོས་རང་སོ་ལ༔ ཅི་ཡང་ཡིད་ལ་མི་བྱ་བར༔ སྣང་བ་སྟོང་པར་རྟོགས་པ་དང༔ སྟོང་པ་སྣང་བར་རྟོགས་པ་དང༔ སྣང་སྟོང་དབྱེར་མེད་རྟོགས་པ་དང༔ སངས་རྒྱས་སེམས་ཅན་གཉིས་མེད་དུ༔ མ་རྟོགས་བར་ལ་དབེན་པ་བསྟེན༔ དབང་པོ་རབ་འབྲིང་ཐ་མ་ཡིས༔ བདུན་གསུམ་ཉེར་གཅིག་བསྒོམས་པ་ཡིས༔ ཉམས་བཞི་འཆར་བས་ནན་ཏན་བསྐྱེད༔ ཅེས་དང་། གུ་རུ་པདྨས་དགེ་སློང་ནམ་མཁའི་སྙིང་པོར་གསོལ་འདེབས་སུ་བསྩལ་པ་ལས། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང༔ སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ ཅེས་གསུངས་པ་ལྟར་བསྒོམ་དགོས་པས་དེ་ཡང་གང་ཟག་གི་རིགས་ཐོད་རྒལ་རིམ་སྐྱེས་གཅིག་ཅར་གསུམ་གྱི་རྒྱུད་ཚོད་དང་སྦྱར་བའི་ཁྲིད་ཚུལ་བྱ་དགོས་པས་རྟེན་ཅན་རྡེའུ་ཤིང་བུ་སོགས་ལ་བརྟེན་ཀྱང་འགལ་བ་མེད་མོད། འོན་ཀྱང་གོང་གི་སེམས་འཛིན་རྣམས་དམིགས་པའི་རྟེན་ཅན་ཁོ་ན་ཡིན་པས་རྡེའུ་ཤིང་བུ་སོགས་ཀྱི་སྤྲོས་པ་མེད་ཀྱང་ཆོག་ཅིང་། རྟེན་མེད་ཁོ་ན་གཞུང་དང་མཐུན་པས། རྣམ་སྣང་ཆོས་བདུན་བཅས་ཏེ་ཤེས་པ་ཁོང་གློད་དེ་མཉམ་པར་བཞག་པས་ལས་དང་པོ་པ་ཚོགས་དྲུག་གི་རྟོག་པ་ཤུགས་ཆེ་བས། ཕྱི་རོལ་གྱི་རྐྱེན་ལས་སེམས་ཀྱི་རྣམ་རྟོག་དུག་ལྔའི་བག་ཆགས་ལྷང་གིས་ཤར་བ་དེའི་རྗེས་མི་གཅོད་ཅིང་། མ་འོངས་པའི་རྟོག་པའི་སྔོན་མི་བསུ། ད་ལྟའི་ཤེས་པ་དྭངས་སྙིགས་མ་ཕྱེད་པ་ཆུ་བོ་རྙོགས་མས་དཀྲུགས་པ་ལྟ་བུ་མུན་འཐོམས་སུ་ཡོད་པ་དེ་དྲན་ཤེས་ཀྱི་རིག་པས་ངོས་ཟིན་པར་བྱས་ཏེ་རྣམ་རྟོག་ཐོལ་སྐྱེས་རྦད་གཅོད་ཀྱི་ཚུལ་དུ་གང་ཤར་གྱི་ངོ་བོ་རང་ཤར་རང་གྲོལ་དུ་བཏང་། ལས་དང་པོ་པར་རྣམ་རྟོག་རི་གཟར་ལ་ཆུ་རྒྱུག་པ་ལྟར་འབྱུང་ཡང་སྐྱོན་དུ་མི་བལྟ་བར་ངོས་ཟིན་པར་བྱས་པས། རེ་ཞིག་ནས་འགྱུ་བ་ཇེ་ཕྲར་འགྱུར་ཞིང་གནས་ཆ་ཆེར་སོང་བའི་དུས། འགྱུ་བ་ཕྲ་མོ་རྩད་མ་ཆོད་པས་གནས་ཡོད་སྙམ་པའི་བཟང་རྟོག་ཨ་འཐས་ན་ཞི་གནས་ལྟེང་པོའི་འགོག་པའི་སྙོམས་འཇུག་ལྟ་བུར་འགྲོ་བས་འགྱུ་བ་ཕྲ་རགས་སྦོམ་གསུམ་ངོས་བཟུང་སྟེ་ཤར་གྲོལ་དུ་གཏོང་བ་གཅེས་ཏེ། གུ་རུ་པདྨས་མཁར་ཆེན་བཟའ་ལ་གསུངས་པ་ཀ་དག་གི་ཆོས་ཚན་ཟབ་མོ་གནད་ཀྱི་ཐེམ་བཅུ་ལས། སེམས་འཛིན་གྱི་ཕུར་པ་ལ་ཞེན་པས་ཐར་པ་མི་ཐོབ༔ ཞི་གནས་མགོ་བྱིལ་གྱིས་ཐར་པའི་ལམ་མི་རྙེད༔ ཅེས་གསུངས་པའི་ཕྱིར། དེ་ལྟར་བསྒོམས་པས་ཉམས་བཞི་འཆར་ཚུལ་ནི། ཀ་དག་གི་ངོ་སྤྲོད་རང་རིག་རང་གསལ་ལས། སྣང་བ་འདི་སྟོང་པར་རྟོགས༔ སྟོང་པ་སྣང་བར་རྟོགས༔ སྣང་སྟོང་དབྱེར་མེད་དུ་རྟོགས༔ སངས་རྒྱས་དང་སེམས་ཅན་དབྱེར་མེད་དུ་རྟོགས༔ དེ་ཉིད་ཀྱི་གདིང་རྙེད་པའི་ཤེས་པ་འབྱུང༔ ཞེས་གསུངས། དེ་ལྟར་ཤར་ཡང་ཆོག་ཤེས་དང་འཛིན་ཆགས་མེད་པ་ཞིག་དགོས་ཏེ། གོང་གི་འཕྲོས་ལས། ཉམས་ཀྱི་སྣང་བ་བཞི་ལ་ཆོག་ཤེས་སུ་བཟུང་བ་ནི་བྱིས་པའི་ལྟ་བ་ཡིན་ནོ༔ སྣང་བ་དང་སྟོང་པ་འདི་ལ་མ་ཆགས་པ་ཞིག་དགོས༔ ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྒོམ་པ་ལ་གེགས་སེལ་བ་ནི། རྩ་བ་ལས། ཕྱི་གེགས་སེལ་བྱེད་གུ་རུ་སྤྱི་བོར་བསྒོམ། །ཐོ་རེངས་དུས་སུ་ཧཱུྃ་གི་སྣང་གླུ་བླང་། །བླ་མའི་ཐུགས་དང་རང་གི་ཤེས་པ་བསྲེ། །ཞེས་གསུངས་པ་སྤྱིར་ཕྱིའི་གེགས་སེལ་ཐབས་སུ། ལུས་མཉམ་བཞག་གི་མིག་ནམ་མཁར་གཏད། ཤེས་པ་མ་བཅོས་པའི་ངང་ནས་རང་གི་སྤྱི་བོར་བླ་མ་དྲག་པོ་རྩལ་གྱི་སྐུའི་རྣམ་པར་གསལ་བཏབ་སྟེ། གསོལ་འདེབས་ཀྱི་ཚུལ་དུ་གདུང་ཤུགས་དྲག་པོས་རྒྱས་པའི་ཧཱུྃ་བདུན་བརྩེགས་ཀྱི་སྣང་གླུ་བླངས་པས་མོས་གུས་ཀྱི་ཉམས་སྐྱེས་པ་དང་། དེ་ཉིད་འོད་ཕུང་སྔོན་པོའི་རྣམ་པར་ཞུ་སྟེ་རང་ལ་ཐིམ་པས་བླ་མ་དང་རང་སེམས་དབྱེར་མེད་དུ་མཉམ་པར་གཞག་གོ །འདི་ནི་ཁྲིད་གཞུང་དངོས་གཞི་ལས། པདྨ་འབྱུང་གནས་ཐུགས་ཀྱི་བཅུད་ལེན་པ༔ ལུས་ཀྱི་གནད་ནི་མཉམ་གཞག་དྲང་པོར་བསྲང༔ རྩ་ཡི་གནད་ནི་མིག་གཉིས་ཐད་ཀར་གཏད༔ རླུང་གི་གནད་ནི་སྟེང་རླུང་འོག་རླུང་གཅུན༔ ཤེས་པའི་གནད་ནི་མ་བཅོས་ལྷུག་པར་བཞག༔ ཐོ་རེངས་དུས་ན་ཧཱུྃ་གི་སྣང་གླུ་བླང༔ བླ་མ་སྤྱི་བོར་བསྒོམ་ཞིང་གསོལ་བ་གདབ༔ མ་བཅོས་རྩེ་གཅིག་གདུང་བ་སྐྱེས་པའི་ཚེ༔ བླ་མའི་ཐུགས་དང་རང་གི་ཤེས་པ་བསྲེ༔ མཉམ་གཞག་ངང་ལ་རིག་པ་དར་གཅིག་བཞག༔ ཅེས་གསུངས་པའི་དོན་ནོ། །བྱེ་བྲག་ཏུ་སྒོམ་སྐྱོན་ལྔ་སེལ་བའི་དང་པོ་བྱིང་བ་གཏི་མུག་གི་གེགས་སེལ་ནི། རྩ་བ་ལས། དེ་ནས་ནང་གི་སྒོམ་སྐྱོན་ལྔ་སེལ་ཕྱིར། །བྱིང་བ་གཏི་མུག་འཐོམས་པའི་གེགས་བྱུང་ན། །གུ་རུ་དམར་སྨུག་ནམ་མཁའི་མཐོངས་སུ་བསྒོམ། །འོད་ཞུ་རང་ལ་ཐིམ་སོགས་གཞུང་བཞིན་བསྐྱང་། །ཞེས་པའི་དོན་ཁྲིད་གཞུང་ལས། དེ་ལ་སྒོམ་གྱི་སྐྱོན་ལྔ་བསལ་བ་ནི༔ བྱིང་ཞིང་འཐིབས་ན་གཏི་མུག་ལས་ངན་སློང༔ ལུས་དང་ཤེས་པ་གཟེངས་བསྟོད་ཤེས་པ་བསྒྲིམ༔ མཐོ་ས་རླུང་གི་བསིར་བུ་འོང་ས་རུ༔ ལུས་གནད་བཅོས་ཏེ་ཤེས་པ་ནམ་མཁར་གཏད༔ གུ་རུ་དམར་སྨུག་མདངས་ལྡན་བདག་ལ་བསྟིམ༔ རྗེས་ལ་མཉམ་གཞག་མ་བཅོས་ངང་ལ་བཞག༔ ཞག་གསུམ་འབད་ན་གཏི་མུག་མུན་པ་སེལ༔ ཞེས་པའི་སྒོམ་དོན་བྱིང་རྨུགས་ཀྱི་ངང་དུ་སོང་ན་བྱིང་པ་གཏི་མུག་གི་གེགས་ཡིན་པས། དེ་སེལ་བ་ནི། ས་མཐོ་ས་རླུང་བསིར་བུ་ཡོད་པར་ལུས་གནད་གོང་བཞིན་བྱ། ཤེས་པ་གཟེངས་བསྟོད་དེ་བསྒྲིམས་ལ་ནམ་མཁར་གཏད། བླ་མ་གུ་རུ་དྲག་པོ་རྩལ་གྱི་སྐུའམ་གུ་རུ་ཞི་བ་གང་ཡང་རུང་བ་སྐུ་མདོག་དམར་སྨུག་ཏུ་ཡོད་པ་མདངས་དང་ལྡན་པ་ཞིག་མདུན་གྱི་ནམ་མཁར་བསྒོམས་པ་དེ་ལ་ཤེས་པ་གཏད་ཅིང་གདུང་ཤུགས་ཀྱི་གསོལ་འདེབས་ཡིད་ཀྱིས་བྱས་པའི་མཐར། དེ་ཉིད་འོད་དམར་སྨུག་ཅིག་ཏུ་གྱུར་ནས་རང་ལ་བསྟིམས་ནས་མཉམ་པར་འཇོག་པ་ཞག་གསུམ་བསྒོམ་མོ། །གཉིས་པ་རྒོད་པ་ཞེ་སྡང་གི་གེགས་སེལ་བ་ནི། རྩ་བ་ལས། རྒོད་པ་ཞེ་སྡང་གེགས་སེལ་གུ་རུ་དཀར། །སྨིན་མཚམས་ཐད་ཀྱི་ནམ་མཁར་བསྒོམ་པ་དང་། །ཞེས་པ་ཁྲིད་གཞུང་ལས། རྣམ་རྟོག་རགས་ཤིང་རྒོད་ན་ཞེ་སྡང་སློང༔ ང་ཡི་སྐུ་ལ་ལྟ་སྟངས་རིག་པ་གཏད༔ རང་འདྲའི་ལྷ་སྐུས་འཇིག་རྟེན་ཐམས་ཅད་གང༔ དགའ་ཞིང་ངར་ལྡན་སྐུ་ཆེ་ཡན་ལག་ཧྲགས༔ དྲག་པོའི་ཧཱུྃ་སྒྲ་ངར་ལྡན་དི་རི་རི༔ དགྲ་གཉེན་རྩིས་གདབ་མེད་པར་ཤེས་པ་བསྒྲིམ༔ གུ་རུ་དཀར་གསལ་རང་གི་ཐུགས་ཀར་ཐིམ༔ ཤེས་པ་གློད་ཀྱིན་མཉམ་གཞག་ངང་ལ་བཞག༔ ཞག་གསུམ་བསྒོམས་ན་ཞེ་སྡང་རྟོག་པ་ཐུལ༔ ཞེས་གསུངས་པས། རྣམ་རྟོག་འཕྲོ་རྒོད་ཆེ་ན་ཞེ་སྡང་གི་རྟོག་པ་འཕེལ་བའི་གེགས་ཡིན་པས་དེ་སེལ་བ་ནི། མདུན་གྱི་སྨིན་མཚམས་ཐད་ཀྱི་ནམ་མཁར་གུ་རུ་ཞི་དྲག་གང་རིགས་ཀྱི་སྐུ་དཀར་གསལ་ཞིག་གསལ་བཏབ་པ་ལ་རིག་པ་གཏད་ཅིང་ལྟ་སྟངས་བྱས་ཏེ་ཡིད་ཀྱིས་གསོལ་བ་བཏབ་པས་མཐར་འོད་ཟེར་དཀར་པོའི་རྣམ་པར་གྱུར་ནས་རང་ལ་བསྟིམས་ནས་མཉམ་པར་འཇོག །སྐབས་འགར་མདུན་གྱི་གུ་རུའི་སྐུ་དང་། རང་ཡང་སྣང་བ་མ་འགགས་རིག་པ་ལྷ་སྐུ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུར་ཤར་བ་ལས། གུ་རུ་དྲག་པོའི་སྐུ་དཔའ་ཞིང་ངར་དང་ལྡན་པ་སྐུ་ཆེ་ལ་ཡན་ལག་རགས་པ་ཞལ་ནས་དྲག་པོའི་ཧཱུྃ་སྒྲ་འབྲུག་ལྟར་དིར་རི་རི་སྒྲོག་པ་དཔག་ཏུ་མེད་པ་འཕྲོས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་སྟེ་དགྲ་གཉེན་གྱི་སྣང་བ་གང་ཤར་ཡང་རྩིས་གདབ་མེད་པར་བཅོམ་པ་ལ་ཤེས་པ་བསྒྲིམས་ཏེ་གཏད་པའི་མཐར་ལྷོད་ཀྱིས་གློད་ལ་མཉམ་པར་འཇོག་པ་ཞག་གསུམ་བསྒོམ་མོ། །གསུམ་པ་ཟ་ཟིའི་རྟོག་པ་སྣ་ཚོགས་སུ་འཕྲོ་ཞིང་མཉམ་གཞག་ལ་མི་གནས་པར་ཕྱི་རོལ་གྱི་ཡུལ་སྣང་རྒོད་པའི་གེགས་སེལ་ནི། རྩ་བ་ལས། འཕྲོ་དང་ཤེས་པ་རྫི་འཁོར་གེགས་བྱུང་ན། །ལྟེ་བའི་གནས་ནས་མེ་འབར་སྣོད་བཅུད་དང་། །ཕུང་ཁམས་བསྲེགས་ནས་སྟོང་ཉིད་ངང་ལ་འཇོག །འཕྲོ་ན་གུ་རུ་མཐིང་ག་སྙིང་ཐད་བསྒོམ། །དེ་ཡང་འོད་ཞུ་རང་ལ་ཐིམ་པར་བསམ། །ཞེས་པ་ཁྲིད་གཞུང་ལས། ཤེས་པ་རྫི་འཁོར་ཟ་ཟིའི་རྟོག་པ་མང༔ མཉམ་གཞག་མི་བརྟན་ཡུལ་སྣང་རྒོད་པ་ན༔ ལྟེ་བའི་འོག་ནས་མེ་བྱུང་རང་ལུས་བསྲེག༔ མེ་དཔུང་ཆེར་འཕེལ་ཕྱི་ཡི་ཡུལ་མཁར་དང༔ དགྲ་གཉེན་མཛེས་སྡུག་འཛིན་པའི་ཡུལ་སྣང་བསྲེགས༔ ཐམས་ཅད་སྟོང་པ་ཆེན་པོའི་ངང་ལ་བཞག༔ གུ་རུ་མཐིང་ག་བདག་གི་ཐུགས་ཀར་བསྟིམ༔ འཛིན་མེད་ངང་ལ་ཞག་གསུམ་མཉམ་པར་བཞག༔ དེས་ནི་རྣམ་རྟོག་རྐུན་པོ་ལམ་དུ་ཚུད༔ ཅེས་གསུངས་པས། དེ་ལྟ་བུའི་གེགས་སེལ་ནི། རང་གི་ལྟེ་འོག་ན་གཞིར་གནས་ཀྱི་མེ་ཨ་ཐུང་ཤད་ཀྱི་རྣམ་པར་ཡོད་པ་དེ་ལས་མེ་འབར་ཏེ་རང་ལུས་གདོས་བཅས་སུ་སྣང་བ་འདི་ཡང་གཞོབ་ཐུལ་གྱིས་བསྲེགས། དེ་ལས་མེ་དཔུང་ཆེར་འཕེལ་ནས་སྣོད་ཀྱི་འཇིག་རྟེན་ས་རྡོ་རི་བྲག་ཡུལ་མཁར་སོགས་དང་བཅུད་ཀྱི་སེམས་ཅན་དགྲ་གཉེན་མཛེས་སྡུག་འཛིན་པའི་ཡུལ་སྣང་ཐམས་ཅད་བསྲེགས་ཏེ་ཐམས་ཅད་སྟོང་པ་ཆེན་པོའི་ངང་དུ་མཉམ་པར་བཞག །གུ་རུ་དྲག་པོ་མཐིང་ག་ཞིག་ནམ་མཁར་བསྒོམས་པ་ལ་ཡིད་ཀྱིས་གསོལ་བ་བཏབ་པས་འོད་ཟེར་མཐིང་གའི་རྣམ་པར་གྱུར་ཏེ་རང་གི་སྙིང་གར་ཐིམ་པར་བསམས་ལ་འཛིན་མེད་ཀྱི་ངང་དུ་འཇོག་པ་ཞག་གསུམ་བྱས་པས། རྣམ་རྟོག་རྐུན་པོ་ཞེས་འགྱུ་བ་ཕྲ་རགས་རྩད་མི་ཆོད་པའི་འོག་འགྱུ་རྒྱ་འབྱམས་ཀྱི་གེགས་ལས་གྲོལ་བར་འགྱུར་རོ། །བཞི་པ་ཤེས་པ་རྫི་འཁོར་བ་དང་རེ་དོགས་བདག་འཛིན་གྱི་གེགས་སེལ་ནི། རྩ་བ་ལས། སྐབས་འགར་བདེ་སྡུག་རེ་དོགས་སྣ་ཚོགས་པའི། །སྣང་བ་གང་ཤར་ཆུ་ཡི་རི་མོ་འམ། །སྦྲུལ་མདུད་བཞིན་དུ་རང་གྲོལ་ངང་དུ་བཏང་། །དེ་ལ་མ་གནས་གུ་རུ་འོད་ལྔ་ཡི། །རྣམ་པར་སེམས་གཏད་འོད་ཞུ་རང་ལ་ཐིམ། །འཛིན་མེད་ངང་ལ་ཞག་གཅིག་མཉམ་པར་བཞག །ཅེས་པ་ཁྲིད་གཞུང་ལས། གཏད་མེད་བསྒོམས་ཀྱང་ཤེས་པ་རྫི་འཁོར་ནས༔ རེ་དོགས་བདག་འཛིན་དམ་པོས་འཐས་པ་ན༔ སྣང་སེམས་བྱ་བྱེད་ཐམས་ཅད་འཁྲུལ་པ་ཡིན༔ སྐྱེ་འཆི་འཕོ་འགྱུར་མི་རྟག་དྲན་པར་གྱིས༔ འཇིགས་སྐྲག་ཚ་གྲང་ནད་ཀྱང་སྒྱུ་མ་ཡིན༔ བསྐལ་པར་དམྱལ་བར་ཕྱིན་ནས་བཙོས་བསྲེགས་ཀྱང༔ སེམས་ལ་སྐྱེ་འཆི་མེད་པས་འཐོན་པ་ཡིན༔ ཟས་ནོར་ཉེ་འབྲེལ་སྙིང་བརྩེ་སྒྱུ་མ་ཡིན༔ རང་ལུས་གཅེས་པར་བཟུང་ཡང་ནམ་ཞིག་འཆི༔ འཁོར་བའི་རྒྱུ་ནི་རེ་དོགས་ཐེ་ཚོམ་ཡིན༔ སངས་རྒྱས་དགོངས་པ་སྟོང་གསལ་འཛིན་མེད་ཡིན༔ དཔེར་ན་ནམ་མཁའ་སྤྲིན་དང་བྲལ་བ་དེ༔ གསལ་དྭངས་བཀྲག་འཚེར་ངོས་བཟུང་གཅིག་ཀྱང་མེད༔ དེ་ཕྱིར་སྐྱེས་བུས་ཤེས་པ་ཧུར་གྱིས་འདོན༔ ནམ་མཁའ་མེ་ཤེལ་དག་ལ་ཤེས་པ་གཏད༔ རིག་པ་ངར་ལྡན་ཕྱོགས་ཞེན་འཛིན་ཆགས་དོར༔ བཅོས་མེད་ངང་ལ་མཉམ་གཞག་དར་གཅིག་བཞག༔ གུ་རུ་འོད་ཟེར་ལྔ་ལྡན་བདག་ལ་བསྟིམ༔ དེ་ལྟར་ཞག་གསུམ་བསྒོམས་པས་ཐེ་ཚོམ་ཆོད༔ ཅེས་གསུངས་པས་དེའི་དོན་བསྒོམ་པའི་ཚུལ་ནི། བདེ་སྡུག་རེ་དོགས་ཀྱི་སྣང་བ་གང་ཤར་ཆུའི་རི་མོའམ་སྦྲུལ་གྱི་མདུད་པ་བཞིན་དུ་རང་གྲོལ་བ་གནས་ལུགས་གཏད་མེད་རང་བབས་སུ་མཉམ་པར་བཞག་ཀྱང་ཤེས་པ་རྫི་འཁོར་ནས་རེ་དོགས་དང་བདག་འཛིན་གྱི་མདུད་པ་མ་གྲོལ་ན་འདི་ལྟར་བསམས་ཏེ། ཕྱི་སྣང་བ་ལ་སེམས་གཡེང་བའི་བྱ་བྱེད་ཀྱིས་བློ་སྣ་ཚོགས་སུ་ཤར་ནས་ཐམས་ཅད་འཁྲུལ་པར་ངོ་ཤེས་པར་བྱས་ཏེ་སྐྱེ་འཆི་དང་འཕོ་འགྱུར་ཐམས་ཅད་མི་རྟག་པར་དྲན་པར་བྱ། འདིར་སྣང་གི་སེམས་ལ་འཇིགས་སྐྲག་དང་ལུས་ལ་ཚ་གྲང་དང་ནད་སོགས་ཐམས་ཅད་རྟག་པ་མ་ཡིན་པར་སྒྱུ་མར་ཤེས་པ་དང་། རྒྱུ་མཚན་སེམས་སྣང་གི་འཁྲུལ་ངོར་དམྱལ་བར་བསྐལ་པ་དུ་མར་བཙོ་བསྲེགས་ཀྱི་སྡུག་བསྔལ་མྱོངས་ཀྱང་སེམས་ལ་སྐྱེ་འཆི་མེད་པའི་ཕྱིར་དམྱལ་བ་ནས་འཐོན་པ་དང་། ཚེ་འདིར་ཟས་ནོར་ཉེ་འབྲེལ་ལ་སྙིང་བརྩེ་ཞིང་ཆགས་ཀྱང་སྒྱུ་མ་ཡིན་ཕྱིར་རྟག་མི་ཐུབ་པས། ཁྲིད་གཞུང་ལས། ཉེ་འབྲེལ་ཟས་ནོར་རི་ཁའི་རྩྭ་སྦུར་འདྲ༔ ཇི་ལྟར་བྱས་ཀྱང་འབྲལ་བས་བརྩེ་སེམས་དོར༔ ཞེས་གསུངས་པས། རང་གི་ལུས་འདི་གཅེས་པར་བཟུང་ཡང་ནམ་ཞིག་འཆི་བར་འགྱུར་བས་དེའི་ཕྱིར་འཁོར་བར་འཁྱམས་པའི་རྒྱུ་བཟང་པོར་རེ་བ་དང་ངན་པར་དོགས་པའི་ཐེ་ཚོམ་གྱི་བློས་འཆིང་བ་ཡིན་པས་འཛིན་མེད་སྒྱུ་མར་ཤེས་པ་དང་། མཐར་ཐུག་སངས་རྒྱས་ཀྱི་དགོངས་པ་ཡང་སྟོང་གསལ་འཛིན་མེད་ནམ་མཁའ་སྤྲིན་བྲལ་ལྟར་ངོས་བཟུང་མེད་པའི་ཕྱིར་རང་གི་ཤེས་པ་རྫི་འཁོར་བ་ལས་ཧུར་གྱིས་བཏོན། ཕྱི་རོལ་གྱི་ནམ་མཁའ་དང་མེ་ཤེལ་གཡའ་བྲལ་ལ་རིག་པ་གཏད་ལ་དབྱིངས་རིག་བསྲེས་ཏེ་འཛིན་མེད་མ་བཅོས་པའི་ངང་དུ་མཉམ་པར་བཞག །འདི་ལ་རྩ་བར་ཞག་གཅིག་མཉམ་པར་བཞག་ཚུལ་བཤད་ཀྱང་ཁྲིད་གཞུང་དུ་དར་གཅིག་བཞག་ཅེས་གསུངས་པས་རྗེས་ཐོབ་ཀྱི་སྣང་བ་མ་ཤར་བར་དུ་དར་གཅིག་མཉམ་པར་འཇོག་པའི་དོན་ཡིན་པར་རྟོགས། མཉམ་གཞག་དེ་ལ་མ་གནས་པར་རྟོགས་པའི་སྤུན་ལངས་ན། གུ་རུ་ཞི་དྲག་གི་སྐུ་འཆར་གང་བདེ་འོད་ཟེར་ལྔ་འཕྲོ་བ་ཞིག་མདུན་གྱི་ནམ་མཁར་གསལ་བཏབ་པ་ལ་སེམས་བཟུང་སྟེ་ཡིད་ཀྱིས་གསོལ་བ་བཏབ་པ་མཐར་རང་ལ་བསྟིམས་ནས་མཉམ་པར་འཇོག་པ་ཞག་གསུམ་བསྒོམ་པར་གསུངས་པ་ལྟར་བྱ། ལྔ་པ་ཞི་གནས་ཀྱི་གཞི་བཅའ་བ་དང་། དེ་ལ་དུག་གསུམ་གྱི་བྱེ་བྲག་གི་གེགས་སེལ་བ་ཡིན་པས། རྩ་བར། དེ་ནས་ལུས་སེམས་སྣང་སེམས་བརྟག་པར་བྱ། །ཞེས་དང་ཐག་བཅད་པ་སོགས་བཤད་པ་འོག་ཏུ་སེམས་འཚོལ་གྱི་སྐབས་སུ་འཆད་ཅིང་། འདིར་ཁྲིད་གཞུང་གི་ས་བཅད་མི་སྟོང་པའི་ཕྱིར་ལྔ་པའི་དོན་མདོ་ཙམ་བརྗོད་ན། ཁྲིད་གཞུང་ལས། སྣང་བ་རང་སྣང་གྲགས་པ་རང་སྒྲ་ཡིན༔ འགྱུ་བ་རང་སྟོང་ཡིན་པས་ངང་ལ་ཞོག༔ དེ་ལྟར་བསྒོམས་པས་རྣམ་རྟོག་ཇེ་ཉུང་འགྲོ༔ གསལ་སྟོང་རིག་པའི་གདངས་ནི་ཇེ་རིང་འཕེལ༔ དྲན་ཐག་ཇེ་ཉེ་རྟོག་པ་ཉལ་གྱིས་ཞི༔ ལུས་ཀྱི་སྣང་བ་དྲན་ཚོར་མེད་པ་ལ༔ སྲོག་རྩོལ་རླུང་གི་འབྱུང་འཇུག་མི་ཚོར་ཞིང༔ ཤེས་པ་གཡོ་མེད་རྒྱ་མཚོ་རླབས་བྲལ་འདྲ༔ དེ་ནི་སྒོམ་གྱི་གཞི་ཡིན་མེད་ཐབས་མེད༔ ཞི་གནས་ཞེས་བྱ་སྒོམ་གྱི་ཞིང་ས་ཡིན༔ ཞེས་གསུངས་པས་ཕྱི་རོལ་སྣང་གྲགས་ཀྱི་ཡུལ་ལ་འགྱུ་བྱེད་ཀྱི་དྲན་པ་རང་གི་ངོ་བོས་སྟོང་པའི་ངང་དུ་བཞག་པས། རྣམ་རྟོག་འཕྲོ་རྒོད་ཇེ་ཉུང་དུ་སོང་ཡང་དྲན་ཤེས་ཀྱི་གསལ་ཆ་མ་འགགས་པའི་ངོ་བོ་སྟོང་པ་རིག་གདངས་ངོ་རང་ཤེས་ཀྱི་དྲན་པ་རྩོལ་མེད་དུ་ཉེ་བར་འཆར་བས། འཕྲོ་རྒོད་ཀྱི་འགྱུ་བ་ཉལ་གྱིས་ཞི་བ་ལུས་སྣང་དྲན་ཚོར་མེད་པ་རླུང་འབྱུང་རྔུབ་མི་ཚོར་བ་ཤེས་པ་རྒྱ་མཚོ་རླབས་བྲལ་ལྟར་མི་གཡོ་བར་གནས་པ་དེ་ཞི་གནས་ཡིན་པས་དེ་སྒོམ་གྱི་གཞི་བཅའ་བ་ཞིང་ས་ལྟ་བུ་ཡིན་པའི་དོན། དེ་ལྟར་ཞི་གནས་ཀྱི་རོ་ལ་ཆགས་པའི་ཞེན་པ་སྤོང་ཐབས་རྣམས་ཁྲིད་གཞུང་གི་ཚིགས་བཅད་གོང་འོག་འཁྲུགས་བསྡེབས་ཀྱི་དོན་བསྡུས་ཏེ་བཤད་ན། སྔར་མ་ཕྱིན་པའི་དབེན་གནས་ཤིག་ཏུ་ཕྱིན་པས་རྟོག་པ་གསར་པ་ཞིག་ལྷང་གིས་འཆར་བར་འགྱུར་བས་དེར་རིག་པ་བཀུག་སྟེ་ངོ་བོ་ལ་ཆེར་གྱིས་བལྟས་པས་རྣམ་རྟོག་དང་པོ་བྱུང་ས་དང་། ཐ་མར་འགྲོ་ས་མེད་པ་ད་ལྟའི་བར་གྱི་ཤེས་པ་ཚུབ་རིལ་རང་གིས་རང་བཅིངས་པའི་འཁྲུལ་པ་དེ་ལྟ་བུ་ལྷོད་ཀྱིས་གློད་དེ་འཇོག །དེ་བཞིན་དུ་དུར་ཁྲོད་དང་ཁང་སྟོང་། ངམ་གྲོག་གཡང་ས་དགྲ་བགེགས་གཉེན་དང་ནོར་རྫས་སོགས་ཆགས་སྡང་སྐྱེ་བའི་ཡུལ་རྣམས་སུ་རིམ་པར་བགྲོད་པས་རྟོག་པ་གསར་པ་རེ་སྐྱེ་བས། ཁྲིད་གཞུང་ལས། དེ་ནས་རིམ་གྱིས་དུར་ཁྲོད་ཁང་སྟོང་དང༔ ངམ་གྲོག་གཡང་ས་དགྲ་བགེགས་ཆགས་སྡང་ཡུལ༔ རིམ་པས་བགྲོད་པས་རྟོག་པ་གསར་པ་སྐྱེ༔ ཞེས་གསུངས་པས་དུག་གསུམ་བྱེ་བྲག་གི་གེགས་སེལ་ལས། ཞེ་སྡང་གི་གེགས་སེལ་ནི། དེ་ཡང་དགྲ་བགེགས་ལྟ་བུར་ཞེ་སྡང་དང་འཇིགས་སྐྲག་སྐྱེས་ན། ཁྲིད་གཞུང་ལས། ཞེ་སྡང་སྐྱེས་ན་དེ་ཡི་ངོ་བོ་བལྟ༔ དགྲ་བོ་གཉེན་དུ་འགྱུར་སྲིད་སྒྱུ་མ་ཡིན༔ ཞེས་དང་། དགྲ་འདྲེའི་རྐྱེན་གྱིས་འཇིགས་ཤིང་སྐྲག་པ་ན༔ གཅེས་པའི་འཛིན་པ་དམ་པོས་བྱུང་བ་སྟེ༔ ལུས་འདི་སྐྲག་ན་ཆུ་བུར་ས་རྡོ་འདྲ༔ ཇི་ལྟར་བྱས་ཀྱང་འཆི་བས་རྒྱངས་ཀྱིས་བསྐྱུར༔ ཅེས་དང་། དགྲ་དང་འདྲེ་ཡང་རྨི་ལམ་སྣང་བ་འདྲ༔ གཉིད་ཀྱི་དགྲ་འདྲེ་སད་དུས་གང་ན་འདུག༔ དེ་བཞིན་ད་ལྟའི་འཛིན་སྣང་འདིས་འཕུང་བས༔ འཛིན་སྣང་དོར་ན་སེམས་ལ་དགྲས་མི་འཇིགས༔ ལྷོད་གློད་རྒྱངས་བསྐྱུར་མ་བཅོས་ངང་ལ་བཞག༔ ཅེས་གསུངས་པས་དགྲ་ལ་ཞེ་སྡང་དྲག་པོ་སྐྱེས་ན་དེ་ཡི་ངོ་བོར་བལྟས་ཏེ་མཉམ་པར་བཞག་པས་དགྲར་འཛིན་གྱི་སྣང་བ་རང་སར་ཞིག་པས་དགྲ་ཡང་གཉེན་དུ་འགྱུར་བས་སྒྱུ་མ་དང་འདྲ། དགྲ་དང་འདྲེར་འཛིན་གྱི་རྣམ་རྟོག་ཨ་འཐས་པས་འཇིགས་སྐྲག་གི་སྣང་བ་ཤར་ན་རང་ཉིད་གཅེས་འཛིན་གྱི་འཇུར་བུ་དམ་པོ་ལས་བྱུང་བས་འདི་ལྟར་བསམས་ཏེ། ལུས་འདི་སྐྲག་ན་ཆུ་བུར་ས་རྡོ་དང་འདྲ་བས་གཅེས་པར་བཟུང་ཡང་ནམ་ཞིག་ན་འཆི་ལ། དགྲ་འདྲེའི་སྣང་བ་ཤར་ན་ཡང་རྨི་ལམ་དང་འདྲ་བས་གཉིད་སད་པའི་ཚེ་གང་དུ་ཡང་མེད་པས། གཉིས་འཛིན་གྱི་སྣང་བ་དོར་ན་རང་སར་གྲོལ་བས་ལྷོད་ཀྱིས་གློད་ལ་མ་བཅོས་པར་བཞག །འདོད་ཆགས་ཀྱི་གེགས་སེལ་ནི། ཁྲིད་གཞུང་ལས། འདོད་ཆགས་སྐྱེས་ན་དེ་ཡི་ངོ་བོ་བལྟ༔ ཤ་ཁྲག་ལང་ཚོ་མི་རྟག་རྨི་ལམ་འདྲ༔ གང་ལའང་སྙིང་པོ་མེད་ཀྱི་ཆགས་ཞེན་སྐྱུངས༔ འཛིན་མེད་དྲན་པས་མཉམ་གཞག་བརྟན་པར་མཛོད༔ ཅེས་གསུངས་པས་འདོད་ཆགས་སྐྱེས་ན་དེའི་ངོ་བོ་ལ་བལྟ་ཞིང་ཆགས་ཡུལ་གྱི་ཤ་ཁྲག་ལང་ཚོ་ཐམས་ཅད་མི་རྟག་ཅིང་རྒས་པར་འགྱུར་བ་དང་མི་སྡུག་པའི་རང་བཞིན་རྨི་ལམ་འདྲ་བས་ཆགས་ཞེན་གྱི་བློ་བསྒྱུར་ནས་འཛིན་མེད་དུ་འཇོག །གཏི་མུག་གི་གེགས་སེལ་ནི། ཁྲིད་གཞུང་ལས། ཤེས་པ་རྫི་འཁོར་གསལ་ཆ་མ་ཐོན་ན༔ དྲན་པས་ཏུར་བཟུང་བདག་ལ་གསོལ་བ་ཐོབ༔ མ་རིག་བག་ཆགས་འཐིབས་པོ་དྲན་པས་ཟུངས༔ ཤེས་པ་གཟེངས་བསྟོད་མཉམ་གཞག་དར་གཅིག་མཛོད༔ ཅེས་གསུངས་པས་བྱིང་ཞིང་འཐིབས་ཏེ་ཤེས་པ་རྫི་འཁོར་ནས་གཏི་མུག་གི་དབང་གིས་གསལ་ཆ་མ་ཐོན་ན། དྲན་འཛིན་གྱི་ངང་ནས་གུ་རུ་སྤྱི་བོར་བསྒོམས་ཤིང་མོས་གུས་ཀྱིས་གསོལ་བ་བཏབ་སྟེ་ཤེས་པ་གཟེངས་སྟོད་ཅིང་མཉམ་གཞག་བྱ། འདི་ནི་གུ་རུ་པདྨས་རིག་འཛིན་རྒོད་ལྡེམ་ཅན་ལ་དག་སྣང་དུ་ཞལ་གདམས་ངོ་སྤྲོད་གསུངས་པ་ལས། རྐྱེན་སྣང་ཐེ་ཚོམ་གྱིས་སེམས་ཀྱི་རྒྱུད་དཀྲུགས་ནས་ཅི་ཡང་བྱེད་མ་ཤེས་པ་རྫི་འཁོར་ན་རིག་པ་རང་ལུགས་ཀྱི་ངང་ནས་བླ་མ་ལ་གསོལ་བ་ཐོབ། དེའི་རྗེས་སུ་ཤར་བའི་བློ་གྲོས་རྣམ་རྟོག་གིས་མ་བསླད་པ་དེ་སྒྲོ་འདོགས་ཆོད་པའི་སྙིང་གཏམ་ཡིན་ནོ། ཞེས་གསུངས་པ་དང་དོན་གཅིག་པར་སྣང་། དེ་ལྟར་དུག་གསུམ་གྱིས་ཀུན་ནས་བསྐྱེད་པའི་བག་ཆགས་རྣམ་རྟོག་གི་རང་གཟུགས་ན་བ་དང་འཆི་བའི་རྣམ་རྟོག་གི་སྡུག་བསྔལ་ཤར་ན་དེ་དག་གི་བྱུང་གནས་འགྲོ་གསུམ་བརྟག་པ་དང་ལམ་དུ་ཁྱེར་ཚུལ་ནི། ཁྲིད་གཞུང་ལས། ནད་དང་འཆི་བའི་སྡུག་བསྔལ་བྱུང་བའི་ཚེ༔ དེ་ཡི་བྱུང་ས་གནས་ས་ངོ་བོ་བལྟ༔ ན་བ་གཅེས་འཛིན་འཐས་པའི་བག་ཆགས་ཡིན༔ སྡུག་བསྔལ་ཤི་ཡི་དོགས་པའི་རྣམ་རྟོག་ཡིན༔ ཟུག་གཟེར་ཉོན་མོངས་ལས་ཀྱི་རྣམ་སྨིན་ཡིན༔ ལེགས་པར་བརྟགས་ན་ཡང་དག་ཆོས་སྐུ་སྟེ༔ ན་བའི་དུས་ན་གར་ཡང་སོང་བ་མེད༔ གཅེས་འཛིན་མི་བྱ་འཆི་བའི་འཇིགས་པ་དོར༔ ཟུག་གཟེར་རོ་ལ་མི་མྱང་མཉམ་པར་བཞག༔ དེ་ཕྱིར་སྐྱོན་རྣམས་ཅི་བྱུང་ཐམས་ཅད་ལ༔ བྱུང་ས་འགྲོ་ས་གནས་ས་ལེགས་པར་བརྟག༔ དོན་ལ་རྒྱུ་རྐྱེན་མེད་དོ་འཛིན་པ་ཆོད༔ མ་བཅོས་ངང་ལ་མཉམ་གཞག་བརྟན་པར་བྱ༔ དེ་ཡིས་ལམ་གྱི་གེགས་དང་བར་ཆད་སེལ༔ ཞེས་གསུངས་པའི་དོན་ལུས་ལ་ནད་བྱུང་བའི་ཚེ་ནད་དེ་དང་པོ་གང་ནས་བྱུང་བར་དུ་གང་དུ་གནས་ཐ་མ་གང་དུ་འགྲོ་བརྟག་ཅིང་ནད་ཀྱི་ངོ་བོ་ལ་བལྟ། དེ་ཡང་གཅེས་འཛིན་འཐས་པའི་བག་ཆགས་ལས་ནད་དང་། དེའི་སྡུག་བསྔལ་ཤི་དོགས་ཀྱི་རྣམ་རྟོག་དང་ཟུག་གཟེར་སྔོན་ལས་ཀྱི་རྣམ་སྨིན་དུ་ཤེས་པས་ཟུག་གཟེར་གྱི་རོ་མི་མྱང་ཞིང་ལེགས་པར་བརྟགས་ན་རྣམ་རྟོག་གི་རང་གཟུགས་ཆོས་སྐུ་བདེ་བ་ཆེན་པོར་འཆར་ཞིང་། དེ་བཞིན་དུ་རྐྱེན་བཟང་ངན་ཐམས་ཅད་ཀྱི་བྱུང་གནས་འགྲོ་གསུམ་བརྟག་ཅིང་མཁན་པོ་རྩད་ཆོད་པས་མ་བཅོས་པའི་ངང་ལ་མཉམ་པར་བཞག་པས་ལམ་གྱི་གེགས་དང་བར་ཆོད་ཐམས་ཅད་སེལ་བར་གསུངས་ཏེ། ཀ་དག་གི་ཆོས་སྡེ་གེགས་སེལ་ནོར་བུའི་བང་མཛོད་ལས། དེ་ལྟར་སྒོ་གསུམ་རང་ལུགས་སུ་བཞག་པས་རྣམ་རྟོག་ཕྲ་རགས་ཐམས་ཅད་ཞི་ནས་སེམས་རང་སར་ལྷན་གནས་པ་ཞིག་འབྱུང༔ དེ་ཀ་ལ་ཞི་གནས་ཞེས་བྱའོ༔ ཞེས་གསུངས་པའི་ཕྱིར་རོ། །འདི་ཡན་ཆད་སེམས་འཛིན་གྱི་ཞི་གནས་སུ་བཞག་ཐབས་དེ་དག་གི་གེགས་སེལ་དང་བཅས་པའི་རིམ་པའོ། །གཉིས་པ་ལྟ་ཐོག་ནས་སྒོམ་འཚོལ་བ་སེམས་འཚོལ་གྱི་སྒོ་ནས་གདར་ཤ་གཅོད་པ་ནི། རྩ་བ་ལས། དེ་ནས་ལུས་སེམས་སྣང་སེམས་བརྟག་པར་བྱ། །བྱུང་གནས་འགྲོ་གསུམ་བརྟགས་ལ་ཕུ་ཐག་གཅད། ཅེས་གསུངས་པ་ཁྲིད་གཞུང་དུ་ལུས་སེམས་དང་སྣང་སེམས་བརྟག་པ་མ་གསུངས་ཀྱང་། བླ་མའི་གསུང་རྒྱུན། ལུས་ལས་སེམས་བྱུང་ངམ་སེམས་ལས་ལུས་བྱུང་བརྟགས་པས་ཉམས་མྱོང་གང་བྱུང་བླ་མར་ཞུ། སྣང་སེམས་གཉིས་ཀྱང་དེ་དང་མཚུངས་པར་བརྟག །དེ་དག་གི་དོན་འོག་ཏུ་ངོ་སྤྲོད་ཀྱི་སྐབས་སུ་སྟོན། བྱུང་གནས་འགྲོ་གསུམ་བརྟག་པ་ནི། ཁྲིད་གཞུང་ལས། དེ་ནས་རྣལ་འབྱོར་སེམས་ཀྱི་ངོ་བོ་བལྟ༔ དང་པོ་ཞག་གསུམ་སེམས་ཀྱི་བྱུང་ས་བསམ༔ བྱུང་ས་འདུག་ན་དེ་ཡི་རྩ་བ་བརྟག༔ བྱུང་ས་མེད་ན་རྒྱུ་མེད་ཅི་ལ་སྲིད༔ དེ་ནས་ཞག་གསུམ་སེམས་ཀྱི་ཁ་དོག་དང༔ གཟུགས་དང་དབྱིབས་སུ་གྲུབ་བམ་མ་གྲུབ་བལྟ༔ གྲུབ་ན་ལེགས་པར་དེ་ཡི་རྩ་བ་གཅད༔ མ་གྲུབ་འདུག་ན་འཕྲོ་འདུ་ཅི་ལས་བྱུང༔ དེ་ནས་ཞག་གསུམ་སེམས་ཀྱི་འགྲོ་ས་བརྟག༔ འགྲོ་ས་འདུག་ན་དེ་ཡི་རྩ་བ་བཅད༔ འགྲོ་ས་མེད་ན་བློ་གཏད་ཇི་ལྟར་བྱེད༔ ཁ་ཙམ་ཚིག་ཙམ་མ་ཡིན་ལེགས་པར་བརྟག༔ ཅེས་གསུངས་པའི་དོན་སེམས་ཞེས་བྱ་བ་འདི་དང་པོ་གང་ནས་བྱུང་། བར་དུ་གང་དུ་གནས། ཐ་མར་གང་དུ་འགྲོ་སེམས་དེ་ཡི་གཟུགས་ཆེ་ཆུང་། དབྱིབས་ཟླུམ་པོ་གྲུ་བཞི་སོགས་ཇི་ལྟར་འདུག །གཟུགས་སུ་གྲུབ་ན་ཁ་དོག་དཀར་དམར་སོགས་ཇི་འདྲར་སྣང་། གཅིག་དང་དུ་མ་ཇི་ལྟ་བུ་ཞིག །གཅིག་ཏུ་འདུག་ན་དེ་ཡང་ཇི་ལྟ་བུ། མང་པོར་འདུག་ན་གྲངས་ཇི་ཙམ། ཕྱི་རོལ་ཚོགས་དྲུག་གི་ཡུལ་སྣང་གང་དུ་གནས། རང་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གང་དུ་གནས། མང་པོར་འདུག་ན་སོ་སོར་དབྱིབས་ཁ་དོག་སོགས་སུ་གྲུབ་པ་གཞིར་བཅས་པས་ཇི་ལྟར་སྣང་། གཅིག་པུར་འདུག་ན་དེ་ཡང་གཟུགས་དབྱིབས་སོགས་ཅི་འདྲ་བ་ཞིག །ལུས་འདིར་སེམས་གནས་པའི་ཕྱིར་ལུས་ཀྱི་ནང་ནས་ཕྱིར་འཕྲོ་བའི་ཚེ། ཕྱི་རོལ་ཏུ་འཕྲོ་བའི་སེམས་དང་ནང་དུ་གནས་པའི་སེམས་གཉིས་སུ་བྱུང་བས་གཉིས་སུ་སྣང་ངམ། གཅིག་ཏུ་འདུག་ན་ཕྱིར་འཕྲོ་བའི་ཚེ་ནང་ན་སེམས་མེད་པ་ཤི་བའི་རོ་དང་འདྲ་བ་ཞིག་འདུག་གམ་ཇི་ལྟར་ཡིན་སོགས་ཁྲིད་གཞུང་ལྟར་ན་ཞག་དགུའི་བར་དང་། དབང་བརྟུལ་ལ་དེར་ཡང་མ་ཚད་པའི་ཞག་མང་པོའི་བར་རྟོག་ཏུ་འཇུག་ཅིང་བླ་མས་སོ་སོར་དྲི་བ་ལེན། འདི་སྐབས་འགའ་ཞིག་གིས་བརྟག་དཔྱད་མ་བཏང་བར་འོལ་ཚོད་ཀྱིས་ལན་འདེབས་པ་དང་། འགའ་ཞིག་གིས་དཔེ་ལ་བལྟས་པའི་ལན་འདེབས་པ་སོགས་སྣ་ཚོགས་ཡོང་བས་རིག་ཐོག་ནས་གདར་ཤ་བཅད་པའི་དྲིས་ལན་ཚུལ་བཞིན་མ་བྱུང་གི་བར་དུ་ངོ་སྤྲོད་ལ་རིངས་རྒྱུ་མེད་པས་ཡང་ཡང་བསྐྱར་ཞིང་དྲི་བ་རྡོ་རུས་ཐུག་པར་ལེན་པ་གནད་དུ་ཆེའོ། །དེ་ལྟར་སེམས་འཚོལ་གྱི་རིམ་པ་འདི་ཡན་ཆད་སྔོན་འགྲོའི་རིམ་པའོ། །དངོས་གཞི་ཐོག་མར་བྱུང་གནས་འགྲོ་གསུམ་སོགས་ངོ་སྤྲོད་པའི་རིམ་པ་ལ། རྩ་བ་ལས། དེ་ནས་སེམས་ཉིད་སྟོང་གསལ་འཛིན་མེད་དེ། །ཡེ་ནས་སྐུ་གསུམ་ཡིན་པར་ངོ་སྤྲད་དེ། །ངོ་བོ་སྟོང་པ་ཆོས་སྐུ་དེ་ཡི་མདངས། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་སྐུ་དང་། །ཐུགས་རྗེ་ཅིར་ཡང་མ་འགག་སྤྲུལ་སྐུ་དེ། །དོན་ལ་རང་རིག་མ་བཅོས་རྗེན་པ་འདི། །གསལ་སྟོང་དབྱེར་མེད་སྣང་སྟོང་དབྱེར་མེད་དང་། །རིག་སྟོང་དབྱེར་མེད་གསལ་ལེ་སིང་ངེ་བ། །ཡེར་རེ་སྤྲོས་པའི་མཐའ་དང་བྲལ་བ་འདི། །ཡེ་ནས་སྐུ་གསུམ་བླ་མ་རང་ཆས་ཡིན། །ཞེས་གསུངས་པའི་དོན། ཁྲིད་གཞུང་ལས། ངེས་པར་གོ་ན་སེམས་ཀྱི་ངོ་བོ་འདི༔ དང་པོ་བྱུང་ས་མེད་དེ་ནམ་མཁའ་འདྲ༔ ས་གཞི་རང་ཡང་སྟོང་པའི་ངང་ལས་གྲུབ༔ ངོས་བཟུང་མེད་པར་ཅི་ཡང་སྐྱེ་བ་སྟེ༔ ས་གཞི་ལོ་ཏོག་སེམས་ཅན་སྐྱེ་འཆི་དང༔ ནམ་མཁའི་སྤྲིན་དང་ཆར་དང་འབྲུག་བཞིན་ནོ༔ སེམས་ཀྱི་གཟུགས་དང་ཁ་དོག་དབྱིབས་རྣམས་ནི༔ ངོས་བཟུང་མེད་དེ་སྟོང་པའི་རང་གདངས་ཡིན༔ སྣ་ཚོགས་ཅིར་ཡང་འཆར་བས་སྤྲུལ་པའི་ལམ༔ ཐ་མ་སེམས་ཀྱི་འགྲོ་ས་ག་ལ་སྲིད༔ དཔེར་ན་གླིང་བཞིའི་འཇིག་རྟེན་འཇིག་པའི་ཚེ༔ སྟོང་པ་ཆེན་པོ་ནམ་མཁའི་ངང་དུ་ཐིམ༔ ནམ་མཁའ་སྟོང་པ་དག་ལ་འཇིག་རྒྱུ་མེད༔ དེ་བཞིན་ལུས་དང་འཛིན་པའི་ཡུལ་སྣང་ཞིག༔ སྟོང་པར་འགྲོ་སྟེ་སེམས་འདི་སྟོང་པ་མེད༔ མདོར་ན་སེམས་ཀྱི་ངོ་བོ་གསལ་སྟོང་ཡིན༔ དེ་ལ་ཞེན་ཆགས་ཕྱོགས་འཛིན་བྱེད་པ་འཁྲུལ༔ རིག་པ་བཅོས་མེད་རང་ཤར་འཛིན་མེད་ལྟོས༔ ཞེས་གསུངས་པ་ལྟར་འཆད་པ་ནི། དང་པོ་སེམས་ཀྱི་བྱུང་ས་ནམ་མཁའ་དང་འདྲ་བའི་སྟོང་པ་ཡིན་པས། དཔེར་ན་སྣོད་ཀྱི་འཇིག་རྟེན་ས་གཞི་སོགས་ཀྱང་སྟོང་པའི་ངང་ལས་གྲུབ་པས་ངོས་བཟུང་མེད་པ་ལས་ཅི་ཡང་སྐྱེ་བ་སྟེ། ས་གཞི་ལོ་ཏོག་སེམས་ཅན་སྐྱེ་འཆི་ཐམས་ཅད་ནམ་མཁར་སྤྲིན་དང་དེ་ལས་ཆར་དང་འབྲུག་གྲགས་པ་བཞིན་ནོ། །སེམས་ལ་གཟུགས་དང་ཁ་དོག་དབྱིབས་རྣམས་ངོས་བཟུང་མེད་ཀྱང་སྟོང་པའི་རང་མདངས་ཚོགས་དྲུག་གི་ཡུལ་སྣང་སོ་སོར་ཅིར་ཡང་འཆར་བས་འཁྲུལ་པ་ཡིན་ནོ། །བར་དུ་སེམས་ཀྱི་གནས་ས་གཅིག་ཏུ་མ་ངེས་ཤིང་། རང་སྣང་ཤར་བའི་ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་རིག་པ་གར་གཏད་དུ་གནས་པར་བྱེད་པས་མཐའ་གཅིག་ཏུ་ངོས་གཟུང་མེད། ཐ་མ་སེམས་ཀྱི་འགྲོ་ས་ཡང་རྩིས་གདབ་མེད་དེ་དཔེར་ན་སྣོད་ཀྱི་འཇིག་རྟེན་རྟག་བརྟན་ཐེར་ཟུག་ལྟ་བུར་སྣང་བ་འདི་ཡང་མཐར་མེ་བདུན་ཆུ་གཅིག་སོགས་ཀྱིས་འཇིག་པའི་ཚེ་སྟོང་པ་ཆེན་པོ་ནམ་མཁའི་ངང་དུ་ཐིམ་ཞིང་། ནམ་མཁའ་སྟོང་པ་དག་ལ་འཇིག་རྒྱུ་མེད་པ་བཞིན། རང་གི་ལུས་དང་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་ཞིག་ཅིང་སྟོང་པར་གྱུར་ཀྱང་སེམས་འདི་སྟོང་པ་མེད་དོ། །སེམས་གཅིག་ལས་མེད་ཀྱང་རྩལ་སྣ་ཚོགས་སུ་འཆར་བས་གྲངས་སུ་རྩིས་གདབ་བྲལ་བ་ཡིན། དེ་ལྟར་ཡང་ཀ་དག་གི་ཁྲིད་གཞུང་ལས། རང་གི་བྱང་ཆུབ་སེམས་འདི་ལ༔ སེམས་ཀྱིས་ཡང་དང་ཡང་དུ་ལྟོས༔ གཟུགས་དང་ཁ་དོག་གྲུབ་པ་མེད༔ ཕྱོགས་དང་རིས་སུ་གྲུབ་པ་མེད༔ མཐའ་དང་དབུས་སུ་གྲུབ་པ་མེད༔ བྱུང་ས་གནས་ས་འགྲོ་ས་མེད༔ སྟོང་པ་ཅི་ཡང་མ་གྲུབ་པ༔ གསལ་ལ་དྭངས་པ་འདི་མཐོང་ན༔ རང་ངོ་རང་གིས་ཤེས་པ་ཡིན༔ ཞེས་གསུངས། དེ་ལྟ་བུའི་སེམས་ཀྱི་ངོ་བོ་དེ་གསལ་སྟོང་སྣང་སྟོང་རིག་སྟོང་དབྱེར་མེད་གསལ་ལེ་སིང་ངེ་ཧྲིག་གེ་ཡེར་རེ་སྤྲོས་པའི་མཐའ་དང་བྲལ་བ་དེ་ངོ་བོ་སྟོང་པ་ཆོས་སྐུ །དེའི་རང་མདངས་རང་བཞིན་གསལ་བ་ལོངས་སྐུ །ཐུགས་རྗེ་ཅིར་ཡང་མ་འགགས་པ་སྤྲུལ་སྐུ་སྟེ་སྐུ་གསུམ་རང་ཆས་སུ་གྲུབ་པ་དེ་ལ་ཞེན་ཆགས་དང་ཕྱོགས་གཅིག་ཏུ་འཛིན་པ་འཁྲུལ་པ་ཡིན་པས་རིག་པ་བཅོས་མེད་རང་ཤར་རང་གྲོལ་འཛིན་མེད་ཀྱི་ངོ་བོར་ལྟོས་ཤིག་ཅེས་ངོ་སྤྲོད་པ་དང་། དེ་བཞིན་དུ་ལུས་སེམས་ཀྱང་དང་པོར་སེམས་དང་དེ་ལས་ལུས་གྲུབ་ཅིང་སྣང་བ་ཡང་སེམས་ཀྱི་རྩལ་སྣང་ཆུ་དང་ཆུ་ལྦུར་ལྟ་བུ་ཡིན་པར་གསུངས་པས་མདོར་ན་སློབ་མའི་དྲི་བ་དང་རྒྱུད་ཚོད་བསྟུན་ནས་ངོ་སྤྲད་དོ། །འདི་ལ་སྤྲོ་ན་བཤད་གཞི་ཡངས་པས་མཐའ་གཅོད་དང་རྒྱས་བཤད་མང་དུ་འབྱུང་ཡང་འདི་ཙམ་གྱིས་དོན་གོ་བར་སེམས་སོ། །སྐབས་འདིར་གོང་གི་འཕྲོས་སུ། རྩ་བ་ལས། དེ་ལས་ལོགས་སུ་ཞི་དང་ཁྲོ་བོ་སོགས། །སངས་རྒྱས་ཡར་ལ་འཚོལ་བའི་རེ་བ་དང་། མར་ལ་ངན་སོང་འཁོར་བར་ལྷུང་དོགས་པའི། །རེ་དོགས་དང་བྲལ་བར་དོ་རྣམ་གསུམ་གཅོད། །འཁོར་འདས་ཤན་ཕྱེད་བེམ་རིག་མགོ་ལྟག་ཕྱེད། །གཟུང་འཛིན་རང་གྲོལ་འོད་གསལ་མ་བུ་འཕྲོད། །རང་རིག་ངོ་བོ་མ་བཅོས་ཐོད་ཕྲེང་རྩལ། །ཞེས་པའི་དགོངས་དོན་མཐར་ཐུག་ཁྲིད་ཡིག་གི །ཟིན་བྲིས་ཡང་ཏིག་གཅེས་སྒྲོན་གསལ་བྱེད་འདི། །རིག་འཛིན་བརྒྱུད་པའི་གསུང་རྒྱུན་མ་ཉམས་པར། །བཀའ་གཏེར་སྙན་བརྒྱུད་འཛིན་པའི་ལྡོམ་བུ་པ། །ཕྲིན་ལས་རབ་རྒྱས་གང་དེས་བྲིས་པ་ལ། །ནོངས་པ་མཆིས་ན་ཆོས་སྲུང་ཀུན་ལ་བཤགས། །དགེ་འདིས་ཀུན་བཟང་གདོད་མའི་ས་ཐོབ་ཤོག །ཅེས་དོན་བསྡུས་ཏེ་བཤད་ཅིང་། ཁྲིད་གཞུང་ལས་ངོ་སྤྲོད་དངོས་གཞི་ལ་དོན་གསུམ་གྱི། དང་པོ་ནམ་མཁའ་ལ་ཕྱག་མཛུབ་གཏད་དེ་ངོ་སྤྲད་པ་དང་། གཉིས་པ་མན་ཤེལ་ལ་ལྟ་སྟངས་གཏད་དེ་ངོ་སྤྲད་པ། གསུམ་པ་སློབ་བུའི་སྙིང་ཁར་ཕྱག་མཛུབ་གཏད་ནས་ངོ་སྤྲད་པ་སྟེ་གསུམ་དུ་གསུངས་པའི་དང་པོ་འདིར་གཏེར་ཤོག་ལ། གུ་རུའི་སྐུ་ཆོས་གོས་དང་མཉེན་ཞུ་གསོལ་བ་རྡོ་རྗེའི་སྐྱིལ་ཀྲུང་ཅན་ཕྱག་གཡས་རྡོ་རྗེ་ཐུགས་ཀར་སྡིགས་མཛུབ་ཀྱིས་འཛིན་ཅིང་གཡོན་ཕྱག་མཛུབ་དང་ལྟ་སྟངས་ནམ་མཁའ་ལ་གཏད་པ་ཞིག་བྲིས་པ་ལྟར་དཔེ་རྒྱུན་དུ་ཡང་ཡོད་ཅིང་། ཁྲིད་གཞུང་དེ་ཉིད་ལས། ཕྱི་རབས་ང་ཡི་རྗེས་ནས་འཇུག་པ་རྣམས༔ ངོ་སྤྲོད་ཀྱི་སྐབས་སུ་བླ་མས་ཕྱག་རྒྱ་འདི་ལྟ་བུར་སྟོན་ཅིག༔ སློབ་བུས་བླ་མ་པདྨ་འབྱུང་གནས་ང་ཉིད་དངོས་སུ་མོས་པས་ཆོས་ཉིད་ཀྱི་དོན་རྩེ་གཅིག་ཏུ་རྟོགས་ཤིག༔ ངའི་ཐུགས་ཀྱི་བཅུད་རྩོལ་མེད་དུ་ལོངས་པར་འགྱུར་རོ༔ ཞེས་གསུངས་པས། སྤྲོ་ན་དེ་ལྟར་བྱ་ཞིང་གཞན་དུ་དམིགས་པ་ཙམ་གྱིས་འཐུས་པར་སེམས་སོ། །ངོ་སྤྲོད་དང་པོ་ནི། བླ་མས་གཡོན་པའི་སྡིགས་མཛུབ་ནམ་མཁར་གཏད་ལ། ཁྲིད་གཞུང་ལས། རིགས་ཀྱི་བུ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཇི་ལྟར་སྣང་ཡང་དོན་ལ་ཡོད་མ་མྱོང་བ་གཅིག་ཡིན༔ ཞེས་སོགས་ཁྲིད་གཞུང་ལྟར་ངོ་སྤྲོད་བྱ་དགོས་པས་རྒྱས་བཤད་ནི་ཁྲིད་གཞུང་རིམ་པར་ཀློག་ཅིང་དོན་ལེགས་པར་འགྲོལ་དགོས་པས་འདིར་ཚིག་དོན་མདོར་བསྡུས་ཏེ་བཤད་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཇི་ལྟར་སྣང་ཡང་དོན་ལ་ཡོད་མ་མྱོང་བ། དེ་ཡང་བརྗོད་བྲལ་ཡིན་པས་ཁ་ནང་དུ་བལྟས་ཏེ་རང་གི་སེམས་ལ་བལྟས་པས་དང་པོར་བྱུང་ས་དང་རྒྱུ་མེད་པ། བར་དུ་འདིར་གནས་དངོས་པོ་དང་མཚན་མར་མ་གྲུབ་པ། ཐ་མ་འགྲོ་ས་དང་འགྲོ་རྒྱུ་འགགས་པ་མེད་པ་ཞིག་ཡིན། དེ་བས་ན་འཇིག་རྟེན་གྱི་སྡུག་བསྔལ་ལམ་དུ་སློང་བ་དང་སྐྱེ་རྒ་ན་འཆི་བཞིར་མི་འཇིགས་པའི་གདིང་དགོས་པས་དེ་ལ་བར་དོ་རྣམ་པ་གསུམ་ཆོད་དགོས་ཏེ། དེ་ལྟ་བུའི་བར་དོ་ལ་ཡང་རྣམ་པ་བཞི་དང་དྲུག་ཏུ་དབྱེ་བ་ཡོད་ཀྱང་། འདིར་གསུམ་དུ་བསྡུས་ཏེ་སྲིད་པ་བར་དོ་དང། རྨི་ལམ་གྱི་བར་དོ་དང་། སྐྱེ་འཆིའི་བར་དོ་དང་གསུམ་དུ་བྱས་པའི་དང་པོ་སྲིད་པའི་བར་དོ་ནི། ཐོག་མར་འཁྲུལ་ནས་མཐར་འཁྲུལ་པ་མ་དག་གི་བར་དུ་འཁོར་བར་སྐྱེ་འཆི་དང་སྡུག་བསྔལ་རྒྱུན་མི་ཆད་པར་སྤྱོད་ཅིང་མྱོང་བས་ན་སྲིད་པ་བར་དོ་ཞེས་བྱ་ལ། སྲིད་པའི་བར་དོ་དེར་སེམས་ཉིད་ཕྱིན་ཅི་མ་ལོག་པའི་དོན་མ་རྟོགས་ན་འདུས་བྱས་ཀྱི་དགེ་རྩ་ཇི་ཙམ་བྱས་ཀྱང་དགེ་འབྲས་དེས་སྐྱེ་བ་འགའ་ཞིག་ངན་སོང་དུ་མི་འགྲོ་ཡང་མཐར་དགེ་བའི་རྟེན་དེ་ནམ་ཟད་པ་ན་སླར་ཡང་ངན་སོང་དུ་ལྷུངས་ཏེ་སྡུག་བསྔལ་ལས་མི་ཐར་བས། འདུས་བྱས་ཀྱི་དགེ་བས་སངས་རྒྱས་པ་ལ་རྟ་རྔ་ཉག་མ་གཅིག་ཙམ་གྱི་ཉེར་མི་འགྲོ་ཞིང་འཁོར་བ་ལས་མི་འཕགས་པ་ཡིན་གསུངས། དེའི་རྒྱུ་མཚན་ནི་གཉིས་པ་རྨི་ལམ་བར་དོའི་དཔེས་བསྟན་ཏེ། གཉིད་དུ་སོང་དུས་ཀྱི་རྨི་ལམ་དུ་བདེ་སྡུག་ཅི་རྨིས་ཀྱང་ལུས་ངག་གཉིས་ལ་མ་རྨིས་ཏེ་སེམས་ཁོ་ན་ལ་རྨིས་པ་བཞིན་དུ་འཆི་བའི་དུས་སུ་ལུས་བོར་ངག་འགགས། བཟང་ངན་ཐམས་ཅད་སེམས་ལ་སྨིན་པར་འགྱུར་བས་ད་ལྟ་རང་སེམས་མ་བཅོས་རང་སར་བཞག་པས་བདེ་སྡུག་གི་རྣམ་རྟོག་ཇི་ལྟར་ཤར་ཡང་རང་བྱུང་ཆོས་སྐུར་ངོ་ཤེས་པར་འགྱུར་རོ། གསུམ་པ་སྐྱེ་འཆིའི་བར་དོ་ནི། སྐྱེ་ནས་མ་ཤིའི་བར་དེར། སྐྱེ་བ་འདི་གཏན་གྱི་སོ་ནམ་བྱ་དགོས་པས་སྙིང་རུས་བསྐྱེད་དགོས་ཤིང་། ཚེ་འདིར་བླ་མ་དམ་པ་དང་གདམས་ངག་ཟབ་མོ་འཕྲད་ཅིང་ཉམས་སུ་བླངས་ན་བར་དོ་ཆོད་ཅིང་། དེས་རྣལ་འབྱོར་པའི་ལུས་རྒྱ་ཡང་ཆོད་པར་འགྱུར། དེ་ལྟར་བར་དོ་རྣམ་གསུམ་གཅོད་པ་ལ་མན་ངག་ཚིག་གསུམ་སྟེ། དང་པོ་འཁོར་འདས་གཅིག་ཏུ་བསྲེ་བ། གཉིས་པ་བེམ་རིག་མགོ་ལྟག་དབྱེ་བ། གསུམ་པ་སངས་རྒྱས་དང་སེམས་ཅན་གྱི་འབྲེལ་ཐག་བཅད་པ་སྟེ་གསུམ་ལས། དང་པོ་འཁོར་འདས་གཅིག་ཏུ་བསྲེ་བ་ནི། རང་སེམས་རྐྱེན་གྱིས་མ་བསླད་པར་རང་སར་བཞག་པས། གནས་ལུགས་གཞི་ནས་སྟོང་པ་ཀ་ནས་དག་པ་རང་བཞིན་གྱིས་གསལ་བ་འདི་ངོ་ཤེས་པར་བྱ། དེ་ཡང་ཐོག་མ་ནས་བཅོས་པ་མ་ཡིན་རང་བཞིན་དུ་གནས་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཐུགས་གཉིས་མེད་ཀྱི་ཡེ་ཤེས། སེམས་ཅན་གྱི་རིག་པ་བྱང་ཆུབ་ཀྱི་སེམས། རང་གི་རིག་པ་མ་བཅོས་པ་སོགས་ཐ་དད་མ་ཡིན་པར་གཅིག་ཏུ་གྲུབ་པ་དབྱེར་མེད་ཐ་མི་དད་དུ་རྟོགས་པས། རང་རིག་རང་དག་རང་གསལ་རྣམ་རྟོག་གིས་མ་བསླད་པ་དེ་ལ་མ་ཡེངས་པར་ཡུན་རིང་དུ་གོམས་སུ་བཅུག་པས་ངོ་བོ་བཅོས་མེད་ཀྱི་ངང་དུ་གནས་ཤིང་གསལ་བའི་དུས་འཁོར་འདས་གཉིས་གཅིག་ཏུ་འདྲེས་པ་ཡིན་ཞིང་། དེ་ལྟར་རྟོགས་པ་གདིང་དང་ལྡན་པས་ཡར་སངས་རྒྱས་ལ་རེ་བ་མེད། ཆོས་དང་སེམས་སུ་འདྲེས་པས་བཅོས་མེད་ཀྱི་རིག་པ་རང་ལུགས་གཉུག་མའི་ངང་ལ་གནས་པས་མར་ངན་སོང་དུ་ལྷུང་བའི་དོགས་པ་མེད་པས་འཁོར་འདས་གཅིག་ཏུ་བསྲེ་བའོ། །གཉིས་པ་བེམ་རིག་མགོ་ལྟག་དབྱེ་བ་ནི། སེམས་ཀྱི་རྟེན་ལུས་ཡིན་ཡང་རིག་པ་གནས་ལུགས་སྟོང་གསལ་དུ་གནས་པའི་དུས་ཕྱིའི་སྣང་ཡུལ་དགྲ་གཉེན་ལོངས་སྤྱོད་གང་སྣང་ཡང་འཛིན་པ་མེད་པས་སྣང་བ་རང་སར་སྟོང་། བར་དུ་རང་གི་ལུས་ཀྱང་འཛིན་མེད་ཀྱིས་ལུས་ཡོད་དུ་མི་ཚོར། ནང་སེམས་ཀྱང་འཛིན་མེད་རྣམ་རྟོག་རང་སར་ཞི། གང་ལ་ཡང་འཛིན་ཞེན་མེད་པ་དེའི་དུས་ཆོས་ཉིད་ཀྱི་རིག་པ་ལ་རྒྱུན་ཆད་མེད་པས་ལུས་མིར་འདུག་ཀྱང་སེམས་སངས་རྒྱས་དང་དགོངས་པ་མཉམ། བེམ་པོ་ལ་གཅེས་འཛིན་མེད་པར་རིག་པ་རང་གསལ་དུ་གནས་པས་བེམ་རིག་མགོ་ལྟག་ཕྱེད་པའོ། །གསུམ་པ་སངས་རྒྱས་དང་སེམས་ཅན་འབྲེལ་ཐག་བཅད་པ་ནི། སེམས་སྟོང་པ་མ་བཅོས་པ་དེ་ལ་སངས་རྒྱས་དང་སེམས་ཅན་དུ་མ་གྲུབ། དེ་ལྟར་ཉམས་སུ་བླངས་པས་ཐག་ཆོད་ཡིད་ཆེས་ཀྱི་གདིང་རྙེད་ཅིང་དོན་རྟོགས་པས་འཁོར་བའི་སྡུག་བསྔལ་དང་སྐྱེ་འཆི་ལ་ཉམ་ང་མེད། འཆི་དུས་ལུས་འཕོ་ངག་འགགས་ཀྱང་རིག་པ་རང་སར་གནས། རིག་སྟོང་འདྲེས་པ་དེ་ལ་ཕྱི་རོལ་གྱི་རྐྱེན་གྱིས་མི་གནོད། འཁོར་བའི་གདོས་ཐག་ཆོད་པས་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་མ་རྙེད། རྣམ་རྟོག་གི་རོལ་བརྒྱ་རིག་པ་སྐད་ཅིག་མའི་འོག་ཏུ་ཚུད། ཆོས་ཉིད་སྟོང་གསལ་ངང་ལ་ཉོན་མོངས་པའི་དུག་རོ་ལྡངས་མི་སྲིད། ལས་ཀྱི་རྣམ་སྨིན་ཟད་པས་སྡིག་པ་ཕྱགས་མས་བཏབ། ལུས་ལ་བླངས་པ་མེད་པས་ངན་སོང་གི་སྒོ་བཅད། སྣང་སྲིད་སེམས་སུ་ཤེས་པས་དམྱལ་བ་གཏན་ནས་སྤྲུགས། མན་ངག་འདི་ལྟར་ཉམས་སུ་ལེན་པའི་གང་ཟག་ལ་འཆི་བས་མི་འཇིགས། ཚེ་གཅིག་གིས་གཏན་འདུན་གྲུབ། འཁོར་འདས་གཉིས་མེད་ཀྱི་མན་ངག་ཚིག་གསུམ་གྱིས་སྐྱེ་འཆི་ལ་ཟློ་བའི་མན་ངག་གསང་སྔགས་ཀྱི་གསེང་ལམ་ཟབ་མོ་ཡིན་པས་ཉམས་སུ་ལོངས་ཤིག་གསུངས་སོ། །གཉིས་པ་མན་ཤེལ་ལ་ལྟ་སྟངས་གཏད་དེ་ངོ་སྤྲད་པ་ནི་མན་ཤེལ་བསྟན་ལ། རང་རིག་བྱང་ཆུབ་ཀྱི་སེམས་འདི་ལ་སེམས་ཀྱིས་བལྟས་པའི་ཚེ་གཟུགས་དང་ཁ་དོག་ཕྱོགས་རིས་མཐའ་དབུས་སུ་མ་གྲུབ་པས་བྱུང་གནས་འགྲོ་གསུམ་ཐམས་ཅད་སྟོང་པ་ཅིར་ཡང་མ་གྲུབ། ཕྱོགས་ཞེན་དང་བྲལ་བར་འདུག་པ་སྟོང་པ་དེ་ཡང་ངོ་བོ་ཉིད་མེད་པ་མ་ཡིན་ཏེ་གསལ་ལ་དྭངས་པ་མན་ཤེལ་ལྟ་བུ་འདི་མཐོང་ངམ། མ་མཐོང་ན་འཇིག་རྟེན་གྱི་ཟས་ནོར་དགྲ་གཉེན་གྱི་འཛིན་པ་ཐམས་ཅད་གོས་ཧྲུལ་བོར་བ་བཞིན་སྐྱུར། ལུས་ལ་གཅེས་པར་བཟུང་ཡང་ཤིང་སྡོང་གོག་པོའི་བྱ་ཚང་དང་འདྲ་བས་གཅེས་འཛིན་སྐྱུར། ཚོང་པ་བདེ་བའི་ལམ་འཚོལ་བ་ལྟར་ལུས་ངག་ཡིད་གསུམ་མཉམ་པར་ཞོག་ལ་ཆོས་ཉིད་ཀྱི་ལམ་འཚོལ། སྒེག་མོ་མེ་ལོང་བལྟ་བ་ལྟར་སེམས་ལ་ཡང་ཡང་ལྟོས། རྐུན་མ་གྲོང་ནས་འབྱུང་བ་ནང་དུ་རྩད་ཆོད། དགྲ་ངོ་ཤེས་དུས་སྒྲོལ་ལ་ཕྱིན་ཆད་སྒོ་སྡོམས། ཤེས་པ་གློད་ལ་ཉོལ། སེམས་མ་བཅོས་པའི་ངང་ལ་བལྟ་བ་ནི་རང་ངོ་རང་གིས་ཤེས་པ་ཡིན། ཆོས་ཉིད་ཀྱི་དོན་གོ་ཞིང་མཐོང་བ་ཡིན། གནས་ལུགས་གཏན་ལ་ཕེབས། ཤེས་བྱའི་སྒྲོ་འདོགས་ཆོད་པ་ཡིན། རང་སེམས་དངོས་པོར་མ་གྲུབ་པ་རང་བྱུང་རང་གནས་རྟག་ཆད་ཀྱི་མཐའ་ལས་འདས་པས་སངས་རྒྱས་གཞན་ནས་བཙལ་མི་དགོས་ཏེ་གཟུང་འཛིན་གྱི་རྟོག་པ་སངས་ནས་མ་བཅོས་པའི་ཡེ་ཤེས་རྒྱས། ངན་འགྲོར་འགྲོ་བའི་རྒྱུ་ངན་པ་དོར་རྒྱུ་མེད་པས་རིག་པ་རང་སར་དག །ཆོས་ལ་བྱེད་མཁན་དང་བྱ་རྒྱུ་མེད་པས་ཆོས་ཉིད་རང་གསལ་དུ་གསལ། ལྟ་བ་རང་ལ་ཡོད་པས་གཞན་ནས་བཙལ་དུ་མེད་པ་དེའི་དོན་རྟོགས་ནས་ཉམས་སུ་ལེན་པའི་ཚེ། རང་ལུས་རི་བོ་དགོན་པའི་གནས། ཕྱིའི་སྣང་བ་གང་ཤར་ཐམས་ཅད་སྣང་སྟོང་རང་བྱུང་རང་ཞི་སྤྲོས་པའི་མཐའ་དང་བྲལ་བར་བཞག །དེ་ལྟར་ཤེས་པས་སྣང་བ་གྲོགས་སུ་ཤར། གཟུང་འཛིན་རང་སར་དག །ཅི་བྱུང་ལམ་དུ་ཁྱེར་བས་ཉམས་ལེན་བདེ། འགྱུ་དྲན་རང་སར་དག་ཅིང་ལམ་དུ་སློང་། དེའི་ཚེ་བསྒོམ་བྱ་སྒོམ་བྱེད་ཐམས་ཅད་གྲོགས་སུ་ཤར་བས་ཉམས་ལ་གསལ་འགྲིབ་མེད། ཆོས་ཉིད་དང་ཡེ་ཤེས་རྒྱུན་ཆད་མེད། སྤྱོད་པ་ལ་ཡངས་དོག་མེད། སྡུག་བསྔལ་དང་གཟུང་འཛིན་མེད། རྒྱུན་ཆད་དང་ཕྱོགས་རིས་མེད། མི་འགྱུར་བའི་བརྟན་པ་ཐོབ་པས་དེ་ལྟར་ཉམས་སུ་ལོངས། མན་ངག་ཟབ་མོ་འདི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བརྟོལ་པ་ཡིན་པས། མཐོང་བལྟས་རེག་ཆོག་ཡིན་པའི་ཕྱིར་ན་སོ་རྒན་གཞོན་དབང་པོ་རྣོ་རྟུལ་ཤེས་རབ་ཆེ་ཆུང་སྐྱེ་བ་མཐོ་དམན་མེད་ཅིའི་ཕྱིར་ན་ཐམས་ཅད་སེམས་ལས་བྱུང་བའི་ཕྱིར་སེམས་མེད་པའི་སེམས་ཅན་མི་སྲིད་པས། བྱ་བ་ཐམས་ཅད་བྱིས་པའི་རྩེད་མོའམ་སྲིན་བུའི་ཁ་ཆུས་རང་བཅིངས་པ་དང་འདྲ་བ་རང་སྡུག་རང་གིས་ཉོས་པ་ཡིན་པས། ཐམས་ཅད་རྒྱངས་བསྐྱུར་འཛིན་ཞེན་མེད་པར་བཞག་པས་རིག་པ་གསལ་སྟོང་དུ་ཡེར་རེ་འབྱུང་བས། དེ་ལ་གོམས་པས་བེམ་རིག་བྲལ་དུས་ཡེ་ཤེས་ཆོས་ཀྱི་སྐུ་དང་འདུ་འབྲལ་མེད་པས་ཤིན་ཏུ་ཟབ། དེ་ལ་བརྟན་པ་ཐོབ་ཀྱི་བར་དུ་དགོས་པའི་མན་ངག་བརྒྱད་ཡོད་པས། འཆི་བ་བསམ་ཞིང་མི་རྟག་པ་དྲན་པར་བྱ་ཞིང་ཚེ་ལ་སྡོད་ལོངས་མེད་པས་བརྩོན་འགྲུས་སྐྱེད། བརྩོན་འགྲུས་གྲོགས་ལས་འབྱུང་བས་གྲུབ་ཐོབ་གོང་མའི་རྣམ་ཐར་སོམས། ལོང་གཏམ་འཆལ་གཏམ་སྤོངས་ལ་ཅིག་པུར་སྡོད། ཉེ་འབྲེལ་དང་བུ་ཚས་འཆིང་བས་འབྲེལ་ཐག་ཆོད། ཟས་ནོར་སྡུག་བསྔལ་ཡིན་པས་གང་བྱུང་ཟས་སུ་ཟོ། ལས་ངན་གྲོགས་ཀྱིས་སློབ་པས་སྡིག་སྤྱོད་ཀྱི་གྲོགས་མ་བསྟེན། ཚེ་འདི་དཔེ་ཙམ་ཡིན་པས་དོན་ལ་ཆེར་གྱིས་སྒོམས། མ་ཡེངས་ལམ་སྣ་ཡིན་པས་དྲན་པའི་རྩིས་ཟུངས། ཞེས་གསུངས་པ་ལྟར་ངོ་སྤྲད་དོ། །གསུམ་པ་སློབ་བུའི་སྙིང་གར་སྡིགས་མཛུབ་གཏད་ནས་ངོ་སྤྲད་པ་ནི། ཁྲིད་གཞུང་ལས། རིགས་ཀྱི་བུ་ལུས་ཙོག་པུར་འཇོག་ལ་དྲང་པོར་སྲོངས༔ སེམས་ཁོང་གློད་ལ་དར་གཅིག་ཞོག༔ ཅེས་གསུངས་པ་ལྟར་བརྗོད་ལ་ཚིག་དོན་ངོ་སྤྲད་པ་ནི། སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་ལ་ཁྱད་པར་ཅི་ཡོད་སྙམ་ན། རང་སེམས་སྐད་ཅིག་མ་འདིའི་དོན་རྟོགས་དང་མ་རྟོགས་ཀྱི་ཁྱད་ཡིན་པས། མ་རྟོགས་པས་མ་རིག་འཁྲུལ་པ་བྱུང་བས་དུག་ལྔ་སྣ་ཚོགས་སུ་ཤར་ནས་འཁོར་བར་འཁྱམས་པ་ཡིན། སངས་རྒྱས་ཀྱི་རྒྱུ་རང་ལ་ཡོད་པ་དེ་ངོ་མ་ཤེས། དེ་ལྟར་སངས་རྒྱས་ཀྱི་རྒྱུ་སེམས་ཅན་ཐམས་ཅད་ལ་ཡོད་ཅིང་སྒོས་དལ་འབྱོར་གྱི་མི་ལ་ཆེ་ཆུང་མཐོ་དམན་མེད་པར་ཡོད། དེ་རྟོགས་བྱེད་ཀྱི་ཐབས་སུ་སངས་རྒྱས་རྣམས་ཀྱིས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་བསྡུ་ན་ཚིག་གསུམ་དུ་འདུས། དེ་ཡང་ཇི་ལྟར་ན། ཕྱི་གཟུང་ཡུལ་དག་པས་སྣང་བ་རང་སར་གྲོལ༔ ནང་འཛིན་སེམས་དག་པས་རིག་པ་རང་སར་གྲོལ༔ བར་དུ་འོད་གསལ་མ་བུ་འཕྲོད་པས་རང་ངོ་རང་གིས་ཤེས་པའོ༔ དེའི་དོན་ཅུང་ཞིག་བཀྲོལ་ན། ཕྱི་གཟུང་ཡུལ་དག་པ་ནི། རང་སེམས་རྣམ་རྟོག་གིས་མ་བསླད་ན་རང་གསལ་དུ་བཞག་པས་ཕྱི་རོལ་བདེ་སྡུག་གི་ཡུལ་སྣང་ལ་འཛིན་པ་མ་ཞུགས་པས་སྣང་བ་ཇི་ལྟར་ཤར་ཡང་བདེན་པ་དང་དངོས་པོར་མ་གྲུབ་ཅིང་། བདག་འཛིན་གྱི་བློ་དག་པས་ཕྱི་གཟུང་ཡུལ་དག་པ་བྱ་བ་ཡིན། གཟུང་ཡུལ་དག་པ་ཞེས་མེད་པར་འགྲོ་བ་མ་ཡིན་ཏེ་ཞེན་འཛིན་མེད་པས་མེ་ལོང་གི་གཟུགས་བརྙན་བདེན་པར་མ་གྲུབ་པ་ལྟར་སྣང་ཡུལ་འདི་རྨི་ལམ་སྒྱུ་མ་བྱིས་པའི་རྩེད་མོའམ། བར་སྣང་གི་འཇའ་ཚོན་ལྟ་བུའོ། །ནང་འཛིན་སེམས་དག་པ་ནི་སེམས་ལ་རྣམ་རྟོག་དུག་ལྔ་གང་སྐྱེས་ཀྱང་། གང་ཤར་བློས་མ་བཟུང་བར་རྒྱངས་བསྐྱུར་ཆམ་བཞག །དུག་གི་མེ་ཏོག་བཀྲག་ཆེ་ཡང་ནོར་དུ་མི་འཛིན་པ་ལྟར་རྣམ་རྟོག་གི་རྗེས་སུ་མི་འབྲེང་བར་ངོ་བོ་ལ་བལྟ་ཞིང་ལྷོད་ཀྱིས་གློད་པས་རང་གྲོལ་དུ་འགྲོ། འགྱུ་བྱེད་ཀྱི་རྐྱེན་གྱིས་མི་གོས། འཛིན་སེམས་དག་པ་ཞེས་བེམ་པོ་ས་རྡོ་ལྟར་འགྲོ་བ་མ་ཡིན་ཏེ་རིག་པ་ལ་རྟོག་པའི་དྲི་མ་མི་འཇོག་པ་སྟེ་རིན་པོ་ཆེ་གསེར་གླིང་དུ་ས་རྡོ་གཞན་མེད་པ་ལྟར་དྲན་རིག་རང་གྲོལ་དུ་ཤེས་པས་རྣམ་རྟོག་གི་མིང་ཡང་མེད་པའོ། །བར་དུ་འོད་གསལ་མ་བུ་འཕྲོད་པ་ནི། དེ་ལྟར་ཉམས་སུ་བླངས་པས། རང་གི་ཤེས་རིག་དྲི་མེད་གསལ་ལེ་སིང་ངེ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་བདེ་གསལ་མི་རྟོག་པ་ཞེན་འཛིན་གྱིས་མ་བསླད་པའི་ཉམས་ཤིག་འཆར་བ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པས་རང་ངོ་རང་ཤེས་དེ་དྲན་པས་རྒྱུན་ཆགས་སུ་བཟུང་བས། གཟུང་འཛིན་གྱི་རྣམ་རྟོག་རང་སར་གྲོལ། གཞི་མ་བཅོས་པའི་ཆོས་ཉིད་རྟོགས་པའི་གདིང་ཐེ་ཚོམ་སྐྱོན་བྲལ་དུ་འཆར་བ་དེ་འོད་གསལ་མ་བུ་འཕྲད་པ་ཡིན་པས། རང་གི་མ་དང་འཕྲད་ན་མར་སྒོམ་མི་དགོས་པ་བཞིན་དུ་རང་རིག་རང་བྱུང་ཆོས་ཉིད་ཡིན་པ་ལ་ཡིན་པར་ངོ་ཤེས་པས་འཁོར་བ་ཐམས་ཅད་ཆོས་ཉིད་ཡིན་སྙམ་པ་དང་། ཡང་དག་པའི་དོན་ཡིན་མིན་གྱི་རྟོག་པ་མི་འཆར་བས་ཆོས་ཐམས་ཅད་ལ་རང་བཞིན་མེད་པ་ནི་མ་དང། རང་བཞིན་མེད་པར་ཤེས་པ་དེ་བུ་ཡིན་པས་ན་རིག་པ་ཆོས་དབྱིངས་སུ་ངོས་ཟིན་པས་རང་ངོ་རང་གིས་ཤེས་པ་བྱ་བ་ཡིན་པས་དེའི་ཚེ་ལུས་མི་རུ་སྣང་ཡང་སེམས་རྡོ་རྗེ་སེམས་དཔའ་རང་བྱུང་གི་ཡེ་ཤེས་ཆེན་པོར་རྟོགས་པ་ཡིན་ནོ། །གསུངས་པ་ལྟར་ངོ་སྤྲད་དོ། །དེ་ཡང་གུ་རུ་པད་མས། ཕྱི་ལྟར་གཟུང་བའི་ཡུལ་སྣང་དག་པ་དང༔ ནང་ལྟར་འཛིན་པའི་སེམས་ཉིད་གྲོལ་བ་དང༔ བར་དུ་འོད་གསལ་རང་ངོ་ཤེས་པ་རུ༔ ཞེས་གསུངས་པ་ལྟར་རོ། །དེ་ལྟར་ངོ་སྤྲོད་གསུམ་པོ་འདི་དངོས་གཞིའི་ཉམས་ལེན་གལ་ཆེ་བར་འདུག་པས་ཡིག་ཚོགས་ལ་མ་བལྟས་པར་ཁྲིད་གཞུང་གི་དོན་བསྡུས་ཏེ་བྲིས་སོ། །འདི་ཡན་ཆད་ཉམས་ཁྲིད་དུ་བསྐྱང་ཞིང་སེམས་ངོ་འཕྲོད་ངེས་པ་བྱ་དགོས་ཤིང་། རྒྱུན་གྱི་ཉམས་ལེན་ནམ་འགའ་ཞིག་དམིགས་རིམ་རྣམས་བསྟར་ཆགས་སུ་བསྒོམ་པ་ལས། དྲན་ཤེས་ཀྱི་རྩིས་ཟིན་པའི་ཉམས་ལེན་གནད་དུ་བསྣུན་པ་མེད་པར་ཐོབ་ཆོས་ཙམ་བྱེད་པ་ནི་རང་གིས་རང་བསླུས་པ་ཡིན་པས་ཀ་དག་ཁྲེགས་ཆོད་ཀྱི་གནས་ལུགས་གཙོ་བོར་བྱ་དགོས་ཤིང་། དེ་ཉིད་ལམ་དུ་འཁྱེར་ཐབས་སུ། སྔོན་འགྲོ་གཟེར་ལྔ་དང་བདག་བསྐྱེད་ཀྱི་ངང་ནས་སུམ་བརྒྱ་ཉེར་གཅིག་གི་བཟླས་པ་ཙམ་བྱས་ན་སྐྱོན་དུ་མི་འགྱུར་ཞིང་གྲོགས་སུ་འགྱུར་ལ། གཞན་དུ་རྡོ་རྗེ་དཀར་པོའི་སེམས་འཛིན་སོགས་ལས་དང་པོ་པ་ཞི་གནས་ཀྱི་ཐབས་སུ་ཁྲིད་ཀྱི་དུས་མ་གཏོགས་མི་དགོས། ཐིག་ལེ་དཀར་དམར་སོགས་སྣང་བཞིའི་སེམས་འཛིན་ནི་སྐབས་འགར་བསྒོམས་ཀྱང་བོགས་ཆེ། གཙོ་བོར་གནས་ལུགས་ཀྱི་དོན་བལྟ་བ་གལ་ཆེ་ཞིང་། དེ་ལ་ཡང་རྫོགས་ཆེན་ཟང་ཐལ་གྱི་ཆ་ལག་བར་དོ་ལྔའི་ངོ་སྤྲོད་ལས། ཉིན་མོ་བྱ་བ་བསྒོམ་དུ་འགྲོ་བ་ལ་སྣང་བ་རྒྱ་ཡན་གྱི་མན་ངག་གཅེས༔ མཚན་མོ་ཉལ་བས་གཉིད་སྒོམ་དུ་འགྲོ་བ་ལ་སྲོད་ལ་དབང་པོ་གནད་སྡུད་ཀྱི་མན་ངག་གཅེས༔ ནམ་ཕྱེད་ཤེས་བྱ་བུམ་འཇུག་གི་མན་ངག་གཅེས། ཐོ་རངས་ཡེ་ཤེས་རང་གསལ་གྱི་མན་ངག་གཅེས༔ གཅེས་པ་རྣམ་པ་བཞིའི་མན་ངག་ཆོངས་མཛོད༔ ཅེས་གསུངས་པའི་དོན་བསྡུས་ཏེ་བཤད་ན། སེམས་ལ་རྒྱུ་རྐྱེན་གྱིས་མ་བསྐྱེད། གཞན་གྱིས་མ་བྱས་གློ་བུར་དུ་བྱུང་བ་མ་ཡིན་སེམས་འདི་ཉིད་འདི་འདྲ་ཞེས་བསྟན་དུ་མེད། ངོ་བོ་སྟོང་པ་འགྱུར་མེད་ནམ་མཁའ་དང་འདྲ་བས། རང་སྣང་རིས་མེད་ཀྱི་སྣང་བ་གཏན་ལ་དབབ། ཕྱི་རོལ་གྱི་ཡུལ་སྣ་ཚོགས་སུ་འདུག་ཀྱང་རང་སྣང་ཡིན། སྣང་བ་ལ་འཛིན་པ་མེད་པར་བལྟ། བར་དོ་བློའི་སྣང་བ་རྣམ་རྟོག་ཕྲ་རགས་ཅི་སྐྱེས་ཅི་ཤར་ཐམས་ཅད་གཞི་རྩ་དང་བྲལ་བས་འཛིན་པ་མི་བྱ། ཐ་མར་གཡོ་འགུལ་གྱི་ཉམས་སྣང་བདེ་གསལ་མི་རྟོག་པ་གང་བྱུང་ཡང་ཆགས་འཛིན་མེད་པ་ཆུ་ནང་གི་ཟླ་བ་འདྲ་བ། སྣང་སྟོང་གཉིས་པོ་ལ་སྔ་ཕྱི་མེད་པས་སྣང་བ་རང་སྣང་སྟོང་པ་རང་སྟོང་སེམས་ཉིད་སྟོང་པ་གཉིས་མེད་བདེ་ཆེན་གསལ་ལ་མ་འདྲེས་པ་འཇའ་ཚོན་ལྟ་བུར་རྟོགས་ཙ་ན། སྣང་བ་གསལ་ལ་མ་འགག་རིག་པ་སྟོང་ལ་འཛིན་མེད། སྣང་བ་མ་སྤངས་རང་གྲོལ། རྣམ་པར་མི་རྟོག་པ་མཚན་མ་རང་གྲོལ་ཆོས་ཉིད་ཀྱི་དོན་ཁོང་དུ་ཆུད་པས། ཡེ་ཤེས་རྒྱུན་ཆད་མེད་པའི་མན་ངག་འདིའི་རྩིས་ཟིན་ན། ཉིན་མོ་བྱ་བ་སྒོམ་དུ་འགྲོ་བ་སྣང་བ་རྒྱ་ཡན་གྱི་མན་ངག་ཡིན། སྲོད་ལ་གཉིད་དུ་འགྲོ་བའི་ཚེ། དབང་པོ་ལྔ་ཆེད་དུ་མི་དགག་ཆེད་དུ་མི་བསྡུ་བར་སྒོ་ལྔ་གསལ་ལ་འཛིན་མེད་ཡེ་ཤེས་རང་ཤར་དུ་བཞག །གཉིད་ཟ་ཟིའི་དུས་ཀུན་གཞི་སྟོང་པ་རྩ་བྲལ་གྱི་ནང་དུ་ཤེས་པ་གསལ་ལ་འཛིན་མེད་དུ་བཞག་པའི་ངང་ལ་གཉིད་དུ་འཐུམས་སོང་བས་བག་ཆགས་ངན་པའི་རྨི་ལམ་མི་འབྱུང་བར་གཉིད་དུས་རྨི་ལམ་གྱི་ནང་དུ་ཤེས་པ་གསལ་ལེ་སིང་ངེ་འཛིན་མེད་དུ་འཆར་བ་རང་བྱུང་གི་དོན་ལ་བཞག་པ་ནི། སྲོད་ལ་དབང་པོ་གནད་སྡུད་ཀྱི་མན་ངག་གོ །ནམ་ཕྱེད་དུས་བུམ་ནང་གི་མར་མེ་རང་གསལ་ཕྱིར་མི་འཕྲོ་བ་ལྟར་རིག་པ་ནང་དུ་གསལ་ལ་འཛིན་མེད་ངོ་བོ་དྭངས་གསལ་མི་གཡོ་བར་བཞག་པ་ནི། ནམ་ཕྱེད་ཤེས་བྱ་བུམ་འཇུག་གི་མན་ངག་ཡིན། ཐོ་རངས་གཉིད་སད་པའི་དུས་སུ་གོང་གི་གསལ་ལ་འཛིན་མེད་དེ་གསལ་བཏབ་ལ་སྒོ་ལྔ་གསལ་ལ་མ་འགག་འཛིན་ཞེན་མེད་པས། མེ་ལོང་གཡའ་དག་ལ་གཟུགས་བརྙན་གསལ་བ་ལྟར། ཆོས་ཉིད་ཀྱི་དོན་ཡེ་གསལ་དེ་ཡང་གསལ་དུ་གསལ་སྟོང་གཉིས་མེད་དུ་བསྒོམ་པ་ནི། ཐོ་རངས་ཡེ་ཤེས་རང་གསལ་གྱི་མན་ངག་ཡིན་པར་གསུངས་པ་ཁྲེགས་ཆོད་ཉམས་སུ་ལེན་པ་ལ་གལ་ཆེ་བར་སྣང་བས་དེ་ལྟར་ཉམས་སུ་བླང་ངོ་། །དེ་ཡང་མཉམ་པར་བཞག་པའི་དུས་རྣམ་རྟོག་གི་འཕྲོ་འདུ་བཀག་པས་མི་ཁེགས་ཤིང་། རྗེས་སུ་ཡང་མི་འབྲེང་བར་རང་བབས་སུ་བཞག་པའི་དྲན་པ་མ་ཡེངས་པའི་ངང་ནས་འགྱུ་བ་ཕྲ་རགས་སྦོམ་གསུམ་ཅི་ཤར་ཡང་ངོས་བཟུང་ནས་ངོ་བོ་ལ་བལྟ་བ་ཡིན་པས། གུ་རུ་པདྨས། སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ ཞེས་དང་། ཐང་ཡིག་ཏུ་རང་འབྱུང་རྒྱལ་མོར་གདམས་པ་ལས། ལུས་སེམས་མ་བསྒྲིམས་ལྷོད་དེ་ཤིག་གེ་ཞོག༔ མ་གཞི་སྟོང་པ་ཉིད་ཀྱི་ཞི་གནས་སུ༔ རྣམ་རྟོག་མཐར་འདེད་སྟོང་སྐོར་རེམས་ལ་གྱིས༔ ཉམས་ལ་འདི་འབྱུང་བྱ་བ་མེད་དེ་འབྱུང༔ སྒོམ་ལ་མ་ཞེན་ཡང་ནས་ཡང་དུ་ཤིགས༔ བཟང་རྟོག་ངན་རྟོག་གང་ཤར་ཅེར་ཅེར་ལྟོས༔ ཞེས་དང་། ཀ་དག་གི་ཁྲིད་ཡིག་སྙིང་པོ་བཅུད་བསྡུས་ལམ་གྱི་གནད་ཁྲིད་ལས། རིག་པ་བྱང་ཆུབ་སེམས་འདི་ལ༔ རྣམ་རྟོག་འཁྲུལ་པས་མ་བསླད་པར༔ རང་གསལ་སོ་མར་བཞག་པ་ཡིས༔ ཡུལ་ལ་འཛིན་པ་མ་ཞུགས་ཏེ༔ གང་ལྟར་ཤར་ཡང་འཛིན་པ་མེད༔ བདག་ཏུ་འཛིན་པའི་བློ་མ་ཞུགས༔ གང་ཤར་འཛིན་པ་མེད་པ་དེ༔ གཟུང་བའི་ཡུལ་སྣང་དག་པ་ཡིན༔ སེམས་ལ་དུག་ལྔ་གང་སྐྱེས་ཀྱང༔ གང་དྲན་བློ་ཡིས་མ་བཟུང་བས༔ འགྱུ་བ་རང་སར་གྲོལ་བ་ཡིན༔ དེ་ལྟར་ཉམས་སུ་བླངས་པ་ཡིས༔ རང་རིག་དྲི་མ་མེད་པ་ལ༔ གསལ་ལེ་ཧྲིག་གེ་རང་བྱུང་སྟེ༔ རྒྱུད་ལ་ཉམས་སུ་ལོངས་པའི་ཚེ༔ ཞེན་འཛིན་བློ་ཡིས་མ་བསླད་པའི༔ བདེ་གསལ་མི་རྟོག་ཉམས་ཤིག་འཆར༔ གཞན་ནས་འཆར་བ་མ་ཡིན་ཏེ༔ རང་ངོ་རང་གིས་ཤེས་པ་ཡིན༔ སངས་རྒྱས་དགོངས་པ་མཐར་ཐུག་ཡིན༔ ཞེས་གསུངས་པ་དོན་འདུས་ཤིང་གོ་སླ་བར་འདུག་པས་བྲིས་པ་ཡིན༔ གཞན་དུ་སྐབས་འདིར་མདོ་རྒྱུད་སྤྱི་དང་རང་ལུགས་ཀྱི་ལུང་མང་དུ་མཆིས་ཀྱང་ཡི་གེར་འཇིགས་ཏེ་མ་བཀོད་ཅིང་འདི་ཙམ་གྱིས་དོན་གོ་བར་སེམས་སོ། །དེང་སང་ཁྲིད་ཞུས་རློམ་ཁ་ཅིག་དོན་གྱི་སྙིང་པོ་དོར་ཞིང་དམིགས་རིམ་རྣམས་ཐར་ཆགས་སུ་བསྒོམ་པ་གཙོ་བོར་བྱས་པས་རྒྱུད་ཐོག་ཏུ་ཉམས་ལེན་མི་ཁེལ་བར་ཆོས་དང་གང་ཟག་སོ་སོར་ལུས་པ་ལྟ་བུ་དང་། གནས་ལུགས་ཀྱི་རོ་མ་མྱང་བས་སེམས་ཐ་མལ་དུ་ལུས་པའི་འགྱུ་བ་ཕྲ་རགས་རྩད་མ་ཆོད་པར་འོག་འགྱུ་རྒྱ་འབྱམས་ལ་གནས་པར་འཁྲུལ་པ་དང་། རྣམ་རྟོག་སྤང་བྱར་འཁྲུལ་ཏེ་ནན་གྱིས་འགེགས་པ་སོགས་ཤོར་གོལ་གྱི་དབང་དུ་འགྲོ་བ་མཐོང་བས། གཙོ་བོར་སེམས་ཀྱི་བཞག་ཐབས་ཁོ་ན་གལ་ཆེ་བའི་ཕྱིར། ཐོག་མར་བླ་མས་ངོ་སྤྲོད་པའི་དོན་མ་འཁྲུལ་བར་ཉམས་སུ་བླང་ཞིང་མཉམ་རྗེས་དབྱེར་མེད་དུ་མ་གྱུར་བར་ཉམས་མྱོང་དང་བསྟུན་པའི་གེགས་སེལ་བོགས་འདོན་བླ་མའི་གསུང་དང་། སྐབས་འདིར་བྱང་གཏེར་རྫོགས་ཆེན་རང་གི་གེགས་སེལ་ནོར་བུའི་བང་མཛོད་ཅེས་པ་སྣང་བས་རྒྱུད་ཚོད་དང་བསྟུན་པའི་ཉམས་སུ་ལེན་པར་མཛོད་ཅིག །དེ་ལྟར་ཡང་ཏིག་གཅེས་པའི་སྒྲོན་མ་ཡི། །ཟིན་བྲིས་གཞུང་དོན་རབ་གསལ་ཞེས་བྱ་བ། འཁོར་ལོའི་མགོན་པོ་གཏེར་ཆེན་ཆོས་ཀྱི་རྒྱལ། །འགྱུར་མེད་རྡོ་རྗེས་བཀའ་ཡིས་བསྐུལ་བའི་ངོར། །དགེ་སློང་རྒན་པོ་པདྨ་ཕྲིན་ལས་ཀྱིས། །གཞུང་དོན་གཙོར་བྱས་བླ་མའི་མན་ངག་གིས། །ལེགས་བརྒྱན་རང་བཟོའི་བཅོས་བསླད་མ་བགྱིས་པར། །བྲིས་འདི་མཁྱེན་ལྡན་རྣམས་ཀྱིས་དཔྱད་པར་འཚལ། །དགེ་འདིས་ཚེ་རབས་ཀུན་ཏུ་ལམ་བཟང་པོ། །སྔ་འགྱུར་སྨིན་གྲོལ་ཆོས་ཀྱི་དགའ་སྟོན་གྱིས། ཁྲེགས་ཆོད་ཐོད་རྒལ་ཉམས་མྱོང་མཐར་ཕྱིན་ནས། །ཀུན་བཟང་གདོད་མའི་མགོན་པོ་མཆོག་ཐོབ་ཤོག །དེ་ཡང་ཁྲིད་ཡིག་འགའ་ཞིག་ཏུ་གཏེར་གཞུང་གི་དགོངས་དོན་མ་ལོན་པའི་ཕྱི་དཀྱིལ་གྱི་སྲུང་འཁོར་རྟེན་བརྟེན་པའི་དམིགས་ཁྲིད་རྒྱས་པར་བཤད་ཅིང་། གཞུང་དོན་རྣམས་རང་སོར་བཞག་པ་སོགས་འདྲ་མིན་སྣ་ཚོགས་སུ་བྲིས་པར་བརྟེན་ཁྱབ་བདག་བླ་མ་རྩོད་བྲལ་གྱི་གཏེར་སྟོན་རིག་འཛིན་གཏེར་བདག་གླིང་པའི་བཀས་རྩོམས་ཤིག་པར་ནན་ཏུར་ཆེན་པོས་བསྩལ་པ་ལྡོག་པར་མ་ནུས་ཤིང་། རང་ལ་ཉམས་མྱོང་དང་སྐྱེས་སྦྱངས་ཀྱི་བློ་གྲོས་ཆ་ཕྲ་བ་དང་ཁྱད་པར་ན་ཚོད་ཀྱིས་གཏུགས་ཤིང་མིག་ཀྱང་མི་གསལ་བ་བཅས་དཀའ་ཚེགས་ཆེ་བར་སྣང་ཡང་། བླ་མའི་བཀའ་སྒྲུབ་པའི་སླད་དང་། དོན་གཉེར་ཅན་འགའ་ཞིག་ལ་ཡང་ཕན་པར་བསམས་ཏེ་གཙོ་བོར་གཏེར་གཞུང་གི་ཁྲིད་ཡིག་ཤོག་སེར་གྱི་བུ་དཔེ་དངོས་ལ་གཏུགས་ཤིང་། ཟུར་ཆེན་རྡོ་རྗེ་འཆང་གི་གསུང་ཟིན་བྲིས་སུ་ཀ་དག་རང་བྱུང་རང་ཤར་གྱི་སྔོན་འགྲོར་ཞལ་འཕངས་སུ་གནང་བས། དེའི་རྒྱུ་མཚན་ཐུགས་སྒྲུབ་ཀྱི་ཆོས་སྐོར་གཞན་རྣམས་གཙོ་བོར་ལྷོ་གསེར་མཛོད་དང་། དབུས་སྙིང་མཛོད་སོགས་སུ་ཁ་འཐོར་ཡང་། འདི་ནི་ཤར་ཕྱོགས་དུང་མཛོད་དུ་ཀ་དག་གི་ཆོས་སྐོར་དང་ལྷན་ཅིག་ཟབ་གཏེར་དུ་བཞུགས་པ་སོགས་རིགས་མཐུན་པས་ཁ་འགེངས་རྣམས་དེ་ལས་བགྱིས་ཤིང་། གཞན་དུ་རང་བཟོ་དང་བསྲེ་བསླད་མ་འདྲེས་པར་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྨྲ་བའི་དགེ་སློང་བྱ་བྲལ་བ་པདྨ་ཕྲིན་ལས་ཀྱིས། རང་ལོ་དོན་གཉིས་སུ་སླེབས་པ་ས་ག་ཟླ་བའི་ཤེར་ཕྱོགས་ཀྱི་དམར་ཆའི་གང་བ་སྤེན་པ་སྣར་མའི་འགྲུབ་སྦྱོར་གྱི་ཉིན་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་ཉེ་གནས་དགེ་སློང་པདྨ་ཕན་བདེས་བགྱིས་པའི་དགེ་དེས་འགྲོ་ཀུན་གདོད་མའི་མགོན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །ཀ་ལྱཎ་ཝརྦྷནྟུ། མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).